Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བདུན་པ།


   
   
   
   
   
   
   
   
   
   
   
   
དཔལ་འཁོར་ལོ་སྡོམ་པ་མྱུར་དུ་སྒྲུབ་པའི་ཐབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་འཁོར་ལོ་སྡོམ་པ་མྱུར་དུ་སྒྲུབ་པའི་ཐབས། next

དཔལ་འཁོར་ལོ་སྡོམ་པ་མྱུར་དུ་སྒྲུབ་པའི་ཐབས།


PS007_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཁོར་ལོ་སྡོམ་པ་མྱུར་དུ་སྒྲུབ་པའི་ཐབས་བཞུགས་སོ། །


PS007_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲི་ཙ་ཀྲ་སམ་བྷ་ར་སརྷ་ན་མཿ བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པ་མྱུར་དུ་སྒྲུབ་པ་ཞེས་བྱ་བའི་ཐབས། །དཔལ་བདེ་ཆེན་ཡེ་ཤེས་ལ་ཕྱག་འཚལ་ལོ། །སེམས་བསྐྱེད་ཚད་མེད་སྔོན་འགྲོ་བས། །ཆོས་རྣམས་སྟོང་པ་ཉིད་དུ་བསྒོམ། །སྟོང་པའི་ངང་ལས་རང་ཉིད་ཀྱི། །སྤྱི་གཙུག་ཡི་གེ་ཧཱུྃ་དཀར་ལ། །འཁོར་ལོ་དཀར་པོ་རྩིབས་བཞིར་གྱུར། །དེའི་ལྟེ་བར་ཉི་ཟླའི་སྟེང་། །ཧཱུྃ་དཀར་བྃ་ལས་འོད་ཕྲོས་པས། །སྲིད་གསུམ་བདེ་ཆེན་གོ་


PS007_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

འཕང་བཀོད། །ཚུར་འདུས་ཡབ་དཀར་ཡུམ་དམར་བ། །བདེ་ཆེན་ལྷོ་ནུབ་སྐུ་མདོག་དཀར། །གྲི་གུག་ཐོད་ཁྲག་བསྣམས་པ་བཞི། །རྩིབས་ཀྱི་སྟེང་དུ་བསམ་པར་བྱ། །འཁོར་ལོ་རྩིབས་ཀྱི་རཾ་བཞི་ལས། །ཡེ་ཤེས་མེ་དཔུང་འབར་བ་ཡིས། །གསང་བ་ཁོ་ན་ཉིད་མཆོད་པས། །ཡབ་ཡུམ་སྙོམས་འཇུག་སྦྱོར་འཚམས་ནས། །བྱང་སེམས་དཀར་ལ་དམར་མདངས་ཆགས། །ཆུ་རྒྱུན་རང་གི་སྤྱི་གཙུག་ཟུག །འཁོར་བཞི་ཁ་ཊཱཾྭ་སྙོམས་འཇུག་པས། །


PS007_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

གསང་གནས་བྱང་སེམས་རྒྱུན་རྣམས་བབས། །སྤྱི་གཙུག་གཅིག་ཏུ་གྱུར་པས་ནི། །གནས་བཞིར་བབས་པས་སྡིག་སྒྲིབ་དག །འཁོར་ལོ་མྱུར་འཁོར་ནད་གདོན་རྣམས། །བཅད་དང་བསྟུབས་དང་མེ་དཔུང་བསྲེགས། །རླུང་གི་རང་བཞིན་མེད་པར་རྟོགས། །ཆུ་རྒྱུན་འཁོར་ལོ་མེ་དཔུང་རླུང་། །དེ་ལ་མ་ཡེངས་གསང་སྔགས་བཟླས། །དམིགས་པ་སྟོད་ན་རྨི་ལམ་འབྱོངས། །ལོངས་སྤྱོད་རྫོགས་སྐུ་རང་ཤར་འབྱུང་། །དེ་ནི་སྐུ་ཡི་འཁོར་ལོའོ། །དེ་ནས་མགྲིན་པའི་བྷྲཱུྃ་དམར་ལས། །འཁོར་ལོ་དམར་དང་པད་ཉི་ཡིས། །སྟེང་དུ་བྃ་དེ་དམར་པོ་ལས། །འོད་འཕྲོས་གོང་བཞིན་སྤྲོ་བར་བྱ། །དབུས་སུ་བདེ་མཆོག་ཡབ་ཡུམ་ནི། །པདྨ་ར་གའི་མདོག་འདྲ་བ། །རུས་པའི་ཐོད་པ་སྐམ་རློན་བརྒྱན། །གར་དགུའི་ཉམས་དང་ལྡན་པའོ། །ཕྱོགས་བཞིར་ལྷ་མོ་གྲི་ཐོད་ཅན། །མདོག་དམར་ཁ་ཊཱཾྭ་བཅས་པའོ། །རྩིབས་ཀྱི་རཾ་ལས་གོང་བཞིན་དུ། །


PS007_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་མེ་འབར་མཆོད་པས་མཉེས། །གཙོ་འཁོར་ཡབ་ཡུམ་སྦྱོར་འཚམས་ནས། །བྱང་སེམས་དམར་བའི་ཆུ་རྒྱུན་བྱུང་། །མགྲིན་པ་ཡན་ཆད་ཁེངས་པ་ཡིས། །ནད་གདོན་སྡིག་སྒྲིབ་དག་པར་བསམ། །ཆུ་རྒྱུན་འཁོར་ལོ་མེ་དཔུང་རླུང་། །སྙིང་པོ་བཟླས་པ་ཁྱད་པར་མེད། །འབར་བ་མེའི་འོབས་ལྟར་བསམ། །གསུང་གི་འཁོར་ལོ་དམར་པོའོ། །ཐུགས་ཀའི་འཁོར་ལོ་སྔོན་པོ་ནི། །སྙིང་གར་བྷྲཱུྃ་སྔོན་བཻ་ཌུར་མདོག །རྣོ་ངར་ལྡན་པའི་འཁོར་ལོ་བསམ། །ཉི་ཟླ་འཇིགས་བྱེད་དུས་མཚན་སྟེང་། །ཧཱུྃ་དང་རྡོ་རྗེའི་སྤྲོ་བསྡུ་ལས། །བདེ་མཆོག་སྔོན་པོ་ཡུམ་དམར་ཞིང་། །དྲག་པོའི་རང་བཞིན་འཁོར་བཅས་སྒོམ། །རྩིབས་ལ་མེ་དཔུང་སྔོ་ནག་འབར། །ཡབ་ཡུམ་སྙོམས་འཇུག་རྒྱུད་བསྐུལ་ནས། །ཟག་མེད་བདེ་བ་ཆེར་བརྒྱས་ཞིང་། །ཧཱུྃ་ཕཊཿགད་མོ་འབྲུག་སྟོང་སྒྲོག །སྦྱོར་འཚམས་བྱང་སེམས་མཐིང་ཤུན་མདོག །སྙིང་ག་ཡན་ཆད་ཁེངས་པ་ཡིས། །སེམས་ཀྱི་ནད་གདོན་


PS007_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་སྒྲིབ་དག །ཁྱད་པར་གདོན་དང་ཞེ་སྡང་རྣམས། །འཁོར་ལོས་བསྟུབས་ཤིང་མེ་དཔུང་བསྲེག །ཡེ་ཤེས་རླུང་གིས་དྭངས་པར་བྱས། །བྱང་སེམས་ཆུ་རྒྱུན་དྲག་པོ་ཡིས། །སྡིག་སྒྲིབ་ཐལ་བའི་དྲི་མ་བཀྲུ། །གཏི་མུག་ཚད་ནད་ཞི་བ་ལ། །སྤྱི་གཙུག་སྐུ་ཡི་འཁོར་ལོ་བསྐོར། །དབང་དང་འདོད་ཆགས་གྲང་ནད་ལ། །མགྲིན་པ་གསུང་གི་འཁོར་ལོ་བསྐོར། །གདོན་བགེགས་ཞེ་སྡང་བད་ཀན་ལ། །སྙིང་ཁ་ཐུགས་ཀྱི་འཁོར་ལོ་བསྐོར། །སྦོད་གཏོང་ངན་པ་བཟློག་པ་ལ། །ས་བོན་ལྕགས་ཀྱུ་ཞགས་པ་ཡིས། །གནོད་བྱེད་བཀུག་ལ་འཁོར་ལོས་བསྟུབས། །མེས་བསྲེག་རླུང་གིས་གཏོར་བར་བྱ། །ལྷ་རྣམས་ཞལ་ནི་ཕྱིར་བསྟན་ལ། །སྙིང་པོའི་རྗེས་སུ་མཱ་ར་ཡ། །བཏགས་ལ་བཟླས་པས་དམ་ཉམས་བསྒྲོལ། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ལ། །བསྙེན་པ་འབུམ་ཕྲག་བདུན་བདུན་གྱིས། །ས་རྣམས་གཡོ་ཞིང་ལས་རྣམས་འགྲུབ། །བཅུ་བཞིའི་ས་རྣམས་རྫོགས་པ་ཡིས། །ཉེ་བར་འགྲུབ་པ་འདི་ལ་འབད། །མཁའ་འགྲོའི་སྲོག་སྙིང་


PS007_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ལ་གཏད། །མ་སྤེལ་ཙིཏྟའི་ཕོ་བྲང་དུ། །རང་སྲོག་བླ་མ་གཅེས་པར་བཟུང་། །རང་ཉིད་བྱིན་རློབས་སྤྱི་བོར་བསྒོམ། །ས་བཅུ་ལམ་ལྔའི་རིམ་པ་རྣམས། །མོས་གུས་སྟོབས་ཀྱི་བགྲོད་པར་བྱ། །འདི་ནི་གསང་སྔགས་མཐར་ཐུག་མཆོག །བཅོམ་ལྡན་འདས་དཔལ་བདེ་མཆོག་གི་སྐུ་གསུང་ཐུགས་ཀྱི་སྒྲུབ་ཐབས། ཡེ་ཤེས་ཀྱི་ཌཱ་ཀི་མ་ནི་གུ་མས་མཛད་པའོ། །ཁྱུང་པོ་རྣལ་འབྱོར་པས་སེང་ལྡེང་གྱི་ནགས་སྲེབ་ཏུ། མཁའ་འགྲོ་མའི་ཞལ་གདམས་རྣམས། ཏ་ལའི་ལོ་མ་ལ་བརྗེད་ཐོར་བྲིས་ནས་གའུར་བལྟམས་ཏེ། །ལུས་དང་མ་བྲལ་བར་བྱས་སོ། །འགྲོ་དོན་རྒྱ་ཆེན་བརྩོལ་མེད་ལྷུན་གྲུབ་ཤོག །བདེ་མཆོག་དཀར་དམར་མཐིང་གསུམ་གྱི་བསྒྲུབ་པ་ཨྀིྠ། །ཆོས་དྲུག་པོ་འདི་རྒྱས་བསྡུས་གསུམ་ཀའི་ཐུན་མོང་ངོ་། །དེར་མ་ཟད་ཐོས་བསམ་སྒོམ་གསུམ་གང་ལ་ཡང་། །དྲུག་པོ་འདི་དང་མ་བྲལ་བ་ཅིག་དགོས་གསུངས་སོ། །སརྦ་མངྒ་ལཾ། །བྷ་ཝནྟུ། །


previousདཔལ་འཁོར་ལོ་སྡོམ་པ་མྱུར་དུ་སྒྲུབ་པའི་ཐབས། next