Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བརྒྱད་པ།


   
ཕྱག་རྒྱ་ཆེན་པོ་གའུ་མའི་དབང་བསྐུར། ངག་དབང་ཆོས་གྲགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousཕྱག་རྒྱ་ཆེན་པོ་གའུ་མའི་དབང་བསྐུར། ངག་དབང་ཆོས་གྲགས། next

ཕྱག་རྒྱ་ཆེན་པོ་གའུ་མའི་དབང་བསྐུར། ངག་དབང་ཆོས་གྲགས།


PS008_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ཆེན་པོ་གའུ་མའི་དབང་བསྐུར་བཞུགས་སོ། །


PS008_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། །ཕྱག་རྒྱ་ཆེན་པོ་གའུ་མའི་དབང་བསྐུར་བར་འདོད་པས། དང་པོ་མཎྜལ་འདབ་བཞི་ཕྱོགས་ཚོན་ལ། ལྟེ་བ་སེར་པོ། དེའི་མཐར་ཅི་འབྱོར་པའི་མཆོད་གཏོར་གྱིས་བསྐོར། སློབ་དཔོན་གྱིས་བདེ་མཆོག་ལྷན་སྐྱེས་སེར་པོའམ། སྔོན་པོའི་བདག་བསྐྱེད་ཡི་གེ་བདུན་པའི་བཟླས་པ་དང་བཅས་པ་བྱ། མདུན་བསྐྱེད་ལ་དམིགས་ནས། སྭ་བྷཱ་ཝས་སྦྱངས། ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་གི་དབུས་སུ་རིན་པོ་ཆེའི་ཁྲི་སེང་གེ་བརྒྱད་ཀྱིས་བཏེགས་པའི་སྟེང་དུ་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། །


PS008_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་བླ་མ་ལ་རྣམ་པ་བདེ་མཆོག་སྐུ་མདོག་གསེར་གཙོ་མ་ལྟ་བུ་རྡོ་རྗེ་དང་དྲིལ་བུ་འཛིན་པ། མི་མགོ་དང་རུས་པའི་རྒྱན་ཆས་བརྒྱན་པ། ཡུམ་དང་གཉིས་སུ་མེད་པའི་མཁའ་འགྲོ་བཞི་དང་བཅས་པ་བསྒོམ། ཤར་དུ་དགྱེས་པ་རྡོ་རྗེའི་ལྷ་ཚོགས། ལྷོར་གསང་བ་འདུས་པ། ནུབ་ཏུ་མ་ཧཱ་མ་ཡ། བྱང་དུ་འཇིགས་བྱེད་བསྒོམ་གནས་གསུམ་བྱིན་རླབས་ཡེ་ཤེས་པ་གཞུག་དབང་ལྷ་སྤྱན་དྲངས། དབང་བསྐུར། ལྔ་ཀ་ལ་རིགས་བདག་མི་བསྐྱོད་པས་རྒྱས་གདབ། ཡང་ན་


PS008_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་བདག་རང་ཆས་ཅན་དུ་བསམས་ཀྱང་རུང་། མཆོད་པ་བྱིན་རླབས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜལ་ས་པཱ་རི་ཝཱ་ར་རེ་རེ་མགོར་སྦྱར་ནས་ཨརྒྷཾ་ནས་ཤཔྡའི་བར་གྱིས་མཆོད། དྲིལ་བསིལ་དང་། དྷརྨ་ར་་ཏ་སོགས་བརྗོད། ཨོཾ་སརྦ་ནས་ས་པཱ་རི་ཝཱ་རས་ནང་མཆོད། ཆོས་དབྱིངས་རྣམ་དག་དབྱིངས་ལས། ཐམས་ཅད་དངོས་པོའི་སོགས་རང་རང་གི་བསྟོད་པས་བསྟོད། ཡང་ན་ལྔ་ཆར་ལ། ཆོས་སྐུ་ནམ་མཁའ་བཞིན་དུ་སོགས་ཚིག་བཅད་གཅིག་གིས་བསྟོད། གཏོར་མ་བྱིན་རླབས་ལ། ཨོཾ་སརྦ་ནས་ས་པཱ་རི་ཝཱ་ར་ནས་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ཕྱི་མཆོད་ནང་མཆོད་བསྟོད་པ་བྱ། རྒྱུད་སྡེ་ལྔའི་ལྷ་ཚོགས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། །མདུན་བསྐྱེད་ཀྱི་གཙོ་བོ་བླ་མ་དང་དབྱེར་མེད་དུ་མོས་ལ། མཎྜལ། དགའ་ཆེན་ཁྱོད་བདག་རྒྱུན་བཤགས་སོགས་ཀྱུས་བཞིན། །


PS008_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་པའི་ནང་རང་ལུས་བདུད་རྩིར་བསམ་ཞིང་། ཐོག་མ་མེད་པ་ནས་ལུས་ལོངས་སྤྱོད་དགེ་རྩ་རྣམས་སྟོང་གསུམ་གསེར་གྱི་རྣམ་པར་བསྒྱུར་ཏེ་ཡིད་ཀྱིས་འབུལ། དབང་བཞི་བསྐུར་བར་གསོལ་བ་བཏབ། དབང་བཞི་བླངས་རྗེས་གཙོ་བོས་སོགས་སློབ་མ་ལ་ཇི་ལྟར་བྱ་བ་བཞིན་བྱེད། སློབ་མས་མཎྜལ་གསོལ་བཏབ་རྒྱུན་བཤགས། སློབ་མ་སྐད་ཅིག་གིས་པད་ཉིའི་སྟེང་དུ་བདེ་མཆོག་ཏུ་བསྐྱེད་ལ་ཡེ་ཤེས་དབབ། དེ་ནས་དབང་བསྐུར་བྱ་བ་ནི། སློབ་མ་རང་གི་མདུན་དུ་ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་རང་ལུས་ཤ་ལྔ་བདུད་རྩི་ལྔར་བསམ་ལ་འབུལ་དུ་གཞུག །སྟོང་གསུམ་འདིའང་གསེར་གྱིས་བཀང་ལ་ཡོན་དུ་འབུལ་བར་བསམ་ལ་གསོལ་བ་གདབ་པ་ནི་བླ་མ་རིན་པོ་ཆེ་བདག་ལ་བུམ་པའི་དབང་བསྐུར་དུ་གསོལ། །ཞེས་གསོལ་བ་ལན་གསུམ་གདབ་པ། བླ་མའི་སྤྱི་བོའི་ཨོཾ་དཀར་པོ་ལས་འོད་འཕྲོས་པས། སངས་རྒྱས་དང་བྱང་ཆུབ་སེམས་


PS008_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་དཀར་པོའི་རྣམ་པར་བྱོན། བླ་མའི་ཨོཾ་ལ་ཐིམ། ཨོཾ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བྱུང་། རང་གི་སྨིན་ཕྲག་གི་ཨོཾ་ལ་ཐིམ་པས་ནད་གདོན་སྡིག་སྒྲིབ་མ་ལུས་པ་དག་པར་བསམ། བླ་མས་ཀྱང་དེ་བཞིན་དུ་བསམ། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ཀྱིས་ད་ལྟ་ཉིད་དུ་མྱུར་བ་ཉིད་དུ། འདུག་ས་འདི་ཉིད་དུ་བྱིན་གྱིས་རློབས་ཤིག །ཅེས་བརྗོད་ཅིང་ཡི་གེ་བདུན་པ་དྲིལ་བསིལ། སྐུའི་བྱིན་རླབས་ལུས་ལ་ཞུགས་ཤིང་དབང་བསྐུར་རོ། །ཡང་མཆོད་པ་སྔ་མ་ལྟར་མཆོད་ལ་གསང་དབང་དང་ཤེས་རབ་ཡེ་ཤེས་ཀྱི་དབང་གཉིས་ལ་དེ་དང་དེ་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མའི་མགྲིན་པའི་ཨཱཿདམར་པོ་དང་། །ཐུགས་ཀའི་ཧཱུྃ་སྔོན་པོ་ལས་འོད་ཟེར་གྱི་སྤྲོ་བསྡུས་སྔར་ལྟར་བླང་ངོ། །ཡི་གེ་བདུན་པ་བརྗོད་ཅིང་དྲིལ་བསིལ་བྱ། ཡང་མཆོད་པ་ཕུལ། དབང་བཞི་པ་གསོལ་བ་བཏབ་པས། བླ་མའི་གནས་གསུམ་གྱི་ཡི་གེ་གསུམ་


PS008_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འོད་ཟེར་འཕྲོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་འོད་ཀྱི་རྣམ་པར་བྱོན་ཏེ། བླ་མའི་གནས་གསུམ་གྱི་ཡི་གེ་ལ་ཐིམ། དེ་ལས་འོད་འཕྲོས་དཀར་དམར་མཐིང་གསུམ་གྱི་རྣམ་པར་གྱུར། རང་གི་གནས་གསུམ་དུ་ཐིམ་པས། སྤྱི་གཙུག་ནས་རྐང་མཐིལ་ཡན་ཆད་འོད་ཀྱིས་གང་། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་ཐམས་ཅད་དག་ནས། ལུས་ལྷའི་སྐུ་སྣང་ལ་རང་བཞིན་མེད་པའི་ངང་ལ་སེམས་མ་བཅོས་པར་བཞག་པ་ནི་བཞི་པའོ། །དྲིལ་བསིལ། ཡེ་ཤེས་རྒྱ་མཚོ་ལས། བླ་མའི་སྐུའི་དཀྱིལ་འཁོར་ལ། །དབང་བཞི་ཡོངས་སུ་རྫོགས་པར་ཞུས། །ས་ལམ་རིམ་པ་མ་ལུས་བསྒྲོད། །ཅེས་ལན་གསུམ་བརྗོད་དེ་ཕྱིའི་དབང་། །ཡང་ཤར་གྱི་དགྱེས་རྡོར་འོད་དུ་ཡལ་སོང་། །དབུས་ཀྱི་བདེ་མཆོག་ལ་ཐིམ། །དེ་


PS008_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་རིམ་གྱིས་སྨིན་མཚམས་སུ་ཐིམ་པས་བུམ་དབང་། མགྲིན་པར་གསང་དབང་། སྙིང་གར་ཤེས་རབ་ཡེ་ཤེས། ལྟེ་བར་སླེབ་འོད་དུ་ཡལ་ལུས་སྟོང་སངས་སོང་སྟེ་མི་དམིགས་པའི་ངང་ལ་སེམས་མ་བཅོས་པར་བཞག་པ་ནི་བཞི་པ་སྟེ་ནང་གི་དབང་བཞིའོ། །དྲིལ་བསིལ་དབང་བཞིའི་ཟིན་བྲིས་ཡིན། །དགེ་སློང་ངག་དབང་ཆོས་གྲགས་ཀྱིས་རྫོང་དགའ་ལྡན་དུ་ཕྱག་ལེན་དུ་བཀོད་པའོ། ༈ །མཁའ་སྤྱོད་དཀར་མོ་དང་གསུམ་ཕྲུགས་ཀྱི་བྱིན་རླབས་བཞུགས་སོ། །མ་དང་མཁའ་འགྲོས་རྗེས་བཟུང་དངོས་གྲུབ་བརྙེས། །ཆོས་ཀྱི་རྒྱལ་སྲིད་མཐོན་པོར་དབང་གིས་ཕྱུག །བསྟན་པའི་རྩ་རབ་བརྟན་རྡོ་རྗེའི་སྐུ། །རྗེ་བཙུན་བླ་མའི་ཞབས་ལ་སྤྱི་བོས་འདུད། །དེ་ལ་འདིར་མེ་ཏོག་མཁའ་སྤྱོད་དཀར་དམར་ཕྲུགས་གསུམ་རྣམས་སུ་ཡོད་པ་ལས་དང་པོ་དཀར་མོའི་བྱིན་རླབས་བྱ་ཚུལ་ནི། མདུན་གྱི་སྟེགས་བུའི་སྟེང་དུ་རྡུལ་ཚོན་དཀར་པོའི་ཆོས་འབྱུང་མཐའ་མེ་རིས་དཀར་པོས་བསྐོར་བ། ཆོས་འབྱུང་གི་དབུས་སུ་ཧྲཱིཿཡིག་བྲི། ཡང་ན་


PS008_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཚོན་སྤུངས་དཀར་པོ་བྱས་ཀྱང་ཆོག །མཐར་མཆོད་པ་དང་གཏོར་མ་བཤམས། དེ་ནས་སློབ་དཔོན་རང་ཉིད་ཀྱི་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ལ། །རང་ཉིད་བདེ་མཆོག་ལྷན་སྐྱེས་སྔོན་པོར་སྐད་ཅིག་གིས་ལམ་གྱིས་བསྒོམ་ལ་ཡི་གེ་བདུན་པ་ཅི་རིགས་པ་བཟླས། དེ་ནས་མདུན་གྱི་ཆོས་འབྱུང་ལ་དམིགས་ནས། སུམྦྷ་ནིས་བསང་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཆོས་འབྱུང་གི་དབུས་སུ་ཡི་གེ་ཧྲཱིཿ དཀར་པོ་གཅིག་བསམ། ཧྲཱིཿདེ་ལས་འོད་འཕྲོས་དོན་གཉིས་བྱས་ཚུར་འདུས་ཧྲཱིཿདེ་འོད་དུ་ཞུ་བ་ལས་ཇོ་མོ་མཁའ་སྤྱོད་དཀར་མོ་སྤྱན་གསུམ་ནམ་མཁའ་ལ་ཧྲིག་ཧྲིག་གཟིགས་པ་ཞལ་གཅིག་ཕྱག་གཉིས་མ། ཞལ་མཆེ་བ་གཙིགས་ཤིང་བཞད་པ། སྐུ་མདོག་དཀར་པོ་རུས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་གྲི་གུག་འཕྱར་བ། གཡོན་ཐོད་པ་ཁྲག་གིས་བཀང་བ་ཕྱིར་བསྟན་ནས་འཛིན་པ། ཞབས་གཉིས་རྒྱབ་ངོས་ནས་ཕྲག་པ་ལ་བཀལ་བ་འཛིན་པ། གཅེར་བུ་སྐྲ་གྲོལ་བ། ཐོད་སྐམ་ལྔའི་དབུ་རྒྱན་དང་། ཐོད་


PS008_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

སྐམ་ལྔ་བཅུའི་དོ་ཤལ་བྱས་པ། སྐུ་ཤ་རྒྱས་ཤིང་ནུ་མ་འབུར་བ། གཞོན་ནུ་ལང་ཚོ་དར་ལ་བབས་པ། མེ་རིས་དཀར་པོའི་དབུས་ན་བཞུགས་པ། དེའི་གནས་གསུམ་བྱིན་གྱིས་བརླབས། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འོག་མིན་ནས་རྗེ་བཙུན་མཁའ་སྤྱོད་དཀར་མོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿམདུན་བསྐྱེད་ལ་བསྟིམ། མཆོད་པ་བྱིན་རླབས་ལ། ཨོཾ་བཛྲ་ཡོ་གི་ནི་ས་པཱ་རི་ཝ་ར་ཨརྒྷཾ་ནས་ཤཔྡའི་བར་གྱིས་ཕྱི་མཆོད། ས་པཱ་རི་ཝ་རའི་མཐར་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོ་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་བརྙེས། །འགྲོ་བ་སྐྱོབས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱི་གཏོར་མ་བྱིན་རླབས། བཛྲ་ཡོ་གི་ནི་ས་པཱ་རི་ཝཱ་རའི་མཐར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་ལན་གསུམ་གྱིས་ཕུལ། ཕྱི་ནང་གི་


PS008_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་བསྟོད་པ་རྣམས་བྱ། འདོད་པའི་དོན་ལ་གསོལ་བ་གདབ། དེ་ནས་མཎྜལ་གསོལ་གདབ་རྒྱུན་བཤགས་ནས་བཟུང་གཙོ་བོས་ཇི་ལྟར་སོགས་ཀྱི་བར་སློབ་མ་ལ་བྱ་བ་བཞིན་དུ་སློབ་དཔོན་རང་གི་བདག་འཇུག་གིས་ཚུལ་དུ་བླངས། དེ་ནས་སློབ་མ་བོས། མཎྜལ་གསོལ་གདབ་རྒྱུན་བཤས། ཡེ་ཤེས་དབབ་པ་ཡན་འདྲ་བར་གསུང་འདུག །འོན་ཀྱང་འདིར་སློབ་མ་མཁའ་སྤྱོད་དཀར་མོར་བསྐྱེད་ནས་ཡེ་ཤེས་དབབ་དགོས་སམ་སྙམ། །དེ་ནས་དངོས་གཞི་ནི། མདུན་གྱི་ཆོས་འབྱུང་གི་ནང་དུ་བླ་མ་དང་ངོ་བོ་གཅིག་ལ་རྣམ་པ་ཐ་དད་པའི་མཁའ་སྤྱོད་དཀར་མོ་སྤྱན་གསུམ་ནམ་མཁའ་ལ་ཧྲིག་གེ་གཟིགས་པ་སོགས་ཀྱི་མངོན་རྟོགས་བརྗོད་དེ། དེ་ཡང་ནམ་མཁའ་ལ་བྱ་ལྡིང་བལྟར་ལིང་ལིང་བཞུགས་པ་ལ། དངོས་གཞིའི་བྱིན་རླབས་ཞུ་བའི་ཡོན་དུ་མཎྜལ་འབུལ་དུ་གཞུག །གསོལ་བ་བཏབ་པ་འདི་གསུང་བ་ཞུ། བླ་མ་རིན་པོ་ཆེ་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། ལན་གསུམ། བླ་མ་དང་མདུན་བསྐྱེད་ཀྱི་


PS008_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

དཔྲལ་བའི་ཨོཾ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་སྐུའི་བྱིན་རླབས་སྤྱན་དྲངས། དཔྲལ་བའི་ཨོཾ་ལ་ཐིམ། དེ་ལས་སྐུའི་ངོ་བོར་གྱུར་པའི་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་དཔྲལ་བ་ནས་ཞུགས། བུམ་པའི་དབང་ཐོབ། སྐུའི་བྱིན་རླབས་ཞུགས་པའི་མོས་པ་མཛོད། །ཌཱ་དྲིལ་དང་ཨོཾ་གསུམ་མ་བཟླ། རྩ་བ་དང་བརྒྱུད་པར་བཅས་པའི་སོགས་ཀྱང་བརྗོད། དེས་རིགས་འགྲེས་ཏེ། མགྲིན་པའི་ཨཱཿལས་འོད་ཟེར་འཕྲོས་པས་གསང་དབང་དང་། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཤེས་རབ་ཡེ་ཤེས་དང་། གནས་གསུམ་ཆར་གྱི་སྤྲོ་བསྡུས་དབང་བཞི་པ་ཐོབ། གསུང་གི་བྱིན་རླབས་སོགས་དེ་དང་དེ་རྒྱུད་ལ་ཞུགས་པའི་མོས་པ་མཛོད། རེ་རེ་ལ་སྔགས་རོལ་དང་། རྩ་བ་དང་བརྒྱུད་པར་བཅས་པའི་སོགས་བརྗོད། གཏོར་དབང་ནི་སྔར་གྱི་འབུལ་གཏོར་དེ་ཀ་ཕྱག་དུ་


PS008_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་ལ། ཨོཾ་གསུམ་མ་ཚར་གཅིག་བརྗོད། དེས་རྐྱེན་བྱས་ནས་གཏོར་མ་མཁའ་སྤྱོད་མ་དཀར་མོར་གསལ་བ་དེ་ཉིད་བྱ་འཕུར་བ་བཞིན་ཡེར་གྱི་རང་རང་གི་སྤྱི་བོ་ནས་སིབ་ཀྱིས་ཐིམ་པའི་མོས་པ་གནང་། གཏོར་མ་སྤྱི་བོར་བཞག་ཅིང་། ཨོཾ་གསུམ་མའི་ཞབས་སུ། ཛཿཧཱུྃ་བཾ་ཧོཿབཏགས་པ་བརྗོད། མཁའ་སྤྱོད་དམར་མོའི་བྱིན་རླབས་ནི་འཕོ་བའི་སྒོས་བཀའ་དེ་ཀ་ཡིན་པས་སྤྲོས་པ་ལ་དགའ་ན་བསྐྱར་ནས་བྱ། བསྡུ་ན་མི་དགོས་གསུངས། ༈ མཁའ་སྤྱོད་གསུམ་ཕྲུགས་ལ། མཎྜལ་ཟླུམ་སྐོར་མུ་ཁྱུད་སྔོན་པོ་གཞི་ལྗང་ཁུའི་དབུས་སུ་འཇའ་སྐོར་ནོར་བུ་མིག་གསུམ་ལྟ་བུའི་ཚོམ་བུ་རེ་རེ་འགོད། །དེ་དག་གི་མཐར་མཆོད་གཏོར་སྔར་བཞིན། དེ་ནས་སློབ་དཔོན་གྱིས་བདག་བསྐྱེད་བདེ་མཆོག་ལྷན་སྐྱེས་སེར་པོ་ཕྱག་གཉིས་ཀྱི་རྡོ་རྗེ་དང་དྲིལ་བུ་འཛིན་པ་ལ་བྱ་ཞིང་ཡི་གེ་བདུན་པ་བཟླ། མདུན་གྱི་མཎྜལ་ལ་དམིགས་ཏེ་བསང་སྦྱངས། སྟོང་པའི་ངང་ལས་ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པའི་འཇའ་འོད་ལྔའི་ཟླུམ་སྐོར་ནོར་བུ་མིག་གསུམ་


PS008_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟ་བུའི་གཡས་ཀྱི་ཟླུམ་སྐོར་དུ་བླ་མ་འཁོར་ལོ་བདེ་མཆོག་གསེར་གཙོ་མ་ལྟ་བུ། དབུས་ཀྱི་ཟླུམ་སྐོར་དུ་མཁའ་སྤྱོད་མ་དཀར་མོ། །གཡོན་གྱི་ཟླུམ་སྐོར་དུ་ཡེ་ཤེས་མགོན་པོ་ཕྱག་དྲུག་པ་མངོན་སུམ་བཞིན་བཞུགས་པ་དེ་དང་བླ་མ་རྣམ་པ་ཐ་དད་ལ་ངོ་བོ་ཐ་མི་དད་པ། དེ་དག་གི་མཐའ་སྐོར་དང་སྟེང་གི་ནམ་མཁའ་ལ་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་སྤྲིན་ཕུང་གཏིབས་པ་བཞིན་བཞུགས་པ། དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། སོགས་གནས་གསུམ་བྱིན་གྱིས་བརླབས། ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་འཁོར་ལོ་བདེ་མཆོག་མཁའ་སྤྱོད་མ་དཀར་མོ། །ཡེ་ཤེས་མགོན་པོ་རྣམས་ཀྱི་རྣམ་པར་སྤྱན་དྲངས་ནས་ཛཿཧཱུྃ་བཾ་ཧོཿ མདུན་བསྐྱེད་ལ་བསྟིམ། མཆོད་པ་བྱིན་རླབས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜལ་ལ་ས་པཱ་རི་ཝ་ར་སྔོན་དུ་འགྲོ་བའི་ཕྱི་མཆོད་ནང་མཆོད་ཕུལ། ཆོས་དབྱིངས་རྣམ་དག་


PS008_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ལས་སོགས་དང་། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་སོགས་དང་། སྲིན་པོའི་གཟུགས་ཀྱི་གདུག་པ་ཅན། །ཚར་གཅོད་སོགས་ཀྱིས་བསྟོད། གཏོར་མ་བྱིན་རླབས་ལ་མཚན་སྔགས་ཀྱི་མཐར། ཨི་དཾ་བ་ལིངྟ་སོགས་བཏགས་པ་ལན་གསུམ་གྱིས་ཕུལ། ཕྱི་ནང་གི་མཆོད། བསྟོད་པ་བྱ། དེ་ནས་མཎྜལ་དང་གསོལ་གདབ་ནས་བཟུང་འོག་ནས་འབྱུང་བ་བཞིན་བདག་འཇུག་བླངས། དེ་ནས་སློབ་མ་བོས་ལ་མཎྜལ་གསོལ་བཏབ། རྒྱུན་བཤགས་རྣམས་སྔར་བཞིན། དེ་ནས་སློབ་མའི་གཞི་ལུས་སྦྱངས་ཏེ། བདེ་མཆོག་སེར་པོ་བསྐྱེད་པ་ལ་གནས་གསུམ་བྱིན་གྱིས་རླབས། ཡེ་ཤེས་པ་ཐམས་ཅད་སྤྱན་དྲངས་ནས་བསྟིམ། ཡི་གེ་བདུན་པ་བརྗོད་ཅིང་སྤོས་རོལ་བྱ། དེ་ནས་མདུན་གྱི་མཎྜལ་ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པའི། ཞེས་པ་ནས། སངས་རྒྱས་བྱང་སེམས་སྤྲིན་ཕུང་འཐིབས་པ་བཞིན་བཞུགས་པ། ཞེས་པའི་བར་བརྗོད་དེ་མདུན་བསྐྱེད་གསོལ་བཏབ། དེ་ལ་དངོས་གཞིའི་བྱིན་རླབས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་དུ་གཞུག །བླ་མ་རིན་པོ་ཆེ་བདག་ལ་དབང་བཞི་རྫོགས་


PS008_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྐུར་དུ་གསོལ། ལན་གསུམ་བྱས། བླ་མ་འཁོར་ལོ་བདེ་མཆོག་ཏུ་གསལ་བའི་དཔྲལ་བར་སྐུའི་མཁའ་སྤྱོད་དཀར་མོ། མགྲིན་པར་གསུང་གི་མཁའ་སྤྱོད་དམར་མོ། །ཐུགས་ཀར་ཐུགས་ཀྱི་མཁའ་སྤྱོད་མ་མཐིང་ག་རྣམས་བཞུགས་པའི་མོས་པ་གནང་། དཔྲལ་བའི་མཁའ་སྤྱོད་མའི་གསང་གནས་ནས་འོད་ཟེར་དཀར་པོ་ནམ་མཁའི་ཁམས་གང་བར་སྤྲོས། དེ་དག་ཕྱི་ནང་གསང་བའི་མཆོད་པ་བསམ་གྱིས་མི་ཁྱབ་པར་གྱུར་ཏེ། སངས་རྒྱས་བྱང་སེམས་དེ་དག་ལ་ཕུལ་བས་བཟང་ལན་གྱི་ཚུལ་དུ་སྐུའི་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པ་བྱུང་། བླ་མ་འཁོར་ལོ་སྡོམ་པར་གསལ་བའི་དབུ་ནས་ཞུགས། སྐུའི་ནང་ཐམས་ཅད་ཁེངས་པས་བདག་གི་ལུས་ཀྱི་སྒོ་ནས་བླ་མ་ལ་བརྙས་པ་ཐུགས་འཁྲུགས་པའི་རྒྱུ་བྱས་པ་སོགས་ལུས་ཀྱི་དམ་ཚིག་ཉམས་པ་ཐམས་ཅད་མིང་ཙམ་ཡང་མེད་པར་སངས་ཀྱི་དག །སྐུའི་དམ་ཚིག་ཉམས་ཆག་ཐམས་ཅད་སྐོང་། བླ་མ་སྐུ་རྡོ་རྗེའི་


PS008_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོར་གྱུར། ཡང་མཁའ་སྤྱོད་མའི་གསང་གནས་ནས་འོད་ཟེར་དཀར་པོ་བྱུང་ཁྱེད་རང་གི་སྤྱི་བོར་ཐིམ། བུམ་པའི་དབང་ཐོབ། སྐུའི་བྱིན་རླབས་ཞུགས་པའི་མོས་པ་མཛོད། ཌཱ་དྲིལ་ཨོཾ་གསུམ་མ། ན་མོ་བུདྡྷ་ཡའི་གསོལ་གདབ་དང་བཅས་པ་རེ་བྱེད། དེས་རིགས་འགྲེས་ལ། མགྲིན་པའི་གསུང་གི་མཁའ་སྤྱོད་མ་དང་། སྙིང་གའི་མཁའ་སྤྱོད་མ་དང་། གནས་གསུམ་ཀའི་མཁའ་སྤྱོད་མའི་གསང་གནས་ནས་སྤྲོ་བསྡུ་གོང་བཞིན་བྱས་པས། གསང་དབང་། ཤེར་དབང་། དབང་བཞི་པ་རྣམས་ཐོབ། གསུང་གི་བྱིན་རླབས་སོགས་དེ་དང་དེ་རིམ་བཞིན་ཞུགས་པར་བསམ་ལ། དབང་རེ་རེ་ལ་ཌཱ་དྲིལ་ཨོཾ་གསུམ་མ་ན་མོ་བུདྡྷ་ཡའི་གསོལ་གདབ་དང་བཅས་པ་རེ་བྱེད། དེ་བླ་མ་ལ་བརྟེན་པའི་དབང་བཞི་ཡིན། ཡི་དམ་གྱི་དབང་བཞིའི་སླད་དུ། མདུན་གྱི་ཟླུམ་སྐོར་དབུས་མའི་མཁའ་སྤྱོད་དཀར་མོ་ལ་མོས་གུས་བྱས། ཁྱེད་རང་རྣམས་ཀྱི་ཡིད་ཀྱི་དབང་བཞི་བསྐུར་དུ་གསོལ་སྙམ་པ་བྱས་པས། མཁའ་སྤྱོད་དེའི་


PS008_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གསུམ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། དེ་དག་ཕྱི་ནང་གསང་བའི་མཆོད་པར་གྱུར་ནས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ལ་ཕུལ། དེ་དག་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་བསྡུས་ནས་མཁའ་སྤྱོད་མའི་གནས་གསུམ་ནས་ཐིམ། དེའི་གསང་གནས་ནས་འོད་ཟེར་དཀར་དམར་མཐིང་གསུམ་ནམ་མཁའ་གང་བར་བྱུང་། དཀར་པོ་དེ་ཁྱེད་རང་རྣམས་ཀྱི་དཔྲལ་བ། དམར་པོ་མགྲིན་པ། སྔོན་པོ་སྙིང་ག་ནས་ཞུགས། ལུས་ངག་ཡིད་གསུམ་གྱི་དྲི་མ་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། དབང་བཞི་ཅིག་ཆར་དུ་ཐོབ་པའི་མོས་པ་མཛོད། །ཌཱ་དྲིལ་དང་ཨོཾ་གསུམ་མ་ཚར་གཅིག །ཆོས་སྐྱོང་གི་དབང་བཞིའི་སླད་དུ་ཐུགས་འདུན་འདི་བཞིན་དུ་གནང་བ་ཞུ། གཡོན་གྱི་ཟླུམ་སྐོར་གྱི་ཡེ་ཤེས་མགོན་པོའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་བཀོད། མོས་གུས་བྱས་བདག་ལ་དབང་བཞི་བསྐུར་


PS008_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསོལ་སྙམ་པ་བྱས་པས། མགོན་པོའི་གནས་གསུམ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། དེ་དག་ཕྱི་ནང་གསང་གསུམ་གྱི་མཆོད་པར་གྱུར་ནས་མཆོད་ཡུལ་ཐམས་ཅད་ལ་མཆོད་པ་ཕུལ། དེ་དག་གི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་བསྡུས་ནས་མགོན་པོའི་གནས་གསུམ་ཆར་དུ་ཐོབ་པའི་མོས་པ་མཛོད། །ཌཱ་དྲིལ་དང་། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྣན་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། བརྗོད། རྗེས་གཙོ་བོས་སོགས་དང་། ཡིག་བརྒྱས་ནོངས་པ་བཟོད་གསོལ་སོགས་སྤྱི་དང་འདྲ། དེ་ལྟར་མཁའ་སྤྱོད་བྱིན་རླབས་ཆོ་ག་འདི། རང་གི་དྲན་པ་གསོ་དང་རང་ཉིད་དང་། །སྐལ་མཉམ་གཞན་ལའང་ཕན་པར་འགྱུར་སྙམ་ནས། ཡི་གེར་བྲིས་འདི་ལྷག་བསམ་དཀར་བས་ཡིན། ཞེས་པ་འདི་ནི་དགེ་སློང་ངག་དབང་ཆོས་གྲགས་ཀྱིས་ཚར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི་གསུང་གི་ཟིན་ཐོ་དང་། ཇོ་བོ་རྗེས་མཛད་པའི་མཁའ་སྤྱོད་དཀར་མོའི་མངོན་རྟོགས་ཀྱི་ཡིག་སྣ་ལ་བརྟེན་ནས་མདར་གྲང་ཆེན་ཆོས་འཁོར་ཡངས་རྩེ་ར་ལྕགས་འབྲུག་ཟླ་བ་


PS008_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པའི་ཚེས་ལ་སྦྱར་བ་དགེ་ལེགས་འཕེལ། ༈ །དཔལ་ལྡན་ཤངས་པ་བཀའ་བརྒྱུད་པའི་གསང་སྒྲུབ་སྐོར་གསུམ་གྱི་བྱིན་རླབས་བཞུགས། དཔལ་ལྡན་སྟོབས་བཅུའི་དབང་ཕྱུག་རིགས་བརྒྱའི་བདག །རྣམ་སྤྱོད་ཡངས་པའི་དཔལ་གྱི་མགྲིན་པ་ནས། །སྨིན་གྲོལ་རབ་སྟོན་ལེགས་བྱས་རྩ་བ་བརྟན། །དྲིན་ཅན་བླ་མའི་ཞབས་ལ་སྤྱི་བོས་འདུད། །འདིར་དཔལ་ལྡན་ཤངས་པ་བཀའ་བརྒྱུད་པ་རྣམས་ལ་གསང་སྒྲུབ་སྐོར་ལྔའམ་གསུམ་དུ་གྲགས་པ་ལས། དང་པོ་བདེ་མཆོག་གསང་སྒྲུབ་ཀྱི་བྱིན་རླབས་བྱ་ཚུལ་ནི། མཎྜལ་མུ་ཁྱུད་སྔོན་པོ་པདྨ་འདབ་བཞི། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། ལྟེ་བར་ཚོམ་བུ་སྔོན་པོ་གཅིག་འགོད། དེའི་མཐར་མཆོད་གཏོར་བཤམས། སློབ་དཔོན་གྱིས་བདག་བསྐྱེད་བདེ་མཆོག་ལྷན་སྐྱེས་སྔོན་པོ་ལ་བྱ། སྔགས་ཡི་གེ་བདུན་པ་བཟླ། དེ་ནས་མདུན་གྱི་མཎྜལ་བསང་སྦྱངས། སྟོང་པའི་ངང་ལས་ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་གི་དབུས་སུ་ཟླ་ཉི་འཇིགས་བྱེད་དུས་མཚན་གྱི་གདན་ལ་བདེ་མཆོག་ལྷན་སྐྱེས་སྔོན་པོ་ཕྱག་གཉིས་ཀྱི་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ཕག་མོ་དམར་མོ་ལ་འཁྱུད་


PS008_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞབས་གཡས་བརྐྱང་གཡོན་བསྐུམ་དུ་བཞུགས་པ། ཕྱོགས་བཞིར་སྙིང་པོའི་རྣལ་འབྱོར་མ་བཞི་དཀྱུས་བཞིན་དུ་བསྐྱེད། གནས་གསུམ་བྱིན་རླབས། ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འོག་མིན་སོགས་ནས་བདེ་མཆོག་ལྷ་ལྔའི་ཡེ་ཤེས་པ་སྤྱན་དྲངས་ཛཿཧཱུྃ་བཾ་ཧོཿས་མདུན་བསྐྱེད་ལ་བསྟིམ། མཆོད་པ་བྱིན་རླབས་ལ། ཨོཾ་ཙཀྲ་སམ་བྷ་ར་མཎྜལ་ལ་ས་པཱ་རི་ཝ་རའི་མཐར། ཨརྒྷཾ་ལ་སོགས་པས་ཕྱི་མཆོད། དེའི་མཐར། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད། ཆོས་དབྱིངས་རྣམ་དག་དབྱིངས་ལས་སོགས་ཚིག་བཅད་ཀྱིས་བསྟོད། གཏོར་མ་བྱིན་རླབས་ལ། མཚན་སྔགས་ཀྱི་མཐར། ཨི་དཾ་བ་ལིངྟ་སོགས་བཏགས་པ་ལན་གསུམ་གྱིས་ཕུལ། ཕྱི་མཆོད་ནང་མཆོད། བསྟོད་པ་རྣམས་སྔར་བཞིན། འདོད་པའི་དོན་ལ་གསོལ་བ་བཏབ། དེ་ནས་མདུན་བསྐྱེད་ལ་མཎྜལ་གསོལ་བཏབ་རྒྱུན་བཤགས་རང་ཉིད་ལ་ཡེ་ཤེས་དབབ་པ་རྣམས་སྔར་བཞིན། དེ་ནས་མདུན་བསྐྱེད་དང་བླ་མ་ཐ་མི་དད་པ་དེའི་གནས་གསུམ་དུ་སྐུ་གསུང་ཐུགས་ཀྱི་བདེ་མཆོག་ལྷ་ལྔ་རེ་རེ་བཞུགས་པ་ལ་དམིགས་ནས་དབང་གི་དངོས་


PS008_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ཞུ་བའི་ཡོན་དུ་མཎྜལ་འབུལ་བ་ནས་བཟུང་དབང་བཞི་པའི་བར་འོག་ནས་འབྱུང་བ་བཞིན་དུ་བདག་འཇུག་གི་ཚུལ་དུ་བླངས། དེ་ནས་སློབ་མ་གྲལ་ལ་འཁོད་པ་ལ། གང་གསན་པར་བྱ་བའི་ཆོས་ནི་བདེ་མཆོག་གསང་སྒྲུབ་ཀྱི་བྱིན་རླབས་ཡིན། དེ་ལ་སྔོན་དུ་འགྲོ་བ་སློབ་དཔོན་གྱི་བྱ་བ་བདག་བསྐྱེད་བསྒྲུབ་ཅིང་དེ་ལ་མཆོད་བསྟོད་བདག་འཇུག་བླང་བ་རྣམས་སོང་ཟིན་ནས། ད་སློབ་མ་ལ་བྱ་བའི་ངོ་སྐལ་དུ་གྱུར་པ་ལ། སློབ་དཔོན་བདེ་མཆོག་ལྷན་སྐྱེས་སུ་གསལ་བ་ལ་བྱིན་རླབས་ཀྱི་སྔོན་འགྲོའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ནས་མཎྜལ་འབུལ་དུ་གཞུག །དགའ་ཆེན་ཁྱོད་བདག་སོགས་ཀྱིས་གསོལ་བ་བཏབ། དཀོན་མཆོག་གསུམ་ལ་སོགས་ཀྱི་རྒྱུན་བཤགས་བྱ། སློབ་མ་བདེ་མཆོག་ཏུ་བསྐྱེད་པ་ལ་ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ། སྤོས་རོལ་དང་སྔགས་བརྗོད། དེ་ཡེ་ཤེས་དབབ་པ་ཡིན། ད་དངོས་གཞིའི་སླད་དུ་ཐུགས་འདུན་འདི་བཞིན་དུ་གནང་བ་ཞུ། མདུན་བསྐྱེད་དང་བླ་མ་རྣམ་པ་ཐ་དད་ལ་ངོ་བོ་ཐ་མི་དད་པའི་འཁོར་ལོ་བདེ་


PS008_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཏུ་གསལ་བའི་གནས་གསུམ་ནས་སྐུ་གསུང་ཐུགས་ཀྱི་བདེ་མཆོག་ལྷ་ལྔ་མངོན་སུམ་བཞིན་དུ་བཞུགས་པ་ལ་དམིགས་ནས་དངོས་གཞིའི་བྱིན་རླབས་ཞུ་བའི་ཡོན་དུ་མཎྜལ་འབུལ་དུ་གཞུག །གསོལ་བ་བཏབ་པ་འདི་གསུང་བ་ཞུ། བླ་མ་རིན་པོ་ཆེ་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། །ལན་གསུམ། དེ་ནས་ཐུགས་འདུན་འདི་བཞིན་དུ་གནང་བ་ཞུ། ཁྱེད་རང་རྣམས་བདེ་མཆོག་ཏུ་གསལ་བའི་སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོ་རྩིབས་བཞི་པ་རྩིབས་ཀྱི་རྩེ་ལ་རྃ་དམར་པོ་རླུང་གིས་བསྐྱོད་བཞིན་པ། འཁོར་ལོའི་ལྟེ་བར་ཟླ་ཉི་འཇིགས་བྱེད་དུས་མཚན་གྱི་གདན་དང་བཅས་པ། མགྲིན་པར་བྷྲཱུྃ་ལས་བྱུང་བའི་འཁོར་ལོ་དམར་པོ། སྙིང་གར་ཡང་བྷྲཱུྃ་ལས་བྱུང་བའི་འཁོར་ལོ་སྔོན་པོ། དེ་གཉིས་ཀའང་རྩིབས་བཞི་པ་རྩིབས་ཀྱི་རྩེ་ལ་རཾ་དམར་པོ། ལྟེ་བར་གདན་དང་བཅས་པ་སྔར་བཞིན་བསམ།


PS008_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རང་མདུན་བསྐྱེད་དང་བླ་མ་ཐ་མི་དད་པའི་སྤྱི་བོའི་བདེ་མཆོག་ལ་མོས་གུས་བྱས་པས། དེ་ལས་སྐུའི་བདེ་མཆོག་གི་ངོ་བོར་གྱུར་པའི་ཧཱུྃ་དཀར་པོ་དང་བཾ་དམར་པོ་ཆད། ཁྱེད་རང་གི་སྤྱི་བོའི་འཁོར་ལོའི་ལྟེ་བར་བྱོན་པས་སྐུའི་བདེ་མཆོག་ཡབ་དཀར་ཡུམ་དམར་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། སྙིང་པོའི་རྣལ་འབྱོར་མ་བཞི་ཀའང་དཀར་མོའི་རྣམ་པ་ཅན། རྩིབས་ཀྱི་རྩེ་རླུང་གིས་བསྐྱོད་པའི་རཾ་ལས་མེ་འོད་བྱུང་བ་ཕྱི་ནང་གསང་བའི་མཆོད་པར་གྱུར་ཏེ་སྤྱི་བོའི་ལྷ་ལྔ་ལ་ཕུལ་བས། དེ་དག་གི་སྐུ་ལས་འོད་ཟེར་འཕྲོས་པས། སྐྱབས་ཡུལ་ཐམས་ཅད་ཀྱི་སྐུའི་བྱིན་རླབས་བསྡུས་སྤྱི་བོའི་ལྷ་ལྔ་ལ་ཐིམ་པས་རྐྱེན་བྱས་ཡབ་ཡུམ་སྙོམས་པར་ཞུགས། རྣལ་འབྱོར་མ་བཞི་ཀའང་ཡབ་ཀྱི་ཁ་ཊཱཾྭ་ག་དང་སྦྱར་བའི་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་དཀར་པོ་བྱུང་། ལུས་ཐམས་ཅད་གང་། བུམ་པའི་དབང་ཐོབ། སྐུའི་བྱིན་རླབས་ཞུགས་


PS008_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མོས་པ་མཛོད། ཡི་གེ་བདུན་པ་དང་ཌཱ་དྲིལ། དེ་བཞིན་དུ་མགྲིན་པ་དང་ཐུགས་གཉིས་ལའང་རིགས་འགྲེ། ཡང་ཁྱེད་རང་གི་གནས་གསུམ་ན་བཞུགས་པའི་བདེ་མཆོག་ལྷ་ལྔའི་སྦྱོར་མཚམས་ནས་བདུད་རྩི་དཀར་དམར་མཐིང་གསུམ་བྱུང་། ལུས་ཐམས་ཅད་ཁེངས། མཐར་སྤྱི་བོའི་ལྷ་ལྔ་མགྲིན་པའི་ལྷ་ལྔ་ལ་ཐིམ། དེ་སྙིང་གའི་དེ་ལ་ཐིམ། གནས་གསུམ་གྱི་ལྟེ་བའི་གདན་དང་འཁོར་ལོ་རྣམས་འཁོར་གྱི་རྣལ་འབྱོར་མ་བཞི་ལ་ཐིམ། དེ་ཡུམ་ལ་ཐིམ། དེ་ཇེ་ཕྲ་ཇེ་ཆུང་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སོང་བའི་གནས་ལུགས་དེའི་ངང་དུ་ཅུང་ཞིག་འཇོག་པ་ཞུ། ཡི་གེ་བདུན་པ་དང་ཌཱ་དྲིལ། དེ་དབང་བཞི་པ་ཡིན་ནོ། །ཞེས་བརྡ་སྤྲད། རྗེས་གཙོ་བོས་སོགས། ཡིག་བརྒྱ་ནོངས་པ་བཟོད་གསོལ་སོགས་སྤྱི་དང་འདྲ། ༈ ཕྱག་རྡོར་གསང་སྒྲུབ་ཀྱི་བྱིན་རླབས་ནི། མཎྜལ་པདྨ་འདབ་བཞི་དབུས་སུ་ཚོམ་བུ་སྔོན་པོ་གཅིག །མཐའ་མཆོད་གཏོར་སོགས་ཀྱིས་བསྐོར་བ་སྔར་དང་འདྲ། སློབ་དཔོན་གྱིས་སྐྱབས་སེམས་སྔོན་


PS008_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཏང་ནས། སྐད་ཅིག་གིས་པདྨ་དང་ཟླ་བ་བགེགས་ཀྱི་རྒྱལ་པོ་ཨ་པ་ར་ཙི་ཏའི་གདན་གྱི་སྟེང་དུ། རང་ཉིད་དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་གཡས་དང་པོས་རྡོ་རྗེ་རྩེ་ལྔ་པ་འཕྱར་ཞིང་། གཡོན་དང་པོས་སྡིགས་མཛུབ་བསྒྲེང་བ། འོག་མ་གཉིས་འབར་བའི་ཕྱག་རྒྱ་མཛད་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་ལམ་གྱིས་བསྒོམ། གནས་གསུམ་བྱིན་རླབས། ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ། སྙིང་གར་ཟླ་བའི་སྟེང་དུ་ཧཱུྃ་གི་མཐར་སྔགས་ཕྲེང་གིས་བསྐོར་བ། དེ་ལས་འོད་ཟེར་འཕྲོས་པས་ནད་གདོན་བགེགས་ཚར་བཅད་པར་བསམ་ལ། ཨོཾ་བཛྲ་ཧ་ལི་ཛ་ལི་ཧ་ན་ཧ་ན་སརྦ་དུཥྚཾ་ཧཱུྃ་ཕཊ། །ཉེར་གཅིག་ལ་སོགས་པ་བཟླ། དེ་ནས་མདུན་གྱི་དཀྱིལ་འཁོར་བསང་སྦྱངས། སྟོང་པའི་ངང་ལས་ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་གི་དབུས་སུ་པདྨ་དང་ཟླ་བ་སོགས་ཀྱི་གདན་ལ་ཕྱག་རྡོར་སྔར་བཞིན་བསྐྱེད། གནས་གསུམ་བྱིན་རླབས། ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ། ཨོཾ་བཛྲ་པཱ་ཎི་


PS008_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ས་པཱ་རི་ཝ་ར་ཨརྒྷཾ་ལ་སོགས་པ་ཕྱི་མཆོད། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན་ཞེས་སོགས་ཀྱིས་བསྟོད། གཏོར་མ་ལ་བྱིན་རླབས། བཛྲ་པཱ་ཎི་ས་པཱ་རི་ཝ་ར་ཨི་དཾ་སོགས་ལན་གསུམ། ཕྱི་ནང་བསྟོད་པ་འདོད་གསོལ་བྱ། དེ་ནས་མཎྜལ་གསོལ་བཏབ་ནས་བཟུང་། ཡེ་ཤེས་དབབ་པ། དབང་བཞི་བླངས་པ། ལྷ་བསྒོམ་པ། སྔགས་ཀྱི་བཟླས་ལུང་གི་བར་འོག་ཏུ་སློབ་མ་ལ་བྱ་བ་བཞིན། སློབ་དཔོན་གྱིས་ཀྱང་བདག་འཇུག་གི་ཚུལ་དུ་བྱ། །དེ་ནས་སློབ་མ་གྲལ་ལ་འཁོད་པ་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཞེས་སོགས་སེམས་བསྐྱེད་བརྡ་སྤྲད། གང་གསན་པར་བྱ་བའི་ཆོས་ཕྱག་རྡོར་གསང་སྒྲུབ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ཟིན། སློབ་མའི་ངོ་སྐལ་དུ་གྱུར་པ་ལ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ། དགའ་ཆེན་ཁྱོད་བདག་སོགས་ཀྱི་གསོལ་བཏབ། དཀོན་མཆོག་གསུམ་ལ་སོགས་ཀྱི་རྒྱུན་བཤགས། སློབ་མ་ཕྱག་རྡོར་དུ་བསྐྱེད་ལ་ཡེ་ཤེས་དབབ། དེ་ནས་མདུན་བསྐྱེད་ཀྱི་ཕྱག་རྡོར་དང་བླ་མ་ཐ་མི་དད་


PS008_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་དངོས་གཞིའི་བྱིན་རླབས་ཞུ་བའི་ཡོན་དུ་མཎྜལ། བླ་མ་རིན་པོ་ཆེས་བདག་ལ་སོགས་ཀྱི་གསོལ་གདབ་ལན་གསུམ། དེ་ནས་ཐུགས་འདུན་འདི་བཞིན་དུ་གནང་བ་ཞུ། བླ་མ་དང་མདུན་བསྐྱེད་ཀྱི་ཕྱག་རྡོར་ཐ་མི་དད་པའི་དཔྲལ་བ་ནས་འོད་ཟེར་དཀར་པོ་འཕྲོས། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་སྐུའི་བྱིན་རླབས་དང་ནུས་མཐུ་འོད་ཟེར་དཀར་པོའི་རྣམ་པར་སྤྱན་དྲངས། བླ་མའི་དཔྲལ་བའི་ཨོཾ་ལ་ཐིམ། དེ་ལས་སྐུའི་ངོ་བོར་གྱུར་པའི་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་དཔྲལ་བ་ནས་ཞུགས། བུམ་པའི་དབང་ཐོབ། སྐུའི་བྱིན་རླབས་ཞུགས་པའི་མོས་པ་མཛོད། །ཌཱ་དྲིལ་དང་། ཨོཾ་བཛྲ་ཧ་ལི་ཛ་ལི་སོགས་ཀྱི་མཐར། ཨ་བྷྱ་ཤ་ཡ་ཛཿཧཱུྃ་བྃ་ཧོཿཞེས་བརྗོད། དེ་བཞིན་དུ་མགྲིན་པ་ལ་གསང་དབང་དང་། །ཐུགས་ཀ་ཤེས་རབ་ཡེ་ཤེས་དང་། གསུམ་ཀའི་སྤྲོ་བསྡུ་དབང་བཞི་པ་ཐོབ་ཅིང་གསུང་ལ་སོགས་པ་དེ་དང་དེའི་བྱིན་རླབས་ཞུགས་པར་བསམ་ལ་རེ་རེ་ལ་ཌཱ་དྲིལ་དང་སྔགས་འདྲ། དེ་ལྟར་དབང་བཞི་པ་


PS008_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ནས་སྒོ་གསུམ་གྱི་དྲི་མ་ཐམས་ཅད་དག་པས། ཁྱེད་རང་རྣམས་སྐད་ཅིག་གིས་པདྨ་དང་ཟླ་བའི་སྟེང་དུ་ཕྱག་ན་རྡོ་རྗེར་གསལ་བའི་ཐུགས་ཀར་པད་ཟླའི་སྟེང་དུ་ཧཱུྃ་བསྒོམ། སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་ཀྱང་ཧཱུྃ་ཡིག་གཉིས་པ་དང་སྔགས་ཕྲེང་འཕྲོས། ཞལ་ནས་འཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་གའི་ཧཱུྃ་ལ་ཧཱུྃ་ཐིམ། ཧཱུྃ་གི་མཐར་སྔགས་ཕྲེང་འཁོད་པར་བསམ་ལ་སྔགས་ཀྱི་རྗེས་ཟློས་ལན་གསུམ། བཅོམ་ལྡན་བདག་ལ་དང་བཅོམ་ལྡན་འདི་ལ་སོགས་དང་། རྗེས་གཙོ་བོས་སོགས་བྱ། ༈རྣམ་འཇོམས་གསང་སྒྲུབ་ཀྱི་བྱིན་རླབས་ལ། མཎྜལ་པདྨ་འདབ་བཞིའི་སྟེང་དུ་མཉྫིའི་ཁར་བུམ་པ་བཅུད་ཀྱིས་གང་བ་དང་། མཐར་མཆོད་གཏོར་དང་། སྤྲོ་ན་བགེགས་གཏོར་བཤམས། དེ་ནས་སློབ་དཔོན་གྱིས་སྐྱབས་སེམས་ཚད་མེད་བཞི་བསྒོམ་ནས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ལས་རང་ཉིད་རྡོ་རྗེ་རྣམ་འཇོམས་སྐུ་མདོག་མཐིང་ག་


PS008_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་རྡོ་རྗེ་འཕྱར་ཞིང་། གཡོན་དྲིལ་བུ་དཀུར་བརྟེན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་ཁྲོ་བོའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། སྤྱན་གསུམ། མཆེ་བ་གཙིགས་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པ། གནས་གསུམ་བྱིན་རླབས། ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ། ན་མཿཙཎྜ་བཛྲ་ཀྲོ་དྷ་ཡ། སོགས་ཡང་སྙིང་ཉི་ཤུ་རྩ་གཅིག་ལ་སོགས་པ་བཟླས། མདུན་གྱི་མཎྜལ་ལ་དམིགས་ནས་བསང་སྦྱངས། སྟོང་པའི་ངང་ལས་ཡེ་ཤེས་པ་རང་སྣང་གི་གཞལ་ཡས་ཁང་གི་དབུས་སུ་པདྨ་དང་ཉི་མའི་གདན། དེའི་སྟེང་དུ་ཧཱུྃ། བུམ་པའི་ནང་དུ་ཡངས་པད་ཉིའི་སྟེང་དུ་ཧཱུྃ་བསམ། ཧཱུྃ་གཉིས་ཀ་ཡོངས་སུ་གྱུར་པ་ལས་མདུན་བསྐྱེད་དང་། བུམ་ནང་གཉིས་ཆར་དུ་རྡོ་རྗེ་རྣམ་འཇོམས་སྔར་བཤད་པ་བཞིན་བསྐྱེད། གནས་གསུམ་བྱིན་གྱིས་རླབས། ཡེ་ཤེས་པ་སྤྱན་དྲངས་ནས་སོ་སོ་ལ་བསྟིམ། ཨོཾ་བཛྲ་བིདྷ་ར་་ས་པཱ་རི་ཝཱ་ར་སྔོན་དུ་འགྲོ་བའི་ཕྱི་མཆོད། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མཐུ་སྟོབས་


PS008_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་བསྡུས་པ་ནི། །རྡོ་རྗེ་ཁྲོ་བོའི་སྐུར་སྟོན་པ། །རྣམ་པར་འཇོམས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། གཏོར་མ་ཡང་བྱིན་རླབས་ལ་མཚན་སྔགས་ཀྱི་མཐར། ཨི་དཾ་སོགས་ཀྱི་བཏགས་པ་ལན་གསུམ་གྱིས་ཕུལ། དེ་ནས་བུམ་ནང་གི་ལྷ་ལ་དམིགས་ནས། ན་མཿཙཎྜ་སོགས་ཀྱི་ཡང་སྙིང་བརྒྱ་ལ་སོགས་པ་བཟླ། དེའི་ཚེ་དམིགས་པ་ལ་བུམ་ནང་གི་ལྷའི་སྐུ་ལུས་ཐམས་ཅད་ལས་སྔགས་ཕྲེང་རང་སྒྲ་སྒྲོག་པ་དཔག་ཏུ་མེད་པ་འུ་རུ་རུ་འཕྲོས། བུམ་པའི་ཆུ་དང་དབྱེར་མེད་དུ་གྱུར་པར་བསམ། དེ་ནས་འཇུག་པའི་མཎྜལ་ནས་བཟུང་དབང་བཞི་པའི་བར་བདག་འཇུག་གི་ཚུལ་དུ་བླངས། དེ་ནས་སློབ་མ་བོས་ལ་ཕྱག་དང་ཡོན་ཕུལ་ནས་གྲལ་ལ་འཁོད་པ་ལ། བགེགས་གཏོར་བསྔོས་ནས་གཏོར་མ་ཕྱིར་བསྐུར་བ་དང་བགེགས་བསྐྲད། འོ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཞེས་སོགས་དང་། འཇུག་པའི་མཎྜལ་གསོལ་བཏབ་ནས་བཟུང་། དབང་བཞི་པའི་ལྷ་སྔགས་བརྗེ་བ་མ་གཏོགས་ཕྱག་རྡོར་ཇི་ལྟ་བ་བཞིན་བྱ། དེ་ནས་ན་མཿཙཎྜ་སོགས་བརྗོད་ཅིང་བུམ་པ་ཐོགས་ལ། བུམ་ནང་གི་ལྷ་འོད་དུ་ཞུ་


PS008_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བུམ་ཆུ་དང་དབྱེར་མེད་པ་དེས་ལུས་ཐམས་ཅད་བཀྲུས་པས་ཁྱེད་རང་གི་མི་མཐུན་ཕྱོགས་ཐམས་ཅད་སངས་ཀྱིས་དག་པའི་མོས་པ་མཛོད། ཡང་སྙིང་བརྗོད་ཅིང་། གདོང་ལ་སོགས་པ་ཁྲུ། མཐར་ཁུ་བ་རེ་འཐུང་དུ་གཞུག །རྗེས་གཙོ་བོས་སོགས་འདྲ། འདི་འཇགས་པ་ལུང་ཙམ་ལ་བརྟེན། བྱིན་རླབས་འདི་བསམ་ལྡིང་པ་ནས་བརྒྱུད་པ་ཡིན་གསུང་། འདི་རྨི་ལམ་གྱི་ཁྲིད་ཀྱི་སྐབས་སུ་གནང་ན་འབྲེལ་ཆགས་ཏེ་རྨི་ལམ་འདི་གྲིབ་ལ་གདར་བས་དེ་སེལ་ཆོད་ཀྱི་ཐབས་སུ་འགྲོ། གསང་སྒྲུབ་བཀའ་ལྔར་བྱེད་ན། སྤྱན་རས་གཟིགས་གསང་སྒྲུབ་དང་། དབོན་སྟོན་སྐྱེར་སྒང་ནས་བརྒྱུད་པའི་རྟ་མགྲིན་གསང་སྒྲུབ་གཉིས་བསྣན་པས་སྔར་འགྲོ་བ་ཡིན་ནོ། །དེ་ལྟར་གསང་སྒྲུབ་གསུམ་གྱི་ལག་ལེན་ཁྲིགས་ཆགས་འདི་ནི། ཚར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི་གསུང་རྒྱུན་གྱི་ཐོ་ཡིག་ལ་བརྟེན། དགེ་སློང་འདུལ་བ་འཛིན་པ་ངག་དབང་ཆོས་གྲགས་ཀྱིས་ལྕགས་འབྲུག་ཟླ་བ་བརྒྱད་པའི་ཡར་ཚེས་བདུན་གྱི་ཉིན་མདར་གྲངས་ཆེན་ཆོས་འཁོར་ཡང་རྩེའི་བླ་བྲང་གི་དབང་ཁང་དུ་སྦྱར་བ་དགེ་ལེགས་འཕེལ། ༈ མཁའ་འགྲོ་མ་སུ་ཁ་སིདྡྷིའི་བྱིན་རླབས་ཀྱི་བཀའ་བཞུགས། བདེ་བའི་དཔལ་རྒྱུན་མི་ནུབ་རྫོགས་ལྡན་དཔྱིད། །གྲུབ་པའི་


PS008_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་དཔའ་བོ་མཁའ་འགྲོའི་གཙོ། །དགེ་ལེགས་རབ་ཏུ་བརྟན་པའི་དབྱངས་བདུན་འཁྲོལ། །རྗེ་བཙུན་བླ་མའི་ཞབས་སྤྱི་བོས་འདུད། །འདིར་མཁའ་འགྲོ་མ་སུ་ཁ་སིདྡྷིའི་བྱིན་རླབས་ལ། མཎྜལ་དབུས་དཀར་དམར། ཤར་སྔོ་ལྷོ་སེར་། ནུབ་དམར། བྱང་ལྗང་བའི་འདབ་མ་བཞི་མཐའ་མེ་རི་འབར་བ། དབུས་སུ་ཚོམ་བུ་དཀར་དམར་གཅིག་འགོད། མཆོད་གཏོར་སོགས་དཀྱུས་བཞིན། དེ་ནས་སྐྱབས་སེམས་ཚད་མེད་བཞི་སྔོན་དུ་བཏང་ནས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་རང་སྐད་ཅིག་གིས་མཁའ་འགྲོ་མ་སུ་ཁ་སིདྡྷི་སྐུ་མདོག་དུང་ལྟར་དཀར་བ། དབུ་སྐྲ་སིལ་བུར་འཕྱང་ཞིང་རུས་པའི་རྒྱན་གྱིས་བརྒྱན་པ། ཕྱག་གཡས་ཐོད་པ་བདུད་རྩིས་གང་བ། གཡོན་སྐྱེ་མེད་མཚོན་པའི་ཕྱག་རྒྱ་ཆེད་དུ་འཕྱར་ཙམ་མཛད་པ། ཞབས་གཉིས་གར་སྟབས་ཀྱི་རྣམ་པ་སྤྱན་གསུམ་ཧྲིག་གེ་གཟིགས་པ། ཡེ་ཤེས་ཀྱི་སྐུ་ཅན། དེའི་གནས་གསུམ་བྱིན་རླབས། ཡེ་ཤེས་པ་སྤྱན་དྲངས་བསྟིམ། ཨོཾ་སུ་ཁ་སིདྡྷི་


PS008_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཉེར་གཅིག་ལ་སོགས་པ་བཟླ། མདུན་གྱི་མཎྜལ་བསང་སྦྱངས། སྟོང་པའི་ངང་ལས་བསྲུང་འཁོར་དུར་ཁྲོད་དང་བཅས་པའི་དབུས་སུ་ཆུད་པའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་ཚང་བའི་དབུས་ན། པདྨ་དང་ཟླ་བའི་གདན་ལ། སུ་ཁ་སིདྡྷི་སྔར་བཞིན་བསྐྱེད། གནས་གསུམ་བྱིན་རླབས་དང་། ཡེ་ཤེས་པ་གཞུག་པ་སྔར་དང་འདྲ། མཆོད་པ་བྱིན་རླབས། ཨོཾ་སུ་ཁ་སིདྡྷི་ས་པཱ་རི་ཝ་ར་སྔོན་དུ་འགྲོ་བའི། ཨརྒྷཾ་ལ་སོགས་པས་ཕྱི་མཆོད། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད། གང་གིས་དྲིན་གྱི་ཤོ་ལོ་ཀ་གཅིག་གིས་བསྟོད། གཏོར་མ་ཡང་བྱིན་རླབས་ལ་མཚན་སྔགས་ཀྱི་མཐར། ཨི་དཾ་སོགས་ཀྱི་བཏགས་པ་ལན་གསུམ་གྱིས་ཕུལ། ཕྱི་ནང་བསྟོད་པ་འདོད་གསོལ་བྱ། དེ་ནས་འཇུག་པའི་མཎྜལ་ནས་བཟུང་། དབང་བཞི་བླང་བ། ནམ་མཁའ་དང་རང་སེམས་བསྲེས་ནས་གནས་ལུགས་ཀྱི་ངང་དུ་རང་བབས་སུ་འཇོག་པའི་བར་བདག་འཇུག་གི་ཚུལ་དུ་བླངས། དེ་ནས་སློབ་མ་བོས་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སོགས་དང་། གང་གསན་པར་བྱ་བའི་ཆོས་ནི། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་བླ་མ་མང་དུ་བཞུགས་པའི་ནང་ནས། རྡོ་རྗེ་འཆང་


PS008_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཆོས་དངོས་སུ་གསན་པའི་ཡེ་ཤེས་ཀྱི་ཊཱ་ཀི་རྣམ་པ་གཉིས་ཀྱི་ནང་མཚན། སུ་ཁ་སིདྡྷི་ས་བྱིན་རླབས་ཡིན། དེ་ལ་སློབ་དཔོན་གྱི་བྱ་བ་གྲུབ་ཟིན་སློབ་མ་ལ་བྱ་བའི་ངོས་སྐལ་དུ་གྱུར་པ་ལ། འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ། དགའ་ཆེན་སོགས་ཀྱིས་གསོལ་བཏབ། དཀོན་མཆོག་གསུམ་ལ་སོགས་རྒྱུན་བཤགས། སློབ་མ་སུ་ཁར་བསྐྱེད་ལ་ཡེ་ཤེས་པ་བསྟིམ་ལ། ཌཱ་དྲིལ་དང་སྔར་གྱི་སྔགས་ཀྱི་མཐར། ཨ་བེ་ཤ་ཡ་ཨ་བཏགས་པ་བརྗོད། དེ་ནས་མདུན་གྱི་གཞལ་ཡས་ཁང་གི་དབུས་ན་བླ་མ་དང་ཐ་མི་དད་པའི་སུ་ཁ་སིདྡྷི་བཞུགས་པ་ལ་དངོས་གཞིའི་བྱིན་རླབས་ཞུ་བའི་ཡོན་དུ་མཎྜལ། གང་དྲིན་ཤོ་ལོ་ཀ་གཅིག་གི་མཐར། བདག་ལ་དབང་བསྐུར་དུ་གསོལ། བཏགས་པ་ལན་གསུམ། མདུན་བསྐྱེད་ཀྱི་གནས་གསུམ་དུ་འབྲུ་གསུམ་གསོལ་བཏབ། དཔྲལ་བའི་ཨོཾ་ལས་འོད་དཀར་པོ་བྱུང་ཁྱེད་རང་གི་སྨིན་མཚམས་ནས་ཞུགས། བུམ་པའི་དབང་ཐོབ། སྐུའི་བྱིན་རླབས་ཞུགས་པའི་མོས་པ་མཛོད། །


PS008_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་བཅས་པའི་ཌཱ་དྲིལ་བྱ། དེ་བཞིན་དུ་མགྲིན་པའི་ཨཱཿལས་འོད་དམར་པོ་བྱུང་། ཁྱེད་རང་གི་མགྲིན་པར་ཐིམ་པས་གསང་དབང་དང་། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་བྱུང་། སློབ་མའི་སྙིང་གར་ཐིམ་པས་ཤེར་དབང་དང་། མདུན་བསྐྱེད་ཀྱི་གནས་ལས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་། སློབ་མའི་གནས་གསུམ་དུ་ཐིམ་པས་དབང་བཞི་པ་ཐོབ་པ་སོགས་རིགས་འགྲེ། རེ་རེ་ལ་སྔགས་དང་བཅས་པའི་ཌཱ་དྲིལ་རེ་བྱ། མཐར་སློབ་མ། ལུས་གནད་བཅས། མིག་མདུན་གྱི་བར་སྣང་སྟོང་པ་ལ་ཧ་རེ་གཏད་དུ་བཅུག །སློབ་དཔོན་མཁའ་འགྲོ་མ་སུ་ཁར་གསལ་བའི་ཕྱག་གཡོན་ཁུ་ཚུར་ལ་འཛུབ་མོ་ནམ་མཁར་བསྒྲེང་བ་སྐྱེ་མེད་མཚོན་པའི་ཕྱག་རྒྱ་ཆེད་དུ་འཕྱར་ཙམ་མཛད་དེ། ནམ་མཁའ་རིག་མེད་སྟོང་པ་ལ། །རིག་བཅས་སེམས་ཀྱི་རྩ་བ་བཅུན། །རྩ་བ་བཅུན་ལ་ལྷུག་པར་ཞོག །ཅེས་ལན་གསུམ་བརྗོད་ལ། དེའི་དོན་ནམ་མཁའ་དང་ཁྱེད་


PS008_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སེམས་དབྱེར་མེད་དུ་བསྲེས་ནས་བཞག་པའི་ཚེ་ནམ་མཁའ་ལ་སྐྱེ་འཇིགས་མེད་པ་བཞིན་དུ་རང་སེམས་ལ་སྐྱེ་འཇིགས་མེད། ནམ་མཁའ་ལ་མཐའ་དབུས་དང་ངོས་བཟུང་ཅི་ཡང་མེད་པ་བཞིན། རང་སེམས་ཀྱང་དེ་ལྟར་ཤེས་པར་བྱས་ལ་དེ་ཀའི་ངང་དུ་འཛིན་པ་མི་བྱ། བཅས་བཅོས་མི་བྱ་བ་རང་བབས་སུ། །ཅེས་བརྗོད། རྗེས་གཙོ་བོས་སོགས་དང་ཡིག་བརྒྱས་ནོངས་པ་བཟོད་གསོལ་སོགས་འདྲ། །འདི་ལ་ངེས་པར་ཚོགས་འཁོར་གཅིག་མཛད་གསུང་། མཐར་བསྔོ་བ་སྨོན་ལམ་བཀྲ་ཤིས་ཀྱི་ཕྲེང་བས་མཐའ་རྟེན་པར་བྱའོ། །ཅེས་པ་འདི་ནི་རྗེ་བཙུན་བླ་མ་རྣམས་ཀྱི་བྲན་དུ་གྱུར་པའི་དགེ་སློང་འདུལ་བ་འཛིན་པ་ངག་དབང་ཆོས་གྲགས་ཀྱིས། །ཚར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི་གསུང་གི་ཟིན་ཐོ་ལ་བརྟེན་ནས་ལས་དང་པོ་པ་རྣམས་ལ་ཕན་པའི་ཕྱིར་དུ་ལྕགས་ཕོ་འབྲུག་ལོ་ཟླ་བ་བརྒྱད་པའི་ཡར་ཚེས་བརྒྱད་ཀྱི་ཉིན་མདར་གྲང་ཆེན་ཆོས་འཁོར་ཡངས་རྩེའི་བླ་བྲང་གི་དབང་ཁང་གསང་ཆེན་ཆོས་ཀྱི་སྒྲ་དབྱངས་རྒྱུན་མི་ཆད་པར་སྒྲོག་པའི་གནས་སུ་སྦྱར་བ་དགེ་ལེགས་འཕེལ། །མངྒ་ལཾ། ༈བླ་མ་དམ་པའི་ཞབས་ལ་གུས་


PS008_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཕྱག་འཚལ་ལོ། །བླ་མ་ལམ་ཁྱེར་གྱི་དབང་ལ་གསུམ་སྟེ། སྦྱོར་དངོས་རྗེས་སོ། དང་པོ་ནི། མཎྜལ་ལ་ཆང་དང་བདུད་རྩི་ལྔས་བྱུགས་ནས། དེ་ལ་པདྨ་འདབ་བཞི་ལྟེ་བ་སེར། ཤར་མཐིང་། ལྷོ་སེར། ནུབ་དམར། བྱང་ལྗང་། གོང་རེ་དེ་ཉིད་ལ་མུ་ཁྱུད་ནག་པོ། ཁྱམས་ཕྱོགས་མདོག །དེ་ལ་མེ་ཏོག་གི་ཚོམ་བུ་ལྔ་བཀོད། མཆོད་གཏོར་དང་ཚོགས་བཤམས་མོ། དེ་ནས་བདག་འཇུག་སྔོན་དུ་སོང་བས། པདྨའི་ལྟེ་བར་བླ་མ་དང་བདེ་མཆོག་ཐ་དད་མེད་པ། གཡས་ཌཱ་མ་རུ་དང་། གཡོན་ཐོད་པ་བསྣམས་པའོ། ཤར་དུ་དགྱེས་མཛད། ལྷོར་གསང་འདུས། ནུབ་ཏུ་མ་ཧཱ་མ་ཡ། བྱང་དུ་འཇིགས་བྱེད་བསྐྱེད་ལ་ཡེ་ཤེས་པ་གཞུག །གནས་གསུམ་བྱིན་རླབས། དབང་བསྐུར་ཕྱི་ནང་གསང་གསུམ་གྱི་མཆོད་པ་འབུལ་ལོ། །དེ་ནས་དལ་འབྱོར་རྙེད་དཀའ་འཆི་བ་མི་རྟག་པ། འཁོར་བའི་ཉེས་དམིགས། ཐུན་མོང་དང་ཁྱད་པར་གྱི་སྐྱབས་འགྲོ། སྨོན་འཇུག་གཉིས་སུ་སེམས་བསྐྱེད་པ། དཀྱིལ་འཁོར་དུ་གཞུག་གསོལ་བ་གདབ་པ། གནང་བ་སྦྱིན་པ། རྟོག་པ་བསྡུ་བ། ཡན་ལག་ལྔ། གསང་སྔགས་འབྱུང་བ་དཀའ་བར་བཤད་པའོ། །གཉིས་པ་ནི་སྤྱི་བོར་མདུན་བསྐྱེད་བཞིན་དུ་བསྐྱེད་པའི་


PS008_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་སྤྱི་བོ་ནས་འོད་ཟེར་འཕྲོས་པས། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བདུད་རྩི་བླ་མ་ལ་བསྟིམ་པས་ཟག་པ་མེད་པའི་བདེ་བ་རྒྱས་པར་བསམ། ཐོད་པར་བདུད་རྩིར་གྱུར་པ་དང་། གསེར་གྱི་མཎྜལ་ཕུལ་ལ། བུམ་པའི་དབང་བསྐུར་དུ་གསོལ། སྐུའི་བྱིན་རླབས་གཞུག་ཏུ་གསོལ། ཞེས་བརྗོད་པ་དང་། བླ་མའི་སྐུ་དང་ཟླ་བའི་གདན་ལས། ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་དཀར་པོ་བྱུང་ནས་སྤྱི་བོར་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་དག །སྐུའི་བྱིན་རླབས་ཞུགས། བུམ་པའི་དབང་དང་སྤྲུལ་སྐུ་ཐོབ་པར་བསམ་མོ། །ཡང་གོང་བཞིན་མཆོད་དེ་གསང་དབང་དང་གསུང་གི་གསོལ་བ་བཏབ་པས། བླ་མའི་མགྲིན་པ་ནས་འོད་ཟེར་འཕྲོས། གསུང་གི་བདུད་རྩིར་ཐིམ་པས། བདུད་རྩི་དཀར་དམར་ལྕེ་ཐོག་ཏུ་ཐིམ་པས་ངག་གི་དག །གསང་དབང་དང་ལོངས་སྐུ་ཐོབ་པར་བསམ། ཡང་མཆོད་དེ་གསུམ་པ་དང་། ཐུགས་ཀྱི་གསོལ་བ་བཏབ་པས།


PS008_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀ་ནས་འོད་ཟེར་འཕྲོས། བུདྡྷ་བོ་དྷིའི་བདུད་རྩི་ཐུགས་ཀར་ཐིམ་པས། ཐུགས་ཀ་ནས་བདུད་རྩི་སྔོན་པོ་བྱུང་སྟེ་སློབ་མའི་སྙིང་གར་ཐིམ་པས་ཡིད་ཀྱི་དག །ཐུགས་ཀྱི་བྱིན་རླབས་ཞུགས། གསུམ་པ་དང་ཆོས་སྐུ་ཐོབ་པར་ལྟའོ། །དེ་ནས་བཞི་པའི་གསོལ་བ་བཏབ་པ་དང་། ཕྱོགས་བཞིའི་ལྷ་ཚོགས་བླ་མ་ལ་བསྟིམ། ཐུགས་ཀའི་འོད་ཟེར་གྱིས་ནམ་མཁའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བསྟིམ་པས། བླ་མ་འོད་དང་འོད་ཀྱི་རང་བཞིན་དུ་གྱུར་ནས། སྤྱི་བོ་ནས་ཆེམ་ཆེམ་འུར་འུར་འདུག་པ་ལ་གསོལ་བ་དྲག་ཏུ་བཏབ་པས། སྤྱི་བོར་ཐིམ་སྟེ་ལུས་འོད་དུ་ཡལ་ནས་སེམས་མ་བཅོས་པར་བཞག་པ་ནི། ལུས་ངག་ཡིད་གསུམ་ཐ་མལ་དུ་འཛིན་པའི་རྟོག་པ་དག་སྟེ། དབང་བཞི་པ་དང་བདེ་བ་ཆེན་པོའི་སྐུ་ཐོབ་པར་བསམ་མོ། །དེ་ལྟར་ཡེ་ཤེས་རྒྱ་མཚོ་ལས། བླ་མའི་སྐུ་ཡི་དཀྱིལ་འཁོར་ལས། དབང་བཞི་ཡོངས་སུ་རྫོགས་པར་ཞུས།


PS008_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལམ་རིམ་པས་བགྲོད་པར་བྱེད། །ཅེས་སོ། །གསུམ་པ་ནི་ཚོགས་ལ་ལོངས་སྤྱོད། གཏོར་མ་བཏང་། བཟོད་པར་གསོལ། ཡེ་ཤེས་པ་གཤེགས། དམ་ཚིག་པ་མི་དམིགས་པར་བྱ། རྗེས་བསྔོ་བ་བྱའོ། །བླ་མ་ལམ་ཁྱེར་རྫོགས་སོ། ༈ ན་མ་ཙཀྲ་སམྦྷ་ར་ཡི་དམ་ལམ་ཁྱེར་གྱི་དབང་འདི་ལ་གསུམ་སྟེ། སྦྱོར་བ་དངོས་གཞི་རྗེས་སོ། །དང་པོ་པདྨ་འདབ་བཞིའི་ལྟེ་བ་དང་ཤར་མཐིང་། ལྷོ་སེར། ནུབ་དམར། བྱང་དང་གོང་རས་ལྗང་ཁུ། མུ་ཁྱུད་ནག་པོ། ཁྱམས་ཕྱོགས་ཚོན། དེ་ལ་མེ་ཏོག་མཆོད་གཏོར་གོང་བཞིན་དུ་བྱས་ནས་བདག་བསྐྱེད་སྔོན་དུ་སོང་བས་མདུན་བསྐྱེད་ལ་དབང་ལེན། མདུན་དུ་བདེ་མཆོག་ལྷན་སྐྱེས་དང་མཁའ་འགྲོ་བཞི་བསྐྱེད་ནས། ཡེ་ཤེས་པ་ལ་སོགས་པ་གོང་བཞིན། དལ་འབྱོར་རྙེད་དཀའ་ལ་སོགས་པ་གོང་བཞིན་བཤད་དོ། །གཉིས་པ་ནི། ཐོད་པར་བདུད་རྩི་དང་གསེར་གྱི་གོང་བཞིན་དུ་མཆོད། སྐུའི་བྱིན་གྱིས་བརླབ་ཏུ་གསོལ། བུམ་པའི་དབང་གི་གསོལ་བ་བཏབ་པས། བདེ་མཆོག་གི་སྨིན་མཚམས་ནས་བདེ་མཆོག་སྐུ་ཆུང་ལ་ཡན་ལག་དོད་པ་དཔག་ཏུ་མེད་པ་གར་


PS008_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

སྟབས་ལིང་ལིང་བྱུང་ནས་སྤྱི་བོར་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་དག་ནས་བུམ་དབང་དང་སྤྲུལ་སྐུ་ཐོབ་པར་བསམ་མོ། །མཆོད་པ་དང་གསོལ་འདེབས་དབང་དང་ཐོབ་བྱ་ཀུན་ཤེས་པར་བྱའོ། །བཞི་པའི་བར་གསོལ་བ་རིམ་བཞིན་བཏབ་པས། བདེ་མཆོག་གི་མགྲིན་པ་སྙིང་ག །ལྟེ་བ་ནས་བདེ་མཆོག་གི་སྐུ་གོང་བཞིན་བྱུང་སྟེ། སློབ་མའི་མགྲིན་པ། སྙིང་ག །ལྟེ་བར་ཐིམ་པས། ངག་ཡིད་ཐ་དད་དུ་འཛིན་པའི་སྒྲིབ་པ་དག་ནས། དབང་གཉིས་པ། གསུམ་པ། བཞི་པ་དང་། ལོངས་སྐུ། ཆོས་སྐུ། བདེ་བ་ཆེན་པོའི་སྐུ་ཐོབ་པར་བསམ་མོ། །ཡོན་དབུལ། ཚོགས་ལ་ལོངས་སྤྱོད། གསུམ་པ་རྗེས་ནི་གོང་བཞིན་ནོ། །ཡི་དམ་ལམ་ཁྱེར་གྱི་དབང་རྫོགས་སོ། ༈ ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི་མ་ཧཱ་ཀཱ་ལ་ཡ། སྣང་སེམས་ལྷ་སྐུ་སྒྱུ་མའི་ལམ་ཁྱེར་གྱི་དབང་ནི། ཆོས་དྲུག་སྤྱིའི་དབང་བསྐུར་བཞིན་བྱའོ། །སྒྱུ་མ་རྨི་ལམ་དབང་བསྐུར་རྫོགས་སོ། །གའུ་མའི་འོད་གསལ་གྱི་ཟབ་ཆོས། འཆི་མེད་བར་དོའི་ཟབ་ཆོས། འཆུག་མེད་སྒྱུ་ལུས་རྨི་ལམ་


PS008_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཟབ་ཆོས། མཁའ་སྤྱོད་དམར་མོ་ལ་སོགས་པ་འཕོ་བའི་ཟབ་ཆོས་ཡིན་གསུང་སོ། །དགེའོ། ༈ །བླ་མ་དང་ཡེ་ཤེས་མཁའ་འགྲོའི་ཞབས་ལ་ཕྱག་འཚལ་ལོ། །སྒྱུ་མ་ལམ་ཁྱེར་གྱི་བྱིན་རླབས་ལ། མཎྜལ་བདེ་མཆོག་ལྷ་ལྔའི་སྐབས་བཞིན་དང་། བདག་བསྐྱེད་མདུན་བསྐྱེད་གའུ་མའི་སྐབས་བཞིན་བྱ། གསུམ་ཀ་སྟབས་གཅིག་ཏུ་བྱེད་ན་བདག་བསྐྱེད་གཅིག་པུ་དེས་ཆོག །ཕྱི་མ་གཉིས་ལ་མདུན་བསྐྱེད་བདེ་མཆོག་ལྷ་ལྔ་ལྟར། བདག་འཇུག་སློབ་མ་ལ་ཇི་ལྟར་བསྐུར་བ་བཞིན་བླངས། །སློབ་མས་མཎྜལ། སེམས་བསྐྱེད་ནས་སློབ་མ་བདེ་མཆོག་ཏུ་བསྐྱེད་ལ། ཡེ་ཤེས་དབབ་པ་རྣམ་བྱས་ནས། དེ་ནས། ཁྱེད་རང་རྣམས་འཁོར་ལོ་སྡོམ་པ་འོད་ཀྱི་རང་བཞིན་ཅན་དུ་གསལ་བའི་ལུས་ཀྱི་ནང་དྲང་པོར་རྩ་དབུ་མ་ཁ་དོག་དཀར་གསལ་འོད་ཀྱི་རང་བཞིན་ཅན་རྩ་བ་ཕྲ་བ་ལྟེ་བར་ཟུག་པའི་ནང་དུ་རཾ་དམར་པོ་རྩེ་མོ་རྒྱ་གླིང་གི་གཤམ་ཁ་ལྟར་སྦོམ་དུ་སོང་བ་ཚངས་བུ་པའི་གར་ཧར་རེ་ཡོད་པར་གསལ་བཏབ། ཚངས་བུག་གི་སྟེང་གི་ནམ་མཁར་བླ་མ་བདེ་


PS008_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ལྷ་ལྔ་བཞུགས་པའི་སྐུའི་ཆ་ཤས་ཐམས་ཅད་ལས་བདུད་རྩིའི་རྒྱུན་ཤེལ་དཀར་བཞུ་བའི་ཁུ་བ་ལྟ་བུར་བབ། ཁྱེད་རང་གི་ཚངས་བུག་ནས་ཞུགས། སྨིན་མཚམས་ཡན་ཆད་གང་བས་བུམ་པའི་དབང་ཐོབ་པའི་མོས་པ་མཛོད། བླ་མའི་མགྲིན་པ་ནས་འོད་ཟེར་དཀར་དམར་ཉི་ཟླ་འདྲེས་པ་ལྟ་བུ་འཕྲོས། ཁྱེད་རང་གི་མགྲིན་པ་ནས་ཞུགས། ལུས་ཐམས་ཅད་ཁེངས་པས་གསང་བའི་དབང་ཐོབ་པའི་མོས་པ་མཛོད། མདུན་བསྐྱེད་ཀྱི་ཡུམ་ལས་ཡུམ་དེ་འདྲ་བ་ཞིག་ཆད། ཁྱེད་རང་གི་ཡུམ་རྡོ་རྗེ་ཕག་མོ་ལ་ཐིམ། དེ་དང་སྙོམས་འཇུག་བྱས་པས་དགའ་བཞིའི་ཡེ་ཤེས་སྐྱེས་ཏེ་དབང་གསུམ་པ་ཐོབ་པར་མོས་པ་མཛོད། །སྤྱི་བོའི་ལྷ་ཚོགས་ཁྱེད་རང་ལ་ཐིམ་པས་ཇེ་གསལ་ཇེ་དྭངས་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སོང་བར་བསམ་ལ་བརྗོད་མེད་དུ་མཉམ་པར་བཞག་པས་དབང་བཞི་པ་ཐོབ་པར་མོས་པ་མཛོད། །སོ་སོའི་མཐར་ཌཱ་དྲིལ་དང་ཡི་གེ་བདུན་པ་བཟླ།


PS008_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་རྫོགས་ནས། གཙོ་བོས་སོགས་རྗེས་ཀྱི་ཆོས་གསུམ་དང་། མཇུག་ཆོག་རྣམས་བབས་ཐོབ་ཤེས་པར་བྱའོ། ༈ །སེམས་འཆི་མེད་ཀྱི་བཀའ་ལ་སྦྱོར་དངོས་འཇུག་གསུམ་ལས། དང་པོ་ཤོམས་དང་། གཉིས་པ་བདག་བསྐྱེད་མདུན་བསྐྱེད་རྣམས་བདེ་མཆོག་ལྷ་ལྔ་ཇི་ལྟ་བ་བཞིན་བྱའོ། །གསུམ་པ་ལ་གཉིས་ལས། དང་པོ་བདག་འཇུག་ནི་སློབ་མ་ལ་ཇི་ལྟར་བསྐུར་བ་བཞིན་སློབ་དཔོན་རང་གིས་བླང་ངོ། །གཉིས་པ་ནི། མཎྜལ་ནས་སློབ་མ་བདེ་མཆོག་ཏུ་བསྐྱེད་པ་ལ་ཡེ་ཤེས་དབབ་པའི་རོལ་ཆེན་ཡན་འདྲ། སློབ་དཔོན་བདེ་མཆོག་ཏུ་གསལ་བའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ལྟེ་བར་ཧཱུྃ་ཁ་དོག་ལྔ་ལྡན་རྣམས་གསལ་བཏབ། རང་གི་ལུས་སོགས་ནས། ལན་གསུམ་མཛོད་ཀྱི་བར་སྔར་བཞིན་དང་། བླ་མ་རིན་པོ་ཆེ་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མའི་དཔྲལ་བའི་ཨོཾ་ལས་འཁོར་ལོ་བདེ་མཆོག་སྐུ་མདོག་དཀར་པོ་སྐུ་ཆུང་ལ་ཡན་ལག་


PS008_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

རགས་པ། བདེ་བ་ཆེན་པོའི་གར་ལིང་ལིང་མཛད་པ་དཔག་ཏུ་མེད་པ་བྱོན། ཁྱེད་རང་གི་སྨིན་མཚམས་ནས་ཞུགས། ལུས་ཐམས་ཅད་གང་བས་བུམ་པའི་དབང་ཐོབ་པའི་མོས་པ་མཛོད། །ཡང་མགྲིན་པའི་ཨཱཿལས་འཁོར་ལོ་བདེ་མཆོག་དམར་པོ་དང་། ཐུགས་ཀའི་ཧཱུྃ་ལས་འཁོར་ལོ་བདེ་མཆོག་སྔོན་པོ་སྤྲོ་ཚུལ་འགྲེ། ཡང་སློབ་དཔོན་གྱི་གནས་གསུམ་གྱི་ཡིག་འབྲུ་རྒྱང་སྟེ་ཆད། ཁྱེད་རང་གི་གནས་གསུམ་དུ་ལམ་མེ་ཞུགས། །སློབ་དཔོན་གྱི་ལྟེ་བའི་ཧཱུྃ་ལས་འཁོར་ལོ་བདེ་མཆོག་སྐུ་མདོག་སྣ་ཚོགས་པ་སྐུ་ཆུང་ལ་ཡན་ལག་རགས་པ། བདེ་བ་ཆེན་པོའི་གར་ལིང་ལིང་མཛད་པ་དཔག་ཏུ་མེད་པ་བྱོན། ཁྱེད་རང་གི་ལྟེ་བར་ཞུགས། ལུས་ཐམས་ཅད་གང་བས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག །དབང་བཞི་པ་ཐོབ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་པ་ཡིན་སྙམ་པ་མཛོད། སླར་ཡང་སློབ་དཔོན་གྱི་ལྟེ་བའི་


PS008_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ལས་ཧཱུྃ་ཞིག་རྒྱང་སྟེ་ཆད། ཁྱེད་རང་གི་ལྟེ་བར་ཞུགས། ཁྱེད་རང་གི་དཔྲལ་བའི་ཨོཾ་མགྲིན་པའི་ཨཱཿལ་ཐིམ། ཨཱཿཐུགས་ཀའི་ཧཱུྃ་ལ་ཐིམ། ཧཱུྃ་ལྟེ་བའི་ཧཱུྃ་ལ་ཐིམ། དེའི་རྐྱེན་གྱིས་ཁྱེད་རང་གི་ལུས་གདོས་བཅས་ཤ་ཁྲག་གི་ཕུང་པོས་གཙོས་བྱས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་འོད་དུ་ཡལ་ཏེ་སྟོང་ཉིད་དུ་ཐིམ་པས་དབང་བཞི་པ་ཐོབ་པའི་མོས་པ་མཛོད། །ཌཱ་དྲིལ་དང་ཡི་གེ་བདུན་པ་བཟླ། སྟོང་ཉིད་དེའི་ངང་ལས་ཁྱེད་རང་བདེ་མཆོག་འོད་ཀྱི་རང་བཞིན་སྒྱུ་མ་ལྟ་བུར་ལམ་གྱིས་གྱུར་པའི་མོས་པ་མཛོད། །རྗེས་ཀྱི་ཆོས་གསུམ་དང་། མཇུག་ཆོག་སྔར་བཞིན་ཤེས་པར་བྱའོ། ༈ །ལུས་འཆི་མེད་ཀྱི་བཀའ་ལ་སྦྱོར་དངོས་འཇུག་གསུམ་ལས། དང་པོ་ནི། མཎྜལ་པདྨ་འདབ་བཞི་ཕྱོགས་ཚོན་ལྟེ་བ་མཐིང་ག་དང་། འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོར་བསྒོམ་པའི་དེ་དང་སེམས་འཆི་མེད་གཉིས་ཀ་འདྲ་ཞིང་གཞན་ཐམས་ཅད་སྔ་མ་བཞིན་ནོ། །གཉིས་པ་བདག་བསྐྱེད་བདག་འཇུག །སློབ་མས་མཎྜལ་


PS008_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་བ་ནས་ཤེར་དབང་གི་བར་སེམས་འཆི་མེད་ཇི་ལྟ་བ་བཞིན་བྱའོ། །འོན་ཀྱང་ལྟེ་བའི་ཧཱུྃ་གསལ་བཏབ་མི་དགོས། དབང་བཞི་པ་ནི། སྤྱི་བོའི་བདེ་མཆོག་དཀར་པོ་མགྲིན་པའི་བདེ་མཆོག་དམར་པོ་ལ་ཐིམ། དེ་སྙིང་གའི་བདེ་མཆོག་སྔོན་པོ་ལ་ཐིམ། དེ་ལྟེ་བར་སླེབས་པས་ལུས་འོད་དུ་ཡལ་བར་བསམ་ལ་སེམས་མ་བཅོས་པའི་ངང་དུ་མཉམ་པར་བཞག །ཡང་བླ་མའི་གནས་གསུམ་ལས་བདེ་མཆོག་དཀར་དམར་མཐིང་གསུམ་བསམ་གྱིས་མི་ཁྱབ་པ་འཕྲོས། ཁྱེད་རང་གི་ལྟེ་བར་ཐིམ་པས་དབང་བཞི་པ་ཐོབ་པའི་མོས་པ་མཛོད། །དབང་བཞི་སོ་སོའི་མཐར་ཌཱ་དྲིལ་དང་། བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །རྗེ་བཙུན་བིར་ཝ་པས་བྱིན་གྱིས་རློབས་ཤིག །དཔའ་བོ་དང་མཁའ་འགྲོ་རྣམས་ཀྱིས་བྱིན་གྱིས་ཤིག །ཅེས་བརྗོད། རྗེས་བཀྲ་ཤིས་ཀྱི་ཆོས་གསུམ་དང་། མཇུག་ཆོག་སྔར་བཞིན་ནོ། །དགེའོ། ༈ །ལུས་འཆི་མེད་ཀྱི་བཀའ་བཞུགས་སོ། །ལུས་འཆི་མེད་ཀྱི་བཀའ་ནི། མཎྜལ་པདྨ་འདབ་


PS008_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

བཞི། ལྟེ་བ་མཐིང་ཁ ། འདབ་མ་ཕྱོགས་མདོག་བྲི། དེའི་མཐར་མཆོད་པ་དང་གཏོར་མ་གཤམས། །སློབ་དཔོན་སྟན་ལ་འཁོད་དེ། སྐྱབས་སེམས་ཚད་མེད་སྔོན་དུ་བཏང་ནས་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་སྐད་ཅིག་གིས་པདྨ་ཉི་མ་འཇིགས་བྱེད་དུས་མཚན་མནན་པའི་སྟེང་དུ་རང་ཉིད་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ། མི་མགོ་དང་རུས་པའི་རྒྱན་ཅན། སྤྱན་གསུམ་དམར་བ། རྡོ་རྗེ་དྲིལ་བུ་འཛིན་པས་ཡུམ་ཕག་མོ་དམར་མོ་ལ་འཁྱུད་པ། །ཞབས་གཡས་བརྐྱང་གཡོན་བསྐུམ་པས་བཞུགས་པ། གནས་གསུམ་བྱིན་རླབས་ལ། ཡེ་ཤེས་པ་སྤྱན་དྲངས་པས་བསྟིམ། ཡི་གེ་བདུན་པ་ཅི་ནུས་བཟླ། དེ་ནས་མདུན་བསྐྱེད་ལ་དམིགས་ཏེ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་སེམས་རང་སྣང་གི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་ཚང་བ། ཕྱི་རོལ་དུར་ཁྲོད་བརྒྱད།


PS008_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་མེ་རིས་འབར་བ་དང་བཅས་པའི་གཞལ་ཡས་ཁང་གི་དབུས་སུ་པདྨ་ཉི་མ་འཇིགས་བྱེད་དུས་མཚན་གྱི་སྟེང་དུ་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ་སོགས་བདག་བསྐྱེད་ཀྱི་སྐབས་བཞིན་བསྐྱེད། འདབ་མ་བཞི་ལ་ཤར་དུ་མཁའ་འགྲོ་མ་མཐིང་ཁ། བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་དུཾ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ་སྟེ་བཞི་ཀའང་ཕྱག་གཡས་གྲི་གུག་དང་། གཡོན་ཐོད་ཁྲག་ཐུགས་ཁར་འཛིན་པ། གྲུ་མོ་ན་ཁ་ཊཱཾྭ་ག་བསྣམས་པ། ཞབས་བརྐྱང་བསྐུམ་སྟབས་ཀྱིས་བཞུགས་པ། ལྷ་ལྔ་ཀའི་གནས་གསུམ་བྱིན་རླབས་ལ། ཡེ་ཤེས་པའི་ལྷ་ལྔ་སྤྱན་དྲངས་ནས་མདུན་བསྐྱེད་ལ་བསྟིམ། མདུན་བསྐྱེད་མཆོད་པ་བསང་སྦྱངས་བྱིན་རླབས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམ་བྷ་ར་མཎྜལ་ས་པཱ་རི་ཝ་རེ་སྔགས་སྔོན་དུ་འགྲོ་བའི་ཨརྒྷཾ་སོགས་ཀྱིས་མཆོད། གོང་གི་ས་པཱ་རི་ཝ་རེའི་མཐར་ཨོཾ་ཨཱཿཧཱུྃ་གི་ནང་མཆོད། ཆོས་དབྱིངས་རྣམ་དག་


PS008_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ལས་སོགས་ཀྱི་བསྟོད། མདུན་གྱི་གཏོར་མ་བྱིན་རླབས་ལ་གོང་གིས་ས་པཱ་རི་ཝ་རེའི་མཐར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་ལན་གསུམ་གྱི་འབུལ། ཕྱི་མཆོད་ནང་མཆོད་བསྟོད་པ་རྣམས་བྱ། མདུན་གྱི་གཏོར་མ་བྱིན་རླབས་ལ་གོང་གི་ས་པཱ་རི་ཝ་རེའི་མཐར་ཨི་དཾ་བ་ལིངྟ། དཔལ་འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་རྣམས་ཀྱི་མཆོད་སྦྱིན་གཏོར་མ་འདི་བཞེས་ལ་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་། ཐུན་མོང་གིས་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ་བརྗོད། དེ་ནས་རང་གི་ལུས་ལོངས་སྤྱོད་ཐམས་ཅད་བློས་ལིང་གིས་བླ་མ་དང་མདུན་བསྐྱེད་ཀྱི་གཙོ་བོ་ཐ་མི་དད་པ་ལ་ཕུལ་ལ་གསོལ་བ་གདབ་པ་སོགས་འོག་ཏུ་སློབ་མ་ལ་ཇི་ལྟར་བྱ་བ་བཞིན་གྱི་དབང་བཞི་བླངས། གཙོ་བོས་ཇི་ལྟར་སོགས་ཀྱང་བརྗོད། དེ་ནས་སློབ་མ་བོས་ལ། འདིའི་སྔོན་དེ་མ་ཐག་བྱིན་རླབས་གཞན་དང་མ་འབྲེལ་ན་བགེགས་གཏོར་བཏང་ལ་སེམས་


PS008_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་ཀྱི་དོན་དུ་ཅེས་སོགས་ཅི་དང་ཅི་འདྲ་བ་བརྡ་སྤྲད། མཎྜལ་འབུལ། དགའ་ཆེན་ཁྱོད་བདག་སོགས་ཀྱི་གསོལ་བ་བཏབ། དཀོན་མཆོག་གསུམ་ལ་སོགས་ཀྱི་རྒྱུན་བཤགས། སློབ་མ་བདེ་མཆོག་ཏུ་བསྐྱེད་ལ་ཡེ་ཤེས་པ་དབབ་ཅིང་། དྲིལ་བསིལ་ཡི་གེ་བདུན་པ་བརྗོད། དེ་ནས་ལུས་ལོངས་སྤྱོད་ཐམས་ཅད་བླ་མ་དང་མདུན་བསྐྱེད་ཀྱི་གཙོ་བོ་ཐ་མི་དད་པ་ལ་ཕུལ་བའི་མོས་པ་མཛོད་ལ། གསོལ་བ་བཏབ་པ་འདི་གསུང་བ་ཞུ། བླ་མ་རིན་པོ་ཆེ་བདག་ལ་བུམ་པའི་དབང་བསྐུར་དུ་གསོལ། ཚར་གཅིག །དེ་ནས་བླ་མ་དང་གཙོ་བོ་དབྱེར་མེད་པའི་སྤྱི་བོའི་ཨོཾ་དཀར་པོ་ལས་བདེ་མཆོག་དཀར་པོ་སྐུ་ཆུང་ལ་ཡན་ལག་དོད་པ་དཔག་ཏུ་མེད་པ་ཆད་ཅིང་གར་སྟབས་ལིང་ལིང་བཞུགས་ནས་རང་གི་སྤྱི་བོའི་ཨོཾ་ལ་ཐིམ་པས་སྤྱི་བོའི་གནས་ཐམས་ཅད་གང་། བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག་པའི་མོས་པ་མཛོད། །བྱས་ལ་དྲིལ་བསིལ་ལམ་རོལ་ཆེན་བྱ་ཞིང་། བླ་མ་


PS008_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་རྣམས་ཀྱི་བྱིན་གྱིས་རློབས་ཤིག །རྗེ་བཙུན་བིར་ཝ་པའི་བྱིན་གྱིས་རློབས་ཤིག །དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱི་བྱིན་གྱིས་རློབས་ཤིག །ཅེས་བརྗོད། དེ་བཞིན་དུ་གསང་དབང་དང་ཤེར་དབང་ལ་ཡང་ལུས་ལོངས་སྤྱོད་འབུལ་བ་དང་གསོལ་བཏབ་དམིགས་པ་རྣམས་སྔར་གྱི་འགྲོས་སྦྱར་ལ་བྱ། དབང་བཞི་པ་ལ་ལུས་ལོངས་སྤྱོད་རྣམས་དངོས་སམ་མཆོད་པས་རྣམ་པར་བསྒྱུར་ལ་ཕུལ་ནས། བླ་མ་རིན་པོ་ཆེ་བདག་ལ་དབང་བཞི་པ་བསྐུར་དུ་གསོལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་གཞུག་ཏུ་ཞེས་གསོལ་བ་བཏབ། སྤྱི་བོའི་བདེ་མཆོག་དཀར་པོ་མགྲིན་པའི་བདེ་མཆོག་དམར་པོ་ལ་ཐིམ། དམར་པོ་སྙིང་ཁའི་བདེ་མཆོག་སྔོན་པོ་ལ་ཐིམ། མཐིང་ཁ་ལྟེ་བར་བྱུང་། འོད་དུ་ཡལ་སོང་སྟེ་སྟོང་པའི་ངང་ལས་སེམས་མ་བཅོས་པར་ཞོག་ཟེར་བ་བྱས་ལ་རོལ་མོ་དང་བླ་མ་དམ་པ་རྣམས་ཀྱི་ཞེས་སོགས་སྔར་བཞིན་བརྗོད། དེས་དབང་བཞི་པ་ཐོབ་པ་ཡིན་ཡང་ཟབ་ལམ་གྱི་དབང་དུ་བྱས་ན་དམིགས་


PS008_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་བཞིན་མཛོད། སློབ་དཔོན་གྱི་གནས་གསུམ་གྱི་ཡིག་འབྲུ་མཐིང་ཁར་ཡོད་པ་ལ་བདེ་མཆོག་མཐིང་ཁ་དཔག་ཏུ་མེད་པ་ཆད་ནས་ཁྱེད་རང་གི་ལྟེ་བར་ཐིམ་པས་མཐར་སྟོང་སོང་གི་འོད་དུ་ཡལ་སོང་བ་དེ་ཀའི་ངང་ལ་ཅུང་ཞིག་འཇོག་པ་ཞུ། འདི་ཡང་དབང་བཞི་པ་ལུགས་གཅིག་ཡིན་བྱ་བ་བརྗོད་རྗེས་གཙོ་བོས་སོགས། མདུན་བསྐྱེད་ལ་མཆོད་བསྟོད་ཡིག་བརྒྱ་སོགས་སྤྱི་དང་འདྲ། ༈ སེམས་འཆི་མེད་ཀྱི་དབང་ནི། མཎྜལ་པདྨ་འདབ་བཞི་ཁ་དོག་རྣམ་པ་འདི་དང་གཅིག་ཡིན། བདག་བསྐྱེད་བདེ་མཆོག་ལ་བྱ། མདུན་བསྐྱེད་ནི་ཕྱག་ཆེན་གྱི་སྐབས་བཞིན་རྒྱུད་སྡེ་ལྔའི་ལྷ་ལ་བྱ་གཞན་རྣམས་སེམས་འཆི་མེད་རང་གི་དཀྱུས་བཞིན་བྱའོ། །འདི་ཡང་དགེ་སློང་ངག་དབང་ཆོས་གྲགས་ཀྱི་སྤུ་དཀར་བླ་བྲང་རྫོང་དུ་ཕྱག་ལེན་ལ་བཀོད་པའོ། །སརྦ་མངྒ་ལཾ། ༈ ལྷ་བཞི་དྲིལ་སྒྲུབ་ཀྱི་བྱིན་རླབས་དང་ཉམས་སུ་བླང་ཚུལ་བཞུགས་སོ། །ཕན་དང་བདེ་བའི་འབྱུང་


PS008_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྐྱེ་དགུའི་སྐྱབས། །འགྲོ་འདིའི་བདེ་སྐྱིད་ནམ་ཡང་ཉམས་མེད་པར། །ལྷ་གནས་ཆོ་གས་རབ་ཏུ་བསྟན་མཛད་པའི། །ཡོངས་འཛིན་བླ་མའི་ཞབས་པད་གཙུག་ན་རྒྱལ། །འདིར་ལྷ་བཞི་དྲིལ་སྒྲུབ་ཀྱི་བྱིན་རླབས་ནི། །གནས་ཁང་དབེན་པར་མདུན་གྱི་སྟེགས་བུའི་སྟེང་དུ་རྡུལ་ཚོན་གྱི་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ་གདེངས་ཀ་ཆེ་བ་གྱེན་ལ་ཕྱོགས་པ། དེའི་དབུས་སུ་པདྨ་འདབ་མ་བཞི་པ། །ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། ལྟེ་བ་ལྗང་སེར། མཐའ་མཆོད་གཏོར་གྱིས་བསྐོར་བར་བཤམས། བགེགས་གཏོར་དེ་ཡང་ལོགས་གཅིག་ཏུ་བཤམས། དེ་ནས་སློབ་དཔོན་གྱིས་སྐྱབས་སེམས་སྔོན་དུ་འགྲོ་བས་བདག་བསྐྱེད་བདེ་མཆོག་གམ། རྡོ་རྗེ་རྣལ་འབྱོར་མ་གང་འོས་ལ་བྱ། དེ་ནས་མདུན་བསྐྱེད་ལ་དམིགས་ཏེ། བསང་སྦྱངས། སྟོང་པའི་ངང་ལས་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་


PS008_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

བ། དེའི་དབུས་སུ་པདྨ་འདབ་མ་བཞི་པ། ཤར་དཀར་སོགས། དེའི་དབུས་སུ་ཟླ་བའི་གདན་གྱི་སྟེང་དུ་རང་གི་རྩ་བའི་བླ་མ་རྣམ་པ་རྡོ་རྗེ་འཆང་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་གཡས་ཡིད་བཞིན་གྱི་ནོར་བུ་དང་གཡོན་གསེར་གྱི་དྲིལ་བུ་གཡེར་ཁ་བསྣམས་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། རྩ་བརྒྱུད་ཀྱི་བླ་མ་ཐམས་ཅད་ཀྱི་ངོ་བོར་གྱུར་པ། རིན་པོ་ཆེའི་རྒྱན་དཔག་ཏུ་མེད་པས་སྤྲས་པ། མདུན་གྱི་པད་འདབ་ལ་ཉི་གདན་གྱི་སྟེང་དུ་གམ་ལས་ཚོགས་བདག་མགོ་གཡས་སུ་བསྟན་པ། དེའི་སྟེང་དུ་ཧཱུྃ་ལས་གྲི་གུག་ཡུ་བ་ལ་ཧཱུྃ་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས་གདུག་པ་ཅན་རྣམས་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས། ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་དྲུག་པ། ཕྱག་གཡས་དང་པོ་གྲི་གུག །གཉིས་པ་ན་ཐོད་ཕྲེང་། གསུམ་པ་ན་ཌཱ་མ་རུ་འཁྲོལ་བ། གཡོན་གྱི་དང་པོ་ན་ཐོད་


PS008_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག །གཉིས་པ་ན་རྩེ་གསུམ། གསུམ་པ་ན་རྡོ་རྗེ་ཞགས་པ་བསྣམས་པ། རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ། ཞབས་གཉིས་གྱད་ཀྱི་དོར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །གཡས་ཀྱི་པད་འདབ་ལ་ཉི་མ་དང་། འཇིགས་བྱེད་དུས་མཚན་གྱི་སྟེང་དུ་ཡི་གེ་ཧྲཱིཿདམར་པོ་ཡོངས་སུ་གྱུར་པ་ལས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། སྐུ་མདོག་དམར་མོ་དབུ་སྐྲ་དཔུང་པ་གཡོན་པའི་སྟེང་ན་དམར་སི་ལེ་ཡོད་པ། ལོ་བཅུ་དྲུག་ལོན་པའི་རྣམ་པ་ཅན། སྤྱན་གསུམ་དང་ལྡན་པ། ཞལ་འཛུམ་ཁྲོའི་རྣམ་པ་ཅན། །མཆེ་བ་ནས་ཙམ་བྱུང་བ། སྤྱན་གསུམ་གཡོན་གྱིས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ནམ་མཁའ་ལ་གཟིགས་པ། ཕྱག་གཡས་ཀྱིས་གྲི་གུག་དཔྱི་གཡས་ཀྱི་སྟེང་ན་ནར་རེ་བརྐྱང་བ། གཡོན་ནམ་མཁའ་ལ་སངས་རྒྱས་ཐམས་ཅད་ཀྱི་བདུད་རྩི་ཐོད་པའི་


PS008_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ན་མར་གསོལ་བ། སྤྱི་བོར་རུས་པའི་འཁོར་ལོ་དང་རྣམ་སྣང་གིས་བརྒྱན་པ་ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། མི་མགོ་ལྔ་བཅུའི་ཕྲེང་བ། །རུས་པའི་རྣ་ཆ་མགུལ་རྒྱན་ཕྱག་གདུབ་ཞབས་གདུབ། ཞབས་གཡས་བརྐྱང་བས་མ་ཧཱ་དེ་ཝ་མནན་པ། གཡོན་བསྐུམ་པས་ཨུ་མ་དེ་ཝ་མནན་པ། མཆན་ཁུང་གཡོན་ན་ཁ་ཊཾཱྭ་བསྣམས་པ་གཅིག་ཏུ་བསྐྱེད། རྒྱབ་ཀྱི་པད་འདབ་ལ་ཟླ་གདན་གྱི་སྟེང་དུ་ཧྲཱིཿདཀར་པོ་ཡོངས་སུ་གྱུར་པ་ལས། སྤྱན་རས་གཟིགས་སྐུ་མདོག་དཀར་པོ་གངས་ལ་ཉི་མ་ཤར་བ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ་གཡས་སྐྱབས་སྦྱིན་དང་བཅས་པས་བདུད་རྩིས་གང་བའི་རིལ་བ་བསྣམས་པ། གཡོན་པདྨ་དཀར་པོའི་ཡུ་བ་ཐུགས་ཀར་བཟུང་ནས་འདབ་མ་སྙན་གྱི་ཐད་ཀར་ཁ་བྱེ་བ། དབུ་སྐྲ་དཔུང་པའི་སྟེང་ན་སིལ་ལེ་ཡོད་པ། ཞབས་གཡས་བརྐྱང་གཡོན་བསྐུམ་པ་འོད་དཔག་མེད་ཀྱི་དབུ་བརྒྱན་པ་ཅིག་ཏུ་བསྒོམ། གཡོན་ངོས་ཀྱི་པད་འདབ་ལ་ཟླ་བའི་སྟེང་དུ་ཏཾ་ཡོངས་སུ་གྱུར་པ་ལས་རྗེ་བཙུན་མ་སྒྲོལ་མ་སྐུ་མདོག་ལྗང་ཁུ་ལང་ཚོ་དར་ལ་བབས་པ་ལོ་བཅུ་དྲུག་


PS008_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ལོན་པ་ལྟ་བུ་ཞབས་གཡོན་བསྐུམ་པ། ཕྱག་གཡས་སྐྱབས་སྦྱིན་གཡོན་ཨུཏྤ་ལའི་ཡུ་བ་ཐུགས་ཀར་བཟུང་བ། །སྤྱི་བོར་དོན་ཡོད་གྲུབ་པས་དབུ་བརྒྱན་པ་ཅིག་ཏུ་སྒོམ། དེ་ཐམས་ཅད་ཀྱི་གནས་གསུམ་ཡི་གེ་གསུམ་འགོད། དེ་ནས་བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། རྩ་བརྒྱུད་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་སྤྱན་དྲངས་ནས་དབུས་ཀྱི་བླ་མ་ལ་ཐིམ་པས། བླ་མ་དེ་ཉིད་སྐྱབས་གནས་ཀུན་འདུས་སུ་གྱུར། མགོན་པོའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། ཤར་ལྷོ་ནས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། དེ་བཞིན་དུ་རྗེ་བཙུན་མ་དང་། སྤྱན་རས་གཟིགས་དང་། སྒྲོལ་མ་ཡང་། ཡེ་ཤེས་པ་སྤྱན་དྲངས་ལ་མདུན་བསྐྱེད་ཀྱི་ལྷ་དེ་དང་དེ་ལ་ཐིམ་པར་བསམ། དེ་ནས་མཆོད་པ་བྱིན་རླབས་ལ། ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པཱ་རི་ཝ་རའི་མཐར་ཨརྒྷཾ་ལ་སོགས་པ་ཕྱི་མཆོད། སྔགས་ཀྱི་


PS008_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད། གང་གི་དྲིན་གྱིས་བདེ་ཆེན་ཉིད་སོགས་དང་། སྲིན་པོའི་གཟུགས་ཀྱི་སོགས་དང་། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་སོགས་དང་། སྐྱོན་གྱིས་མ་གོས་སོགས་དང་། ལྷ་དང་ལྷ་མིན་ཅོད་པན་གྱིས་ཞེས་སོགས་ཀྱི་བསྟོད། དེ་ནས་མཎྜལ་དང་ཀུན་མཁྱེན་ཡེ་ཤེས་སོགས་ཀྱིས་གསོལ་བཏབ། དཀོན་མཆོག་གསུམ་ལ་སོགས་ཀྱི་རྒྱུན་བཤགས་སྔོན་དུ་བཏང་ནས། འོག་ཏུ་སློབ་མ་ལ་ཇི་ལྟར་བྱ་བའི་དབང་དེ་ཉིད་རང་གིས་བླང་བ་ནི་བདག་འཇུག་གོ། །དེ་ནས་སློབ་མ་གྲལ་ལ་འཁོད་པ་ལ་བགེགས་གཏོར་བཏང་ལ་བགེགས་བསྐྲད། སེམས་ཅན་ཐམས་ཀྱི་ཞེས་སོགས་སེམས་བསྐྱེད་གསལ་བཏབ་ལ། གང་གསན་པར་བྱ་བའི་ཆོས་ནི། དཔལ་ལྡན་ཤངས་པ་བཀའ་བརྒྱུད་པ་རྣམས་ལ་ཐུགས་ཉམས་སུ་བཞེས་པའི་ཆོས་ལྷ་བཞི་དྲིལ་སྒྲུབ་བྱ་བ་ཤིན་ཏུ་ཟབ་པ་དེ་ཡིན། དེའི་བྱིན་རླབས་ཀྱི་བཀའ་ཞུ་བའི་ཡོན་དུ་མཎྜལ་འབུལ་དུ་གཞུག །གསོལ་བཏབ་དང་རྒྱུན་བཤགས་སྔར་བཤད་པ་བཞིན་བྱ། དངོས་གཞིའི་སླད་དུ་ཁྱེད་རང་རྣམས་ཐུགས་འདུན་


PS008_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བཞིན་གནང་བ་ཞུ། མདུན་བསྐྱེད་ཀྱི་ཆོས་འབྱུང་གི་ནང་གི་ལྷ་དང་བཅས་པ་ཁྱེད་རང་རྣམས་ཀྱི་སྤྱི་གཙུག་ཏུ་ཡེར་གྱིས་བྱོན་པའི་དབུས་སུ་ཟླ་བའི་སྟེང་དུ་རང་གི་རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོ་ཞེས་སོགས་སྔར་བཞིན་བརྗོད། མདུན་གྱི་པད་འདབ་ལ་ཉི་གདན་གྱི་སྟེང་དུ་ཚོགས་བདག་མགོ་གཡས་སུ་བསྟན་པ། དེའི་སྟེང་དུ་ཡེ་ཤེས་ཀྱི་མགོན་པོ། གཡས་ཀྱི་པད་འདབ་ལ་འཇིགས་བྱེད་དུས་མཚན་གྱི་སྟེང་དུ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། རྒྱབ་ཀྱི་པད་འདབ་ལ་ཟླ་བའི་སྟེང་དུ་སྤྱན་རས་གཟིགས་དབང་ཕྱུག །གཡོན་ངོས་ཀྱི་འདབ་མ་ལ་ཟླ་བའི་སྟེང་དུ་རྗེ་བཙུན་མ་སྒྲོལ་མ་འདི་རྣམས་ཀྱི་སྐུ་མདོག་ཕྱག་མཚན་བཞུགས་ཚུལ་རྣམས་སྔར་མདུན་བསྐྱེད་ཀྱི་སྐབས་བཞིན་གསལ་བཏབ། ཧཱུྃ་དང་ཧྲཱིཿལ་སོགས་པ་འདིར་མི་དགོས། དེ་ནས་དབུས་ཀྱི་བླ་མ་དེ་ཉིད་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བསྒོམ་ལ་འདི་གསུང་བ་ཞུ། ན་མོ་


PS008_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

བུདྡྷ་ཡ། ན་མོ་དྷརྨ་ཡ། ན་མོ་སང་གྷ་ཡ། ཞེས་གསོལ་བཏབ། མགོན་པོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་དམར་པོ་མེ་འོད་ལྟ་བུ་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད་ནད་གདོན་ཐམས་ཅད་ཞལ་དུ་དམར་འཇིར་འཇིར་གསོལ་བར་བསམ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཊ་བིག་ནན་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱཱ་ཧཱ། ཇི་ལྟར་རིག་པས་བརྗོད་དུ་གཞུག །དེ་ནས་གཡས་ཀྱི་རྗེ་བཙུན་མའི་ཐུགས་ཀའི་སྔགས་ཕྲེང་ལས་བདུད་རྩིའི་རྒྱུན་དམར་པོ་བབས་གསང་གནས་ནས་ཐོན། ཁྱེད་རང་གི་ཚངས་བུག་ནས་ཞུགས། ལུས་ལ་བདེ་ཆེན་གྱི་ཡེ་ཤེས་སྐྱེས་པར་མོས་ལ་སྔགས་འདི་གསུང་བ་ཞུ། ཨོཾ་བཛྲ་ན་ར་ཀྲིཾ་ཀྲིཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཅེས་པའམ་ཡང་ན་ཨོཾ་གསུམ་མ་ཚར་གསུམ་རེ་རྗེས་ཟློས་བྱེད་དུ་གཞུག །རྒྱུན་གྱི་ཐུགས་དམ་ལ་ཚར་ཅི་མང་བཟླ་བ་ཡིན། དེ་ནས་རྒྱབ་ཀྱི་པད་འདབ་ལ་བཞུགས་པའི་སྤྱན་རས་གཟིགས་ཀྱི་ཕྱག་གཡས་པའི་རིལ་བ་ནས་བདུད་རྩིའི་


PS008_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་དཀར་པོ་བབས། ཁྱེད་རང་གི་ཚངས་བུག་ནས་ཞུགས་སྡིག་སྒྲིབ་དག །བདེ་བ་ཆེན་པོ་སྐྱེས་པར་བསམ་ནས་འདི་གསུང་བ་ཞུ། ཨོཾ་བཛྲ་རཀྵ་རཀྵ་ས་མན་ཏ་ཧཱུྃ་ཕཊ། ཅེས་པའམ་ཡང་ན་ཡི་གེ་དྲུག་པ་ཅི་རིགས་བཟླ་རུ་གཞུག །དེ་ནས་གཡོན་ངོས་ཀྱི་སྒྲོལ་མའི་ཞབས་གཡས་པའི་མཐེ་བོང་ལས་བདུད་རྩིའི་རྒྱུན་བབས། ཁྱེད་རང་གི་ལུས་ཐམས་ཅད་ལ་ཐིམ་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག །བདེ་བ་ཆེན་པོ་སྐྱེས་པར་བསམ་ནས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་ལན་གསུམ་ལ་སོགས་པ་བརྗོད་དུ་གཞུག །དེ་ནས་པད་འདབ་ལ་བཞུགས་པའི་ལྷ་བཞི་དབུས་ཀྱི་བླ་མ་ལ་སིབ་ཐིམ། བླ་མའི་ཐུགས་ཀ་ནས་འོད་འཕྲོས་བརྒྱུད་པའི་བླ་མ་རྣམས་དང་སངས་རྒྱས་བྱང་སེམས། གསང་སྔགས་ཕྱི་ནང་གི་ལྷ་ཚོགས་ཐམས་ཅད་སྤྱན་དྲངས་བླ་མ་ལ་ཐིམ་པས་བླ་མ་སྐྱབས་གནས་ཀུན་འདུས་པ་འོད་དང་འོད་ཟེར་གྱི་རང་བཞིན་སྣང་ལ་རང་བཞིན་མེད་


PS008_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་པ་ལ་གསོལ་བཏབ་འདི་གསུང་བ་ཞུ། ན་མོ་བུདྡྷ་ཡ་ཞེས་སོགས་སྔར་ལྟར་བརྗོད་དུ་གཞུག །དེ་ནས་ཁྱེད་རང་གི་ལྟེ་བའི་གཏུམ་མོ་ཨ་ཐུང་ལས་མེ་སྦར་རྩ་དབུ་མའི་ནང་ན་ཡར་སོང་ཚངས་བུག་ནས་འཐོན་པའི་པདྨའི་ལྟེ་བ་ན་བཞུགས་པའི་བླ་མའི་སྐུ་ལ་ཕོག་པས་སྐུའི་ནང་གི་ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་མེར་ཞུ། བདུད་རྩིའི་རྒྱུན་ཁྱེད་རང་གི་ཚངས་བུག་ནས་ཞུགས་སྨིན་མཚམས་ཡན་ཆད་གང་། བླ་མའི་སྐུའི་བྱིན་རླབས་ཐོབ། ལུས་ཀྱི་དྲི་མ་དག །བུམ་པའི་དབང་ཐོབ་སྙམ་པའི་མོས་པ་མཛོད། །ཌཱ་དྲིལ་དང་། ན་མོ་བུདྡྷ་ཡ་སོགས་ཀྱི་མཐར་ཨ་བེ་ཤ་ཡ་ཨ་བརྗོད། དེ་བཞིན་དུ་ཡང་བདུད་རྩིའི་རྒྱུན་ཚངས་བུག་ནས་ཞུགས། མགྲིན་པ་དང་སྙིང་གར་སླེབས་པ་ན་གསུང་དང་ཐུགས་ཀྱི་བྱིན་རླབས་ཐོབ་སྙམ་པ་དང་། ངག་དང་ཡིད་ཀྱི་སྒྲིབ་པ་དག་སྙམ་པ་དང་། གསང་དབང་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་སྙམ་པའི་མོས་པ་བྱེད་དུ་གཞུག །དེ་གཉིས་རེ་རེ་ལ་ཡང་ཌཱ་དྲིལ་དང་


PS008_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བུདྡྷ་ཡ་སོགས་སྔར་བཞིན། ཡང་བླ་མའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པ་ཁྱེད་རང་གི་ཚངས་བུག་ནས་ཞུགས་ལྟེ་བར་སླེབས་པ་བླ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ། རང་གི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་ནས་དབང་བཞི་པ་ཐོབ་སྙམ་པའི་མོས་པ་བྱེད་དུ་གཞུག་ཅིང་ཌཱ་དྲིལ་སྔར་བཞིན། དེ་ནས་ཆོས་འབྱུང་ཉིད་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སོང་། བླ་མ་གདན་དང་བཅས་པ་འོད་དུ་མེར་ཞུ་ཁྱེད་རང་གི་སྤྱི་བོ་ནས་ཞུགས་མར་ཐིམ་པས། བླ་མའི་སྐུ་གསུང་ཐུགས་དང་ཁྱེད་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་ཏེ་གསལ་སྟོང་ཟུང་འཇུག་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་དབྱིངས་རིག་དབྱེར་མེད་ནམ་མཁའ་ལྟ་བུའི་ངང་དུ་འཇོག་པར་ཞུ། །འདི་ནི་དོ་ཧ་ལས། ནམ་མཁའི་རང་བཞིན་ཉིད་དུ་དེ་བསམ་བྱ། ཞེས་དང་། དཔལ་ལྡན་ཞི་བ་ལྷས། ཐམས་ཅད་ནམ་མཁའ་འདྲ་བ་ནི། བདག་འདྲས་ཡོངས་སུ་བཟུང་བར་བགྱི། །ཞེས་


PS008_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་པ་སོགས་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ཀྱི་དགོངས་དོན་གྱི་བལྟ་བ་འདི་ཡིན་ནོ། །རྗེས་གཙོ་བོས་སོགས་དཀྱུས་བཞིན་བྱ། དེ་ལྟར་བླ་མ་ལ་ཐོག་མར་བྱིན་རླབས་ཐོབ་ནས་ལྷ་བཞིའི་དྲིལ་སྒྲུབ་འདི་རྒྱུན་དུ་ཉམས་སུ་ལེན་ན། རང་ཐ་མལ་དུ་གནས་པའི་ལྷར་བསྒོམས་ཀྱང་རུང་། སྐྱབས་སེམས་སྔོན་དུ་བཏང་ནས་རང་གི་སྤྱི་བོའི་གཙུག་ཏུ་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ་བདེ་བར་ཤར་ཞིང་བདེ་བར་གནས་པ་འོད་ཀྱི་རང་བཞིན་ཅན་རྩ་བ་ཕྲ་བ་རང་གི་ཚངས་བུག་ཏུ་ཟུག་པ། གདེངས་ཀ་ཆེ་བ་གྱེན་དུ་ཕྱོགས་པ་དེའི་ནང་དུ་པདྨ་འདབ་མ་བཞི་པའི་ལྟེ་བ་ལ་བླ་མ་རྡོ་རྗེ་འཆང་སྔར་བཤད་པ་བཞིན་དང་། ཕྱོགས་ཀྱི་འདབ་མ་བཞི་ལ་རང་རང་གི་གདན་གྱི་སྟེང་དུ་ས་བོན་ཧཱུྃ་སོགས་ལས་ལྷ་བཞི་བསྐྱེད། སོ་སོའི་ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ་པ་རྣམས་མདུན་བསྐྱེད་བཞིན་བྱ། དེ་ནས་བླ་མ་སྐྱབས་གནས་ཀུན་འདུས་སུ་བསྒོམ་ལ་ན་མོ་བུདྡྷ་ཡ་སོགས་


PS008_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གསོལ་བཏབ་ནས་བཟུང་ལྷ་བཞི་སོ་སོའི་སྔགས་ཅི་ནུས་བཟླས་ལ་དབང་བཞི་བླངས། མཐར་བལྟ་བའི་ངང་དུ་འཇོག །བསྔོ་སྨོན་གྱི་རྒྱས་འདེབས་དང་བཀྲ་ཤིས་ཀྱི་ཕྲེང་བས་མཐའ་བརྟེན་པར་བྱའོ། །ཞེས་པ་འདི་ནི་དགེ་སློང་འདུལ་བ་འཛིན་པ་ངག་དབང་ཆོས་གྲགས་ཀྱིས་ལྕགས་ཕོ་འབྲུག་ལོ་ཟླ་བ་བདུན་པའི་ནང་དུ་སྔོན་གྱི་ཡིག་རྙིང་ལ་བརྟེན་ནས་མདར་གྲང་ཆེན་དུ་ཕྱག་ལེན་ལ་བཀོད་པའོ། །


no previousཕྱག་རྒྱ་ཆེན་པོ་གའུ་མའི་དབང་བསྐུར། ངག་དབང་ཆོས་གྲགས། next