Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བརྒྱད་པ།


   
   
   
   
   
   
   
   
   
ཆོས་དྲུག་གི་གསུང་སྒྲོས། བཙུན་པ་རྒྱལ་མཚན་འབུམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཆོས་དྲུག་གི་གསུང་སྒྲོས། བཙུན་པ་རྒྱལ་མཚན་འབུམ། next

ཆོས་དྲུག་གི་གསུང་སྒྲོས། བཙུན་པ་རྒྱལ་མཚན་འབུམ།


PS008_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དྲུག་གི་གསུང་སྒྲོས་བཞུགས་སོ། །


PS008_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །གཞན་དོན་གོམས་པ་ཐུགས་རྗེའི་བདག་ཉིད་ཅན། །རྒྱལ་བའི་བསྟན་པ་སྟོན་པ་ལྟར་མཛད་པ། །དཔལ་ལྡན་བླ་མ་བརྒྱུད་པར་བཅས་པ་དང་། །བདག་ཅག་འདྲེན་པ་དེ་ལ་ཕྱག་འཚལ་ལོ། །དེ་ལ་ཆོས་གཤའ་མ་གཅིག་བྱེད་ན། འཆི་བ་མི་རྟག་པ་རྒྱུད་ལ་སྐྱེས་པ་དང་། །ཚེ་འདི་བློས་ཐོངས་པ་ཅིག་དགོས་ཏེ། ལ་སྟོད་ཐོ་ལིང་གི་གཙུག་ལག་ཁང་།


PS008_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

དུ། ལོ་ཙ་བ་རིན་ཆེན་བཟང་པོས། ཇོ་བོ་རྗེས་གདན་དྲངས་པས། གཙུག་ལག་ཁང་སུམ་ཐོག་ཡོད་པའི་འོག་ཁང་ན། །བྱ་སྤྱོད་ཀྱི་ལྷ་ཚོགས་བཞུགས་པ་ལ་ཇོ་བོ་རྗེས་སྒྲུབ་ཐབས་དང་མཐུན་པའི་བསྟོད་པ་མཛད་ཀྱིན་ཕྱག་འཚལ་ལོ། བར་ཁང་ན་རྣལ་འབྱོར་གྱི་ལྷ་ཚོགས། སྟེང་ཁང་ན་བླ་མེད་ཀྱི་ལྷ་ཚོགས་ལ་རང་རང་གི་སྒྲུབ་ཐབས་དང་མཐུན་པའི་བསྟོད་པ་མཛད་ཀྱིན་ཕྱག་འཚལ་བས། མཁས་པ་


PS008_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོར་འདུག་སྙམ་པ་ལོ་ཙ་བ་ལ་བྱུང་། ཇོ་བོ་རྗེས་ལོ་ཙ་བ་ལ། ལྷ་འདི་རྣམས་ཇི་ལྟར་སྒོམ་དྲིས་པས། འོག་ཁང་ནས་རིམ་པ་བཞིན་བསྒོམ་བྱས་པས། སྙིང་པོ་བསྡུ་བ་དགོས་པ་ཡིན་གསུང་། བཤད་པ་བྱས་ན་བསོད་ནམས་ཆེའམ་ཞུས་པས། ཚེ་འདི་བློས་ཐོང་གསུང་། ཉན་པ་དང་བསྒོམས་པ་བསོད་ནམས་ཆེའམ་ཞུས་པས་ཀྱང་། ཚེ་བློས་ཐོང་གསུང་། མདོར་ན་ཚེ་བློས་མ་ཐོང་ན། །བཤད་ན་བཤད་ཚད། མཉན་ན་མཉན་ཚད། བསྒོམས་ན་བསྒོམ་ཚད་འཁྲུལ་གསུང་ངོ་། ༈ །ཁ་རག་སྒོམ་ཆུང་གིས། །འགྲན་སེམས་ཀྱི་སློབ་གཉེར་བྱས་པ་དང་། །ལོ་འདོད་ཀྱི་སྟོན་པ་བྱས་པ་དང་། །མཁས་འདོད་ང་རྒྱལ་སྨྲ་བ་གསུམ། །ཆོས་སུ་འགྲོའམ་སོམ་གཅིག་ཨ། །གསུང་ངོ་། ༈ །དམ་པ་དམར་པོ་ལ། ཡོན་བདག་ཡུན་རིང་པོ་བྱས་པ་གཅིག་གིས། །


PS008_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ད་ང་རྒས་འདུག་པས་ཆོས་ཚིག་ཉུང་ལ། དོན་དུ་འདྲིལ་བ། ཉམས་སུ་བླང་བདེ་བ་ཅིག་ཞུ་བྱས་པས། ཚོགས་བརྒྱ་རྩ་དང་། བརྒྱ་འབུལ་གྱིས་གཅིག་གསུང་། དེ་ལྟར་བྱས་ཀྱང་ཡུན་རིང་པོར་མ་བྱུང་། ད་ཞུ་དགོས་བྱས་པས། གཞན་གྱིས་ཐོས་སུ་མི་བཏུབ་པ་གཅིག་ཡོད་པས། ཚོགས་ཀྱི་ཆས་གཅིག་ཁྱེར་ལ། མི་མེད་པ་གཅིག་ཏུ་འདོང་ངོ་གསུང་ནས། གྲོག་ཕུག་གཅིག་ཏུ་ཕྱིན་པ་དང་། མི་འདུག་གམ་ལྟོས་ཤིག་གསུངས། མི་གདའ་བྱས་པས། ད་ངའི་ལག་པ་ལ་འཇུས་ལ་ཁ་ལ་ལྟོས་ཤིག་གསུངས། དེ་ལྟར་བྱས་པས། འོ་ན་ང་ཡང་འཆི། ཁྱོད་ཀྱང་འཆི། ཇུག་བྱེད། དེ་ལྟ་བུའི་ཆོས་ཟབ་མོ་ཤིག་ཁྱོད་ལ་བྱིན་པ་ཡིན་ནོ་གསུངས། ཡོན་བདག་གི་བསམ་པ་ལ། ཆོས་དེ་ལ་ཚོགས་བརྒྱ་རྩ་དང་། བརྒྱ་འབུལ་གཅིག་གོས་མོད། །


PS008_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཟོག་རྒན་གཅིག་དང་ཕྲད་འདུག་སྙམ་པ་ཅིག་བྱུང་། དེ་ནུབ་གཉིད་ཙམ་མ་བྱུང་། ཐོ་རངས་གཉིད་རི་བ་ཅིག་བྱུང་ཙ་ན། འཆི་བ་མི་རྟག་པ་ལྷང་པ་ཅིག་རྒྱུད་ལ་སྐྱེས་ནས་བྱུང་གསུང་ངོ་། ༈ །ཁ་རག་སྒོམ་ཆུང་པས། སྐུ་གཞོན་ནུ་ལ་མཚམས་དམ་པོ་བཅད་ནས་བསྒྲུབ་པ་མཛད་པས། མི་རྣམས་ན་རེ། ཐོས་པ་ཅིག་ཀྱང་མ་བྱས་པར་བསྒྲུབ་པ་ཁོ་ན་བྱེད་པ་བར་ཆད་ཀྱིས་འཁྱེར། སྡེར་ནང་བཅུག་ནས་ཁྱི་ལ་འདྲེན་པ་དང་འདྲ་བ་ཟེར་བ་བྱུང་། པུ་ཏོ་བས་ཁོང་གི་དགོན་པ་གཟིགས་སུ་བྱོན་པས། ཁོང་ལ་རི་དྭགས་ཚོ་བྲོས་སོང་། བཞུགས་པའི་ཕྱིའི་ཕྱོགས་བཞི་ན་མཐོ་རེ་ལ། ཡི་གེ་རེ་འདུག་པ་ལྟས་པས། ཤར་ན། ཉམས་ཆུང་བདག་ལ་རྐྱེན་ངན་གནོད་པ་མང་། བརྟན་པ་ཐོབ་ནས་རྐྱེན་ངན་གྲོགས་སུ་འཆར། །ནགས་ཀྱི་མེ་དང་མེ་སྟག་ཇི་བཞིན་དུ། །གཅིག་པུར་


PS008_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ཁོ་བོའི་དབྱར་དམ་ལགས། ལྷོ་ན། འཆི་བདག་བདུད་ནི་མི་སྡོད་ཚུར་ཚུར་འོང་། དེ་ལ་ཐར་པའི་ཐབས་ནི་ཅི་ཡང་མེད། །ད་ལྟ་གཉིད་དང་ལེ་ལོའི་དབང་སོང་སྟེ། །ཅི་འདྲའི་དུས་གཅིག་བདག་ལ་ནམ་འོང་ཨ། །ནུབ་ན། ཚེ་འདིའི་ལྟོ་རྒྱབ་ཇི་ལྟར་བྱས་ཀྱང་ཕྱིད། །ཤི་ནས་བྱང་ཆུབ་སྙིང་པོ་བཙལ་ཐབས་མེད། དགྲ་ཟིན་སྡེ་རིས་ཀུན་ལ་མ་ཆགས་པར། །བསོད་ནམས་ཆེན་པོ་མྱུར་དུ་བསག་པ་གཅེས། །བྱང་ན། ཚེ་ལ་ལོང་མེད་ཐ་སྙད་ཐུག་པ་མེད། །དེ་བས་དམ་པའི་དགོངས་པ་ལོང་མཛོད་ལ། །འདུ་འཛིན་སྤངས་པའི་དགོན་པར་ཞི་གནས་བསྟེན། བསེ་རུ་ལྟ་བུ་གཅིག་པུར་གནས་པར་བྱ། །ཅེས་པ་མཐོང་བས་ཤིན་ཏུ་ངེས་ཤེས་སྐྱེ་བར་བྱུང་། ནང་དུ་ཕྱིན་ཙ་ན་རི་དྭགས་ཀྱི་འོ་མ་བཞོས་ནས། རང་རང་གི་ཕྲུ་གུ་ལ་སྡུད་པའི་ཆས་སུ་འདུག་ནས། ང་ལ་རི་དྭགས་ཚོ་


PS008_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

བྲོས་སོང་། ཁྱེད་ལ་མི་འབྲོས་པར་འདུག་བྱས་པས། ངས་སྐྱེ་བ་ལྔ་བརྒྱར་ཤ་མ་ཟོས་པ་ཡིན་གསུང་། ཁོང་རང་ཟན་ཆངས་པ་རེ་དང་། ལོ་མ་ཆངས་པ་རེ་ལ་གསོལ་རྒྱུ་མཛད་པ་ལ། ད་ནང་ལྟོ་སྐྱིད་བྱེད་གསུང་ནས། ཟན་ཆངས་པ་གཉིས་དང་། ལོ་མ་ཆངས་པ་རེ་དྲངས། དེ་ནས་ཆོས་ཀྱི་གསུང་གླེང་མང་པོ་མཛད། ཁ་རག་པས། དལ་འབྱོར་རྙེད་དཀའ་བ་དང་། འཆི་བ་མི་རྟག་པ་བསྒོམས་པས། ཚེ་འདི་ལ་བློ་ལྡོག་པར་གོ། །ལས་རྒྱུ་འབྲས་དང་འཁོར་བའི་ཉེས་དམིགས་བསྒོམས་པས། མི་དགེ་བ་ལས་བློ་ལྡོག་པར་གོ། །བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས། རང་གཅིག་པུ་ཞི་བདེ་ལས་བློ་ལྡོག་པར་གོ། །ཆོས་ཐམས་ཅད་རང་བཞིན་མེད་པར་བློ་ལྡོག་པར་གོ། །གཟུང་འཛིན་ལས་བློ་ལྡོག་པར་གོ། །ཅེས་དྲིས་པས། དེ་ལྟར་ཡིན་གསུང་ངོ་། །དེ་ལ་བློ་ལྡོག་བཞི། བསྒོམ་རྒྱུ་


PS008_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་དུ། །ལག་ལེན་གསུམ་གསུམ་འདུ་བ་ཡིན་ནོ། །གསུངས་པ། ཁོང་གི་བཞུགས་པའི་བྲག་ཁུང་ན། ལངས་ན་བྲག་ཟུར་ཅིག་ལ་དབུ་ཐུག་ནས་ཁྲག་འོང་། སྒོ་རྩར་ཕྱིན་ཙ་ན་སེ་ཕུང་ཅིག་ཡོད་པ་ཞབས་ལ་ཟུག་ནས་ཁྲག་འོང་པ་གཅིག་ཡོད་པ་ལ་འདི་གཉིས་གཅོད་དགོས་པར་འདུག་སྙམ་པ་དང་། ཡང་ད་ལྟ་ཀ་འཆི་ཉེན་ཡོད་སྙམ་ནས། །དེ་ཡང་གཅོད་མ་ཁོམ་པར། ཐུགས་དམ་རྩེ་གཅིག་ཏུ་མཛད་དོ་གསུང་ངོ་། །ཞང་རིན་པོ་ཆེའི་གསུང་ནས། འཁོར་བ་ལས་མ་གྲོལ་བ་དེ། གནས་ལུགས་ཀྱི་དོན་མ་རྟོགས་པས་ལན་ནོ། །དེ་སྒྲིབ་པ་མ་ཟད་པས། དེ་ཚོགས་མ་བསགས་པས། དེ་དད་པ་མ་སྐྱེས་པས། དེ་འཆི་བ་མ་དྲན་པས་ལན་ནོ། །དེ་ལ་འཆི་བ་མི་རྟག་པ་གཤའ་མ་གཅིག་སྐྱེས་ན། ངེས་འབྱུང་གི་


PS008_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

དད་པ་སྐོགས་ལངས་སུ་སྐྱེ། དེ་ཚོགས་གསོག །དེས་སྒྲིབ་པ་མཛད། དེས་གནས་ལུགས་ཀྱི་དོན་རྟོགས་ནས། འཁོར་བ་ལས་གྲོལ་བར་གྱུར་གསུང་ངོ་། །གུ་རུ་པད་མས། འཆི་བ་མི་རྟག་པ་གཤའ་མ་གཅིག་དྲན་ན། །ཅིས་ཀྱང་དགོས་མེད་ཀྱིས་བློ་སྐྱེ། །ཐར་ལམ་ལ་བརྩོན་པས་འཇུག །ཡང་དག་གི་བླ་མ་ཚོལ། མི་དགེ་བ་ལ་ངང་གིས་འཇོལ། ཡོ་བྱད་ལ་འཛིན་ཆགས་མེད། འདུ་འཛི་ལ་བདུད་དུ་ལྟ། དེ་ཙ་ན་ཡོན་ཏན་ཐམས་ཅད་རྒྱུད་ལ་སྤུངས་པ་བཞིན་དུ་ཡོང་སྟེ། བོད་ཀྱི་ཆོས་པ་ལ་འཆི་བ་མི་རྟག་པ་དྲན་པ་མི་འདུག་གསུང་ངོ། །དམ་པ་རིན་པོ་ཆེས། འཆི་བ་བསམས་ན་ཅིས་ཀྱང་དགོས་པ་མེད། རྟག་ཏུ་དྲན་པར་གྱིས་ཤིག་དིང་རི་བ། །གསུང་ངོ། མདོ་ལས། འདུ་ཤེས་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་འགྱུར་བ་ནི། འཆི་བ་མི་རྟག་པའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཅེས་སོ། །


PS008_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་བ་མི་རྟག་པ་བསྒོམ་པ་འདི། འཆད་པ་པོ་རྣམས་ཀྱིས་བཤད་རིང་། ཉན་པ་པོ་རྣམས་ཀྱིས་ཉན་རིན། བསྒོམ་པ་པོ་རྣམས་ཀྱིས་བསྒོམ་རིན་མ་ཆོག་པར་ཆོས་ཟབ་མོ་གཅིག་སྐོག་དུ་ལས་འདུག །ཆོས་རྗེ་སྟོན་པ་གསུང་ངོ་། །འཆི་བ་མི་རྟག་པ་བསྒོམས་པས། དང་པོ་དགེ་བ་ལ་བསྐུལ་བར་བྱེད། བར་དུ་བརྩོན་འགྲུས་ཀྱི་ལྕག་བྱེད། ཐ་མ་བདེན་མེད་དུ་རྟོགས་པར་བྱེད་དེ། རྟག་ན་བདེན། བདེན་ན་རྟག །མི་རྟག་པས་མ་བདེན། མི་བདེན་པས་མི་རྟག་གོ་གསུང་ངོ། །སྣང་གྲགས་ཀྱི་ཆོས་ཐམས་ཅད་རང་གི་སེམས་ཤར་བ་ཡིན་ཏེ། བརྟག་གཉིས་ལས། སེམས་ནི་ཆེན་པོ་གཅིག་ཉིད་ལ། །ལྷའི་གཟུགས་ཀྱིས་རྣམ་པར་མཚོན། །ཅེས་པས། ཕུང་པོ་ལྔ། འབྱུང་བ་ལྔ། །ཉོན་མོངས་པ་ལྔ། དབང་པོ་དྲུག །སྐྱེ་མཆེད་དྲུག །ཁ་དོག་དྲུག །རིགས་དྲུག་ལགས་པ་རང་གི་སེམས་ཤར་


PS008_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན་ཏེ། གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཅེས་གསུངས་སོ། །ལང་ཀར་གཤེགས་པ་ལས། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བར་རབ་ཏུ་བྱུང་། །དོན་ཡོད་མ་ཡིན་སེམས་ཉིད་ནི། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །ཅེས་སོ། མགུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་གང་ཟག་མེད། །རྣམ་པར་ཤེས་པའི་གནས་དོན་རྣམས། །ཕྱི་རོལ་གྱུར་པ་ཅུང་ཟད་མེད། །ཅེས་སོ། །ཆུ་འགྲམ་གཅིག་ཏུ་འགྲོ་བ་རིགས་དྲུག་གྲལ་ལ་བསྒྲིག་ན། དམྱལ་བ་ལ་ཁྲོ་ཆུ་ཁོལ་མ། །ཡི་དྭགས་ལ་སྣ་ཁྲག །ལྷ་མ་ཡིན་ལ་གོ་མཚོན། དུད་འགྲོ་དང་མི་ལ་ཆུ། ལྷ་ལ་བདུད་རྩིར་སྣང་སྟེ། མདོ་ལས། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ལྷ་རྣམས་ཇི་ལྟར་རིགས་དྲུག་ལ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་


PS008_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདོད་པ་ཡིན། །ཅེས་སོ། །འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས། ལྷའི་བུ་པད་མ་རྣམ་པར་རོལ་པས། འཇམ་དཔལ་ལ་སྨྲས་པ། འཇམ་དཔལ་གྱི་ཕྱི་རོལ་གྱི་ཡུལ་འདི་རྣམས་བྱེད་པ་པོས་བྱས་པའམ། །ཇི་ལྟར་བལྟ་བར་བྱ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཕྱི་རོལ་གྱི་ཡུལ་འདི་རྣམས་ནི་བྱེད་པ་པོས་བྱས་པ་མ་ཡིན་ཏེ། །སེམས་རྟོག་པའི་བག་ཆགས་རྒྱས་པའི་དབང་གིས་སྣང་བ་ཡིན་ནོ། །ལྷའི་བུས་སྨྲས་པ། བག་ཆགས་ཇི་ལྟར་བལྟས་ཀྱང་རི་བོ་དང་། རྒྱ་མཚོ་དང་། ཉི་ཟླ་ལ་སོགས་པ་སྲ་ཞིང་འཐས་པ་འདི་ལྟར་སྣང་དུ་ག་ན་རུང་། འཇམ་དཔལ་གྱིས་སྨྲས་པ། རྣམ་པར་རྟོག་པ་ལྟས་པའི་དབང་གིས་དེ་ལྟར་སྣང་དུ་རུང་ངོ་། །གྲོང་ཁྱེར་ཆེན་པོ་ཝ་ར་ན་སེར། བྲམ་ཟེ་མོ་ཅིག་གི་ལུས་


PS008_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་བསྒོམས་པས་གྲོང་ཁྱེར་གྱི་མི་ཐམས་ཅད་ཀྱིས་སྟག་དངོས་སུ་མཐོང་ནས་མི་ཐམས་ཅད་བྲོས་ཟེར། གྲོང་ཁྱེར་སྟོངས་པ་བྱུང་། དགེ་སློང་ཁ་ཅིག་གིས་ཐམས་ཅད་རུས་པར་བསྒོམས་པས། རུས་པར་མཐོང་བ་བྱུང་ངོ་། །དེ་རྣམས་ཡུན་ཐུང་ངུས་ཀྱང་། དེ་ལྟར་སྣང་ན་ཐོག་མ་མེད་པའི་དུས་ནས་བག་ཆགས་སྟས་པ་ཅི་སྟེ་མི་སྣང་། ལྷའི་བུས་སྨྲས་པ། བག་ཆགས་སྟས་པའི་དབང་གིས་དེ་ལྟར་སྣང་བ་ཅིའི་ཕྱིར་ཡིན། འཇམ་དཔལ་གྱིས་སྨྲས་པ། སྣང་བ་ཐམས་ཅད་མ་ངེས་པ་ཡིན་ཏེ། ལ་ལའི་སྣང་བ་ནི། ལ་ལའི་མུན་པ་ཡིན་པ་ལ་སོགས་པ་གསུངས་སོ། །མདོ་ས་བཅུ་པ་ལས། ཀྱེ་རྒྱལ་བའི་སྲས་དག །ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ། །ཅེས་སོ། །སྤྱོད་འཇུག་ལས། ལྕགས་སྲེགས་ས་


PS008_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་སུ་ཡིས་བྱས། །མེ་སོགས་དེ་དག་གང་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ཀྱང་། སྡིག་སེམས་འབྱུང་བར་ཐུབ་པས་གསུངས། །ཅེས་སོ། །བྱམས་པས། སྣང་བ་རང་སེམས་ཡིན་པའི་ཕྱིར། །ཐལ་ཚན་གྱི་ཆུ་བོ་རབ་མེད་ཀྱང་། །རྫི་ཐལ་གྱིས་འབབ་དང་བདུད་རྩིར་འགྱུར། །ཅེས་སོ། །ཕལ་པོ་ཆེ་ལས། སེམས་ནི་རི་མོ་མཁན་དང་འདྲ། །སེམས་ཀྱིས་ཕུང་པོ་བྱས་པ་སྟེ། །འཇིག་རྟེན་ཁམས་ནི་ཇི་སྙེད་པ། །དེ་སྙེད་ཐམས་ཅད་སེམས་ཀྱིས་བྲིས། །ཅེས་གསུངས་སོ། །མདོར་ན་ཕྱི་ནང་སྣོད་བཅུད། ས་ཆུ་མེ་རླུང་ནམ་མཁའ། ས་རྡོ་རི་བྲག །རྩི་ཤིང་ནགས་ཚལ། །རི་རྭ་བ། ཁང་ཁྱིམ། རྩིག་པ་རེ་ལྡེ་ལ་སོགས་པ་དང་། སྐྱེས་པ་བུད་མེད། གསག་གཞག །རྟ་གླང་། དགྲ་སྡང་བ། གཉེན་བྱམས་པ་ལ་སོགས་


PS008_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཐམས་ཅད་རང་གི་བློས་བཀོད། བློས་བྱས་པ་མ་གཏོགས་པ་ཕྱི་རོལ་ན་དོན་ལོགས་སུ་གྲུབ་པ་མེད་པར་ཐག་བཅད་དོ། ༈ །ཅིར་སྣང་རང་གི་སེམས་ཤར་བ་ཡིན་ཅིང་དེ་ཉིད་སྒྱུ་མ་རྨི་ལམ་ཡིན་ཏེ། སྔོན་རྒྱ་གར་ཡུལ་དབུས་ཀྱི་རྒྱལ་པོ་གཅིག་ལ། རྟ་སྲེད་ཞུགས་ནས་ཡོད་པ་ལ། སྒྱུ་མ་མཁན་བཟང་པོ་ལ་བརྩུན་མོས། རྒྱལ་པོ་ལ་སྒྱུ་མ་ཅིག་སྟོན་ཅིག་བྱས་པས། རྟ་བང་འགྲོས་སུ་འཛོམས་པ། ཡུ་ཡུ་རུ་དུ་སྡུག་པ་ཅིག་བསྟན་ནས། རྟ་འདི་ཉོའམ་བྱས་པས་ཉོ་ཟེར། རིན་ལ་རྒྱལ་སྲིད་ཀྱི་ཕྱེད་འདོད་བྱས་པས། ཆགས་ཐོགས་མེད་པར་འཇལ་ནུས་པར་བྱུང་། །ཡང་རྩ་ནས་མི་ཅིག་བྱུང་ནས། ཁོ་གཅིག་པོ་བདག་པོ་མིན། ཚོང་གཤའ་མར་བྱེད་ན། །དེའི་སྟེང་དུ་བཙུན་མོ་ཕྱེད་


PS008_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

འཇལ་ནུས་སམ་བྱས་པས་ཀྱང་ནུས་པར་བྱུང་། ཡང་རྩ་ནས་མི་ཅིག་བྱུང་ནས། ཁོང་གཉིས་ཀྱང་བདག་པོ་མིན། །ཚོང་གཤའ་མར་བྱེད་ན། དེའི་སྟེང་དུ་སྲས་ཚོའི་ཕྱེད་འཇལ་ནུས་སམ་བྱས་པས། དེ་ཅུང་མ་ནུས་ནས། ཞོན་ལ་ལྷ་ཡིས་བྱས་ནས་ཞོན་པས། སྐལ་པར་ཕྱིན་ཡང་མི་བགྲོད་པའི་སར་ཁྱེར་ནས། ཐང་ཆེན་པོ་གཅིག་གི་འགྲམ་ན་མཚོ་ཅིག་འདུག་པའི་ཐང་དེ་ལ་རྒྱལ་པོ་བསྐྱུར་ནས། མཚོ་ལ་རྟ་དེ་འཆོངས་སོ། །དེ་ནས་ཡ་ཚད་ན་ཡར་ཕྱིན་ཙ་ན། གྲོག་ཕུག་གཅིག་འདུག་པ་ན། རྒན་རྒོན་བཟའ་མི་གཉིས། བུ་མོ་གཅིག་དང་གསུམ་འདུག་པས། རྒད་པོ་དེ་ན་རེ། རྒྱལ་པོ་ཆེན་པོ་ཁྱེད་བསོད་ནམས་ཆེན་པོ་དང་ལྡན་པ་ཡིན་ཡང་། རྒྱལ་སྲིད་དུ་ནི་


PS008_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་པར་ཕྱིན་ཡང་བགྲོད་པར་མི་ནུས། བུ་མོ་འདི་དང་གཟའ་མི་གྱིས་ཤིག་ཟེར་ནས་ཁྱིམ་ཐབས་བྱས། དེར་ལོ་བདུན་བརྒྱ་བསྡད། བུ་སྤུན་བདུན་བྱུང་། ཆུང་གཤོས་དེ་གུ་བ་ཅིག་བྱུང་། དེ་ནས་རྒད་པོ་དེ་ན་རེ། རྒྱལ་པོ་ཆེན་པོ་ཁྱོད་བསོད་ནམས་ཆེན་པོ་དང་ལྡན་པ་ཡིན་པས། བུ་གུ་བ་འདི་ལ་བྱམས་པར་གྱིས་ཤིག་ཟེར་ནས་མཚོ་དེ་ལ་མཆོངས་སོ། །དེ་བཞིན་དུ་ཟེར་ཞིང་རིམ་པ་བཞིན་དུ་ཐམས་ཅད་མཆོངས་སོ། །རྟིང་ལ་བུ་གུ་བ་དེ་ལ་ཡང་སྨྲ་རྒྱུ་ཅིག་བྱུང་ནས། རྒྱལ་པོ་ཆེན་པོ་ཁྱོད་བསོད་ནམས་ཆེན་པོ་དང་ལྡན་པ་ཡིན་པས་སྐྱིད་པར་གྱིས་ཤིག་ཟེར་ནས་མཚོ་ལ་མཆོངས་སོ། །དེར་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་པ་ལ། བཙུན་མོས། སྒྱུ་མ་མཁན་ལ་རྒྱལ་པོ་ལ་ཐུགས་རླུང་འཇུག་པར་འདུག་པས།


PS008_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་མ་ཤིག་གཅིག་བྱས་ནས་བཤིག་པས། གྲིབ་སོ་མཐོ་གང་ཙམ་ལས་མ་སོང་བ་འདུག་གོ། །དེ་ནི་སྐད་ཅིག་མ་ལ་སྐལ་པར་ཤར་བ་ཡིན་ནོ། །དེ་ལ་རྨི་ལམ་ཡིན་ཏེ། སྔོན་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱལ་པོ་ཞིག་ལ་བུ་མོ་ཅིག་ཡོད་པའི་བསམ་པ་ལ། རིགས་དང་ལོངས་སྤྱོད་སོགས་གང་གི་ཆ་ནས་ཀྱང་ངའི་མཛའ་ཟླ་འདིར་ཆད་འཛུད་ཡོད་ལྟང་པ་མི་འདུག་གསུངས། །དེ་ཀུན་སྒྱུ་མའི་རྣམ་པར་རབ་ཤེས་ནས། །དེ་ཚེ་སངས་རྒྱས་ལག་པའི་ཐིལ་དུ་གཏོད་པར་འགྱུར། །ཅེས་སོ། །ཡེ་ཤེས་རྒྱ་མཚོ་ལས། རང་ལུས་སྒྱུ་མའི་རྣམ་པར་རབ་ཤེས་པས། །འགྲོ་ཀུན་སྐྱེས་པ་བུད་མེད་སྣ་ཚོགས་པ། །ཐམས་ཅད་གཟུགས་ནི་སྒྱུ་མའི་རྣམ་པ་ལས། །མཁས་པ་སུ་དག་དེ་ལས་གཞན་དུ་བརྗོད། །ཅེས་སོ། །


PS008_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་རྟོགས་བརྒྱན་ལས། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལགས་སོ། །རྩེ་མོར་སྦྱིན་པ་སྦྱོར་བའི་རྟགས། །རྣམ་པ་བཅུ་གཉིས་དག་ཏུ་བཞེད། །ཅེས་སོ། །ནི་གུ་མས། རྒྱན་སྣ་རྟོག་པའི་རི་མོ་རྣམས། །སྒྱུ་མ་རྨི་ལམ་ཐག་བཅད་ནས། །འདུན་པ་དྲག་པོས་ཉམས་སུ་བླངས། །འཁྲུལ་སྣང་བྱུང་ན་ཡང་ཡང་སྦྱང་། །ཅེས་དང་། ཅི་སྣང་སྒོམ་དུ་མ་ཤེས་ན། །གཉེན་པོ་རྟེན་གྱིས་ག་ན་ལང་། །ཡུལ་ངན་སྤངས་པས་ག་ན་ཡོངས། སྒྱུ་མར་རྟོགས་པས་ཐམས་ཅད་རང་སར་གྲོལ། །ཅེས་སོ། །གཉིས་མེད་རྣམ་རྒྱལ་ལས། སྒྱུ་མ་འདི་ནི་ཡོད་མེད་ལས་འདས་ཤིང་། །དབུ་ཙམ་དུའང་མི་གནས་ཀུན་རྫོབ་སྟེ། །ཆོས་རྣམས་སྒྱུ་མའི་སྣང་བ་ལས། །འགག་པ་མེད་པའི་རོལ་པ་རང་འབྱུང་བའོ། །ཅེས་སོ། །བརྒྱ་བྱིན་


PS008_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལེའུ་ལས། ལྷའི་བུ་དག་གིས། རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་རབ་འབྱོར། ཅི་སེམས་ཅན་དེ་དག་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་ནམ། རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག །སེམས་ཅན་ནི་སྒྱུ་མ་ལྟ་བུ། སེམས་ཅན་ནི་རྨི་ལམ་ལྟ་བུ་སྟེ། ལྷའི་བུ་དག །དེ་ལྟར་སྒྱུ་མ་དང་། སེམས་ཅན་དེ་དག་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དེ་ལྟར་རྨི་ལམ་དང་། སེམས་ཅན་དེ་དག་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ལྷའི་བུ་དག་ཆོས་ཐམས་ཅད་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །དེ་ནས་ལྷའི་བུ་དེ་དག་གིས། འཕགས་པ་རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་མྱ་ངན་ལས་འདས་པ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་ཞེས་སྨྲ་ན། ཆོས་གཞན་ལྟ་ཅི་སྨོས། ལྷའི་བུ་དེ་དག་གིས་སྨྲས་པ། འཕགས་པ་རབ་འབྱོར་མྱ་


PS008_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ལས་འདས་པ་ཡང་སྒྱུ་མ་ལྟ་བུ། རྨི་ལམ་ལྟ་བུ་ཞེས་ཟེར་རམ། རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག །ཁོ་བོ་ནི་གལ་ཏེ། མྱ་ངན་ལས་འདས་པ་ལས་ཁྱད་པར་དུ་འཕགས་པའི་ཆོས་གཞན་ཞིག་ཡོད་ཀྱང་། དེ་ཡང་སྒྱུ་མ་ལྟ་བུ། རྨི་ལམ་ལྟ་བུ་ཞེས་སྨྲའོ། །དེ་ནི་འདི་ལྟར་སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུ་དང་། མྱ་ངན་ལས་འདས་པ་འདི་དག་ནི་གཉིས་སུ་མེད་དོ། །གཉིས་སུ་བྱར་མེད་དོ། །ཅེས་གསུངས་སོ། །དེ་ལྟར་ཅི་སྣང་སྒྱུ་མ་རྨི་ལམ་དུ་ཁྱེར་བས། གཙོ་བོ་འདུན་འགྲོས་དང་བཅས་ཏེ་སངས་རྒྱ། དཔའོ་སྟག་གདོང་དང་བཅས་ཏེ། བུད་མེད་བལ་སྐུད་དང་བཅས་ཏེ། ལྷ་བཟོ་བ་སྤིར་དང་བཅས་ཏེ་སངས་རྒྱའོ་གསུང་ངོ་། །བླ་མ་དྭགས་པོ་ལྷ་རྗེ་ལ། སློབ་རྣམས་ཀྱིས་ཐབས་ལམ་འབྱོངས་པ་སུ་བདོག་ཞུས་པས། ཆོས་དབྱུང་གསུང་། སྒྱུ་མ་རྨི་ལམ་འོད་གསལ་འཕོ་བ་བར་དོ་འབྱོངས་པ་སུ་ཡོད་ཞུས་པས་ཀྱང་ཆོས་གཡུང་གསུང་། རྣལ་འབྱོར་ཆོས་གཡུང་དེ། ཁྱི་ལྤགས་གཉིས་སྦྱར་ནས། །སྦུད་པའི་


PS008_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་བྱས་པ་གཅིག་ལ། །འགྲོ་ན་བྲང་ཕགས། ལྟོ་བ་སྐོལ་ན་སྦུད་པ་ལ་སོགས་པ་གང་མཁོ་བ་བྱེད་པའི་ལྡོམ་བུ་ཅིག་ཡོད་པ་ལ། སློབ་མ་གཞན་རྣམས་ཀྱི་བསམ་པ་ལ། ལྡོམ་བུ་བ་འདི་ལ་དེ་ཙམ་པའི་བསྟོད་ར་ཅིག་དགོས་མོད་སྙམ་ནས། འཁོར་བ་ཚེས་མ་ཐེག་པར། ད་འདི་རྨ་དབབ་དགོས་པར་འདུག །དེ་ལ་བླ་མ་ལ་བཞེས་པ་འདྲེན་རེས་བྱས་པས། ཁོ་ལ་དྲང་རྒྱུ་མེད་ཙ་ན་རྨ་ཕེབས་ཡོང་ཟེར་ནས་གྲོས་བྱས། ཐམས་ཅད་ཀྱིས་དྲངས་ནས། །སང་ཆོས་གཡུང་ལ་འདྲེན་རེས་ཡོད་དོ་བྱས་པས། ཁོང་གིས། སྒོ་ཡོན་བསྐོར་ནས། ཕྲུ་བ་ཅིག་ཏུ་ཟན་དང་། །ཕྱེ་དང་། ཐུགས་པ་དང་སྟེར་བ་བྱུང་ཚད་བླུག་ནས། བླ་མ་ལ་དྲངས་པས་གསོལ། དེས་རྨ་ཡ་ཆ་གཅིག་མ་


PS008_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཕེབས། ད་ཚོགས་འཁོར་ཤོམ་རེས་བྱེད་དོ་བྱས་ནས། གཞན་ཐམས་ཅད་ཀྱིས་ཚོགས་འཁོར་བཤམས། བཞེས་དགོངས་ཆོས་གཡུང་ལ་ཤོམ་རེ་ཡོད་དོ་བྱས་པས། ངའི་བཞེས་པ་དེའང་མགོ་ཐོན་ཅིག་མ་བྱུང་། ང་ལ་ཅི་ཡང་མེད་པའི་ཚོགས་འཁོར་རང་ཅི་ཡོང་ངམ་བྱས་པས། ཁྱོད་བླ་མའི་ཐུགས་ཟིན་གྱིས་མི་ཡོང་ན། གཞན་སུས་ཡོད་ཟེར། །དེ་ནུབ་རྨི་ལམ་བཟུང་ནས། ལྷའི་ཡུལ་དུ་ཕྱིན་ནས་གཞེས་ནུབ་བླ་མ་དྭགས་པོ་ལྷ་རྗེ་ལ་མཆོད་པ་ཕུལ་ཅིག་མི་འབུལ་ན་འདུལ་བ་ཡིན་ནོ། །ལྷ་མ་ཡིན་དང་། དྲི་ཟ་དང་། ཀླུའི་ཡུལ་དུ་ཕྱིན་པས། གཞེས་ནུབ་བླ་མ་ལ་མཆོད་པ་ཕུལ་ཅིག །མི་འབུལ་ན་འདུལ་བ་ཡིན་ནོ་ཅེས་སྡིགས་པས། ཐམས་ཅད་ཀྱི་ཁས་བླངས་སོ། །དེ་ནས་བླ་མ་ལ་ཁྲི་འཐོན་པོ་བཤམས་


PS008_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ཚོགས་འཁོར་མཛད་པའི་དུས་སུ་མེ་ཏོག་གི་ཆར། འཇའ་འོད། རོལ་མོའི་སྒྲ། གླུ་དབྱངས་སྙན་པ། དྲི་ཞིམ་པོ་དཔག་ཏུ་མེད་པ་བྱུང་བས། བླ་མ་ལ་འཁོར་རྣམས་ཀྱིས། འདི་རྣམས་ཅི་ལགས་ཞུས་པས། ཆོས་གཡུང་གི་ཅལ་ཅོལ་ཡིན་མོད་གསུང་། དེ་ནས་ཆོས་གཡུང་རྩོད་མེད་དུ་གྱུར། དེ་ནས་བླ་མས་འོ་ཅག་ལ་མ་བྱིན་པའི་གདམས་ངག་ཟབ་མོ་ཅིག་ཁོ་ལ་བྱིན་ཡོད་པར་འདུག་སྙམ་ནས། འཁམས་པའི་གྲྭ་པ་ཕྱུག་པ་རྣམས་ཀྱིས། ཁོང་ལ་ནོར་ཆེན་པོ་ཕུལ་ནས་ཞུས་པས། ནོར་རྣམས་བླངས་ནས་ཕོངས་པ་རྣམས་ལ་བྱིན། །ཁོང་གིས་གསུངས་ནས། ངས་འཆི་བ་མི་རྟག་པ་དང་། བླ་མའི་མོས་གུས་དང་། ཅིར་སྣང་སྒྱུ་


PS008_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྨི་ལམ་དུ་ཁྱེར་བ་དང་། གསུམ་པ་དེ་བསྒོམས་པས། ཆོས་དྲུག་ཀ་རྫོགས་ནས་བྱུང་བ་ཡིན་ནོ་གསུང་ངོ་། །དེས་ན། ཡེ་ཤེས་མཁའ་འགྲོ་ནི་གུ་མའི་སྒྱུ་ལུས་འབྲིང་པོ་དང་། ན་རོ་ཆོས་དྲུག་གི་སྒྱུ་ལུས་གཉིས་འདྲ་བ་ཡིན་ནོ་གསུང་ངོ་། ༈ །སྒྱུ་ལུས་དབང་པོ་འབྲིང་གི་སྐབས་སུ། །འཆི་བ་མི་རྟག་པ་དྲན་པ་དང་། །སྣང་བ་སེམས་སུ་སྒྲུབ་པ་དང་། །སེམས་སྒྱུ་མ་རྨི་ལམ་དུ་བསྒོམས་པ་ལ། །ཡིད་ཆེས་ཞིང་ཐག་ཆོད་ངེས་ཤེས་སྐྱེད་པར་བྱེད་པའི་ཐབས། མདོ་རྒྱུད་ཀྱི་ལུང་དང་། གཏམ་རྒྱུད་རྣམས། བླ་མ་འགྲོ་མགོན་ཆེན་པོའི་གསུང་ལ་ཇི་ལྟར་བྱོན་པ་བཞིན་དུ། བཙུན་པ་རྒྱལ་མཚན་འབུམ་གྱིས་ལྷག་ཆད་མེད་པར་ཡི་གེར་བཀོད་པའོ། མཁས་བཙུན་པས་མཛད་པས་དགེ་ལེགས་འཕེལ། །


previousཆོས་དྲུག་གི་གསུང་སྒྲོས། བཙུན་པ་རྒྱལ་མཚན་འབུམ། next