Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བརྒྱད་པ།


   
   
འཁོར་ལོ་སྡོམ་པ་ལྷ་ལྔའི་མངོན་རྟོགས། རྒྱལ་མཚན་འབུམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཁོར་ལོ་སྡོམ་པ་ལྷ་ལྔའི་མངོན་རྟོགས། རྒྱལ་མཚན་འབུམ། next

འཁོར་ལོ་སྡོམ་པ་ལྷ་ལྔའི་མངོན་རྟོགས། རྒྱལ་མཚན་འབུམ།


PS008_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་སྡོམ་པ་ལྷ་ལྔའི་མངོན་རྟོགས་བཞུགས་སོ། །


PS008_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དམ་པའི་ཞབས་བཏུད་ནས། །བཅོམ་ལྡན་བདེ་མཆོག་ལྷ་ལྔ་ཡི། །མངོན་རྟོགས་བླ་མའི་གསུང་བཞིན་དུ། །རང་སེམས་གསལ་འདེབས་དོན་དུ་བྲི། །དེ་ལ་བདེ་མཆོག་ལྷ་ལྔ་བསྒོམ་པར་འདོད་པས། །བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་ཧེ་རུ་ཀ་བསྒོམ་སྙམ་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ། སྐད་ཅིག་གིས་མདུན་


PS008_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ནམ་མཁར་རིགས་ལྔའི་ལྷ་ཚོགས་སྤྱན་དྲངས་ལ། བདག་གི་སྡིག་སྒྲིབ་སྦྱོང་དུ་གསོལ། །ཞེས་གསོལ་བ་བཏབ་པས། རིགས་ལྔའི་ཐུགས་ཀ་ནས་ལྷ་མོ་བདུད་རྩིའི་བུམ་ཆུ་ཐོགས་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་པའི་ཁྲུས་བྱས་པས། རང་གི་སྡིག་སྒྲིབ་ཐམས་ཅད་དག་ནས་ལུས་ཤེལ་སྒོང་ལྟ་བུར་གྱུར་པར་བསམ་མོ། །བདུད་རྩི་རིལ་བུ་ལྕེ་ཐོག་ཏུ་བཞག་


PS008_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ཨོཾ་ཨ་མྲྀ་ཏ་ཝཀ་རཀྵ་ཧཱུྃ་ཕཊ། ཅེས་བརྗོད་དོ། །སེམས་རིག་སྟོང་འཛིན་མེད་དུ་བཞག་པར་བྱའོ། །དེ་ནས་རང་སྐད་ཅིག་གིས་གཙོ་བོ་བདེ་མཆོག་ཡབ་ཡུམ་གྱི་ཐུགས་ཀར་པདྨ་ཉི་མའི་སྟེང་དུ་ཧཱུྃ་བསམ་ནས། རྡོ་རྗེ་ཐོད་སྦྱོར་གྱི་ཕྱག་རྒྱ་དང་། །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ། ཅེས་བརྗོད་པས། ཐུགས་ཀའི་ཧཱུྃ་ལས་རཾ་ཅིག་དབུ་མ་ནས་མདུན་དུ་ཆད་པ་ལས། ཉི་མའི་དཀྱིལ་འཁོར་གྱི་སྟོང་གསུམ་ཙམ་དུ་གྱུར། ཡང་ཧཱུྃ་གཅིག་ཉི་མའི་སྟེང་དུ་ཆད་པ་ལས། རྡོ་རྗེ་རྒྱ་གྲཾ་ལྟེ་བ་མཐིང་ག །ཤར་གྱི་རྭ་གསུམ་དཀར། ལྷོའི་རྭ་གསུམ་སེར། ནུབ་ཀྱི་རྭ་གསུམ་དམར། བྱང་གི་རྭ་གསུམ་ལྗང་གུའོ། །དེ་ཉིད་རྒྱ་ཆེ་བས་ས་གཞི། དཔངས་མཐོ་བས་རྩིགས་པ། རྡོ་རྗེའི་རྭ་རྣམས་སྟེང་དུ་འདུག་པས་བླ་རེའོ། །རྡོ་རྗེའི་སྟེང་དང་ཕྱོགས་བཞི་ནས་ཧཱུྃ་ཁ་དོག་ལྔ་འཕྲོས་པ་ལས། རྡོ་རྗེ་རྩེ་དགུ་པ། བདུན་པ། ལྔ་


PS008_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

པ། གསུམ་པ། གཅིག་པ། སྲན་ཙམ། ནས་ཙམ་ཡན་ཆད་ཀྱིས་རྡོ་རྗེའི་བར་རྣམས་གཏམས་པ་དང་། འོག་གི་ཉི་མ་ལས་མེ་འབར་བས། ཕྱི་རྡོ་རྗེའི་རྭ་རྣམས་ཁྲོ་ཆུ་ལྟར་ཞུ་ནས། སྲིད་པའི་རླུང་གིས་ཀྱང་མི་ཐར་བའི་བསྲུང་བའི་འཁོར་ལོ་སྟོང་གསུམ་ཙམ་དུ་གྱུར་པར་བལྟའོ། །དེས་བདུད་བཞི་བཅོམ་སྟེ། ཤར་གྱི་རྭས་ལྷའི་བདུད་བཅོམ། ལྷོའི་ཕུང་པོའི། ནུབ་ཀྱིས་ཉོན་མོངས་པའི་བྱང་གིས་འཆི་བདག་གི་བདུད་བཅོམ་པའོ། །ཡང་དྲྭ་གུར་ཁ་དོག་ལྔ་ཕུང་པོའོ། །དེ་རིགས་ལྔས་ལྷའི་བུའི། །དེས་ཡེ་ཤེས་ལྔ་ཉོན་མོངས་པའི། དྲྭ་གུར་ནང་སྟོང་པས་འཆི་བདག་གི་བདུད་བཅོམ། རང་གི་ས་བོན་གྱི་འོད་ཟེར་གྱིས་བླ་མ་དང་། ཡི་དམ། དྲྭ་གུར་གྱི་ནང་དུ་དཔང་པོར་སྐད་ཅིག་གིས་སྤྱན་དྲངས་ལ་བཞུགས་པར་བལྟས་ལ་སྐྱབས་འགྲོ་ལན་གསུམ་བྱའོ། །སེམས་ཅན་ཐམས་ཅད་བདེ་བ་དང་ཕྲད་པར་འདོད་པའི་


PS008_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་པ་སྡུག་བསྔལ་ལས་སྐྱོབ་པར་འདོད་པའི་སྙིང་རྗེ། ཧེ་རུ་ཀའི་གོ་འཕང་ལ་བཀོད་པའི་བྱང་ཆུབ་ཀྱི་སེམས་བསྒོམས་པས། བཅོམ་ལྡན་འདས་ཐུགས་རྗེའི་དབང་གིས་མདུན་དུ་བྱོན་ཏེ། དེའི་འོད་ཟེར་རང་གི་ལུས་ལ་ཕོག་པས། ཕུང་པོ་ཁམས། སྐྱེ་མཆེད། ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་ནས་མེ་ལོང་གསལ་བ་ལ་གཟུགས་བརྙན་ཤར་བ་ལྟར་མདུན་གྱི་ལྷ་དང་རང་ཉིད་དབྱེར་མེད་པའི་བདེ་མཆོག་གི་སྐུར་འགྱུར་པའོ། །རང་ཧེ་རུ་ཀར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། འོག་མིན་ནས་ལྷ་ལྔའི་དཀྱིལ་འཁོར་བླ་མ་དང་བཅས་པ་ལ་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས་ནས། རང་གི་གནས་གསུམ་དུ་ཐལ་མོ་སྦྱར་ཏེ། ཨོཾ་ན་མ་ཏེ་ཧཱུྃ། ཨོཾ་ན་མོ་མི་ཧཱུྃ། ཨོཾ་ན་མོ་ན་མ་ཧཱུྃ། ཞེས་པས་ཕྱག་བྱའོ། །དང་པོ་ནི། སྙིང་གའི་ཧཱུྃ་ལས་མེ་ཏོག་མ་སེར་མོ། །དྲི་ཆབ་མ་དཀར་མོ། །བདུག་


PS008_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

སྤོས་མ་སྔོན་མོ། །མར་མེ་མ་དམར་མོ། ཞལ་ཟས་མ་དཀར་སེར་དཔག་ཏུ་མེད་པས་མཆོད་དེ། །གཉིས་པ་ཧཱུྃ་ལས་ཌཱ་ཀི་མ་མཐིང་ག །ལཱ་མ་ལྗང་གུ། ཁཎྜ་རོ་ཧི་དམར་མོ། རཱུ་པ་ནི་སེར་མོ་དང་བཞི་གཡས་ཤ་ལྔ། གཡོན་བདུད་རྩི་ལྔ་ཐོགས་པ་དཔག་ཏུ་མེད་པས་མཆོད་དོ། །གསུམ་པ་ནི། བདེ་བ་རྒྱས་པའི་ལྷ་མོ་བཞི་ཡབ་ཡུམ་ལ་ཐིམ་པའི་སྙོམས་འཇུག་གི་བདེ་བས་མཆོད་དེ། །བཞི་པ་ནི། མཆོད་བྱ་མཆོད་བྱེད་མཆོད་པ་རྣམས་རང་བཞིན་མེད་པར་ཤེས་པར་བྱའོ། །ལྔ་པ་ནི། སྔར་བྱས་པའི་སྡིག་པ་ལ་འགྱོད་པ་བསྐྱེད། ཕྱིས་མི་བྱེད་པར་བསྡོམས། དེ་ལྟའི་རང་བཞིན་མེད་པར་བཤགས་སོ། །སྤྱིར་བསྟན་པ་དང་། སྔགས་ཕྱི་ནང་། ཁྱད་པར་དུ་བདེ་མཆོག་གི་སྒོར་ཞུགས་པ་ལ་ཡི་རང་བའོ། །སངས་རྒྱས་གཙོ་བོ་ཡབ་ཡུམ། ཆོས་སྔགས་གྲགས་སྟོང་། དགེ་འདུན་


PS008_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་བཞི་ལ་སྐྱབས་སུ་འགྲོ་བའོ། ལམ་གྱི་དམ་པ་མཆོག །བདེ་བའི་མཆོག་འདི་རང་གི་རྒྱུད་ལ་བརྟན་པའོ། །དགེ་བའི་རྩ་བ་དེ་རྣམས་སེམས་ཅན་གྱི་དོན་བྱང་ཆུབ་ཆེན་པོར་བསྔོ་བར་བྱའོ། །དེ་ནས་དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རངས། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བྱང་ཆུབ་སེམས་སུ་འདི་བགྱིད་དེ། །བདག་དང་གཞན་དོན་རབ་བསྒྲུབ་ཕྱིར། །བདག་ནི་བྱང་ཆུབ་སེམས་མཆོག་བསྐྱེད། །ཨེ་མ་ཧོ། །སེམས་ཅན་ཀུན་གྱི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་མཛད་བཞིན་སྤྱད། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བརྗོད་དོ། །སེམས་ཅན་ཐམས་ཅད་བདེ་བ་དང་ཕྲད་པར་འདོད་པའི་བྱམས་པ། །


PS008_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་ལས་སྐྱོབས་པའི་སྙིང་རྗེ། །བདེ་བ་དམ་པ་དང་མི་འབྲལ་བ་ལ་སྤྲོ་བའི་དགའ་བ། ཀུན་ལ་སེམས་མཉམ་པའི་བཏང་སྙོམས། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ་྅ཧཾ། གིས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་བསམ། ཨོཾ་ཤཱུ་ནྱཱ་ཏཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་གིས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་མོ། །སྟོང་པའི་ངང་ལས་རླུང་གི་དཀྱིལ་འཁོར་ཟླ་གཾ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ། དེའི་སྟེང་དུ་བྃ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ། །དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི། དེའི་སྟེང་དུ་སུམ་ལས་རིའི་རྒྱལ་པོ་རི་རབ་གྲུ་བཞི། རིན་པོ་ཆེ་སྣ་བཞི་ལས་གྲུབ་པ། ལྕོག་བརྒྱད་ཀྱིས་རྣམ་པར་མཛེས་པའོ། །རི་རབ་དེའི་སྟེང་དུ་ཧཱུྃ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེའོ། །དེའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨ་འདབ་བརྒྱད། ལྟེ་བ་དང་གེ་སར་དུ་ལྡན་པའོ། །དེའི་དབུས་སུ་པཾ་ལས་པདྨ། རཾ་


PS008_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཉི་མ་དང་འཇིགས་བྱེད་དུས་མཚན་ནོ། །དེའི་སྟེང་དུ་རང་སེམས་ཧཱུྃ་དུ་གྱུར་པ་ལས། འོད་ཟེར་སྣ་ཚོགས་འཕྲོས་པས་དོན་གཉིས་བྱས། །ཚུར་འདུས་པ་ལས། བདག་ཉིད་དཔལ་ཧེ་རུ་ཀ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས། གཡས་རྡོ་རྗེ། གཡོན་དྲིལ་བུ་རྣམས་པས་ཡུམ་ལ་འཁྱུད་པ། སྟག་གི་ཤམ་ཐབས་ཅན། ཞབས་གཡས་བརྐྱང་བས་བཞུགས་པའོ། །དེའི་ཡུམ་རྗེ་བཙུན་མ་སྐུ་མདོག་དམར་བ། ཞལ་གཅིག་ཕྱག་གཉིས་པ། གཡས་གྲི་གུག་འཕྱར་བ། གཡོན་ཐོད་ཁྲག་སྟོབས་པ། ལང་ཚོ་མཛེས་ཤིང་སྒེག་པ། བདེ་བའི་ཉམས་དང་ལྡན་པས་ཡབ་ལ་འཁྲིལ་བའོ། །དེ་ལྟར་ཡབ་ཡུམ་གཉིས་ཀ་སྤྱན་གསུམ་པ། མཆེ་བ་གཙིགས་པ། ཐོར་གཙུག་ལ་ཉི་ཟླས་མཛེས་པའོ། །ཐོད་པ་སྐམ་པོ་ལྔས་བརྒྱན་པ། འཁོར་ལོ་དང་། རྣ་རྒྱན་དང་། མགུལ་རྒྱན་དང་། སེ་མོ་དོ་དང་། དཔུང་རྒྱན་དང་། ཕྱག་


PS008_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

གདུབ་དང་། དོ་ཤལ་དང་། སྐེ་རག་དང་། ཕྱག་རྒྱ་དྲུག་གམ་ལྔས་བརྒྱན་པ། མི་མགོ་སྐམ་རློན་ལྔ་བཅུའི་དོ་ཤལ་ཅན། མཚན་དཔེས་བརྒྱན་པ། གར་གྱི་ཉམས་དགུ་དང་ལྡན་ཞིང་། འོད་དང་འོད་ཟེར་གྱི་རང་བཞིན་ཅན། མེ་དཔུང་གི་ཀློང་ན་བཞུགས་པར་བལྟའོ། །ཤར་གྱི་པད་འདབ་ལ་མཁའ་འགྲོ་མ་མཐིང་ག །བྱང་དུ་ལཱ་མ་ལྗང་གུ། །ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། དེ་རྣམས་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། སྐྲ་གྲོལ་བ། མཆེ་བ་གཙིགས་པ། གཡས་གྲི་གུག །གཡོན་ཐོད་པ་དང་ཁ་ཊཱཾྭ་ག་བསྣམས་པའོ། །དེ་ཡང་གཅེར་བུ་རུས་པ་དང་། མི་མགོས་བརྒྱན་པ། རོའི་སྟེང་དུ་ཞབས་གཡས་བརྐྱང་བས་བཞུགས་པའོ། །སྙིང་་གའི་ཧཱུྃ་གི་འོད་ཟེར་གྱིས་འོག་མིན་ནས། ལྷ་ལྔའི་ཡེ་ཤེས་པ་སྤྱན་དྲངས་ལ་མཆོད་དོ། །ཛཿཧཱུྃ་བཾ་


PS008_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཧོཿས་བསྟིམ་མོ། །ཡབ་ཀྱི་དཔྲལ་བར་པད་ཟླའི་སྟེང་དུ་ཨོཾ་དཀར་པོ། མགྲིན་པར་པད་ཟླའི་སྟེང་དུ་ཨཱཿདམར་པོ། སྙིང་གར་པད་ཟླའི་སྟེང་དུ་ཧཱུྃ་སྔོན་པོ་བསམ་མོ། །ཡང་ཧཱུྃ་གི་འོད་ཟེར་གྱིས་རིག་ལྔ་སྤྱན་དྲངས་ལ་མཆོད་དེ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཅི་ལྟར་མཆོད་ཅིང་གསོལ་བ་ལྟར། །བདག་ཀྱང་རབ་ཏུ་སྐྱོབ་པའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་དག་སྩོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པ་དང་། གཙོ་བོའི་ཐུགས་ཀ་ནས་ཡུམ་ལྔས་བདུད་རྩིའི་བུམ་པ་ཐོགས་ནས། ཧཱུྃ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ཤྲཱི་ས་མ་ཡེ་ཧཱུྃ། །ཞེས་དབང་བསྐུར་བས། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་སྟེ། །དབང་བཞི་ཐོབ་ནས་ཆུ་ལྷག་མ་ཡར་ལུད་པ་ལས། མི་


PS008_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོད་པས་དབུ་བརྒྱན་པར་བསམ་མོ། །རྡོ་རྗེ་ཕག་མོ་དང་མཁའ་འགྲོ་མ་ལ་རྣམ་པར་སྣང་མཛད། ལཱ་མ་ལ་དོན་ཡོད་གྲུབ་པ། དུཾ་སྐྱེས་མ་ལ་འོད་དཔག་མེད། །གཟུགས་ཅན་མ་ལ་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་ནོ། །དེ་ནས་ཀ་པཱ་ལར་མ་ད་ན་བླུགས་ལ་ཤ་ལྔ་བདུད་རྩི་ལྔར་སྦྱང་ངོ་། །ཡང་ན་ཀ་པཱ་ལར་ལྷ་ལྔ་བསྐྱེད་ལ་བཟླས་པ་བྱས་པས། ཡབ་ཡུམ་གྱི་སྦྱོར་མཚམས་ནས་བདུད་རྩི་བབས་པས། ཐོད་པ་ཁེངས་ནས་ཡབ་ཡུམ་ཀྱང་ཞུ་སྟེ་ཐིམ་པས་དེ་ལྷ་ཚོགས་རྡོ་རྗེ་འཆང་། ནི་གུ་མ། བླ་མ་ཤངས་པ། རྨོག་ལྕོག་པ། སྐྱེར་སྒང་པ། སངས་རྒྱས་གཉན་སྟོན། སངས་རྒྱས་སྟོན་པ། མཁས་གྲུབ་ཞང་སྟོན། མཁས་གྲུབ་ཚུལ་ཁྲིམས་མགོན་པོ། །ཆོས་རྗེ་ཁམས་པའོ། །རྣམས་མཆོད་ནས། ལྕེ་ཐོག་ཏུ་བཞག་པས། བདེ་སྟོང་གཉིས་སུ་མེད་པར་བསྒོམ་མོ། །བསྐྱེད་པའི་རིམ་པའོ། །དེ་ནས་ལུས་གནད་ཙོག་


PS008_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

པུར་བྱས་ལ། ལུས་ཡི་དམ་དུ་བསྐྱེད་པའི་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ། ཡར་སྣེ་ཚངས་བུག །མར་སྣ་གསང་གནས་སོ། །རྩ་རོ་རྐྱང་གཉིས་ཡར་སྣེ་སྣ་སྒོ་གཉིས། མར་སྣ་ལྟེ་འོག་སོར་བཞིར་ཟུག་པའོ། །སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས་ཀྱི་ལྟེ་བར་ཧཾ་དཀར་པོའོ། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་གི་ལྟེ་བར་ཨོཾ་སེར་པོ། སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་ཀྱི་ལྟེ་བར་ཧཱུྃ་སྔོན་པོ། །ལྟེ་བར་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞིའི་ལྟེ་བར་ཨཱཿདཀར་པོ། དེས་རྩ་དབུ་མའི་ནང་ལྟེ་འོག་སོར་བཞིར་ཨཱཿདམར་པོ་མཚལ་ཤད་ལྟ་བུ་ཅིག་བསམ་ནས་སྲོག་རྩོལ་གྱི་སྦྱོར་བས། རླུང་གཉིས་ཁ་སྦྱར་བས། ཨཱཿལས་ཡེ་ཤེས་ཀྱི་མེ་འབར་ཏེ། དབུ་མ་ན་ཡར་སོང་བས། ལྟེ་བ་ལ་སོགས་པའི་ཡི་གེ་རྣམས་རིམས་གྱིས་བསྲེགས་ཏེ། སྤྱི་བོའི་


PS008_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཧཾ་ལ་མེ་ཕོག་པས་བདུད་རྩི་བབས་ནས། སྤྱི་བོ། མགྲིན་པ། སྙིང་ག །ལྟེ་བའི་རྩ་འདབ་རྣམས་ཁེངས་པས། ཡི་གེ་རྣམས་གསོལ་ནས། འབར་འཛགས་ལ་རྩེ་གཅིག་ཏུ་འབད་པས། དྲོད། བདེ་བ། གསལ་བ། མི་རྟོག་པ་དང་གསུམ་འཆར་བར་འགྱུར་རོ། །རྫོགས་པའི་རིམ་པའོ། །དེས་ན་དབུགས་ཕྱིར་འགྲོ་དེ་ཧཱུྃ་མང་པོའི་ཐུགས་རྡོ་རྗེ་དཔག་ཏུ་མེད་པར་གྱུར་ནས། རང་དང་སེམས་ཅན་གྱི་དོན་བྱས་པ་ནི་ཐུགས་ཀྱི་གསང་བའོ། །རླུང་ནང་དུ་འཇུག་པ་ནི། ཨོཾ་མང་པོའམ། སྐུ་རྡོ་རྗེར་གྱུར་ནས་རང་དང་སེམས་ཅན་གྱི་དོན་བྱས་པ་ནི་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པའོ། རླུང་ནང་དུ་གནས་པ་ཨར་གྱུར་པའམ། གསུང་རྡོ་རྗེ་དཔག་ཏུ་མེད་པས་རང་གཞན་གྱི་དོན་བྱས་པ་ནི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའོ། །དེ་ལྟར་རླུང་འགྲོ་འོང་གནས་གསུམ་རྡོ་རྗེའི་བཟླས་པ་ཡི་གེ་ཨར་འདུས་པ་ནས། ཨཱ་གསལ་ལ་རྟོག་མེད་བདེ་བ་ཆེན་པོའི་རང་བཞིན་ལ་སེམས་རྩེ་གཅིག་ཏུ་གནས་པར་


PS008_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །རྡོ་རྗེའི་བཟླས་པའོ། །དེ་ནས་གཙོ་བོའི་ཐུགས་ཀར་པད་ཉིའི་སྟེང་དུ་ཧཱུྃ་ལས་ཡི་གེ་བདུན་པས་བསྐོར་བའོ། །ཡུམ་གྱི་ཐུགས་ཀར་པད་ཉིའི་སྟེང་དུ་བྃ་ལས་བཻ་རོ་ཙ་ནས་བསྐོར་བར་བསམ། དེ་ལྟར་ས་བོན་དང་ཡི་གེ་མི་འཁོར་བ་ལས་གསལ་བར་བལྟས་ནས། ཡིད་ཀྱི་བཟླས་པ་བྱས་པའི་རྐྱེན་གྱིས་ཡིག་འབྲུ་ལས་འོད་བྱུང་ནས་ཁོང་པའི་ནང་ཁེངས་པས་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་བསམ། བསམ་གཏན་གྱི་བཟླས་པའོ། །དེ་ནས་རང་ཉིད་ཡུམ་གྱི་ཐུགས་ཀའི་ས་བོན་ལ་སྙིང་པོ་དང་ཉེ་བའི་སྙིང་པོས་བསྐོར་བ་ལ་དམིགས་ནས། བཟླས་པ་བྱས་པས། ཡབ་ཀྱི་ཐུགས་ཀའི་སྔགས་རྣམས་དབུ་མར་བརྒྱུད། རྡོ་རྗེ་ནས་ཡུམ་གྱི་པདྨ་དང་དབུ་མ་ནས་ཡར་སོང་། ཡུམ་གྱི་ཐུགས་ཀའི་སྔགས་དང་བཅས་ཏེ་ཞལ་ནས་གསང་གནས་སུ་འཁོར་བར་བསམ་མོ། །


PS008_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་སྔགས་འཁོར་བ་དང་དེའི་འོད་ཟེར་རྣམས་བདེ་བའི་རང་བཞིན་དུ་བསམ་ལ་བཟླས་པ་བྱའོ། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ། ཌཱ་ཀི་ནི་བཛྲ་ཛྭ་ལ་སཾ་བ་ར་སྭཱ་ཧཱ། སྙིང་པོའོ། ཨོཾ་ཧྲི་ཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཉེ་སྙིང་ངོ། ཨོཾ་བཛྲ་བཻ་རོ་ཙ་ན་ཡཻ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། སྙིང་པོའོ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནི་ཡཻ་བཛྲ་ཝརྞ་ནི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཉེ་སྙིང་ངོ་། ཨོཾ་ཌཱ་ཀི་ནི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ལཱ་མེ་ཡཻ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཁཎྜ་རོ་ཧི་ཧཱུྃ་ཧཱུྃ་ཕཊ། ཨོཾ་རཱུ་པ་ནི་ཡེ་ཧཱུྃ་ཧཱུྃ་ཕཊ། ལྷ་མོ་བཞིའོ། །ཕྲེང་བའི་བཟླས་པའོ། །དེ་ནས་ཐུན་མཚམས་སུ་གཏོར་མ་གཏོང་བར་འདོད་པས། སུམྦྷ་ནིས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར། རཾ་ལས་མེའི་དཀྱིལ་འཁོར། ཀཾ་ལས་མི་མགོ། ཨཱཿལས་ཐོད་པའི་ནང་དུ་པདྨ་འདབ་


PS008_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

མ་བརྒྱད་པའི་དབུས་དང་། ཕྱོགས་བཞིར། གོ་ཀུ་ད་ཧ་ན་སྟེ་ཤ་ལྔ་རི་རབ་ཙམ་མོ། །དབུས་དང་ཕྱོགས་བཞིར། བི་མུ་ཤཱུ་མ། ར་སྟེ་བདུད་རྩི་ལྔའི་རྒྱ་མཚོའོ། །ཨོཾ་ཧཱུྃ་ཏྲཱཾཿཧྲཱིཿཨ་སྟེ་རིགས་ལྔའི་ས་བོན་ལྔའོ། །དེའི་སྟེང་དུ་ཟླ་བའི་ཡི་གེ་གསུམ་དང་བཅས་པ་དང་། དེའི་སྟེང་དུ་ཧཱུྃ་ལས་བྱུང་བའི་ཁ་ཊཱཾྭ་ག་དཀར་པོ་མགོ་བོ་། ཐུར་དུ་བལྟ་བ་བདུད་རྩིའི་རང་བཞིན་ཧཱུྃ་གིས་མཚན་པར་བལྟའོ། །དེ་ནས་ཡྃ་ལས་རླུང་གཡོས། རྃ་ལས་མེ་འབར་ཏེ། རྫས་རྣམས་ཁོལ་བ་དང་། ཡི་གེ་གསུམ་བརྗོད་པ་དང་། ཧཱུྃ་གིས་སྦྱངས། ཨཱཿས་དག་པར་བྱས། ཨོཾ་གྱི་སྤེལ་ནས། ཁ་ཊཱཾྭ་ག་ཧཱུྃ་གི་འོད་ཟེར་གྱིས་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས། ཁ་ཊཱཾྭ་ག་ལ་ཐིམ་པ་དང་། དེ་ཉིད་ཀྱིས་དཀྲུགས་པས། ཟླ་བ་དང་བཅས་པ་ཞུ་ནས་གཉིས་སུ་མེད་པར་བསམ་མོ། །དེ་ནས་མདུན་དུ་དམ་ཚིག་གི་ཙཀྲ་དང་། འགྲོ་དྲུག་


PS008_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

གི་སེམས་ཅན་ཐམས་ཅད་དཔའ་བོ་དང་། དཔའ་མོར་བསྐྱེད་ནས། རྐང་པ་གཡས་པས་གཡོན་པའི་མཐེ་བོང་མནན་ཏེ། འབར་བའི་ཕྱག་རྒྱ་ཕེཾ་གྱི་སྒྲ་དང་། ཧཱུྃ་འོད་ཟེར་དང་ལྡན་པས། ངག་ཏུ། ཨོཾ་བཛྲ་ཨ་ར་ལི་ཧོ། ཛཿཧཱུྃ་བྃ་ཧོཿབཛྲ་ཌཱ་ཀི་ནི་ས་མ་ཡ་སྟཾྭ། ཏྲི་ཤ་ཧོཿཡེ་ཤེས་པ་བསྟིམ་ལ་མཆོད་དེ། དེ་ནས་ལྷ་ཚོགས་ལྗགས་རྡོ་རྗེའི་སྦུ་གུ་ཅན་རྣམས་ཀྱིས་གསོལ་བར་བསམ་ནས། ཨོཾ་བཛྲ་ཌཱ་ཀི་ཨི་དཾ་བྷ་ལིང་གྲི་ཧྣ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཧྲཱི་ཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བཛྲ་བཻ་རོ་ཙ་ཎི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། །ཨོཾ་ཌཱ་ཀི་ནི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ལཱ་མེ་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཁཎྜ་རོ་ཧི་ནི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་རཱུ་པ་ནི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨི་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་མམ་ལྔས་དབུལ་ལོ། །དེ་ནས་དུར་ཁྲོད་ན་གནས་པ་དང་། འབྱུང་པོའི་ཚོགས་


PS008_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་འབུལ་ཏེ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཀྵ་བྷཱུ་ཏ་པྲེ་ཏ་བི་ཤཉྩ་ཨུད་མ་ཏ་ཨ་པ་སྨ་ར། ཌཱ་ཀ་ཌཱ་ཀི་ནྱ་དྷ་ཡ། ཨི་མཾ་བྷ་ལིཾ་གྲིཧྣ་ཏུ། ས་མ་ཡ་རཀྵནྟུ། གནོད་སྦྱིན་སྲིན་པོ་འབྱུང་པོ་ཡི་དྭགས་ཤ་ཟ་སྨྱོ་བྱེད་བརྗེད་བྱེད་མཁའ་འགྲོ་མ་ལ་སོགས་པ་བདེ་ལེགས་ཐམས་ཅད་བཞེས་སུ་གསོལ་ཟོ་ཅིག་ཟོ་ཅིག་དམ་ཚིག་བསྲུང་དུ་གསོལ་མ་མ་སརྦ་སིདྡྷི་མེ་པྲ་ཡ་ཙྪན་དུ་ཡ་ཐེ་བཾ་ཡ་ཐེཥྚན་པུཉྩ་ཐཱ་པི་པཱ་ཐཱ་ཛཱི་ག་ཐཱ། མ་ཏི་ཀྲ་མ་ཐཱ་མ་མ་སརྦ་ཀར་ཏ་དངོས་གྲུབ་བདག་ལ་སྩལ་དུ་གསོལ། ཅི་ལྟ་བ་བཞིན་དུ་ཅི་ལྟར་འདོད་པ་། གསོལ་ཅིག་འཐུང་ཅིག་དགོངས་ཤིག །མ་མདའ་བར་ཡ་སད་སུ་ཁཾ་བི་ཤུདྡྷ་ཡེ་སྭཱ་ཧཱ། ཡི་ཀ་བྷ་ཝ་ན་ཏུ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཅེས་ག་ལན་གསུམ་ཕུལ་བས། མཉེས་པར་བསམ་མོ། །བདག་གི་དགོས་འདོད་ཐམས་ཅད་རྣམ་པར་དག་པའི་གྲོགས་མཛད་དུ་


PS008_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །བཅོམ་ལྡན་མགོན་པོ་དཔའ་བོ་དབང་ཕྱུག་ནི། །བསྐལ་པའི་མེ་དཔུང་ལྟ་བུར་རབ་ཏུ་འབར། །རལ་པའི་ཅོད་པན་དབུ་ཡི་རྒྱན་དུ་བྱས། །མཆེ་བ་རབ་གཙིགས་དྲག་ཤུལ་འཇིགས་པའི་ཞལ། །སྐུ་ལ་གཟི་བརྗིད་སྤྱན་སྟོང་ལྡན་པ་པོ། །དགྲ་སྟྭ་ཞགས་པ་ཁ་ཊཱཾྭ་མདུད་བསྣམས་ཤིང་། །རབ་འཇིགས་སྟག་གི་པགས་པ་སྐུ་ལ་གསོལ། །སྐུ་ཆེན་དུད་ཀས་བགེགས་འདུལ་མཛད་ལ་འདུད། །བཅོམ་ལྡན་རྣམ་ཀུན་རྡོ་རྗེ་ཕག་མོ་ནི། །འཇིག་རྟེན་གསུམ་སོགས་ཕྱོགས་གཞན་རྒོལ་བས་མི་ཐུབ་ཅིང་། །འབྱུང་པོའི་འཇིགས་པ་མ་ལུས་རྡོ་རྗེ་ཆེན་མོས་འཇོམས། །རྡོ་རྗེ་གདན་བཞུགས་ཚངས་སོགས་དབང་བྱེད་ལས་རྒྱལ་ཞིང་། །རྡོ་རྗེ་ཕག་མོ་ཁྲོ་མོའི་གཟུགས་ཅན་དྲག་སྐེམས་མ། །རྨུགས་བྱེད་རེངས་བྱེད་རྨོངས་བྱེད་ལས་ནི་རྣམ་རྒྱལ་ཞིང་། །བདུད་ཀྱི་འཇིགས་པ་ལ་སོགས་སྐེམས་ཤིང་ཕམ་པར་མཛད་པ་


PS008_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

མོ། །རྣལ་འབྱོར་ཆེན་མོ་འདོད་པའི་དབང་ཕྱུག་མ་ལ་འདུད། །ཅེས་པས་བསྟོད་དོ། །བཅོམ་ལྡན་བདེ་མཆོག་འཁོར་དང་བཅས། །ཁྱེད་ལ་མཆོད་ཅིང་བསྟོད་པ་འདིས། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལབ་བཟང་། །ལོངས་སྤྱོད་རྒྱ་ཆེ་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་བསྲུང་། །དངོས་གྲུབ་ཅན་གྱིས་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་གེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་དང་ཆོས་རྣམས་འཕེལ་བར་ཤོག །བདེ་ལེགས་ཐམས་ཅད་འབྱུང་བ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པས་ཕྲིས་གཞོལ་ལོ། །གང་ཡང་


PS008_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

བདག་བློ་གཏི་མུག་པས་སོགས། ཅེས་པས་བཟོད་པར་གསོལ། ཨོཾ་ཁྱེད་ཀྱིས་སེམས་སོགས་ཨོཾ་བཛྲ་མུཿཅེས་པས་གཤེགས་སུ་གསོལ། དགེ་བའི་ཚོགས་རྣམས་བསགས་པ་ཀུན་སོགས། ཅེས་པས་བསྔོ་བ་བྱའོ། །ལེགས་པའི་ཡོན་ཏན་རབ་རྫོགས་པ་སོགས་ཅེས་པས་བཀྲ་ཤིས་བརྗོད་དོ། །མངོན་རྟོགས་མུ་ཏིག་ཕྲེང་བ་འདི། །བློ་དམན་བདེ་བླག་རྟོགས་བྱའི་ཕྱིར། །བླ་མའི་གསུང་བཞིན་གནང་བར་ཞུས། །བློ་ལ་འཛིན་རྒྱུ་དགུད་དུ་བཀོད། །བཤད་པ་གོང་མའི་མངོན་རྟོགས་ལྟར། །དགེ་བས་འགྲོ་དོན་འབྱུང་བར་ཤོག །ལྷ་ལྔའི་མངོན་པར་རྟོགས་པ། །སྔགས་འཆང་རྒྱལ་མཚན་འབུམ་གྱི་ཡི་གེར་བཀོད་པའོ། །རྫོགས་སོ། །འདི་བྲིས་དགེ་བ་དྲི་མེད་དཀར་བ་དེས། ནམ་མཁའི་མཐའ་ཁྱབ་གྱུར་པའི་སེམས་ཅན་རྣམས། །འཁོར་ལོ་སྡོམ་པའི་གོ་འཕང་མྱུར་ཐོབ་ཤོག། །།


previousའཁོར་ལོ་སྡོམ་པ་ལྷ་ལྔའི་མངོན་རྟོགས། རྒྱལ་མཚན་འབུམ། next