Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ནི་གུ་ཆོས་དྲུག་གི་ཁྲིད།
   
   
   
   
   
   
   
   


 
previousནི་གུ་ཆོས་དྲུག་གི་ཁྲིད། next

ནི་གུ་ཆོས་དྲུག་གི་ཁྲིད།


PS007_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གུ་ཆོས་དྲུག་གི་ཁྲིད། །


PS007_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ནཻ་གུ་ཆོས་དྲུག་གི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། སྤྱི་བོར་པད་ཟླའི་སྟེང་དུ་བླ་མ་བསྒོམ་ལ། བླ་མ་རིན་པོ་ཆེ་བདག་གི་ནད་གདོན་ཞི་བར༴ །སྡིག་སྒྲིབ་དག༴ ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ༴ །རང་གི་མགོ་ནང་དུ་ཆོས་འབྱུང་དཀར་སངས་པའི་སྟེང་ཐད་དུ་ཨ་དཀར་པོ་ལས་བདུད་རྩི་བྱུང་ལུས་ཁེངས་སྡིག་སྒྲིབ་བག་ཆགས་


PS007_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

དུད་ཁུའི་རྣམ་པར་ཕྱིར་སྦྱངས་ནས། ལུས་ཤེལ་གོང་ལྟར་གྱུར། ནད་ཚད་པ་ལ་བདུད་རྩི་བསིལ་བ་གྲང་ལ་དམར། རླུང་ལ་དམར་སེར་ཚ་གྲང་སྙོམས་པས་སྦྱང་། གདོན་ལ་ཁྲོ་ཆུ་ཁོལ་མ་ལྟ་བུ། རྟགས་རྣམས་དངོས་དང་རྨི་ལམ་དུ་འཆར། གཏུམ་མོའི་སྔོན་འགྲོ་མེའི་སྟོང་ར། ལུས་མེ་ཐབ་དྲུག་ཆིངས་སུ་བྱ་ཞིང་། རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ནང་དར་


PS007_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

དམར་རྐྱལ་པ་ལྟར་སྲབ་དྭངས་ཀྱི་མཁལ་རྩ་གཡས་གཡོན་མདུན་རྒྱབ་ཏུ་མེ་གོང་བསམ། བླ་མ་རིན་པོ་ཆེ་བདག་ལ་སེམས་ཅན་གྱི་དོན་དུ་བདེ་དྲོད་ཀྱི་ཏིང་ངེ་འཛིན་བདེ་སྟོང་གི་ཏིང་ངེ་འཛིན་སྐྱེ་བར་མཛད༴ །འཇམ་རླུང་བཟུང་ལ་ཕོ་སྐོར་བྱས་པས་མེ་གོང་འཐབས། མེ་སྟག་དམར་སྐྱ་ཐོར་ཐོར་བར་བསམས། གཏུམ་མོ་ཟས་ཟ་རྩ་གསུམ་འདུས་མདོར་རམ་ཡིག་མེ་རླུང་གི་བསྐུལ་ཏེ། དབུ་མ་ཇེ་ཡངས་མེས་ཁེངས་པར་བསམ་ལ། ལུས་དཀྲུག་འཁོར། རྩུབ་ཤིང་མའི་འཁྲུལ་འཁོར། ངག་ལྟེ་འོག་གི་རླུང་ཁ་སྦྱར། སེམས་མེ་འབར་བ་ལ་རྩེ་གཅིག་གཏད་དོ། །གོས་གྱོན་འཐིལ་མེའི་ལུས་འགེབས། སྟན་འདིང་ཁྱི་ཉལ་སྒོར་མོར་ཉལ། རྟ་ཞོན་མཆན་འོག་ནས་རླུང་གི་ལྷ་མོས་འདེགས་པར་བསམས་ལ། རླུང་


PS007_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཁུག་པ་ཉེར་གཅིག་སྦྱངས། སྲིད་པའི་དབང་སྤྱི་བོའི་བླ་མའི་སྐུ་ལུས་བདུད་རྩི་དཀར་ཆིལ་གྱིས་བྱུང་ནས་རང་གི་སྤྱི་མགྲིན་སྙིང་ཁ། ལྟེ་གསང་གང་དབང་བཞི་བསྐུར་བར་མོས། གེགས་སྟོད་ལ་ནོར་བུ་མིག་གསུམ་གང་ན་སར་བསྒོམ་ལུས་འཁྲོལ་ཚགས་སུ་ལྟར་ཡང་བསམ་ལ་རླུང་འབུད། ནད་རླངས་ཀྱི་རྣམ་པར་ཕྱིར་ཐོན་ཧ་དྲག་པོ་དང་། ཁུ་ཚུར་ཕྱིར་བསྟན། ནུ་མའི་སྟེང་ཐད་དུ་རྡེག །སྨད་ལ་རྡོ་རྗེའི་བུ་གར་རཀྟའི་ངོ་བོ་པདྨ་དམར་པོའི་རྩ་བ་ཕྲ་བ་བུ་གའི་ནང་ནས་ཡར་ཆུད་པར་བསྒོམ་ལ། རྐང་མཐིལ་སྤྲད་ནས་རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ་སྤྱི་བོར་བསྒྱུར་བས་དམིགས་པ་ནོར་བུ་རྒྱུ་མ་མདོག་ཏུ་གྱེན་ལ་བྱུང་བས་ཧཱུྃ་ཡིག་དམར་ལ་དྭངས་པ་ཅིག་དབུ་མའི་ལམ་ནས་ཚངས་བུག་བར་དུ་བྱོན་པ་ལ་ཤེས་པ་གཏད།


PS007_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

འཛག་པ་དྲུག་ཀ་འདིས་ཆོད་ཞལ་ཤེས་བྲིས་པ་ཡིན། སྒྱུ་ལུས་ལ་སྐྱོ་ཤས་བསྐྱེད་དེ་རང་བདེ་མཆོག་ལྷན་སྐྱེས་སུ་བསྒོམ་པའི་སྤྱི་བོའི་བླ་མ་ཀུན་འདུས། བླ་མ་རིན་པོ་ཆེ་བདག་འཛིན༴ །དགོས་མེད༴ །སྒྱུ་ལུས་རྨི་ལམ་འབྱོངས༴ །བླ་མ་རང་ལ་སྟིམ་རྗེས་ཅིར་སྣང་སྒྱུ་མར་ཤར་བའི་འཆར་སྒོ་དང་མ་བྲལ། རྗེས་ཐོབ་སྐྱོང་བ་ནི་དབང་པོ་རབ་འབྲིང་། རང་ཉིད་བདེ་མཆོག་གི་མཚོན་པའི་སྣང་དམིགས་སྒྱུ་མ་རྨི་ལམ་དུ་ཐག་རྦད་བཅད། ནང་ཡིད་དང་ངག་མཚུངས་པར་སྒྱུ་མ་རྨི་ལམ་ཅེས་བརྗོད། ཐ་མས་འགྲོ་འདུག །འཕོ་སྐྱས་བློ་སྣ་ལོང་གཏམ་གྱི་སད་བཞི་སྤངས་ནས། ལྟོ་བར་ཆོས་འབྱུང་ནང་དུ་འགྲོ་བ་རིགས་དྲུག་ལ་སྙིང་རྗེ་བསྐྱེད། འོག་རླུང་བསྐུམས། སྟེང་རླུང་མདུན་པས་མནོས་ཅིང་བདེ་དྲོད། རྨི་ལམ་རང་


PS007_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཟིན་སྦྱོང་སྤེལ་ཡུལ་སྣང་རང་ཤར་ཏེ་ཡོན་ཏན་དྲུག་འཆར། ནད་སྒྱུ་མར་ཐག་བཅད། གདོན་ཆོས་འབྱུང་དུ་བཀུག་ལ་དཀྲུག་འཁོར་བྱས་པས་འཐུལ་འགྲོ་ཞིང་། ཞེན་མེད་སྒྱུ་མའི་རང་ཉམས་རྩིས་བཟུང་། རྨི་ལམ་ལ་བླ་མ་རིན་པོ་ཆེ་བདག་འཛིན༴ །དགོས་མེད༴ །རྨི་ལམ་ཟིན་པར༴ །སྤྱི་བོའི་ཧཾ་ལས་ཐིག་ལེ་དཀར་པོ། གསང་གནས་ཀྱི་ཧཱུྃ་ལས་ཐིག་ལེ་དམར་པོ། སྙིང་གར་འཁོར་བ་བུམ་དབང་། རེག་པ་གསང་དབང་། རེག་བདེ་ཤེས་རབ་ཡེ་ཤེས། གཅིག་ལ་གཅིག་ཐིམ་པ། དབང་བཞི་པར་མོས་ཤིང་། གནད་འཆུག་མེད་དགུ་ལ། དུས་ཐོ་རངས་ནམ་ལངས་ཉི་ཤར། ལུས་སྐྱིལ་ཀྲུང་ཙོག་པུ། སེང་གེའི་ཉལ་སྟབས་དམིགས་པ་རྟོག་བྱས། གཉིས་རྟོག་མེད་ཅིག་གི༴ །


PS007_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་དཀར་དམར་སྣ་སྒོ་གཡས་གཡོན་ནས་འཐོན། སྨིན་མཚམས་སུ་བདེ་མཆོག་ཡབ་ཡུམ་གསལ་བ་འོད་དུ་ཡལ་བ་དང་སྙིང་གར་བླ་མའི་ཐུགས་ཀར་ཧཱུྃ་བསམ་པའི་བླ་མ་ཧཱུྃ་འོད་དུ་ཡལ་བ་དེ་ཉིད་རྨི་ལམ་ཅེས་པས་འདུན་པ་རྐྱང་གྲིལ་བྱས་ལ་བཟུང་། སྦྱང་བ་རྨི་ལམ་འབྱོངས་པར་མཛད་དུ་གསོལ། ཅེས་གསོལ་བ་བཏབ། གཡང་ཟ་ལ་བདེ་མཆོག་གི་སྦྱོང་བ་སེམས་ཀྱི་ལུས། སྒོ་དགུའི་ཐིག་ལེ་ནང་དུ་འདུས་ནས་ཡལ་སེང་བ་ལུས་ཀྱིས་སེམས། མདུན་དུ་བདག་མེད་མའི་པདྨ་ལས་ཨ་ཕྲེང་དང་། བདག་མེད་མ་འོད་དུ་རྡོ་རྗེ་ནོར་བུའི་ནང་ནས་འདྲེན་ལ། བདག་མེད་མའི་མདུན་ཀྱང་རྩེ་གཅིག་འདུན་པས་སྦྱངས་པའོ། །སྤེལ་ནུས་པར་མཛད་དུ་གསོལ། ཅེས་བྱས་ལ། བྱི་བ། བྱི་ལ། བྱིའུ། ཁྲ། ཁྱི། སྤྱང་ཁུ། སྟག །


PS007_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གེ། མི་སྲིན་པོ་སོགས་དང་། ཀླུ་ལ་ཁྱུང་། གཟའ་ལ་ཕྱག་ན་རྡོ་རྗེ། རྒྱལ་འགོང་ལ་རྟ་མགྲིན། ཀུན་ཁྱབ་ཏུ་རྡོ་རྗེ་འཇིགས་བྱེད་ལྟ་བུར་སྤྲུལ་ནས་ཕྱག་མཚན་གྱིས་བརྡུང་བ། མེ་དཔུང་གིས་བསྲེགས་པར་མོས་པས་འདུལ། སྤྲུལ་ནུས་པར་གསོལ་བ་བཏབ་རྗེས། གང་སྤྲུལ་གོང་བཞིན་བསྒྱུར་ནུས་པར་གསོལ་བ་བཏབ་པ་དང་། འབྱུང་བཞི་སེམས་ཅན་ཕྲ་རགས། ལྷ་སྐུ་སྣ་ཚོགས་ཞལ་ཕྱག་མང་ཉུང་རྣམས་སྣང་སྟོང་ཞེན་བྲལ་དུ་བསྒྱུར། ཡུལ་སྣང་གཏན་ལ་ཕེབས་པར་གསོལ་བ་བཏབ་ནས། དམིགས་མེད་གསལ་མཁྱེན་གང་བསམ་གསལ་མཐོང་། ཡིད་ལུས་མཁའ་ལྡིང་གི། དམན་པའི་ཡུལ་སྣང་ལ་ལྟེ་བར་ཆོས་འབྱུང་ནང་དུ། ཐོད་པའི་ནང་། ཨོཾ་ཨཱཿསྭཱ་ཧཱ་ལས་


PS007_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མེད་མ་མན་ཤེལ་ལས་དྭངས་པ་ལས་འོད་ཟེར་སྣ་ལྔའི་རྩེར་ལྷ་ཚོགས་རང་རང་གི་སྔགས་སྒྲ་སྒྲོག་པ་ཕྱི་ནང་གསང་བའི་མཆོད་པས་མ་དག་སྣོད་བཅུད་སྦྱངས་ཤིང་། ཁྲིག་མེར་གྱི་གང་བའི་བདག་མེད་མའི་ཐུགས་ཀར་གང་། ལྟ་འདོད་པའི་ཡུལ་འགོད་པའམ། བདག་མེད་མ་ཨར་བསམ་བསམ་པའི་འོད་ཀྱི་ཡུལ་སྣང་བལྟ་བའམ། ཨ་ཐིག་ལེར་བསམ་པའི་འོད་ཟེར་ཡུལ་སྣང་གང་ལྟར་སྤྲོ་བའོ། །འོད་གསལ་ལ་ཡང་སྔར་ལྟར་སྐྱོ་ཤས་ཆེར་བསྐྱེད། དམ་རྫས་དང་ཁ་ཟས་སྣུམ་པ། སྤྱོད་ལམ་དལ་ཞིང་རྡུལ་ཐོན་གྱི་ལས་སྤོངས། ཤ་ཆེན་དང་ཚིལ་ཆེན་བསྲེག །ཚོགས་དང་གཏོར་མ་བཟང་དུ་བཤམས། བླ་མ་སངས་རྒྱས་དངོས་མཐོང་གི་བློས་གསལ་འཛིན་པར་གསོལ་བ་བཏབ། རང་ལུས་རྩ་


PS007_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་མ་དྭངས་གསལ་བསྒོམ་པའི་ལྟེ་བའི་ཨ་ལ་མ་ཡེངས་པར་སེམས་འཇོག་ཀླད་རྒྱའི་སྟེང་དུ་བདག་མེད་མའི་ཐུགས་ཀའི་ཨ་འོད་ཀྱི། ཀླད་པ་གཏི་མུག་གི་རང་བཞིན་སྦྱངས། ཐོད་པ་དུང་ཁང་གི་གཞལ་མེད་ཁང་། སྙིང་དབུས་སུ་གསལ་དྭངས་ཐིག་ལེའི་ནང་དུ་བླ་མ་དང་ཐུགས་ཀར་ཧཱུྃ་ཡང་ཐིག་ལེའི་རང་བཞིན་ཅན་ལ་ཡིད་རྩེ་ཏུ་གཏོད་ཅིང་ཉིན་མཚན་སྐུ་གསུམ་ལམ་ཁྱེར་ངང་ནས་གསལ་སྟོང་དབྱེར་མེད་དུ་ལྟ་སྟངས་ཀྱི་མཉམ་རྗེས་བསྲེ་བ། སྣང་སྟོང་བདེ་སྟོང་གསལ་སྟོང་རིག་སྟོང་ཟབ་ཞི་སྤྲོས་བྲལ་དག་པ་གཉིས་ལྡན་དུ་ངེས་ཤེས་ལྷག་པར་བསྐྱེད་ཅིང་ངོ་སྤྲོད། དམ་ཚིག་སྤྱི་དང་བྱེ་བྲག་ལ་མནན་སྦྱོར་བྱ། གེགས་སེལ་ངེས་སྐྱོན་རང་གྲོལ་བོགས་འདོན་ཐེ་ཚོམ་རྩ་བ་བཅད་དོ། །


PS007_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་རྟོགས་ཉིན་མཚན་ཁྱད་པར་རྣམས་ཀྱི་ཤན་ཕྱེད་པར་བྱ་བ་གཅེས་སོ། །འཕོ་བ་ཐེབས་པར་མཛད་དུ་གསོལ་ཅེས་གསོལ་བ་ཕུར་ཚུགས་སུ་བཏབ་ལ་རང་ལུས་དར་སྔོན་གྱི་གུར་ཁྱིམ་ལྟར་སྣང་བའི་ལྟེ་བར་འགྲོ་དྲུག་སྐྱེ་སྒོ་གཅོད་པའི་ཆོས་འབྱུང་ཟུར་དྲུག་པའི་སྨད་ཟུར་འཐུར་བསྟན་ངན་སོང་གསུམ་ལམ་བསྒྲོགས་གཅོད་དེ་ཟུར་མདུན་དང་མཁལ་རྩ་གཡས་གཡོན་ལ་གཏད་པའི་ནང་ནས་ཡར་རྩ་དབུ་མ་རྒྱ་མཐོང་ཐལ་ལེ་བ། ལྟེ་བར་ཨ་དཀར་པོ་འོད་འཕིར་བ། ལྟོ་བ་རྒལ་པ་ལ་བཅར་རྒྱབ་པས་ཨ་དཀར་མདའ་ལྟར་དབུ་མའི་གཞུང་ལམ་ནས་སོང་། སྤྱི་བོའི་རྒྱ་མཐོང་ནས་འཐོན་ཏེ་འོད་དུ་ཡལ་ཡལ་བ་ཆོས་སྐུ་དེ་བཞིན་ཉིད། བདེ་ཀྱེ་སོགས་ཡི་དམ་གང་མོས་ལ་སྟིམ་ན་ཟུང་འཇུག་ཡི་དམ། མཁའ་སྤྱོད་དཀར་དམར་གང་རུང་


PS007_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

གི་གསང་སྒོར་ཞུགས་ན་འཆུག་མེད་མཁའ་སྤྱོད། བླ་མའི་ཐུགས་ཁར་འཕོས་ན་བྱིན་རླབས་བླ་མའི་འཕོ་བའོ། །བླ་མ་ལ་བར་དོ་ལོངས་སྐུ་འགྲུབ་པར་གསོལ་བ་བཏབ་ནས་རབ་བར་དོ་དང་པོའི་འོད་གསལ་རང་ཤར། རང་བཞིན་མའི་ངང་དུ་བུ་བསྒོམ་པའི་འོད་གསལ་མ་བུ་ཞལ་མཇལ་སྔར་འདྲིས་པའི་མི་དང་འཕྲད་པ་ལྟར། ངོ་ཤེས་དྲན་པའི་ཡེ་ཤེས་ཐོབ་པ་ཡིན་ལ། འབྲིང་ལུས་ལྷ། ངག་སྔགས། སེམས་སྐྱེ་མེད་ཕྱག་རྒྱ་ཆེན་པོའི་རང་རྩལ་གྱི་གཤིན་རྗེའི་གཟུགས། རྒྱོབ་གསོད་འབྱུང་བཞི་ལོག་པའི་སྒྲ་བར་དོར་སྐྱེ་བའི་སྡངས་སྐྲག་དེར་འཛིན་མེད་པར་གྲོལ་ལ། ཐ་མལ་གྱི་སྣོད་བཅུད་གཞལ་ཡས་ཁང་། ནང་བཅུད་ཡི་དམ་ལྷ་མོས་ནས་མདུན་དུ་ཆོས་འབྱུང་སྔོན་པོ་ཅིག་བསྒོམ༴


PS007_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

འདི་མ་རྟོགས་པ་ལ་མིའི་མངལ་འོག་མིན་ཆོས་ཀྱི་ཕོ་བྲང་ཡིན་ཨང་སྙམ་དུ་བསམ། དེའི་དབུས་སུ་ཧཱུྃ་སྔོན་པོ་འོད་ཟེར་ལྔ་ལྡན་འཕྲོས་པའི་སྐྱེ་གནས་ལྔའི་འདས་པའི་མངལ་སྒོ་དག །ད་ལྟ་བའི་མངལ་སྒོ་སྦྱངས། མ་འོངས་པའི་མངལ་སྒོ་བཀག་པར་བསམ་ལ། ཧཱུྃ་ལས་རང་བདེ་མཆོག་དེའི་སྤྱི་བོར་རྗེ་བཙུན་མ། དེའི་སྤྱི་བོར་བླ་མ་བཞུགས་པའི་བླ་མ་འོད་ཟེར་བདེ་བའི་རང་བཞིན་ཅན་རྗེ་བཙུན་མ་ལ། དེ་ལས་འོད་ཟེར་བདེ་བའི་རང་བཞིན་ཅན་རང་ལ་ཕོག །ཕོ་ཞེ་སྡང་སྐྱེ་བའི་ཡུལ་ཆོས་འབྱུང་གཡས་ཟུར་དུ་བདེ་མཆོག་ཡབ་རྐྱང་། མོ་འདོད་ཆགས་སྐྱེ་བའི་ཡུལ་ཆོས་འབྱུང་གཡོན་ཟུར་དུ་རྡོ་རྗེ་རྣལ་འབྱོར་མ་ཡུམ་རྐྱང་དུ་བསྒོམ་ལ་ཡིད་ཀྱི་སྤྲུལ་པའི་མཆོད་པ་ཕུལ་ཞིང་སྦྱངས་པས་བར་དོ་ལོངས་སྐུར་སངས་རྒྱ་བ་


PS007_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དོ། །ཟབ་ཁྲིད་ཀུན་ལས་ཕུལ་བྱུང་བའི། །དགའ་སྟེར་ནཻ་གུ་ཆོས་དྲུག་ཁྲིད། །གྲོལ་མཆོག་རང་གི་ཉམས་ལེན་ཚུལ། །ཡི་གེར་གསལ་བ་བཀོད་འདིའོ། །བསམ་སྡིངས་གཞོན་ནུ་གྲུབ་ཀྱི་ཁྲིད་ལས་བསྡུས་སོ། ༈ཕྱག་རྒྱ་ཆེན་པོ་གའུ་མའི་ཁྲིད། །ཕྱག་རྒྱ་ཆེན་པོ་གའུ་མའི་ཁྲིད། །སྐྱབས་སེམས་སྔོན་དུ་སོང་ནས། སྔོན་འགྲོ་རང་བབས་རྣམ་གསུམ་ནི། །ལུས་ཀྱི་བྱ་བ་མ་ཡེངས་པར། །རྐང་པ་སྐྱིལ་ཀྲུང་སྒལ་ཚིགས་བསྲང་། །ལག་པ་པུས་གོང་དུ་བཞག་ལ་འབོལ་ལེ་སྡོད། ངག་ཀྱང་སྨྲ་བརྗོད་སྤངས་ལ་མཆུ་འབྱེད་འཛུམ་མི་བྱེད། ཡིད་དུས་གསུམ་རྟོག་པའི་རྒྱུ་ཕྲེང་བཅད། མི་མནོ། མི་བསམ། མི་སྤྲོ། གཉུག་མའི་རང་སོ་བཟུང་ལ་བསྒོ་འདོད་རྟོག་པས་མ་སྤངས་


PS007_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཇོག་ཅིང་། མདུན་རྒྱབ་སྟེང་འོག་གཡས་གཡོན་ཐམས་ཅད་དུ་ལྟ་སྟངས་བསྒྱུར་ཞིང་རྩོལ་མེད་དུ་ཧད་དེ། །མདོ་འདོན་སྔགས་བཟླ། གཏམ་སྨྲ་བ་ཀུན་ལའང་དེ་ཆད་དེ་ཁའི་ངང་ནས་བྱེད། རིག་པ་བྱིངས་ན་མིག་གི་ལྟ་སྟངས་བསྟོད། རྒོད་ན་ཕབ། ཡང་ཡང་བླ་མས་བསྒོམ་བལྟ་བྱ་ཞིང་། དངོས་གཞི་སྐྱོན་བཞི་རང་གྲོལ། རྒྱུན་དུ་འགྲོགས་ཀྱང་ཞལ་མ་མཇལ། ཉེ་དྲགས་པས་ངོས་མ་ཟིན། བཟང་དྲགས་པས་བློར་མི་ཚུད། ཟབ་དྲགས་པས་ཡིད་མ་ཆེས་པའི་མཚང་གཏོལ་ནས་ངོ་སྤྲོད་དོ། །རྗེས་མཐར་སྐུ་བཞི་རང་ཤར། སེམས་མི་རྟོག་པ་ཆོས་སྐུ། རང་རིག་པ་ལོངས་སྐུ། སྣ་ཚོགས་སུ་འཆར་བ་སྤྲུལ་སྐུ། དབྱེར་མེད་ངོ་བོ་ཉིད་སྐུ། སྙིང་རྗེ། བསྐྱེད་རིམ། རླུང་།


PS007_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

མོས་གུས་ཀྱི་བོགས་འདོན་པ་ཉིད་དོ། །གའུ་མའི་ནང་ནས་བྱུང་བའི་དཔེ། །ཀུན་སྣང་ཏ་ལའི་འདབ་བྲིས་པའི། །བེ་བུམ་དགའ་མོའི་མདུད་གྲོལ་མཆོག །དེང་འདིར་ཡི་གེའི་སྣང་བར་བཀོད། །བསམ་སྡིངས་པ་གཞོན་ནུ་གྲུབ་ཀྱི་ཁྲིད་ལ་བསྡུས་སོ། ༈ །ལམ་ཁྱེར་གྱི་ཁྲིད། ལམ་ཁྱེར་གྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། རང་གི་སྤྱི་བོར་པད་ཟླའི་སྟེང་དུ་བླ་མ་བསྒོམ་སྟེ། དེའང་སྐུའི་རྣམ་པ་ཇི་ལྟ་བ། གསུང་གི་ང་རོ་ཇི་ལྟ་བ། ཐུགས་ཀྱི་མཁྱེན་དགོངས་ཇི་ལྟ་བར་གསལ་བཏབ་ནས་གདུང་ཤུགས་དྲག་པོས། ཕར་ལ་སྟིམ་ཕོད་པ་དང་། ཚུར་ལ་འཕྲོག་ནུས་པའི་བློ་སྣ་རྩེ་ཡམ་ཡམ་པས། གཟུགས་སྣང་བླ་མའི་སྐུ། སྒྲ་བརྗོད་བླ་མའི་གསུང་། དྲན་རིག་བླ་


PS007_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཐུགས་སུ་ཐག་རྦད་རྦད་བཅད་ནས་མཚན་ལྡན་བླ་མ་དག་པ་འདིས་བདག་བཟོད་དཀའི་འཁོར་བ་ལས་བདག་བསྒྲལ་བས་བཀའ་དྲིན་འཁོར་བ་མེད་སྙམ་པའི་ལུས་བ་སྤུ་གཡོ་བ། མིག་མཆི་མ་འཁྲུག་པའི་མོས་གུས་སྟོབས་སུ་སྦྱར་ཏེ། ཕྱག་འཚལ་ལོ༴ ཆོས་འཁོར་བསྐོར་ཞིང་མྱ་ངན་མི་འདའ་བར་གསོལ་བ་འདེབས། དགེ་བ་བླ་མས་རྗེས་སུ་འཛིན་པའི་རྒྱུར་ཅིག་བརྗོད། དེ་བཞིན་དུ་ཅིར་སྣང་ཡི་དམ། ཅིར་སྣང་སྒྱུ་མར་བསྒོམ་སྟེ། ལམ་ཁྱེར་གོང་བཞིན་ཉམས་སུ་ལེན་པའོ། །ལམ་ཁྱེར་རྣམ་པ་ཀུན་འདུས་པའི། །དགའ་བློ་རང་གྲོལ་མཆོག་གི་འཁྲིད། །ཉུང་གསལ་ཡི་གེས་མཚོན་པ་ཡང་། །སྐལ་ལྡན་ཐར་ལམ་བསྒྱུར་བྱེད་ཡིན། །བསམ་སྡིངས་གཞོན་ནུ་ལྷུན་གྲུབ་ཀྱི་ཁྲིད་ལས་བསྡུས་པའོ། ༈ །སེམས་འཆི་མེད་ཀྱི་ཁྲིད། སེམས་འཆི་མེད་


PS007_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། རང་བདེ་མཆོག་ལྷན་སྐྱེས་ཡབ་ཡུམ་དུ་གསལ་བའི་ཡབ་ཀྱི་ཚོགས་ཀྱི་སྟེང་དུ་ཧཱུྃ་སྔོན་པོ་དང་། ཡུམ་གྱི་འཚོག་མར་བཾ། ཡིག་འབྲུ་གཉིས་སྔོ་བ་དང་དམར་བའི་མདངས་ཀྱི་ལྷའི་སྐུ་ཡང་མོག་མོག་པོར་སྣང་བ་ལ་ཡིད་གཏད་དེ། ཡི་གེ་གཉིས་ལས་འོད་ཟེར་སྔོ་དམར་བདེ་བའི་རང་བཞིན་ཅན། གངས་རིའི་རྩེ་ལ་ཉི་མ་ཤར་བའི་དཔེས། འོད་ཀྱི་གང་ཕོག་རྣམས་བཻ་ཌཱུརྱ་དང་པདྨ་ར་ག་ལ་འཇིམ་པས་གེས་པ་ཆུས་དཀྲུས་པ་ལྟར་ཕྱི་གསལ་ནང་གསལ་ཉིད་དུ་གྱུར་ཏེ། ཡབ་ཀྱི་རལ་པའི་རྩེའི་ཡིད་བཞིན་ནོར་བུ། གཡོན་ངོས་ཀྱི་ཚེས་གཅིག་གི་ཟླ་བ་འཚོག་མའི་གོང་མཚམས་རལ་པ་ལ་བརྟེན་སྣ་ཚོགས་རྡོ་རྗེ་རལ་པ་ནག་པོ་རུས་པའི་


PS007_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་དང་འཕྱང་འཕྲུལ་ཐོད་སྐམ་ལྔའི་དབུ་རྒྱན་གྱི་བར་རྡོ་རྗེ་འཕྲེང་ཉལ་དཔའ་བོའི་དར་དཔྱངས། སྤྱན་གསུམ་དམར་ཞིང་དབུས་སྔོ་མཐའ་སྐྱ་བ་ཤངས་ཟེངས་མཐོ་བ། དཔྲལ་བའི་དབྱེས་མཐོ་བ། ཞལ་འཛུམ་དང་སྙན་ཤལ་རིང་བ། བཞད་པའི་ཞལ་གཡས་ཚེམས་དང་། མཆེ་བའི་རྩེ་སྔོན་ཙམ། མགྲིན་པ་ཟླུམ་པ། སྐུ་སྟོད་རྒྱས་པ། ཕྱག་གཉིས་ཀྱི་རྡོ་རྗེ་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། རུས་པའི་མགུལ་རྒྱན་སྙན་ཆ་སེ་མོ་དོ། དཔུང་རྒྱན་ཕྱག་གདུག་སྐེ་རགས་ཞབས་གདུབ་ཐམས་ཅད་དཀར་ཆབ་སེ་བ། སྟག་ལྤགས་རྒྱབ་ཏུ་གྲོལ་བ། ཞབས་གཡས་བསྐུམ་གཡོན་བརྐྱང་བས། པད་ཉིད་འཇིགས་བྱེད་དུས་མཚན་མནན་པ་ཡབ་ཡུམ་འཛུམ་ཁྲོ་ཧུར་བག་ཅན། དབུ་སྐྲ་ནག་པོ་སིལ་བུར་བཤིག་


PS007_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

པ་གྲི་ཐོད་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། རུས་རྒྱན་དཀར་ཁྲམ་མེ་བ། ནུ་འབུར་རྒྱས་པ། ཞབས་གཡས་རྐྱང་གཡོན་བསྐུམ་པས་ཡབ་དང་མཉམ་པར་སྦྱོར་བའི་འོད་སྔོ་དམར་གྱི་གའུ་ཞལ་སྦྱོར་དུ་གསལ་བཏབ་ནས། རང་སེམས་འཆི་མེད། སྐྱེ་འཆིའི་དྲི་མས་མ་གོས་པ་ལ་ཡིད་ཆེས་བསྐྱེད་དེ། ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་ལ་སེམས་མཉམ་པར་འཇོག་པའོ། །སེམས་ཀྱི་རང་བབས་མ་བཅོས་པ། །ཀུན་ནས་དགའ་སྤྲོར་སྣང་བའི་ཡིད། །རྣམ་གྲོལ་མཆོག་གི་རང་ཞལ་འདི། །འཕོ་བྱེད་བྲལ་བའི་ཡི་གེ་ཡིན། །བསམ་སྡིངས་པ་གཞོན་ནུ་གྲུབ་ཀྱི་ཁྲིད་ལས་བསྡུས་པ་ཡིན། ༈ སུ་ཁ་ཆོས་དྲུག་གི་ཁྲིད། སུ་ཁ་ཆོས་དྲུག་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། གཏུམ་མོ་ལ་མེ་ཐབ་དྲུག་


PS007_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

བཅིངས་བྱས་ལ་རང་གི་ལྟེ་བར་པདྨ་འདབ་བཞི་ཡི་གེ་ལྔ་དང་བཅས་གསལ་བཏབ་རྗེས་བཤངས་སྒོའི་རླུང་གི་ལྟེ་བའི་མེ་སྦར་ཏེ་དབུས་ཀྱི་ཨ་དང་ཕྱོགས་ཀྱི་ཧ་རི་ནི་སའི་ཡི་གེ་བཞི་མེས་དམར་འཚེར་འབར་མེ་འོད་ཀྱི་ལུས་ནང་གང་བ་ལ་ཤེས་པ་གཏད་དེ། ཡིད་ཀྱི་ཧ་རི་ནི་ས་ཅེས་བཟླ། རླུང་ཁ་སྦྱར་བཟུང་། སྒྱུ་ལུས་ནི་ལྟེ་བའི་པདྨའི་འོག་ཏུ་ཆོས་འབྱུང་ནང་རིགས་དྲུག་སེམས་ཅན་བསམ་ལ་སྙིང་རྗེ་བསྒོམ། ཡིག་འབྲུའི་འོད་ཀྱི་སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་སྦྱངས། འོད་རང་གི་ཚང་བུག་ནས་ཐོན། ལྷའི་བུ་མོ་དཀར་དྭངས་དྲི་ཟའི་སྔོ་སངས། བྲམ་ཟེའི་སེར་སྐྱ། མིའི་དཀར་དམར། ཀླུའི་དཀར་སེར། གདོལ་པའི་སྨུག་ནག་རྣམས། མིག་ལ་ཀྲི་ཀ ། མཆུ་ལ་ཆག་ག །ལྟེ་བ་མན་སྨད་གོས་བྲལ་བའི་གསང་སྒོའི་པདྨ་རྒྱས་པ།


PS007_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ཟེའུ་རྒོད་པའི་ལས་བྱང་སེམས་བདེ་བའི་རྒྱུན་དྲངས་སྤྱི་བོ་ནས་ཞུགས་ལུས་ནང་གང་། བདེ་བ་སྐྱེས་པར་མོས་ཤིང་སྒྱུ་མའི་རང་བབས་བསྐྱང་། རྨི་ལམ། ལྟེ་བའི་པདྨ་བདེ་དྲོད་ཀྱི་རང་ཉམས། ཡི་གེ་འཁོར་བ་ལ་ཤེས་པ་གཏད་ནས་རྨི་ལམ་ཡིན་སྙམ། བཟུང་སྤེལ་སྤྲུལ་བསྒྱུར་ཡང་ཡང་བྱ། སྤྲུལ་སྣང་ཨའི་འོད་ལམ་ལ་ཕྱིན་པས་གང་འདོད་ཇི་ལྟ་བར་མཐོང་། འོད་གསལ་ལ་རང་སེམས་ཨ་ལ་བཟོ་མེད་གསལ་བཞག་པས་འཆར༴འཕོ་བ་པད་འདབ་ཀྱི་ཡི་གེ་བཞི་འབྱུང་བ་བཞིར་བསམ་ལ། འབྱུང་བ་བསྡུད་པའི་རིམ་པས་ཨ་ལ་བསྡུ་ལ་སྤྱི་བོ་ནས་རྒྱངས་འཐོན་སྐྱེ་མེད་དུ་ཡལ་བར་བསམ་མོ། །བར་དོ་ད་ལྟ་ནས་སྣང་བ་ལྷ། གྲགས་པ་སྔགས། དྲན་རྟོག་ཆོས་ཉིད་དུ་འཁྱེར་བ་ཉིད་


PS007_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །སུ་ཁ་མཁའ་འགྲོ་ཀུན་གྱི་གཙོ། །དགའ་བཞིའི་ལྷན་སྐྱེས་སྩོལ་མཛད་པའི། །རྣམ་གྲོལ་མཆོག་གི་ཆོས་དྲུག་གི། ཡི་གེ་ལྷག་ཆད་མེད་འདིའོ། །མཁྱེན་རབ་རྗེའི་ཁྲིད་ལས་བསྡུས་སོ། ༈ །བདག་མེད་མའི་ནང་ཁྲིད། བདག་མེད་མ་ཡི་ནང་ཁྲིད་ནི། །སྐྱབས་སེམས་སྔོན་དུ་སོང་ནས། རང་བདག་མེད་མའི་སྐུར་གསལ་བའི་སྒལ་ཚིགས་ཉེར་གཅིག་ལ་བདག་མེད་མ་མཚོན་གང་རེ་བཞུགས་པའི་ལུས་ཀྱི་དབུས་སུ་རྩ་གསུམ་ཤིང་སྡོང་ལ་འཁྲིལ་ཤིང་ཚུལ་དུ་རོ་རྐྱང་གཉིས་དབུ་མ་བསྟེན་པར་བསྒོམ། ལྟེ་བར་པད་འདབ་བཞི་མདུན་སྔོ་སྐྱ། གཡས་དམར། གཡོན་སེར། ལྟེ་བ་ལྗང་ཁུ་ལ་ཧ་རི་ནི་ས་ཨའི་ཡི་གེ་འཁོད་པ་ལ་སྤྱི་བོར་སློབ་དཔོན་བིར་ཝ་པ་དང་དབྱེར་མེད། དགྱེས་མཛད་རྡོ་རྗེ་ཧེ་རུ་ཀཿ ཞལ་


PS007_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཕྱག་གཉིས་པ་གར་གྱི་ཉམས་ལྡན་མདུན་གྱི་ནམ་ཁར་དམ་པ་རྒྱ་གར་སྐུ་སྨད་ལ་དར་གྱི་ཐུལ་པ་བསྣམས། ཕྱག་ན་སྦའི་གླིང་བུ་འཛིན་པ་ཞལ་རང་ལ་བསྟན་པ་གཅིག་བསྒོམ་ལ། བིར་ཝ་པ་ཧཱུྃ་སུ་ཁ་མ་ཨཱཿདམ་པ་རྒྱ་གར་ཨོཾ་ཞེས་རྩེ་གཅིག་ཏུ་གསོལ་བ་བཏབ་མཐར་ཨཱཿ ལྟེ་བ་ན་གནས་པ་ལས་ཨའི་མདའ་གཅིག་འཆད། རྩ་དབུ་མའི་གཞུང་ལ་བརྟེན་རླུང་སེམས་གཉིས་ཀྱི་ལྕག་གིས་བསྐུལ་ནས་གྱེན་ལ་བྱོན་པར་བསམ། ལུས་གཡས་གཡོན་རེ་མོས་སུ་གཅུ་ཞིང་། རྐང་པ་སྐྱིལ་ཀྲུང་། ལག་པ་གཉིས་རླར་བཞག །མིག་འབྲས་ཀྱང་གྱེན་ལ་རིམ་གྱིས་བཀོད། དེའི་ཚེ་རོ་རྐྱང་གིས་ཞགས་པས་དབུ་མའི་ལམ་བཅུ་ན་ནས་ཨཱཿ སྤྱི་བོར་རྒྱངས་ཐོན་ཏེ་སུ་ཁ་མ་སིདྷི་དང་དབྱེར་མེད་པའི་བདག་མེད་


PS007_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

མ་བདེ་བ་རྒྱས་མར་གྱུར་ནས་ནག་པོ་བིར་ཝ་པ་ལ་དཀྱུད་ཀྱི་འཁྱུད་ནས་མཉམ་པར་སྦྱར་བའི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་སྒལ་ཚིགས་ལ་བརྒྱུད་བདག་མེད་མ་ཉེར་གཅིག་གིས་སྐུ་གང་མཐར། ལྟེ་བ་ལུས་ཀྱི་ཞིང་ས་ན་ལུས་མ་ལུས་པ་ཁྱབ་པར་བསམ་ལ། བཞིན་ལ་ངར་བླུད། མིག་རྩ་སྤངས་བསྟོད། ཤེས་པ་ལ། ཕྲོག་ཕྱུང་ལ། ནམ་མཁའ་རིག་མེད་སྟོང་པ་ལ། །རིག་བཅས་སེམས་ཀྱི་རྩ་བ་གཅུན། །རྩ་བ་གཅུན་ལ་ལྷུག་པར་བཞག །ལྷུག་པར་བཞག་པས་རང་སོ་ཟིན། །ཅེས་པའི་གནད་ཉིད་དོ། །དགྱེས་རྡོར་ཀུན་ཏུ་དབྱེར་མིན་ལ། །སུ་ཁ་དགའ་བཞིའི་མདུད་གྲོལ་མཆོག །བདེ་ཆེན་འཁོར་ལོའི་རྒྱན་གྱུར་ཚུལ། །ཡི་གེའི་སྣང་བར་འཕོས་འདྲ་འདིའོ། །ཁྱུང་པོའི་ཡིག་རྙིང་ལས་བསྡུས་སོ། །


PS007_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

སྨར་ཁྲིད་སྐྱེར་སྒང་པའི་ལུགས་ཀྱི་ཁྲིད། སྨར་ཁྲིད་སྐྱེར་སྒང་པའི་ལུགས་ཀྱི་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། རང་གི་སེམས་འདས་པ་དང་མ་འོངས་མཐར་མ་ལྷུང་བའི་ད་ལྟའི་ཤེས་པ་གསལ་ཙམ་ཉིད། པད་ཟླའི་སྟེང་དུ་ཧྲཱིཿལས་ཕྱག་མཚན་ཨུཏྤལ་ཧྲཱིཿས་མཚན་པ་ལས། རང་ཉིད་འཕགས་པའི་སྐུ་ཞལ་གཅིག་ཕྱག་བཞི་པ་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན་ཕྱག་དང་པོ་མཉམ་སྦྱོར། གཡས་མུ་ཏིག་གི་ཕྲེང་བ། གཡོན་ཨུཏྤལ་དཀར་པོ། རྡོ་རྗེ་སྐྱིལ་ཀྲུང་རལ་པའི་ཅོད་པན་ཅན། དར་ལེབ་རྒན་གྱིས་བཅིངས་པ་དར་དང་རིན་པོ་ཆེའི་རྒྱན་ཅན། སྤྱན་འདེམ་གང་ལས་མི་རིང་བ་གཟིགས་ཤིང་། ཞལ་འཛུམ་བག་དང་ལྡན་པ་བླ་མ་འོད་དཔག་མེད་དབུ་


PS007_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པར་གསལ་བཏབ་ནས། ཡི་གེ་དྲུག་པ་བཟླ། མཐར་ཆོས་ཉིད་དོན་གྱི་ལྷ་ཐུགས་རྗེ་ཆེན་པོའི་རང་ཞལ་གཤིས་སྐྱེ་མེད། མདངས་སྙིང་རྗེར་ལམ་མེ་བའི་ངང་ལ་འཇོག་ཅིང་། ཟས་གོས་འདུག་པ། ཉལ་བའི་རྣལ་འབྱོར་ཐམས་ཅད་ཀྱང་འཆར་བ་ཉིད་ཡིན། བར་དོ་གཟུགས་སྒྲ་ལྷ་དང་སྔགས་སུ་ཤེས། སེམས་གཞི་མེད་རྩ་བྲལ་དུ་གོ་བའི་གདེངས་དང་ལྡན་པའི་ཉམས་ལེན་གནད་སྟོང་ཉིད་དོ། །དམར་ཁྲིད་སྐྱེར་སྒང་བཞེད་པ་ཀུན། །སྙིང་པོ་དགའ་མགུའི་བློས་སྡོམས་ནས། །གྲོལ་མཆོག་ཉམས་ལེན་ཇི་བཞིན་ཡང་། །ཡི་གེར་བཀོད་པ་འདི་ཉིད་ལགས། །ཆོས་སྐུ་ཤཱཀྱ་རིན་ཆེན་གྱི་ཁྲིད་ཡིག་ལས་བཏུས་སོ། །


previousནི་གུ་ཆོས་དྲུག་གི་ཁྲིད། next