Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ནི་གུ་ཆོས་དྲུག་གི་ས་བཅད་རྒྱས་པ། མཁའ་སྤྱོད་རིག་འཛིན་གྲུབ་པ།


 
previousནི་གུ་ཆོས་དྲུག་གི་ས་བཅད་རྒྱས་པ། མཁའ་སྤྱོད་རིག་འཛིན་གྲུབ་པ། no next

ནི་གུ་ཆོས་དྲུག་གི་ས་བཅད་རྒྱས་པ། མཁའ་སྤྱོད་རིག་འཛིན་གྲུབ་པ།


PS007_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གུ་ཆོས་དྲུག་གི་ས་བཅད་རྒྱས་པ་བཞུགས་སོ། །


PS007_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི་ཤྲཱི་ཛྙཱ་ན་ཡེ། ཨེ་མ་ཧོ། འདིར་བདེ་བར་གཤེགས་པའི་གསུང་རབ་མཐའ་དག་གི་དོན་མ་ནོར་བར་བསྡུས་པའི་བཅུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་ལྔ་ཡི་ཡང་སྙིང་། སྐལ་ལྡན་དབང་པོ་རབ་ཀྱི་དོན་དུ་རྡོ་རྗེ་འཆང་གིས་ཡེ་ཤེས་མཁའ་འགྲོ་ནི་གུ་མ་ལ་དངོས་སུ་གསུང་པའི་ཆོས་དྲུག་རྡོ་རྗེའི་ཚིག་རྐང་གསལ་བར་


PS007_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ལ་གསུམ་སྟེ། དང་པོར་ལོཙྪ་བས་བཀོད་པའི་རྒྱ་བོད་ཀྱི་མཚན་བཤད་པ། བར་དུ་ཡེ་ཤེས་མཁའ་འགྲོས་དབྲི་བསྣན་མེད་པར་བསྡུས་པའི་བཀའ་གདམས་དངོས་བཤད་པ། མཇུག་ཏུ་ལོ་པ་གང་གིས་བསྒྱུར་བའི་འགྱུར་བྱང་བཤད་པའོ། །དང་པོ་ལ་གཉིས་མཚན་གྱི་དོན་དང་འགྱུར་གྱི་ཕྱག་གཉིས་སོ། །གཉིས་པ་བཀའ་གདམས་པ་


PS007_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་ལ་གསུམ། ཐོག་མར་གླིང་བཞིའི་རྣམ་པར་བཞག་པ། བར་དུ་ཆོས་དྲུག་ཡན་ལག་རྒྱས་པར་བཤད་པ། མཐར་བཀའ་རྒྱ་དང་བཅས་ཏེ་གདམས་ངག་གི་དོན་དྲིལ་བའོ། །གཉིས་པ་ཡན་ལག་ལ་གཉིས། ལམ་གྱི་ཕན་ཡོན་བཤད་པའི་སྒོ་ནས་མདོར་བསྟན་པ་དང་། ཉམས་ལེན་གྱི་ཆོས་དངོས་རྒྱས་པར་བཤད་པའོ། །རྒྱས་བཤད་ལ་དྲུག་སྟེ། ཐབས་ལམ་བདེ་དྲོད་རང་འབར། སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་ཉིང་འཁྲུལ་རང་དག །འོད་གསལ་གཏི་མུག་རང་སངས། འཕོ་བ་མ་བསྒོམ་སངས་རྒྱས། བར་དོ་རྒྱལ་བ་ལོངས་སྐུའོ། །དང་པོ་ཐབས་ལམ་ལ་གཉིས། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། རང་ལུས་ཐབས་ལྡན་གྱི་མན་ངག་མདོར་བསྟན་དང་། གཞན་ལུས་བདེ་ཆེན་གྱི་མན་


PS007_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

ངག་མདོར་བསྟན་པའོ། །རྒྱས་བཤད་ལ་གསུམ། རང་ལུས་དང་གཞན་ལུས། ཐབས་ལམ་གྱི་དམིགས་པའི་གྲངས་བླ་མའི་མན་ངག་བྱེ་བྲག་ཏུ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། སྔོན་འགྲོ་ཆོས་གསུམ་ལྡན་གྱི་ཉམས་སུ་བླང་བ་དང་། །དངོས་གཞི་ཆོས་དྲུག་ལྡན་དུ་ཉམས་སུ་བླང་བའོ། །གཞན་ལུས་ལ་དྲུག །དབབ་པ་ལ་མཁས་པ། བཟུང་བ་ལ་མཁས་པ། ལྡོག་པ་ལ་མཁས་པ། དགྲམ་པ་ལ་མཁས་པ། བསྲེ་བ་ལ་མཁས་པ། རྒྱས་བཏབ་པ་ལ་མཁས་པའོ། །གསུམ་པ་ནི། རྡོ་རྗེའི་ཚིག་རྐང་ལས། སྔོན་འགྲོ་དངོས་གཞི་རྗེས་གསུམ། དང་པོ་ལ་གསུམ། དག་བྱེད་སྟོང་ར། སྟོང་ར་ནད་གདོན་སེལ་བྱེད། རྟགས་གསུམ་སྟོང་རའི་ཁྱད་པར་རོ། །དངོས་གཞི་


PS007_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལྔ་སྟེ། ལུས་གནད་མེའི་སྟོང་ར། གཏུམ་མོ་ཟས་སུ་ཟ་བ། གོས་སུ་གྱོན་པ། གདན་དུ་འདིང་བ། སྲིད་པའི་དབང་ཞུ་པའོ། །གསུམ་པ་རྗེས་ལ་གཉིས། གེགས་རང་གྲོལ་དང་རླུང་ལྟར་ཞོན་པའོ། །ཞེས་གསུངས། གཉིས་པ་སྒྱུ་ལུས་ལ་གསུམ། མདོར་བསྟན། རྒྱས་པར་བཤད་པ། དོན་བསྡུ་བའོ། །རྒྱས་བཤད་ལ་བཞི། དབང་པོ་རབ་བླ་མ་དམ་པ་གྲོགས་སུ་བསྟེན་པ། འབྲིང་ཚིག་གཞན་གྱིས་བར་མ་ཆོད་པར་འཁྲིད་པ། ཐ་མ་མལ་གཅིག་ཏུ་ཏིང་ངེ་འཛིན་སྐྱེས་པ། དམིགས་རིམ་བླ་མའི་མན་ངག་བྱེ་བྲག་ཏུ་བསྟན་པའོ། །རྡོ་རྗེའི་ཚིག་གསལ་ལས། དབང་པོ་རབ་ལ་གཉིས། གསོལ་འདེབས་བླ་མའི་ལམ་འཁྱེར། ཅིར་སྣང་བདེན་མེད་ལམ་འཁྱེར་རོ། །དབང་པོ་འབྲིང་ལ་གཉིས་ཏེ། རང་ལུས་


PS007_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་སྟོང་ལྷ་སྐུ། ཅིར་སྣང་སྒྱུ་མའི་ལམ་འཁྱེར་རོ། །དབང་པོ་ཐ་མ་ལ་བཞི། འགྲོ་དྲུག་སྒྱུ་མར་འཆར་བྱེད། ནད་གདོན་སྒྱུ་མར་འཆར་བྱེད། འཆར་བྱེད་ཡོན་ཏན་ཚོགས་དྲུག །ཞེན་མེད་སྒྱུ་མ་རང་ཤར་རོ། །ཞེས་གསུངས། གསུམ་པ་རྨི་ལམ་ལ་གསུམ། ལམ་སྦྱོང་ཚུལ་གྱི་རིམ་པ་མདོར་བསྟན་པ། གེགས་མེད་དུ་སྦྱངས་པས་ཡོན་ཏན་འཆར་ཚུལ་རྒྱས་པར་བཤད་པ། གེགས་སེལ་ཐབས་ཀྱི་མན་ངག་བསྟན་པའི་སྒོ་ནས་དོན་བསྡུ་བའོ། །རྡོ་རྗེའི་ཚིག་གསལ་ལས། རྨི་ལམ་ལ་དྲུག་སྟེ། བཟུང་བ་སྦྱང་བ་སྤེལ་བ་སྤྲུལ་པ་བསྒྱུར་བ་ཡུལ་སྣང་ངོ་། །བཟུང་བ་ལ་གཉིས་ཏེ། རང་ཟིན་དང་འཆུག་མེད་དོ། །དང་པོ་ཐིག་ལེ་དབང་བཞིའི་གནད་དོ། །གཉིས་


PS007_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཆུག་མེད་ལ་དགུ་སྟེ། །དུས་གནད་གསུམ། ལུས་གནད་གསུམ། དམིགས་པའི་གནད་གསུམ་མོ། །གཉིས་པ་སྦྱང་བ་ལ་ཡང་བཞི་སྟེ། སེམས་ཀྱིས་ལུས་སྦྱང་བ། ལུས་ཀྱིས་སེམས་སྦྱང་བ། བདག་མེད་མས་སྦྱང་བ། འདུན་པས་སྦྱང་བའོ། །གསུམ་པ་སྤེལ་བ་ལ་གཉིས་ཏེ། ཐུག་ཕྲད་དུ་སྤེལ་བ་དང་། གང་འདུལ་དུ་སྤེལ་བའོ། །དང་པོ་ལ་གཉིས་ཏེ། འབྱུང་བཞི་ཕྲ་རགས་སུ་བསྒྱུར་བ། སེམས་ཅན་ཕྲ་རགས་སུ་བསྒྱུར་བ། ལྷ་སྐུ་སྣ་ཚོགས་སུ་བསྒྱུར་བ། སྣང་སྟོང་ཞེན་བྲལ་དུ་བསྒྱུར་བའོ། །དྲུག་པ་ཡུལ་སྣང་ལ་བཞི་སྟེ། དབང་པོ་རབ་དམིགས་མེད་གསལ་མཁྱེན། འབྲིང་གང་བསམ་གསལ་མཐོང་། ཐ་མ་ཡིད་ལུས་མཁའ་ལྡིང་། དམན་པ་དམིགས་པའི་ཡུལ་སྣང་ངོ། །དེ་ལ་གསུམ་སྟེ།


PS007_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མེད་མ་ཡུལ་སྣང་འཆར་བྱེད། ཨ་ཡུལ་སྣང་རང་གསལ། ཐིག་ལེ་ཡུལ་སྣང་འཆར་བྱེད་དོ། །ཞེས་གསུངས། བཞི་པ་འོད་གསལ་ལ་གསུམ་སྟེ། སྔོན་འགྲོ་ཆོས་བཞི་ལྡན་དུ་ཉམས་སུ་བླང་བ། དངོས་གཞི་ཆོས་ཉི་ཤུར་ཉམས་སུ་བླང་བ། རྗེས་ཆོས་ལྔ་ལྡན་དུ་ཉམས་སུ་བླང་བའོ། །དེ་ཡང་རྡོ་རྗེའི་ཚིག་གསལ་ལས། འོད་གསལ་ལ་གསུམ་སྟེ། སྔོན་འགྲོ་དངོས་གཞི་རྗེས་སོ། །དང་པོ་ལ་བཞི་སྟེ། རྩ་བ་མི་རྟག་སྐྱོ་ཤས། ཡལ་ག་སྤྱོད་ལམ་དམ་རྫས། ལོ་འདབ་ཐབས་ལམ་རང་མདངས། མེ་ཏོག་གསོལ་འདེབས་འཆར་བྱེད་དོ། །གཉིས་པ་དངོས་གཞི་ལ་བཞི་སྟེ། འོད་གསལ་བཟུང་བ། ལམ་འཁྱེར་བསྲེ་བ་མཐར་ཐུག་གི་འོད་གསལ་ལོ། །དང་པོ་ལ་དགུ་སྟེ། དུས་ཀྱི་གནད་


PS007_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། ལུས་ཀྱི་གནད་གསུམ། དམིགས་པའི་གནད་གསུམ་མོ། །གཉིས་པ་ལ་གཉིས་ཏེ། ཉིན་བར་སྐུ་གསུམ་ལམ་འཁྱེར་དང་། མཚན་མོ་སྐུ་གསུམ་ལམ་འཁྱེར་རོ། །གསུམ་པ་ལ་བཞི་སྟེ། གསལ་སྟོང་བདེ་ཆེན་དུ་བསྲེ་བ་དང་། ཉིན་མཚན་དབྱེར་མེད་དུ་བསྲེ་བ། ལྟ་བསྒོམ་མཉམ་རྗེས་སུ་བསྲེ་བ། ཤེས་རབ་བདེ་སྟོང་དུ་བསྲེ་བའོ། །བཞི་པ་མཐར་ཐུག་ལ་ལྔ་སྟེ། གསལ་སྟོང་རང་ཤར་གྱི་འོད་གསལ། བདེ་སྟོང་རང་ཤར་གྱི་འོད་གསལ། ཟབ་ཞི་སྤྲོས་བྲལ་གྱི་འོད་གསལ་དབྱེར་མེད་མཐར་ཐུག་གི་འོད་གསལ། དག་པ་གཉིས་ལྡན་གྱི་འོད་གསལ་ལོ། །གསུམ་པ་རྗེས་ལ་ལྔ་སྟེ། དམ་ཚིག་གི་སྤྱི་དང་བྱེ་བྲག །གེགས་སེལ་ཉེས་སྐྱོན་རང་དག །བོགས་འདོན་ཐེ་ཚོམ་གཅོད་བྱེད། ཁྱད་འཕགས་འཆར་སྒོ་ངོས་


PS007_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན། ཉམས་རྟོགས་ཉིན་མཚན་ཁྱད་པར་རོ། །ཞེས་གསུངས། །ལྔ་པ་འཕོ་བ་ལ་གསུམ་སྟེ། སྦྱང་བའི་རིམ་པ་རྒྱས་པར་བཤད་པར་དང་དོན་བསྡུ་བའོ། །དང་པོ་ལ་གསུམ། རབ་ལྟ་བས་འཕོ་བ། འབྲིང་ཟུང་འཇུག་སྒྱུ་ལུས་ཀྱིས་འཕོ་བ། ཐ་མ་སྨོན་ལམ་དང་། ལུས་གནད་རྫས་གནད་སོགས་ཀྱིས་འཕོ་བའོ། །དམིགས་པའི་གསལ་བྱེད་ནི། །རྡོ་རྗེའི་ཚིག་གསལ་ལས། འཕོ་བ་ལ་བཞི་སྟེ། ཆོས་སྐུ་དེ་བཞིན་ཉིད་ཀྱིས་འཕོ་བ། གཟུགས་སྐུ་ཟུང་འཇུག་གིས་འཕོ་བ། བྱིན་རླབས་བླ་མའི་འཕོ་བ། འཆུག་མེད་མཁའ་སྤྱོད་ཀྱི་འཕོ་བའོ། །ཞེས་གསུངས། །དྲུག་པ་བར་དོ་ལ་ལྔ་སྟེ། རབ་བར་དོ་དང་པོ་འོད་གསལ་ལ་སངས་རྒྱ་བར་བསྟན་པ། འབྲིང་རྒྱལ་བ་ལོངས་སྐུ་རང་ཤར། ཐ་མ་སྤྲུལ་སྐུ་འགག་


PS007_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རང་ཤར། སྤྱི་གནད་འཆུག་མེད་ལམ་དུ་འཁྱེར་བ། ཐིམ་རིམ་ངོས་བཟུང་བའོ། །རྩ་བ་གསུམ་ལ་མཐར་བཀའ་རྒྱ་དང་བཅས་ཏེ། གདམས་ངག་གི་དོན་དྲིལ་བ་ལ་གསུམ་སྟེ། ཉམས་མྱོང་ལུང་དང་ཐེམས་ཡིག་གིས་བརྒྱན་པའི་སྒོ་ནས་དོན་དྲིལ་བ། བརྒྱུད་པ་བདུན་གྱི་བར་དུ་ཆིག་བརྒྱུད་དུ་རྒྱས་གདབ་པའི་སྒོ་ནས་གདམས་ངག་གི་དོན་དྲིལ་བའོ། །དེ་རྣམས་ཀྱི་བར་དུ་ཡེ་ཤེས་ཀྱི་མཁའ་འགྲོས་དབྲི་བསྣན་མེད་པར་བསྡུས་པའི་བཀའ་རྒྱས་གདམས་པ་དངོས་བཤད་པའོ། །གསུམ་པ་མཇུག་ཏུ་ལོ་པ་གང་གིས་བསྒྱུར་བའི་འགྱུར་བྱང་བཤད་པ་ནི། །ཆོས་དྲུག་རྡོ་རྗེའི་ཚིག་རྐང་ཞེས་བྱ་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མའི་ཞལ་མངའ་ནས་དང་། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བའོ། །ཞེས་པས་བསྟོན། །


PS007_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གུ་ཆོས་དྲུག་རྡོ་རྗེའི་ཚིག་རྐང་གི་ས་བཅད། བསྡུས་དོན་ཅུང་ཟད་གསལ་བ་འདི། གོང་མའི་གསུང་བཞིན་དྷརྨ་མ་ཏིས་རང་གི་དྲན་པ་གསོ་ཕྱིར་བྲིས་པའོ། །འདི་བྲིས་དགེ་བས་མ་གྱུར་འགྲོ་བ་རྣམས། །བླ་མེད་རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས། །མཐོང་ཐོས་དྲན་རེག་འབྲེལ་ཚད་དོན་ལྡན་པའི། །མཁའ་སྤྱོད་རིག་འཛིན་འགྲུབ་པར་མཛད་དུ་གསོལ། །ཨེ་ཝཾ།


previousནི་གུ་ཆོས་དྲུག་གི་ས་བཅད་རྒྱས་པ། མཁའ་སྤྱོད་རིག་འཛིན་གྲུབ་པ། no next