Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྐོམ་དུ་འཐུང་བ་བདེ་དྲོད་ཞལ་སྦྱོར་གྱིས་ཡིག་ཆུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྐོམ་དུ་འཐུང་བ་བདེ་དྲོད་ཞལ་སྦྱོར་གྱིས་ཡིག་ཆུང་། next

སྐོམ་དུ་འཐུང་བ་བདེ་དྲོད་ཞལ་སྦྱོར་གྱིས་ཡིག་ཆུང་།


PS008_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

སྐོམ་དུ་འཐུང་བ་བདེ་དྲོད་ཞལ་སྦྱོར་གྱིས་ཡིག་ཆུང་བཞུགས་སོ། །ན་མོ་གུ་རུ། ཐབས་ལམ་དངོས་གཞིའི་སྐབས་སུ། ཟས་སུ་ཟ་བའི་དྲོད་ཀྱིས་ཏིང་ངེ་འཛིན། །སྐོམ་དུ་འཐུང་བ་བདེ་དྲོད་ཞལ་སྦྱོར་རོ། །དང་པོ་གཞུང་ལྟར་ཡིན་ལ། གཉིས་པ་ཡེ་ཤེས་ཌཱ་ཀིས། རང་ལུས་ཐབས་ལྡན་རྩ་གསུམ་འཁོར་ལོ་བཞི། ཨ་ཧཾ་འབར་འཛག་སྐད་ཅིག་དགའ་བའི་བརྒྱན། ཅེས་པས། ལུས་གནད་ཙོག་པུ་སྤུས་མཁྱུད་ལ། ཕྱི་ཡི་དམ་ནང་རྩ་གསུམ་འཁོར་ལོ་བཞི་གསལ་གདབ་པའི་དབུ་མ་ཕྱི་དཀར་ལ་ནང་དམར་བ་མདའ་སྙུག་ལྟ་བུའི་ཡར་རྩེ་ཚངས་བུག་མར་རྩེ་གསང་གནས། རོ་རྐྱང་གཉིས་ཡར་རྩེ་སྣ་བུག་གཉིས། མར་སྣ་གསང་གནས་སུ་དབུ་མ་ལ་ཐིག་ལེ་ཆའི་དབྱིབས་སུ་ཟུག་པའི་མདོར། ཨ་ཤད་ཀྱི་རྣམ་པ། འཁོར་ལོ་བཞིའི་དབུས་སུ། དབུ་མའི་ནང་དུ་ལྟེ་བར་ཨ་དཀར་པོ་


PS008_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ཁར་ཧཱུྃ་སྔོན་པོ། མགྲིན་པར་ཨོཾ་སེར་པོ། སྤྱི་བོར་ཧཾ་དཀར་པོ། སྲོག་བརྩོལ་གྱིས་རོ་རྐྱང་གི་སྦུད་པས་གསུམ་མདོའི་ཨ་ལས་མེ་ཕྲ་མོ་སྦར་ཏེ། རིམ་པ་བཞིན་ཡི་གེ་རྣམས་བསྲེགས་པ་ལ་དམིགས་བསྐོར་རེ། མཐར་ཧཾ་ལས་བདུད་རྩི་བབས་པས་རྩ་སུམ་བཅུ་རྩ་གཉིས་སོས་པས། དགའ་བའི་ཡེ་ཤེས། མགྲིན་པའི་ཨོཾ་སོས། རྩ་འདབ་བཅུ་དྲུག་སོས་པས་མཆོག་དགའ་ཡེ་ཤེས། སྙིང་ཁའི་ཧཱུྃ་སོས། རྩ་འདབ་བརྒྱད་གང་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས། ལྟེ་བའི་ཨ་སོས་རྩ་འདབ་དྲུག་ཅུ་རྩ་བཞི་སོས། དགའ་བྲལ་གྱིས་ཡེ་ཤེས་སྐྱེས་པར་བསམ་ཞིང་འབར་འཛག་རྩེ་སྤྲད་དེ། འཁོར་ལོ་རེ་ལ་དམིགས་ཐེབས་རེ། དྲོད་དང་བདེ་བའི་སྟོབས་ཀྱིས་འབར་འཛག་གི་རིམ་པའང་ཤེས་པར་བྱའོ། །ཡང་རིམ་པ་བཞིན་མཚན་ཉིད་ཐམས་ཅད་དང་བྲལ་བའི་སྐད་ཅིག་


PS008_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

མའང་སྐྱེས་བུ་བྱེད་པའི་རྣམ་པར་སྨིན་པའི། རྒྱུད་མཐུན་པའི་སྐད་གཅིག་མ་བཞི་དང་དགའ་བ་སྦྱོར་བའོ། །ཙོག་པུ་ཡོན་ཏན་དགུ་དང་ལྡན་པ་ནི། ལུས་ལ་གསུམ་སྟེ། རྩ་རང་མལ་དུ་གནས་པས་ནང་གི་སྲིན་བུ་གནས་མི་འཆུག་སྟེ། འོག་སྒོ་མི་ཟ་རླུང་རང་གནས་སུ་ཟིན་པས་དྲོད་ཆེ་ཞིང་ཤ་སྐྲག་དྭངས་བས་གཞན་གྱིས་ཡིད་དུ་འོང་། ཉལ་ཉེས་མ་བྱས་པས་འོག་སྒོ་མི་འཆོར་ཏེ། ལུས་ངག་ཡིད་གསུམ་གྱི་བརྟེན་དེ་ཉིད་གསུམ་གཅིག་ཐོག་ན་དྲང་པོར་གནས་པས་བསྲུང་བར་འགྲོ་ཞིང་ཡི་དྭགས་མི་འཇུག་གོ། ངག་གི་གསུམ་ནི། མི་འཛེར་བ། སྙན་པ། གཞན་ལ་སྒོ་བ་བསྟན་པའོ། གཉིད་རྨུགས་ཆུང་བས་ཤེས་པ་གསལ། ཁམས་དྭངས་མ་རང་གནས་སུ་དྭངས་པས་སེམས་བདེ། རླུང་དབུ་མར་ཚུད་པས་མི་རྟོག་པའོ། །གཞན་ཡང་ཡོན་ཏན་དཔག་ཏུ་མེད་པར་གསུང་ངོ་། །སྐོམ་དུ་འཐུང་བ་བདེ་དྲོད་ཞལ་
གདམས་ཀྱིས་ཡིག་ཆུང་ལགས་སོ། །ཨྀིྠ།


previousསྐོམ་དུ་འཐུང་བ་བདེ་དྲོད་ཞལ་སྦྱོར་གྱིས་ཡིག་ཆུང་། next