Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྗེས་སུ་ཡིད་རང་བའི་ཕྱིའི་བཀའ།
   
   
   
   
   
   
   
   
   
   
   
   
   


 
previousརྗེས་སུ་ཡིད་རང་བའི་ཕྱིའི་བཀའ། next

རྗེས་སུ་ཡིད་རང་བའི་ཕྱིའི་བཀའ།


PS008_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་ཡིད་རང་བའི་ཕྱིའི་བཀའ་བཞུགས་སོ། །ན་མོ་གུ་རུ། འདིར་རྗེས་སུ་ཡིད་རང་བའི་ཕྱིའི་བཀའ་ལ། སྔོན་འགྲོ། དངོས་གཞི་རྗེས་གསུམ་ལས། དང་པོ་ནི། གནས་ཁང་ཕྱག་བདར་ལེགས་པར་བྱས་པར། རྟེན་མཆོད་སོགས་ཀྱི་མདུན་དུ། ཟླུམ་གཏོར་གསུམ་བཤམས་ལ། དང་པོ་བླ་མ་ཡི་དམ། གཉིས་པ་ཆོས་སྐྱོངས། གསུམ་པ་གཞི་བདག་ལ་གཞན་གྱི་འགྲོས་སྦྱར་ཏེ། གཉིས་པ་དངོས་གཞི་ནི། སློབ་མ་རྣམས་ཁྲུས་བྱས་གྲལ་ལ་འཁོད། འཚམས་སྦྱར་སྤྱི་རིགས་པ་སྔོན་དུ་འགྲོ་བས། མཎྜལ་འབུལ་དུ་བཅུག །དགའ་ཆེན་སོགས་ཀྱི་གསོལ་འདེབས་དང་། ཡན་ལག་བདུན་པ་བྱ། དེ་ནས་མདུན་གྱི་ནམ་མཁར་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པ་བསམ་ལ།


PS008_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

སྤོས་ལ་སོགས་པའི་མཆོད་པ་ཕུལ་ནས། རྗེས་སུ་ཡི་རང་བ་བསྒོམ་པར་བྱ་སྟེ། ཐོག་མར་རང་གི་སྦྱིན་པ་ལ་སོགས་པའི་དགེ་བའི་ལས་བྱས་པ་རྣམས་གསལ་བཏབ་སྟེ་དགའ་བ་བསྒོམ། དེ་ནས་སོ་སོ་སྐྱེ་བོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བཅུ་སོགས་དགེ་བ་སྤྱི་དང་། བྱེ་བྲག་ཡར་དཀོན་མཆོག་ལ་མཆོད་པ། མར་ངན་སློང་ལ་སྦྱིན་གཏོང་། བར་དུ་དགེ་འདུན་ལ་བསྙེན་བསྐུར་བགྱིས་པ་སོགས་ལ། ཨ་རེ་དགའ་རྗེས་སུ་ཡི་རང་སྙམ་པ་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཚུལ་ཁྲིམས་རྣམ་པར་དག་པ་དང་། ཏིང་ངེ་འཛིན་རྣམ་པར་དག་པ་རྣམས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྐལ་པ་དཔག་ཏུ་མེད་པར་ལུས་སྲོག་སྦྱིན་པར་གཏོང་བར་མཛད་པ་ལ་སོགས་སེམས་ཅན་ལ་ཕན་པའི་


PS008_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་རྒྱ་ཆེན་པོ་རྣམས་ལ་ཨ་རེ་དགའ། རྗེས་སུ་ཡི་རང་སྙམ་པ་དང་། རང་ཡིད་ཆེས་ངེས་ཀྱི་རྗེས་སུ་ཡི་རང་བསྒོམ་པས། མདུན་གྱི་སངས་རྒྱས་བྱང་སེམས་རྣམས་ཀྱི་སྨིན་མཚམས་ནས། བྱམས་པའི་ཆུ་རྒྱུན་དཀར་པོ་བྱུང་། ཁྱེད་རང་གི་ལུས་ལ་ཐིམ་པས། ལུས་ཀྱི་སྒྲིབ་པ་དེ་དག་པར་བསམ། དེ་དག་གི་མགྲིན་པའི་གནས་ནས་བྱམས་པའི་ཆུ་རྒྱུན་དམར་པོ་བྱུང་། སློབ་མའི་མགྲིན་པར་ཐིམ་པས། ངག་གི་སྡིག་སྒྲིབ་དག་པར་བསམ། ཐུགས་ཀ་ནས་མཐིང་ཁ་བྱུང་། སློབ་མའི་སྙིང་ཁར་ཐིམ་པས་ཡིད་ཀྱི་སྡིག་སྒྲིབ་དག་པར་བསམ། མཐར་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་སློབ་མ་ལ་ཐིམ་པས། སློབ་མ་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་གཉིས་


PS008_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣམ་པ་ཅན་དུ་གྱུར་པར་བསྒོམ། རྗེས་དགེ་བ་བསྔོ། འདི་ཡང་སངས་རྒྱས་གཉན་སྟོན་གྱི་གསུང་བཞིན་ལ། ཅུང་གསལ་དུ་བཏང་སྟེ་བཀོད་པ་དགེ་ལེགས་འཕེལ། མངྒ་ལཾ། ༅ སྨོན་ལམ་བཀའ་རྒྱ་མ་ནི། རང་གི་མདུན་གྱི་ནམ་མཁར་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པ་བཞུགས་པར་བསམ་ལ། སྨོན་ལམ་བཏབ། ཡི་དམ་དང་ཆོས་སྐྱོང་ལ་གཏོར་མ་ཟླུམ་གཏོར་རེ་བཤམས་ཏེ། གཏོར་བསྔོ་བྱ། སློབ་མ་བོས་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་སྨོན་ལམ་བཀའ་རྒྱ་མའི་བྱིན་རླབས་ཀྱི་བཀའ་གསན་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པར་གསལ་བཏབ་ནས་གསན་པར་ཞུ་འཚལ། མཎྜལ་འབུལ་ཞུ། མདུན་གྱི་ནམ་མཁར་བླ་མ་དང་སངས་རྒྱས་བྱང་སེམས་བཞུགས་


PS008_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཡན་ལག་བདུན་པ་འབུལ་སྙམ་པའི། རྒྱུན་བཤགས་ལན་གསུམ་བྱ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་གི་སྐུ་ལུས་ལ་ཕོག་པས་རྣམ་སྨིན་གདོས་བཅས་ཤ་ཁྲག་གི་བར་དུ་སྦྱངས་ཏེ། འོད་ཀྱི་གོང་བུར་གྱུར། དེ་ཡོངས་སུ་གྱུར་པ་ལས། ཁྱེད་རང་འཁོར་ལོ་སྡོམ་པ་ལྷན་ཅིག་སྐྱེས་པའི་རྣམ་པ་ཅན་དུ་གྱུར་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། སློབ་དཔོན་འཁོར་ལོ་སྡོམ་པར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་འཁོར་ལོ་སྡོམ་པའི་རྣམ་པར་སྤྱན་དྲངས་ཏེ། ཁྱེད་རང་གི་སྐུ་ལུས་ལ་སིབ་སིབ་ཐིམ་པས། བྱིན་གྱིས་རླབས་པའི་ཐུགས་མོས་གནང་བ་ཞུ། ཧྲཱི་ཧ་དང་། ཨ་བེ་ཤ་བརྗོད། རོལ་ཆེན་བྱས་ཏེ་ཡེ་ཤེས་ཕབ། དེ་ནས་སློབ་


PS008_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

མའི་སྤྱི་བོར་པད་ཟླའི་སྟེང་དུ་རྩ་བའི་བླ་མ་འཛུམ་པའི་མདངས་དང་ལྡན་པར་བསམ། མདུན་དུ་གནོད་བྱེད་གཞི་བདག་སེམས་ཅན་ཐམས་ཅད་ལུས་གུས་པས་ཐལ་མོ་སྦྱར། ངག་གུས་པས། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །བླ་མའི་སྐུ་ལ་གསོལ་བ་འདེབས། །སངས་རྒྱས་ཀུན་གྱི་རང་བཞིན་གསུང་། །བླ་མའི་གསུང་ལ༴ སངས་རྒྱས་ཀུན་གྱི་རང་བཞིན་ཐུགས། །བླ་མའི་ཐུགས་ལ༴ ཞེས་གསོལ་བ་འདེབས་ཤིང་གསེར་གྱི་མཎྜལ་དང་། ཐོད་པར་ལུས་བདུད་རྩིར་སྦྱངས་ནས་ཕུལ་ཏེ། བླ་མ་རིན་པོ་ཆེ་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས་ཀྱི་བྱིན་རླབས་བདུད་རྩིར་གྱུར་པ་རང་གི་སྤྱི་བོ་ནས་ཐིམ་པས། ལུས་ཀྱི་སྡིག་སྒྲིབ་དག །བུམ་དབང་ཐོབ་
པར་བསམ། བླ་མའི་ལྗགས་སྟེང་ནས་བདུད་རྩིའི་རྒྱུན་དམར་པོ་བྱུང་། ངག་གི་སྒྲིབ་པ་དག །གསང་དབང་ཐོབ་པར་བསམ༴ བླ་མའི་ཐུགས་ཀ་ནས་བདུད་རྩིའི་རྒྱུན་སྔོན་པོ་བྱུང་། རང་གི་སྙིང་ཁར་ཐིམ་པས། ཡིད་ཀྱི་སྡིག་སྒྲིབ་དག་ཅིང་། ཤེར་དབང་ཐོབ་པར་བསམ། མཐར་བླ་མ་རང་ལ་ཐིམ་པས། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག །དབང་བཞི་པ་ཐོབ་པར་བསམ། སྨོན་ལམ་བཀའ་རྒྱ་མ་ལན་གཅིག་སྒྲོག །གཙོ་བོས་ཇི་ལྟར་སོགས་དཀྱུས་བཞིན་ཁྱུང་པོའི་གསུང་དང་མཐུན་པར་བཀོད་པ། ཨྀིྠཿ


previousརྗེས་སུ་ཡིད་རང་བའི་ཕྱིའི་བཀའ། next