Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མའི་དབང་བཞི་དང་དབང་བཞི་བླ་མའི་སྒྲུབ་ཐབས། ནི་གུ་མ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མའི་དབང་བཞི་དང་དབང་བཞི་བླ་མའི་སྒྲུབ་ཐབས། ནི་གུ་མ། next

བླ་མའི་དབང་བཞི་དང་དབང་བཞི་བླ་མའི་སྒྲུབ་ཐབས། ནི་གུ་མ།


PS008_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་དབང་བཞི་དང་། དབང་བཞི་བླ་མའི་སྒྲུབ་ཐབས་བཞུགས། །རྒྱ་གར་སྐད་དུ། གུ་རུ་མཎྜལ་ནཱ་མ། བོད་སྐད་དུ། བླ་མའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། དུས་གསུམ་སངས་རྒྱས་བླ་མ་རྣམས་ལ་ཕྱག་འཚལ་ལོ། གང་ཞིག་བླ་མའི་དཀྱིལ་འཁོར་ལ་དབང་ལེན་པར་འདོད་པས། དབེན་པའི་གནས་སུ་མཎྜལ་བདུད་རྩི་ལྔ་དང་ཆང་གིས་བྱུགས་ལ། པདྨ་འདབ་བཞི་ལྟེ་བ་དང་ལྔ་ལ་མེ་ཏོག་ཚོམ་བུ་དགོད། མཆོད་པ་དང་གཏོར་ཚོགས་འབྱོར་ཚད་བཤམ་མོ། །དེ་ནས་པདྨའི་ལྟེ་བ་ལ་གདན་བཞིའི་སྟེང་དུ། རྩ་བའི་བླ་མ། མདུན་དུ་ཡི་དམ། གཡས་སུ་འདས་པའི་བླ་མ། རྒྱབ་ཏུ་ད་ལྟར་གྱི་བླ་མ། གཡོན་དུ་མ་འོངས་པའི་བླ་མ་རྣམས་ལ། དེ་རྣམས་


PS008_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པའི་རང་བཞིན་དུ་བསྒོམ་མོ། །དེ་ནས་གསེར་གྱི་མཎྜལ་དང་། ཕྱི་ནང་གསང་གསུམ་གྱིས་མཆོད་ལ་གསོལ་བ་གདབ་པ་ནི། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །བླ་མའི་སྐུ་ལ་གསོལ་བ་འདེབས། །སངས་རྒྱས་ཀུན་གྱི་རང་བཞིན་གསུང་། །བླ་མའི་གསུང་ལ༴ སངས་རྒྱས་ཀུན་གྱི་རང་བཞིན་ཐུགས། །བླ་མའི་ཐུགས་ལ༴ ཞེས་གསུམ་གསོལ་བ་བཏབ་པས། །མདུན་གྱི་ལྷ་ཚོགས་རྣམས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ། སྤྱི་བོར་བྱོན་ནས་འོད་དང་བདེ་བའི་རང་བཞིན་དུ་བཞུགས་པ་ལ། ཡང་གསེར་གྱི་མཎྜལ་དང་། ཐོད་པར་ལུས་བདུད་རྩིར་སྦྱངས་ལ་ཕུལ་ནས། བླ་མ་དུས་གསུམ་གྱི་སངས་རྒྱས་ཀྱིས། བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་


PS008_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པས། སྤྱི་བོའི་བླ་མ་དང་ཡི་དམ་ལས་འོད་འཕྲོས་པས། ནམ་མཁའི་ལྷ་ཚོགས་ལ་འཕོག །དེ་དག་གི་སྨིན་མཚམས་ནས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་བྱུང་ནས་བདག་གི་སྤྱི་བོར་ཐིམ་པས། ལུས་ཀྱི་སྡིག་སྒྲིབ་དག་ནས་བུམ་དབང་ཐོབ་པར་བསམ་མོ། བླ་མའི་ལྗགས་སྟེང་ནས་བདུད་རྩིའི་རྒྱུན་དམར་པོ་བྱུང་ནས་བདག་གི་ལྕེ་ཐོག་ཏུ་ཐིམ་པས། ངག་གི་སྡིག་སྒྲིབ་དག་ནས་གསང་དབང་ཐོབ་པར་བསམ་མོ། །བླ་མའི་། ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་སྔོན་པོ་བྱུང་ནས་བདག་གི་སྙིང་ཁར་ཐིམ་པས། ཡིད་ཀྱི་སྡིག་སྒྲིབ་དག་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར་བསམ་མོ། །དུས་གསུམ་གྱི་བླ་མ་དང་ཡི་དམ། རྩ་བའི་བླ་མ་ལ་ཐིམ། བླ་མ་འོད་ཀྱི་རང་བཞིན་དུ་གྱུར་ནས་རང་ལ་ཐིམ་པས། དམིགས་མེད་ཕྱག་རྒྱ་ཆེན་པོར་བཞག་གོ། །དེས་ལུས་ངག་ཡིད་གསུམ་དུ་འཛིན་པའི་


PS008_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མ་དག་ནས་དབང་བཞི་པ་ཐོབ་པར་བསམ་མོ། །དེ་ལྟར་དབང་བཞི་ཐོབ་ནས། དེ་ཉིད་ལྡན་པས་གསོལ་བ་རྩེ་གཅིག་འདེབས་པ་ནི། བླ་མ་མཆོག་ཏུ་སྒྲུབ་པས་ཏེ། །ལོ་ཟླས་སངས་རྒྱ་བར་འགྱུར་རོ། །བླ་མ་མཆོག་གི་དཀྱིལ་འཁོར་ལ། །དབང་བཞི་རྫོགས་པར་ཞུས་ནས་ཀྱང་། །མ་ཡེངས་གསོལ་བ་བཏབ་གྱུར་ན། །ས་ལམ་མ་ལུས་ལོ་ཟླས་བགྲོད། །སྐྱེ་མེད་རང་སྒྲ་དེ་སྐད་ཐོས། །སྣང་བ་བླ་མའི་ལམ་ཁྱེར་གྱིས། །རང་ཤར་རྣམ་གསུམ་འབྱུང་བར་འགྱུར། །གནས་གསུམ་དུ་བླ་མ་བསྟིམ་ནས་ཚོགས་ལ་རོལ། གསོལ་བ་གདབ། བསྔོ་བ་བྱའོ། །བླ་མའི་དབང་བཞི་ཡེ་ཤེས་ཀྱི་ཌཱ་ཀི་ནཻ་གུ་མས་མཛད་པ་རྫོགས་སོ། །ཌཱ་ཀི་མ་དེ་ཉིད་དང་། །ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བའོ། །བདག་ཁྱུང་པོ་རྣལ་འབྱོར་པ་གསེར་སྲང་ལྔ་བཅུ་ཕུལ་ནས་ཞུས་ཏེ་ཉམས་སུ་མྱོང་བར་བྱས་པའོ། །ཨྀིྠ། །


previousབླ་མའི་དབང་བཞི་དང་དབང་བཞི་བླ་མའི་སྒྲུབ་ཐབས། ནི་གུ་མ། next