Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་དབྱུག་པའི་བྱ་བ། ནི་གུ་མ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་དབྱུག་པའི་བྱ་བ། ནི་གུ་མ། next

རྡོ་རྗེ་དབྱུག་པའི་བྱ་བ། ནི་གུ་མ།


PS008_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་དབྱུག་པའི་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། བཛྲ་དྷ་དྷ་ཀ་ར་ན་མ། བོད་སྐད་དུ། རྡོ་རྗེ་དབྱུག་པའི་བྱ་བ་ཞེས། དཔལ་བདེ་བ་ཆེན་པོ་ཕྱག་འཚལ་ལོ། སྤ་ལྕག་མཚམས་གསུམ་ལྡན་པའི་དབྱུག་པ་ནི། །དྲི་ཞིམ་ཆུས་བཀྲུ་འབྲུ་གསུམ་བཀོད། །སྣོད་བཟང་འབྲུས་བཀང་སྟེ་བཞག་ནས། བསྐྱོབ་པ་སྲས་བཅས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ཡེ་ཤེས་གཞུག །མཆོད་གཏོར་ཚོགས་ཀྱི་འཁོར་ལོ་དབུལ། །གསོལ་གདབ་བདེན་པའི་བྱིན་རླབས་བརྗོད། །ཡེ་ཤེས་ལྔ་མཚན་ཕན་གདགས་ཤིང་། །དམན་པའི་ལས་ལ་བཀོལ་མི་བྱ། །བསྣུན་དང་བསྣུན་བྱ་གཉིས་ཀ་ཡང་། །ཡིད་ཆེས་གསུམ་ལྡན་བྱང་སེམས་ཀྱིས། །ལྟ་སྒོམ་སྟོང་རའི་དམིགས་པ་བྱ། །དེ་ལྟར་བསྣུན་ན་འབྱུང་འཁྲུགས་ན། །དུག་ཅན་སྦྲུལ་ལ་མཁའ་ལྡིང་བཞིན། །གཞན་ལུས་ཉོན་མོངས་


PS008_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཟད། །དེ་ལྟར་བསྣུན་པའི་གནས་དང་ནི། །གནས་མིན་སྤང་བྱ་ཤེས་པར་བྱ། །རྩ་ཆུ་སྡོམས་དང་དམིགས་པ་འཁྲིམས། །བཞི་ཡོད་ཨོལ་མདུད་སྟེང་དུ་བསྣུན། །རྐང་པ་ལག་པ་བཤལ་བ་ལ། །ལྡོག་འཚལ་རྩ་སྣད་རྩ་ལ་བསྣུན། །སེང་ལྡེང་སྣ་ཡི་བར་གཞུང་ལ། །ཐད་ཀའི་ཚིགས་པར་བསྣུན་པར་བྱ། །གསུས་པའི་གཡས་གཡོན་རྒྱབ་ཏུ་གཟེར། །གང་གཟེར་རྒྱབ་ཏུ་བསྣུན་པ་གཤིས། །མ་གཟེར་ན་ན་མདུན་ནས་སོང་། །མིག་ན་རྐང་མཐིལ་ལྟག་ཁུང་ལའོ། །གཞན་ནི་ན་ས་ཉིད་དུ་བསྣུན། །བསྣུན་མིན་སྤང་བར་བྱ་བ་ནི། །ལྟག་ཚ་ནག་པོ་ཁུར་འཛུམ་དང་། །མིག་འབྲས་སྣ་རྩེ་འཐེབ་གང་སྤང་། །སྙིང་གར་སྟེང་ན་ལྟེ་བ་ཁུང་། །མཁལ་སྟེངས་པུས་མོའི་གཉན་གོང་སྤང་། །ངར་གདོང་ལ་སོགས་རུས་གོང་དང་། །ཚིགས་


PS008_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

མགོའི་མིག་ནི་ལྷང་ལྷང་ན། །མཐེབ་བསྐོར་རྩ་ནས་དྲངས་ལ་བསྣུན། །རུས་གོང་ཚིག་མིག་སོར་གང་སྤང་། །གཉན་པའི་སོར་གསུམ་དྲངས་ལ་བསྣུན། །དེ་ལྟར་སྤང་བར་མ་བྱས་ན། །གཤིན་རྗེ་དབྱུག་པ་ཐོག་པར་ཟད། །གཅོང་སོགས་ནད་པའི་ལུས་ཟུངས་དང་། །སྦྱར་ལ་དྲུང་དུ་རྟེན་ལ་བཅོས། །གཞན་ཡང་རྩ་རླུང་མན་ངག་དང་། །དྲང་སྲོང་གསོ་དཔྱད་ལ་སོགས་པའི། །རིག་པའི་བརྡ་ཡི་བསྣུན་པ་གཅེས། །བསྣུན་པའི་གོང་རོལ་དབྱུག་པ་སྤང་། །བསྣུན་རྗེས་ཧ་ཡིས་གདབ་པ་དང་། །མི་རྟོག་ངང་ལ་བཞག་པ་གཅེས། །མཁའ་འགྲོའི་དངོས་སུ་ལུང་བསྟན་ནས། །བླ་མ་གུ་་མི་དྲས་མཛད། །རྫོགས་སོ། །ཨཱ་ཙརྱ་པྲ་ཛྙཱ་ཡིས། རང་གྱུར་དུ་བྱས་ཏེ། སྟག་སྡེ་ཆོས་ལུང་གི་གཙུག་ལག་ཁང་དུ་སྡེ་སྣོད་འཛིན་པ་ནམ་མཁའ་བསོད་ནམས་ལ་གནང་། །དེས་མཁས་གྲུབ་ཀྵུ་མ་ར་སིདྡྷི་ལ་གནང་།


PS008_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

དེས་རིན་པོ་ཆེ་ཁྱུང་པོ་ལ་གནང་། མངྒ་ལཾ། ༅ བྱིན་རླབས་དབབ་པ་དངུལ་གྱིས་གདུང་མ་ཞེས་བྱ་བ་བཞུགས་སོ། །ཡོན་ཏན་ནུས་མཐུ་ཕྲིན་ལས་ཐོགས་མེད་ཅིང་། །བྱིན་རླབས་ཡེ་ཤེས་ཆུ་རྒྱུན་དཔག་མེད་པས། །འགྲོ་རྣམས་ཉམས་རྟོགས་མཆོག་ལ་འགོད་མཛད་པའི། །མཚུངས་མེད་ཆོས་རྗེ་རིན་ཆེན་ཞབས་ལ་འདུད། །དེ་ལ་བླ་མའི་བྱིན་རླབས་གསོལ་འདེབས་མ་འདི། མདུན་དུ་རང་པས་འཁྲུ་གང་པས་མཐོ་སར། །པདྨ་དང་ཉི་ཟླའི་སྟེང་དུ་བླ་མ་འོད་དང་འོད་ཟེར་གྱི་རང་བཞིན་ཅན་གཅིག་བསྒོམ་མོ། །དེ་ནས་བླ་མའི་ཡོན་ཏན་དྲན་པར་བྱ་སྟེ་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་ཐུན་མོངས་མ་ཡིན་པ་རང་གཞན་གཉིས་ཀས་དྲག་ཏུ་གདབ་པར་བྱའོ། །དེའི་ངང་ལས་བླ་མ་དེ་ལས་བླ་མ་མང་པོ་ཆད་ནས། སློབ་མའི་སྤྱི་ཐོག་ཏུ་ཆེམ་ཆེམ་འུར་འུར་


PS008_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་པ་དང་། བྱིན་གྱིས་རློབས་སྙམ་དུ་བསྒོམས་པ། ཡང་གསོལ་བ་དྲག་པོ་གདབ་བོ། །དེ་ནས་ནད་གདོན་དང་སྡིག་སྒྲིབ་ཐམས་ཅད་དག་ནས་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེའོ། །དགྱེས་རྡོར་གྱི་བྱིན་རླབས་ནི། དབང་དང་བྱིན་རླབས་འབྲེལ་པར་བྱ་ལ་ཐོད་པའི་ནང་དུ་དགྱེས་རྡོར་སྐུ་གསུང་ཐུགས་དཀར་དམར་མཐིང་གསུམ་བསམ། དེ་ནས་ནམ་མཁའ་ལ་སངས་རྒྱས་ལ་སོགས་པ་དཔག་ཏུ་མེད་པ་བཞུགས་པ་ལ་རྗེས་སུ་ཡི་རང་བསྒོམས་པས། དེའི་བཟང་ལན་དུ་འོད་ཟེར་ཁ་དོག་གསུམ། ཐོད་པའི་ལྷ་ལ་ཐིམ་སྟེ། དགྱེས་རྡོར་བདེ་སྟོང་གཉིས་སུ་མེད་པའི་སྐུ་གསུམ་པོ་དེ་ལ་འོད་ཟེར་བྱུང་ནས་སློབ་མའི་གནས་གསུམ་དུ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་པར་བསྒོམ། དེ་ནི་འོད་ཟེར་མའོ། ནུས་མཐུ་མ་ནི། ལྷ་གསུམ་པོ་དེ་ལས་ནུས་མཐུ་དཔག་ཏུ་མེད་པ་བྱུང་ནས། སློབ་མ་ལ་ཐིམ་པས། སྡིག་སྒྲིབ་དག་


PS008_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསམ་མོ། སྐུ་གཟུགས་མ་ནི། དུས་གསུམ་གྱི་དགེ་བ་རྣམས་ཕར་ལ་ཕུལ་བས། བཟང་ལན་དུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཆར་བབ་པ་བཞིན་བྱུང་ནས། སློབ་མའི་ལུས་ལ་སིབ་སིབ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སངས་དག་པར་བསྒོམ་མོ། །དེ་ཡང་དབང་དང་མ་འབྲེལ་བར་བྱེད་ན་ནམ་མཁའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཕྱི་ནང་གི་ལྷ་ཚོགས་དཔའ་བོ་དཔའ་མོ་ཆོས་སྐྱོང་བའི་བསྲུངས་མ་རྣམས་བཞུགས་པར་བསམ་ལ། རྗེས་སུ་ཡི་རང་བསྒོམས་པས་བཟང་ལན་དུ། དེ་རྣམས་ལས་འོད་ཟེར་དཔག་ཏུ་མེད་པ་བྱུང་ནས་སློབ་མའི་ཐུགས་ལ་ཐིམ་པས། ནད་གདོན་སྡིག་སྒྲིབ་མ་ལུས་པར་སངས་དག་པར་བསྒོམ། དེ་ནི་འོད་ཟེར་མའོ། །ནུས་མཐུ་དང་མ་སྐུ་གཟུགས་མ་གཉིས་གོང་བཞིན་བྱའོ། །རང་


PS008_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་མཆོག་ཏུ་གསལ་བའི་སྐུ་སྟོད་སྐུ་སྨད་ནས། དཔའ་བོ་དང་དཔའ་མོ་བསམ་གྱིས་མི་ཁྱབ་པ་བྱུང་ནས། སློབ་མ་ལ་ཐིམ་པ་དང་ནད་གདོན་སྡིག་སྒྲིབ་དག་པར་བསམ་མོ། རང་རྗེ་བཙུན་མར་བསམ་པའི་བ་སྤུའི་བུ་ག་ནས། ཁྲོ་བོ་དང་ཁྲོ་མོ་དཔག་ཏུ་མེད་པ་བྱུང་། དེ་ནས་ཀྱང་ཁྱད་པར་དུ་རྗེ་བཙུན་མ་བྱུང་ནས་ལུས་ལ་ཐིམ་པར་བསམ་ནས། ཕཊ་ཏ་ཕཊ་ཏ་བྱས་ལ་རོལ་མོ་དྲག་ཏུ་དཀྲོལ། ཡང་ན་ཐོད་པའི་ནང་དུ་སྔགས་གསུམ་སྦྲེལ་འོད་དུ་ཞུ་བའི་ཆང་དེ་སློབ་མ་ལ་གཏོར་བས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་སངས་དག་པར་བསྒོམ། དེ་ནི་མཁའ་འགྲོ་འཆར་འབེབས་མའོ། །རང་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པར་བསྒོམས་པའི་ཐུགས་ཀ་ནས་ཧཱུྃ་ཆེན་པོ་གཅིག་ལ་ཧཱུྃ་མང་པོ་ཆད་ནས་ཕྱིར་དོན་པ་དང་། ཧཱུྃ་དེ་རྣམས་མགོན་པོར་གྱུར་ཏེ། སློབ་མའི་རྒྱུད་ལ་སིབ་སིབ་ཐིམ་པ་དང་། ལུས་ངག་ཡིད་གསུམ་


PS008_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སངས་དག་པར་བསྒོམས་ནས། རྩ་སྔགས་དྲག་ཏུ་བཟླས་རོལ་མོ་རྣམས་དྲག་ཏུ་དཀྲོལ་བར་བྱའོ། ཆར་འབེབས་མའི་གནད་དེས་ནི་མགོན་པོ་འཁོར་དང་བཅས་པ་རྣམས་དགོས་འདོད་སྒྲུབ་ཅིང་བྲན་བཞིན་ཅི་དགོས་བགོ་བ་ཐམས་ཅད་ཉན་པར་བྱེད་དོ། །འདི་རྣམས་ནུབ་གཅིག་ལ་བྱས་ན། གསང་སྔགས་ཐང་མར་བརྡལ་བར་འགྲོ་བས། དཔའ་བོ་མཁའ་འགྲོའི་བཀའ་ཆད་འབྱུང་བས། ཟླ་བ་རེ་ལ་ལན་རེ་ཙམ་ནུབ་སྦྲེལ་མར་བྱའོ། །བྱིན་རླབས་འོད་ཟེར་མ་དང་། ནུས་མཐུ་མ་དང་། སྐུ་གཟུགས་མ་གསུམ་པོ་འདི། །དགྱེས་རྡོར། བདེ་མཆོག །རྗེ་བཙུན་མ། མགོན་པོ་ལ་སོགས་པ་རྣམས་ལ་ཐུན་མོང་མ་ཡིན་པའི་གནད་འདིས་བྱིན་རླབས་བྱས་ན། རང་སློབ་མའི་ནད་གདོན་སྡིག་སྒྲིབ་ལ་སོགས་པའི་རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་


PS008_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་གཅིག་མ་རེས་ཞི་ནས། དཔའ་བོ་མཁའ་འགྲོ་དངོས་སུ་འདུ་ཞིང་། ཚེ་གཅིག་ལུས་གཅིག་གཾ་སྐད་ཅིག་མ་རེས་སངས་རྒྱ་བར་བྱེད་པའི་བྱིན་རླབས་འདི། སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི་དམ་ལྷ་ཚོགས་མཁའ་འགྲོ་ཆོས་སྐྱོང་བའི་བསྲུངས་མ་ཐམས་ཅད་ཀྱིས་དངོས་སུ་སྣང་ཞིང་བྱིན་གྱིས་བརླབས་པའི་གདམས་པ་ཡིན་པས། སྣོད་ལྡན་རེ་ལས་མི་སྦྱིན་ནོ། །ཁྱད་པར་དུ་དཔེ་ལ་གཟབ་ཅིང་། དཔེ་སྟེར་དུས་འབུལ་བ་ཆེན་པོ་དང་ཚོགས་འཁོར་མང་པོ་མ་བྱས་པར་མི་སྦྱིན་ཞིང་། བཀའ་ཡང་ཡང་གདམས་པར་བྱའོ། བདེ་སྐྱིད་འབྱུང་བའི་ཉམས་རྟོགས་འཕེལ་གྱུར་པའི། །མཁའ་འགྲོ་ཆོས་སྐྱོང་སྤྲིན་ལྟར་གཏིབས་འགྱུར་ཞིང་། འོག་མིན་གནས་མཆོག་རི་གོང་ཡང་དགོན་འདིར། །སྣོད་ལྡན་སློབ་མས་ཡང་ཡང་ཞུས་པའི་ངོར། །བྱིན་རླབས་ནོར་བུ་རིན་ཆེན་མཆོག་འདི་བཀོད། །དགེ་


PS008_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

དེས་མཁའ་མཉམ་སེམས་ཅན་ཐམས་ཅད་ཀུན། །རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་ཤོག །མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འབྱུང་བའི་བྱིན་རླབས་འབེབས་ཐབས་ཡིད་བཞིན་ནོར་བུ་ཞེས་བྱ་བ་རྫོགས་སོ། །ཤངས་པའི་གཏད་རྒྱའི་ཆོས་སྐོར་ལ། སྨོན་ལམ་བླ་མའི་དབང་བཞི་རྫོགས་པར་བསྐུར་ནས། ཌཱ་ཀི་ཞལ་གདམས་ཀྱི་ཁྲིད། སྐུ་གསུམ་ལམ་ཁྱེར་གྱི་རྡོ་རྗེའི་ཚིག་རྐང་། དེའི་འགྲེལ་པ་ཉམས་ལེན་གྱི་ཁྲིད་ཁྱུང་པོས་མཛད་པ། མཁའ་འགྲོའི་སྙན་བརྒྱུད་སྣང་བ་རང་སེམས་ཀྱི་ཁྲིད་ཆོས་རྗེ་སྟོན་པས་མཛད་པ། བྱིན་རླབས་དངུལ་གྱི་གདུང་ཁང་མ་གཉན་སྟོན་གྱིས་མཛད་པ། གཞན་དོན་མི་འགྲུབ་མི་སྲིད་པའི་མན་ངག་རྣམས་ཀྱི་ཁྲིད་ལུང་རྫོགས་ནས། མགོན་པོའི་གཏོར་དབང་བར་ཆད་ཀུན་སེལ། སྔགས་དང་ཕྱག་མཚན་དྲུག་གི་རྗེས་གནང་། གླེགས་


PS008_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

བམ་ཡོངས་རྫོགས་ལག་ཏུ་གཏད་ནས། བཀའ་བསྒོ་རྒྱས་པ་ལན་གསུམ་ཚར་ནས། སྨོན་ལམ་བཀའ་རྒྱ་མ་བཏབ། བཀྲིས་བཀའ་རྒྱ་མས་ཆོས་ཀྱི་རྒྱལ་པོར་མངའ་གསོལ་ཞིང་བྱིན་རླབས་ལེགས་པར་བྱས་ཏེ། དེས་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནཻ་གུ་མས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་གདམས་པའི་ཆོས་སྐོར་རྣམས་ཡོངས་སུ་རྫོགས་པ་ལགས་སོ། །མཾ་ག་ལཾ།། །།


previousརྡོ་རྗེ་དབྱུག་པའི་བྱ་བ། ནི་གུ་མ། next