Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྗེས་སུ་ཡི་རང་གི་ཞལ་གདམས།
   
   
   
   
   
   
   
   
   
   
   


 
previousརྗེས་སུ་ཡི་རང་གི་ཞལ་གདམས། next

རྗེས་སུ་ཡི་རང་གི་ཞལ་གདམས།


PS008_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་ཡི་རང་གི་ཞལ་གདམས་ནི། ཡེ་ཤེས་རྡོ་རྗེ་རྩེ་ལྔའི་ལྟེ་བའི་ནང་དུ། རང་ཉིད་ནི་གནས་སྐབས་འདུན་པའི་ཡི་དམ་དུ་བསྒོམས་ལ། གཞན་དོན་ལ་འཇུག་


PS008_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྟེན་འབྲེལ་ཆེ་བ་ནི། རྡོ་རྗེ་ཚོན་གང་རབ་གནས་ཅན། །རང་གི་སྐེ་ལ་གདགས་པར་བྱ། དེའི་ནད་གདོན་ཚུགས་མི་འགྱུར། ཁྱད་པར་ཤིང་གཅོད་རྡོ་འདུལ་དང་། །གནའ་དང་རབ་གནས་སྦྱིན་བསྲེག་སོགས། དྲག་པོའི་ལས་དང་ལས་གཞན་རྣམས། བྱེད་ཚེ་རང་ལུས་རྡོ་རྗེའི་མཁར། འདི་ནི་རྡོ་རྗེ་ཕ་ལམ་སྟེ། ཚུར་ལ་ཅིས་ཀྱང་མི་ཚུགས་ཤིང་། ཕར་ལ་ཐམས་ཅད་འཇོམས་པར་བྱེད། གཅིག་བརྒྱུད་གནས་ཡིན་ཁྱད་པར་འཕགས། ཨྀིྠཿ ༈ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བདག་ཉིད་ཀྱི་དུས་གསུམ་དུ་བསགས་ཤིང་བྱས་པའི་དགེ་བའི་རྩ་བ་འདི་དག་ཐམས་ཅད་ཨ་རེ་ལེགས་ཨ་རེ་ཡིན་སྙམ་དུ། རང་གི་དགེ་བ་ལ་དགའ་བ་ཁྱད་པར་ཅན་དང་། རྗེས་སུ་ཡི་རང་བ་དྭངས་སིང་སིང་བ་བསྒོམ། དེ་བཞིན་


PS008_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རང་དང་། དལ་འབྱོར་གྱི་མི་ལུས་ཐོབ་ནས་ཐེག་པ་ཆེན་པོའི་ཆོས་ཉམས་སུ་བླངས་ནས་ཚེ་གཅིག་སངས་རྒྱས་ཐོབ་པ་བྱེད་དུ་ཡོད་པས། མཉམ་པ་དང་། འདི་དགེ་བའི་རྩ་བ། རང་ལས་ལྷག་པ། འདི་གང་ཟག །ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་ལམ་གྱི་རིམ་པ་ལ་གནས་ནས་དགེ་བའི་རྩ་བ་བྱས་པ་དང་། འགྲོ་བ་རྣམས་ལ་ཕན་བདེ་བསྒྲུབ་པའི་ཕྱིར། སངས་རྒྱས་རྣམས་ཀྱི་ཟག་པ་མེད་པའི་དགེ་བའི་རྩ་བའི་བསོད་ནམས་དང་། བརྩོན་འགྲུས་དཔག་ཏུ་མེད་པ་ཡོད་པས་བྱང་ཆུབ་ཀྱི་སེམས་སྦྱངས་ཤིང་། ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་ནས་སྤང་རྟོགས་ཕུན་སུམ་ཚོགས་པ་དང་ལྡན་པ་འདི་རྣམས་ཨ་རེ་ལེགས་ཨ་རེ་ཡིན་སྙམ་དུ་རྗེས་སུ་ཡི་རང་བ་དྭངས་སིང་སིང་བསྒོམ་པར་བྱའོ། །དེའི་རྗེས་ལ་རང་གི་གསང་གནས་སུ། ཨཱ་ལི་ཀཱ་ལི་གཡས་སྐོར་དུ་འཁོར་བར་


PS008_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ཞིང་། ངག་ཏུ་ཡང་བརྗོད་པས། ཨཱ་ལི་ཀཱ་ལི་ལས་ཡེ་ཤེས་ཀྱི་མེ་འབར་དེ་ཡང་ལས་རིམ་པས་དང་སིང་མ་སྐྱེས་ཀྱི་བར་དུ། རྡོ་རྗེའི་བུམ་པའི་ནང་དུ། ནས་ལུས་ཀྱི་ནང་ཐམས་ཅད་དང་། ཕྱིའི་གདོན་བགེགས་དང་། ནང་གི་འདུ་བ་རྣམ་བཞིའི་ནད་དང་། ཉོན་མོངས་པ་དུག་ལྔ་དུག་གསུམ་ཐམས་ཅད་ཆིལ་གྱིས་བསྲེག་པར་བསམ། དེ་ནས་གསང་གནས་ཀྱི་ཨཱ་ལི་ཀཱ་ལི་འདུས་ཏེ་འོད་དུ་ལྟེམ་གྱིས་ཞུ་ནས། སོང་བ་དང་། རྗེ་བཙུན་མ་དཀར་མོ་གཅིག་ཏུ་གྱུར་ཏེ། སྙིང་ཁར་བྱོན་པ་དང་བླ་མས་བདག་ཡེ་ཤེས་ཀྱི་མེ་དེས་སྣང་ལ་རང་བཞིན་མེད་པར་སྦྱངས་པའམ། ལ་རང་བྱུང་གི་ཡེ་ཤེས་ངོ་སྤྲད་པ་ཡིན་ཨང་སྙམ་དུ་བསྒོམ། དེ་ནས་སྤྱི་བོ་དང་གསང་གནས་གཉིས་ནས་ཐིག་ལེ་དཀར་དམར་བྱུང་སྟེ་སྙིང་ཁར་འདྲེས་པ་དང་བདེ་བ་ཁྱད་


PS008_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཅན་ལུས་ལ་སྐྱེས་པར་བསམ། དེའི་ངང་ལ་སྙིང་ཁའི་ཐིག་ལེ་དེ་ཧཱུྃ་དུ་གྱུར། ནས་ཐིག་ལེ་དཀར་པོ་བྱུང་ནས་སྙིང་ཁར་བྱོན་ནས། ནས་ཐིག་ལེ་དམར་པོ་བྱུང་ནས་སྙིང་ཁར་བྱོན་པ། ཐིག་ལེ་གཉིས། ཧཱུྃ་དེ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་རྩེ་ལྔ་པ་གཅིག་ཏུ་གྱུར་པར་བསྒོམ། དེའི་ཡར་རྩེ་ལྔ་ནས་འོད་ཟེར་ལྔ་འཕྲོས་ནས་སྤྱི་བོ་ནས་མར་སོང་བས་དེས་ནད་གདོན་སྡིག་སྒྲིབ་ཐམས་ཅད་སངས་ཀྱི་དག་པར་བསམ་མོ། །ཡང་མར་རྩེ་ལྔ་ལས་འོད་འཕྲོས་པས། ཡེ་ཤེས་ལྔ་རྒྱུད་ལ་སྐྱེས་པར་བསམ། ཡང་སྐུ་རྡོ་རྗེར་མོས་པ་བྱའོ། །དེའི་རྗེས་ལ་སྐྱེ་མེད་ཕྱག་རྒྱ་ཆེན་པོའི་ངང་ལ་གནས་པར་བྱའོ། །དེ་ལ་རྟོག་པ་འཕྲོ་ན། ཟེར་ལྔ་ཡར་གོང་བཞིན་དུ་རྗེས་སུ་ཡི་རང་དང་། རང་བས་ལྷག་པ་ནས་བཟུང་བསྡུ་རིམ་གྱིས་བསྒོམས་ནས། དེ་ལས་བྱུང་བའི་ཡུན་རིང་དུ།


PS008_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་དེ་དག་ཐམས་ཅད་དུས་གསུམ་གྱི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་ལ་ཟག་པ་མེད་པའི་ཡེ་ཤེས་ཀྱི་མཆོད་པ་དཔག་ཏུ་མེད་པས་ཐུགས་ཚིམ་ཞིང་མཉེས་པར་བསམ། དེའི་བཟང་ལན་དུ་སངས་རྒྱས་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་སྐུ་གསུང་ཐུགས་ཚིམ་ཞིང་མཉེས་པ་ལས་འོད་ཟེར་དཔག་ཏུ་མེད་པ་བྱུང་ནས། རང་གི་ལུས་ལ་སིབ་སིབ་ཐིམ་པར་བསྒོམ་མོ། །གཞན་ཡང་ནད་པ་ལྟ་བུ་དམིགས་པ་གཏད་ན་ནད་ཐོག་ཏུ་གོང་བཞིན་དུ་ཡང་ཡང་བསྟིམ་པར་བྱའོ། །དེས་ནད་གདོན་ཐམས་ཅད་སྐད་ཅིག་མ་རེས་སོས་པར་འགྱུར་རོ། །མདོ་རྒྱུད་ཀྱི་དགོངས་པ་ཚེགས་ཆུང་དོན་ཆེ། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པར་བྱེད་པ། བླ་མ་ཤངས་པའི་གདམས་ངག །


PS008_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་ཀྱི་རྗེས་སུ་ཡི་རང་ཞེས་བྱ་བ། བླ་མ་སྐྱེར་སྒང་པའི་གསུང་སྒྲོས་ཇི་ལྟ་བ་བཞིན་དུ་ཡི་གེར་བཀོད་པའོ། །ཕྱག་མཆོད་བཀའ་རྒྱ་མ་བཞུགས། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །འདིར་ཕྱག་མཆོད་བཀའ་རྒྱ་མ་ལ། བརྒྱུད་པ་དང་། གདམས་པ་གཉིས་ལས། བརྒྱུད་པའི་ལོ་རྒྱུས་ནི། །སངས་རྒྱས་གཉན་ལ། རིན་པོ་ཆེ་རི་གོང་པས། ཙ་རི་ལ་གཤེགས་པར་ཞུས་པ་ལ། ཙ་རི་ལ་སོགས་པའི་གནས་ཆེན་གང་བས་ཀྱང་བླ་མའི་རྩ་འདི་དགའ་བ་ཡིན་པས། ངའི་རྩར་སྡོད་ལ་སྒྲུབ་པ་བགྱི། མ་བདེ་བ་ལ་སོགས་པ་བྱུང་ན་འདིར་ཤོག་གསུང་ནས། དྲུང་དུ་སྒྲུབ་པ་བྱེད་ཀྱིན་བཞུགས་ནས། ཉིན་གཅིག་ཞུ་བཏུག་ལ་བྱོན་པས། བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མ་བྱོན་པ་མཐོང་ངམ་གསུངས།


PS008_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

མ་མཐོང་ལགས་ཞུས་པས་གྲིབ་ཐམས་ཅད་སེལ་བར་བྱེད་ཅིང་ཡི་དམ་གྱི་ཞལ་མྱུར་དུ་མཐོང་བར་བྱེད་པའི་གནད་ཟབ་མོ་གསུང་གི་འདུག་པ་ཐོས་སམ་གསུང་། མ་ཐོས་ལགས་ཞུས་པས། ལས་ངན་གྱི་སྒྲིབ་པ་འདི་ཤིན་ཏུ་འཇིགས་པར་འདུག །ཡི་དམ་གྱི་ལྷ་རྩ་ན་བཞུགས་ནས་ཆོས་གསུངས་ཀྱང་མི་མཐོང་ཞིང་མི་གོ་བར་འདུག་གསུང་ནས། རྗེ་བཙུན་མས་སངས་རྒྱས་གཉན་ལ་གསུངས། །དེས་སངས་རྒྱས་སྟོན་པ་ལ། དེས་ཤངས་སྟོན་པ་སོགས་ལ་གསུངས་སོ། །གཉིས་པ་གདམས་པ་དངོས་ནི། རྫས་ནང་མཆོད་བཞིན་བྱིན་གྱིས་བརླབས་ལ། ལག་པ་གཡོན་པའི་སྲིན་ལག་གིས་ཆོས་འབྱུང་ཉིས་བརྩེགས་བྲིས་པའི་ཟུར་གསུམ་ལ་ཡི་གེ་གསུམ་བསམ་ཞིང་ངག་ཏུ་བརྗོད་དོ། །དེ་རྗེ་བཙུན་མའི་ངོ་བོ་ལ་ཡིག་འབྲུའི་རྣམ་པས། དབུས་སུ་བྃ་ལ་སྔགས་གསུམ་གྱིས་གཡོན་བསྐོར་དུ་ལན་གསུམ་བསྐོར་བའམ། ཡང་ན་སྔགས་གསུམ་པོ་གྱེན་ལ་ལངས་པ་བཞིན་གཡས་


PS008_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་གཉིས་དབུས་དང་གསུམ་དུ་ཡོད་པ་ལ་དམིགས་ནས་སྔགས་བཟླས་པས། མ་ད་ནའི་རྡུལ་ཕྲན་ཐམས་ཅད་ངོ་བོ་རྗེ་བཙུན་མ་ལ་སྔགས་ཀྱི་རྣམ་པར་གྱུར་པ་རང་ལྷར་གསལ་བའི་ལུས་ལ་གཏོར་བའི་གྲིབ་དང་ཉེས་སྐྱོན་ཐམས་ཅད་དག་ནས་ལུས་ཀྱི་ཕྱི་ནང་ཐམས་ཅད་ཡི་གེ་དེ་རྣམས་ཀྱིས་འབག་ཞལ་དུ་གྱུར་པར་བསམ། གཞན་ལྷར་གསལ་བ་གཏོར་བས་ཀྱང་དེ་བཞིན་བསམ། གནས་ཁང་ལ་གཏོར་བས་གནས་ཁང་གི་གྲིབ་ལ་སོགས་པ་མ་དག་པ་སྦྱང་ནས་ཡི་གེ་རྣམས་ཀྱི་འབག་ཞལ་དུ་གྱུར་ཅིང་། ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་ཡི་གེའི་དྲྭ་གུར་དུ་གྱུར་ནས་དེའི་གཟི་བརྗིད་ལ་གནོད་བྱེད་ལ་སོགས་པ་རྣམས་ཀྱི་ཉེ་མི་ནུས་པར་བསམ། ཕྱག་མཆོད་བཀའ་རྒྱ་མའི་ཡི་གེ་བླ་མའི་གསུང་བཞིན་དུ་བྲིས་པའོ། །དེ་ནས་སློབ་མ་ལ་སྟེར་ན། རང་ཉིད་ལངས་ཏེ། གཡས་སུ་རོལ་མོ་


PS008_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་པ་གཉིས། གཡོན་དུ་གཉིས། མདུན་དུ་སྤོས་ཐོག་པ་གཅིག་བྱས་ལ། བདུད་རྩི་མཐེབ་སྲིན་གྱི་སློབ་པའི་ལུས་ལ་གཏོར་བས། དཔའ་བོ་དང་དཔའ་མོ་སིབ་སིབ་ཐིམ་པར་བསམ་མོ། །དེས་དམ་ཚིག་གི་ཉམ་ཆགས་དང་གྲིབ་ཐམས་ཅད་སེལ་བ་དང་། དགེ་སྦྱོར་ལ་བོགས་གོང་ནས་གོང་དུ་ཐོན་པར་བྱེད་དོ། །འདིས་ཡི་དམ་གྱི་ཞལ་མྱུར་དུ་མཐོང་བར་བྱེད་དོ། །གསུང་པས་ཤིན་ཏུ་ཟབ་པར་ཡོད་པས་གསང་ནས་ཉམས་སུ་ལེན་པ་ལགས་སོ། །བཀའ་རྒྱ་དམ་པོ་ཡོད་པས་ཁ་ཐམ། ཤུ་བྷཾ། ༅ གེགས་སེལ་རིན་ཆེན་སྒྲོན་མེ། སྨིན་ཀ་འཚོལ་བའི་ཡིག་ཆུང་། གསང་སྔགས་འཁོར་ལོ་ལྔ་ལྡན་རྣམས་བཞུགས། དུས་གསུམ་ཤེས་བྱའི་དཀྱིལ་འཁོར་མ་ལུས་ཀུན། །སྒྲིབ་པ་མེད་པར་ཐམས་ཅད་མཁྱེན་གྱུར་པའི། །བདེ་སྟོང་དབྱེར་མེད་འོད་


PS008_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་འདུས་མ་བྱས། །སངས་རྒྱས་གཉན་སྟོན་རིན་ཆེན་ཞབས་ལ་འདུད། །དལ་འབྱོར་རྙེད་དཀའ་དོན་ཡོད་བྱེད་པ་ལ། །བརྩེ་ཆེན་ཁྱོད་མིན་སྐྱབས་མགོན་མ་མཆིས་པས། །དུས་འདིར་བྱང་ཆུབ་ཐོབ་ཕྱིར་ཞུ་བའི་དོན། །འདི་རྣམས་གཞན་ལ་ཕན་ཕྱིར་བཀའ་སྩོལ་འཚལ། །ཉིན་པར་དུས་སུ་སྒྱུ་མ་རང་ཤར་དེ། །དམིགས་པ་གང་ལ་བརྟེན་ནས་འབྱུང་བ་ལགས། །ཆོས་རྗེའི་ཞལ་ནས། ལྟེ་འོག་ཏུ་ཆོས་འབྱུང་བསྒོམས་པས་སྒྱུ་མ་རང་ཤར་དུ་བྱུང་བ་འབྱུང་སྟེ། དེ་བས་ཀྱང་བླ་མའི་ཞེས་ཞུས་པ་ལ། མོས་གུས་གནད་དུ་ཆེ་གསུང་ངོ་། གི་ནང་འགྲོ་དྲུག་གིས་སེམས་ཅན། རྨི་ལམ་འཛིན་ཐབས་མང་པོ་གསུངས་མོད་ཀྱང་། དེ་རྣམས་ནང་ནས་ཐུན་མོང་མ་ཡིན་པ་གང་ལ་ཟབ་པར་བགྱི། བླ་མ་སངས་རྒྱས་ཀྱི་ཞལ་ནས། ཧཱུྃ་དང་བླ་མ་དང་ཐིག་ལེར་བཅས་ནས་འཛིན་པ་སོགས། སྙིང་ཁར་ཐིག་ལེ་འཁོར་བ་དང་སྤྱི་བོ་ནས་ཐིག་ལེ་དཀར་བ་ཆད། གསང་གནས་ནས་དམར་བ་ཆད


PS008_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་འདུན་དྲག་ལ་ཡུན་རིང་བར་བྱས་པ་གཉིས་ཀྱིས་ཐེ་ཚོམ་མེད་པར་ཟིན་གསུང་ངོ། །རྨི་ལམ་ཟིན་ནས་རླུང་ནི་རོ་སྟོད་འཚངས། སད་གཉིད་འབྱམས་བྱུང་ན་དེ་ལ་ཇི་ལྟར་བྱ། བླ་མ་རིན་པོ་ཆེའི་ཞལ་ནས། དེའི་དུས་སུ་འོག་རླུང་ཡར་ལ་དྲག་ཏུ་ཐེན་ནས། མིག་མི་འབྱེད་པར་དྲན་འདུན་དྲག་ཏུ་བཏང་བས་རྨི་ལམ་འཁོར་མར་ཟིན་གསུང་ལྟེ་འོག་ཏུ་རྗེ་བཙུན་མ་བསྒོམ་པའམ། འཁོར་བར་བཟློག་སྒྱུ་མ་ཡིན་རྨི་ལམ་ཡིན་སྙམ་པའི། པར་བྱེད་པའི་དུས་ཚོད་དེ། ཐེ་མི་ཚོམ་པར། དགེ་སྦྱོར་གང་གི་དུས་སུ་འབྱུང་བ་ལགས། མཚུངས་མེད་བླ་མའི་ཞལ་སྔ་ནས། སྤྱིར་ལས་དང་པོ་ནས་ཆོས་མཆོག་མན་ཆད་དུ། སྐྱེས་པའི། །འཁོར་བར་བཟློག་པའི་དུས་དང་ཡེ་ཤེས་ཀྱིས་སླེབ་པའི་ཚད་གཉིས་ཀ་ཆ་འཐུན་རེ་བརྩིར་ཡོད་


PS008_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཁྱད་པར་དུ་འཁོར་བར་བཟློག་པའི་དུས་ནི་སྣང་བ་མི་བདེན་པར་བུན་ལོང་ལོང་འོང་བ་དེ་ཡིན། འཁོར་བར་བཟློག་པར་བྱེད་པ་ནི་འདོད་ཆགས་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་སྒྱུ་མའི་མཐར་ཐུག་མ་རྟོགས་པའི་དྲག་པོ་བཟོད་ཐབས་མེད་པ་སྐྱེད་པ་དེ་ཡིན་པས། དེའི་དུས་སུ། ཨ་ཙ་མ། འདི་རྣམས་ཐམས་ཅད་རྨི་ལམ་ཡིན། སྒྱུ་མ་ཡིན་སྙམ་པའི་དྲན་འདུན་དྲག་པོ་ལ་བརྟེན་ནས་ཉོན་མོངས་པ་རང་གྲོལ་དུ་སོང་བ་དེ། ཡེ་ཤེས་ཀྱི་སླེབ་པའི་ཚད་ཡིན་ནོ། །དེ་ཡང་སྣང་བ་མི་བདེན་པར་ཤེས་པའི་དུས་དེར། སྔོན་གྱི་ལས་ངན་ཐམས་ཅད་སློངས་ནས། ནད་དྲག་པོ་དང་། གཞི་མེད་བསྐུར་པ་ལ་སོགས་པའི་གཏམ་ངན་སྣ་ཚོགས་འོང་བས། དེ་ལ་དགའ་བ་བསྒོམ་ཞིང་སྒྱུ་མར་ལམ་དུ་ཁྱེར་བས། ནད་གདོན་དང་གཏམ་ངན་ཐམས་ཅད་མྱུར་དུ་རང་དག་ནས། ལྷ་མི་ཐམས་ཅད་ཀྱི་མཆོད་པའི་གནས་སུ་འགྱུར་རོ། །སྡིག་སྒྲིབ་དག་པ་ཡིན་པས། དེ་ཡང་དགེ་སྦྱོར་


PS008_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཀུན་འདིའི་དུས་སུ་བཟློག་པ་མང་དུ་འབྱུང་བས་རང་སྣང་སྒྱུ་མར་ཆོད་པ་གལ་ཆེ་བར་འདུག་གསུང་ངོ། །བསྐྱེད་རིམ་དང་མི་རྟོག་པ་བསྒོམ་པ་དང་དྲན་འདུན་སྒྱུ་མ་རྨི་ལམ་གྱི་གསུམ། རྨི་ལམ་མྱུར་དུ་གང་གི་འབྱོངས་པར་བྱེད། དཔལ་ལྡན་བླ་མའི་ཞལ་སྔ་ནས། དེ་རྣམས་གང་བས་ཀྱང་སྣང་གྲགས་དང་དྲན་རྟོག་ཐམས་ཅད་སྒྱུ་མ་རྨི་ལམ་དུ་མ་ཡེངས་པར་བྱས་པས། རྨི་ལམ་མྱུར་དུ་འབྱོངས་ཏེ་འདུན་པའི་གནད་ཡིན་པའི་གསུང་ངོ་། །རྩ་རླུང་བསྒོམ་པ་བླ་མ་ལ་གསོལ་བ་འདེབས་པ་ལྟེ་བར་ཐོད་པ་འདི་ནང་དུ་བདག་མེད་མ་བསྒོམ། ཡུལ་སྣང་མྱུར་དུ་གང་གི་གཏན་ལ་འབེབས། དཔལ་ལྡན་བླ་མའི་ཞལ་སྔ་ནས། ཡུལ་སྣང་ཨེན་ཙམ་ལྟ་གང་གིས་ཀྱང་མཐོང་སྟེ། སངས་རྒྱས་ཀྱི་ཞིང་ཁམས་བལྟ་བ་ཆོས་ཞུ་བ་ལ་སོགས་པ་འབྱུང་བ་སྟེ། ལྟེ་འོག་ཏུ་ཨ་གསལ་རླུང་གི་འབྲེལ་ཐག་མ་ཆད་པར་བསྒོམ་པ་ལ་སོགས་པས།


PS008_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡུན་རིང་དུ་བསྒོམ་པས། ཕྱི་ནང་ཇེ་གསལ་ཇེ་གསལ་ལ་ཡུལ་སྣང་ཐམས་ཅད་ཇི་ལྟ་བ་བཞིན་གཏན་ལ་ཕེབས་གསུང་ངོ་། །སྤྱིར་རྨི་ལམ་འབྱོངས་ན་འཇིག་རྟེན་གྱི་ཁམས་དང་ལུས་ཀྱི། འོད་གསལ་རྟོགས་མོད་ཀྱིས། འོན་ཀྱང་བླ་མའི་འོད་གསལ་དང་ལ་སོགས་གང་ལ་བགྱི། མཉམ་མེད་རིན་ཆེན་ཞལ་སྔ་ནས། དམིགས་པ་དེ་རྣམས་གང་གིས་ཀྱང་འོད་གསལ་དང་། བདག་མེད་མ་སྤྱི་བོར་བསྒོམ་པས། འོད་གསལ་རྟོག་མོད་ཀྱིས། གསང་གནས་སུ་ཨ་བསྒོམས་པས་ཐེ་ཚོམ་མེད་པར་རྟོགས་པ་ཡིན་ནོ། །མདོར་ན་སྒྱུ་མ་རང་ཤར་དང་། རྨི་ལམ་ཁོར་མར་ཟིན་པ་དང་། དེ་རྣམས་ལས་ཀྱང་། གོང་བཞིན་དུ། ཡུལ་སྣང་གཏན་ལ་ཕེབས་ཤིང་འོད་གསལ་རྟོགས་པ་ལ་སོགས་པ་ཐམས་ཅད་ལ། སྤྱོད་ལམ་ཐམས་ཅད་དུ། བླ་མ་ལ་མོས་གུས་གནད་དུ་མ་སོང་ན་དམིགས་པས་མཐར་ཐུག་སྐྱེ་དཀའ་བས། བླ་མ་ལ་སྙིང་


PS008_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་རུས་པའི་གཏིང་ནས་མོས་གུས་མ་ཡེངས་པར་བགྱིས་དང་ལོ་ཟླ་ཙམ་གྱི་ཉམས་རྟོགས་མཐར་ཕྱིན་པར་འདུག་ངེས་ཀྱི་གསུང་ངོ་། །ཉམས་ཀྱི་འོད་གསལ་དང་རྟོགས་པའི་འོད་གསལ་ལ་གཉིས་ཀྱི་ཁྱད་པར་གང་ལགས། གཉིད་སོང་བ་དང་མ་སོང་བའི་འོད་གསལ་གྱི་ཡོན་ཏན་ཁྱད་པར་ཅི་ལགས་ཞུས་པས། འགྲོ་མགོན་བླ་མའི་ཞལ་སྔ་ནས། རྟོགས་པའི་འོད་གསལ་དེ་རྩ་མདུད་གཅིག་གྲོལ་བ་ལ་བརྟེན་ནས་གསལ་སྟོང་གཉིས་སུ་མེད་པར་རྟོགས་ཏེ། དུས་གསུམ་སངས་རྒྱས་བྱོན་ནས་འདི་ཀར་འདུག་སྙམ་ནས། ཁོ་ཐག་ཆོད་ཅིང་ངེས་ཤེས་ལྷག་སྐྱེས་པ་རྟོགས་པའི་འོད་གསལ་དེ་ཡིན་ལ། ཉམས་ནི་ཐག་མ་ཆོད་ཅིང་གསལ་བ་ཙམ་ཡང་ན་གཉིད་དུ་སོང་བྱས་པས་མདུན་གྱི་བྱ་བྱེད་ཐམས་ཅད་མཐོང་ལ། མ་སོང་བྱས་པས་གཉིད་སད་རྒྱུ་ཡོད་པ་གཅིག་འོང་སྟེ་ཡལ་


PS008_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་ཞིག་ནས་འགྲོ་བས་ན་ཉམས་སོ། །མདོར་ན་ཉམས་རྟོགས་གང་ཡིན་ཡང་གཉིད་དེ་སྟོབས་ཆེ་གསུང་། མདུན་དང་རང་ལུས་དང་བར་སྣང་དང་སྤྱི་གཙུག་བཞིར། ལྷ་སྐུ་གང་དུ་བསྒོམ་པས་ལྷ་རྨི་ལམ་དུ་སྐུ་རང་ཤར་དུ་བ་ལགས་འབྱུང་། །བདེ་སྐྱིད་འབྱུང་བས་བླ་མའི་ཞལ་སྔ་ནས། །སྤྱིར་གང་དུ་གསལ་ཀྱང་ཆོག་སྟེ། ཁྱད་པར་དུ་རང་ལུས་དང་སྣང་བ་ཐམས་ཅད་ལྷར་བསྒོམ་ཞིང་གསལ་བ་ལས་འབྱུང་གསུང་ངོ་། །བསྐྱེད་རིམ་ཐུན་གྲངས་མང་པོར་གསལ་བ་དང་། གཅིག་ལ་གསལ་བ་ཡོན་ཏན་གང་ཆེ་ལགས། བག་ཆགས་དུས་སུ་ལྷ་སྐུ། བདེ་ཆེན་རྒྱལ་པོ་བླ་མའི་ཞལ་སྔ་ནས། དཀྱིལ་འཁོར་ཡོངས་སུ་ཡུན་རིང་ཐུང་མཉམ་པའི་སྒོ་ནས། རྫོགས་པ་དང་ཐུན་གྲངས་མང་པོར་གསལ་བ་ལ་དགའ་བར་འདོད་པ་ཡང་ཡོད་དེ། དེ་བས་ཀྱང་གཅིག་རང་ལ་ཉམས་ལེན་


PS008_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་དེ་མྱུར་དུ་གྲུབ་ནས་ཐམས་ཅད་ཀྱིས་ཡོན་ཏན་འཆར་ཏེ། གཅིག་ཤེས་ཀུན་ལ་མཁས་པར་འབྱུང་གསུང་ངོ། བསྐྱེད་རིམ་བཟླས་པ་དང་བཅས་པ་དང་སྦྱིན་བསྲེག་བྱེད་པ་དང་མི་རྟོག་པ་བསྒོམ་པ། །སྡིག་སྒྲིབ་མྱུར་དུ་མཛད་ཅིང་ཡི་དམ་གང་གིས་མཐོང་བ་ལགས། །འཇིག་རྟེན་གསུམ་མགོན་བླ་མའི་ཞལ་སྔ་ནས། །དེ་རྣམས་ཀྱི་ཞལ་འཇུག་ཏུ་མཐོང་སྟེ་མྱུར་དུ་མཐོང་བར་བྱེད་ན་མི་རྟོག་པ་གསུམ་ལ། ལྷ་སྐུ་སྣང་ལ་རང་བཞིན་མ་གྲུབ་པ་ལ་རྟོག་མེད་དུ་མ་ཡེངས་པར་བཞག །དེས་སྡིག་སྒྲིབ་མྱུར་དུ་ཟད་ནས་ཡི་དམ་ལོ་ཟླ་ཙམ་གྱིས་མཐོང་བར་འགྱུར་གསུང་ངོ་། །ཡི་དམ་ལྷ་ནི་དངོས་ཀྱི་ཞལ་མཐོང་དང་། ཉམས་སྣང་དང་མཐོང་སྣང་གཉིས་ཀྱི་ཁྱད་པར་གང་གིས་འབྱེད། ཀུན་མཁྱེན་བླ་མའི་ཞལ་སྔ་ནས། །ཡི་དམ་དངོས་དེ་སྣང་སྟོང་ཞེན་བྲལ་


PS008_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པའི་ཡེ་ཤེས་དང་ལྡན་ཞིང་། རང་གི་རྒྱུད་ལ་ཡོན་ཏན་དང་ངེས་ཤེས་གཤའ་མར་སྐྱེ་བ་གཅིག་ཏུ་འཆར་ལ། དེ་མི་གཉིས་ནི་གོང་དང་མི་འདྲ་བར་ཁོ་ཐག་མ་ཆོད་ཅིང་། གསལ་བ་དེ་ཡང་འོ་ལེ་ཙམ་དུ་འཆར་རོ། །དེ་ཡང་ཡི་དམ་དངོས་ལ་མཐོང་ལུགས་གསུམ་དུ་འབྱུང་སྟེ། ཐ་མས་ཞལ་མཐོང་ཙམ། འབྲིང་གིས་གཏམ་འདྲེས་པ། རབ་ལ་མཆོག་ཐུན་མོང་གིས་དངོས་གྲུབ་ཐམས་ཅད་སྟེར་བར་བྱེད་དོ། །དེ་ལ་བླ་མ་དམ་པ་མཚན་ཉིད་དང་ལྡན་པས་མ་ཟིན་ཅིང་། སྒྲོ་འདོགས་མ་ཆོད་པར་ཉམས་ལེན་བྱས་པ་ལ་འདྲེ་དང་ཉམས་སྣང་ལ་སོགས་པ་ཐམས་ཅད་ཡི་དམ་དུ་བྱེད་དོ། །ཡི་དམ་དངོས་མཐོང་ནས་འདུག་སྙམ་པ་རང་ཡང་ལེན་བརྒྱར་འཆར་བས་གོང་གི་གནད་དེ་གལ་ཆེ་གསུང་ངོ་། །ཡི་དཾ་ཌཱ་ཀིའི་ལུང་བསྟན་དངོས་གྲུབ་དང་། །བདུད་ཀྱི་བར་ཆད་གཉིས་ཀྱི་


PS008_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཇི་ལྟར་འབྱུང་བ་ལགས་ཞེས་པ། རྐང་གཉིས་གཙོ་བོའི་ཞལ་སྔ་ནས། དངོས་གྲུབ་ལུང་བསྟན་དངོས་ནི་གོང་བཞིན་འབྱུང་ལ། བདུད་ནི་དང་པོ་དགའ་བར་འདྲ་བར་འདུག་ཀྱང་། ཕྱི་ནང་དུ་ཡོན་ཏན་མི་འཆར་ཞིང་། རྗེས་ཤེས་སྙིང་མི་དགའ་བ་འབྱུང་གསུང་། ཉམས་ལེན་བྱེད་པའི་གང་ཟག་དག་ལ་ནི། བདུད་ཀྱི་བར་ཆད་བྱུང་ན་ཇི་ལྟར་བསལ། བདུད་དཔུང་འཇོམས་མཛད་བླ་མའི་ཞལ་སྔ་ནས། བསླུ་བྲིད་ལུང་བསྟན་ལ་སོགས་པའི་དགའ་བ་སྣ་ཚོགས་དང་། བར་བྱ་ཞེས་ཞུས་པས་གཟུགས་མི་སྡུག་སྒྲ་མི་སྙན་པ་སོགས་པའི་མཐོ་འཚམ་ཅི་བྱུང་ཡང་། དེར་འཛིན་པ་རློམ་སེམས་བསྐྱེད་པའི་ཕྱིར། མེད་པར་ཐམས་ཅད་བདེན་མེད་དུ་འཁྱེར་བས་བདུད་ཀྱི་བར་ཆད་ཡོན་ཏན་གྱི་ཚོགས་སུ་འཆར་རོ། །བདུད་པས་ཡི་དམ་གྱི་ལྷ་མཐོང་བ་ལ་ཡང་ཆགས་ན་འཆིང་བས་


PS008_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ངན་གྱི་བློ་ཐམས་ཅད་སྤོང་དགོས་གསུང་། ཉོན་མོངས་དུང་ལྔའི་རྟོག་པ་སྐྱེས་ཚད་ལ། སྨིན་དཀའ་བཙལ་ན་ཐམས་ཅད་མཁྱེན་པ་མི་འབྱུང་བས་འོ་ན་ནང་དུ་ཉམས་དང་རྟོགས་པ་གང་སྐྱེས་པའི་ཚད་དེ། ཕྱི་རོལ་དུ་སྨིན་དཀའ་འཚོལ་བའི་དུས་གནད་ལགས། བླ་མ་རིན་པོ་ཆེའི་ཞལ་ནས། སྤྱིར་གོང་བཞིན་དུ་སྒྱུ་མ་མཐར་ཐུག་མ་གཏོགས་པའི་སྣང་བ་བདེན་མེད་བུན་ནེ་སོང་བའི་དུས་སུ་དེ་ཡིན་ལ། ཁྱད་པར་དུ་བཟང་ངན་གྱི་རྟོག་པ་མ་བསམ་པར་ཐོལ་ཐོལ་ནོར་ལ་སོགས་པ་ལ། རང་ཤར་དུ་བྱུང་བ་དེ་དང་གང་ཤར་བ་དེ་ལ་ཡོད་ན་དགའ་བ་སྙམ་པའི་འདུན་པ་དྲག་པོ་སོང་བ་གཉིས་ཀྱི་སྟོབས་ཀྱིས་སྨིན་དཀའ་འཚོལ་བས། དེའི་དུས་སུ་ཐམས་ཅད་མཁྱེན་པ་མ་གཏོགས་པ་གང་ཡང་ཡིད་ལ་བྱར་མི་གཏུབ་གསུང་། རྨི་ལམ་དུས་ཀྱི་ལྷ་སྐུ་


PS008_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཤར་དང་། མཐར་ཐུག་གཉིས་ལ་ཁྱད་པར་ཅི་ཞིག་བདོག་ཅེས་ཞུས་པས། །དཔལ་ལྡན་བླ་མའི་ཞལ་སྔ་ནས། རྨི་ལམ་དུས་ཀྱི་ལྷ་སྐུ་རང་ཤར་དེ་དང་། མཐར་ཐུག་ལོངས་སྤྱོད་རྫོགས་པའི་སྐུ་དེ་ལ་ངོ་བོའི་སྒོ་ནས་ཁྱད་པར་གཅིག་ཀྱང་མི་འདུག་གསུང་ངོ་། །གཞན་ལ་ཉམས་མྱོང་བརྗོད་དང་གཞན་དོན་བྱེད་པ་ནི། དགེ་སྦྱོར་གང་གི་དུས་སུ་བྱས་པས་ཆོག །ཅེས་ཞུས་པས། འགྲོ་མགོན་རིན་པོ་ཆེའི་ཞལ་སྔ་ནས། ཉམས་མྱོང་བཤད་ཀྱང་རང་གིས་མི་འགྲིབ་ཅིང་གཞན་ལ་ཕན་པའི་དུས་སུ་ནམ་སོང་བ་དང་གཞན་ལ་བརྗོད་ཀྱི། དེ་མ་གཏོགས་པ་གསང་བ་གལ་ཆེ། གཞན་དོན་ཀྱང་རང་གི་དགེ་སྦྱོར་ལ་མི་གནོད་ཅིང་། དེ་ཡར་ལྡན་དུ་སོང་ནས། ལུས་ངག་ཡིད་གསུམ་གྱི་ཅི་བྱས་ཐམས་ཅད་ལ་གཞན་དག་རྣམས་དག་


PS008_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་འབའ་ཞིག་ཤར་ཏེ། སེམས་ཅན་སྨིན་ཅིང་གྲོལ་བར་བྱེད་པའི་དུས་སུ་གཞན་དོན་དཔག་མེད་ལྷུན་གྲུབ་བྱ་ཡང་བྱ་ལ། འབྱུང་ཡང་འབྱུང་གསུང་ངོ་། །བདེ་སྐྱིད་འབྱུང་བས་རི་གོང་ཡང་དགོན་དུ། ཆོས་རྗེ་རིན་ཆེ་དྷརྨཱ་པཉྫཱ་ལ། གུས་མཆོག་ཐོབ་བཱིརྱ་སིང་ཧ་བརྩོན་འགྲུས་སེང་གེ་ཡིས། །ཞུས་ལན་གེགས་སེལ་རིན་ཆེན་སྒྲོན་མེ་ཞུས། །དགེ་བ་འདི་ཡིས་མཁའ་མཉམ་སེམས་ཅན་ཀུན། །བླ་མེད་བྱང་ཆུབ་མཆོག་ལ་འགོད་པར་ཤོག །ཞུས་པ་དང་ཞུས་པའི་ལན་གེགས་སེལ་གཉན་སྟོན་རིན་ཆེན་སྒྲོན་མེ་ཞེས་བྱ་བ། གཞན་ཕན་གྱི་བློ་ཁོ་ནས་ཡི་གེར་བཀོད་པའོ། ༈ སྨིན་དཀའ་འཚོལ་བའི་ཡིག་ཆུང་ནི། ན་མོ་གུ་རུ། །བླ་མའི་ཞལ་ནས། སྨིན་ཀ་འཚོལ་བ་ཆེན་པོ་དང་། ཆུང་ངུ་གཉིས་ཡིན་གསུང་། ཆེན་པོ་ནི། དུས་རྒྱུན་དུ་ཉིན་པར་ཡང་ལས་རྒྱུ་འབྲས་ལ་འཛེམ་པ།


PS008_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

བློ་ཆོས་སུ་སོང་བ་འོང་གསུང་། ནུབ་མོ་ཡང་དག་པའི་སྣང་བ་ཤས་ཆེ་བ། དགེ་སྦྱོར་འབའ་ཞིག་ཏུ་འགྲོ་བ་འོང་གསུང་། དེའི་དུས་སུ་ཉིན་པར་སྒྱུ་མ་རང་ཤར་དུ་བྱུང་བའི་ནུབ་མོ་དེ། ལྷ་སྐུ་རང་ཤར་དུ་ལམ་མ་བྱུང་བའི་དུས་སུ། སྐབས་སྐབས་སུ་ཉོན་མོངས་པ་རགས་པ་ཐོལ་ཐོལ་བ་འདོད་ཆགས་སམ། དགྲ་ལ་བརྟེན་པ་ཞེ་སྡང་ངམ། ནོར་འདི་ལྟ་བུ་ང་ལ་ཡོད་ན་དགའ་སྙམ་པ་གདུངས་གདུངས་པ་གཅིག་འོང་པས། དེའི་དུས་སུ་ཉོན་མོངས་པ་འབུར་འཇོམས་སུ་བཏང་ནས། དགེ་སྦྱོར་མ་བྱས་ན། སྔར་གྱི་དགེ་སྦྱོར་ཅི་བྱས་པ་ཐམས་ཅད་དེར་གོལ་འགྲོ་བས། ཐམས་ཅད་མཁྱེན་པའི་སངས་རྒྱས་མ་གཏོགས་པ་གང་ཡང་ཡིད་ལ་བྱར་མི་བཏུབ་གསུང་། སེམས་ཅན་གྱི་དོན་དུ་སྨོན་ལམ་བཏབ་ན་ཞུས་པས། དེ་ཡང་ཡིན་ཏེ་ཉོན་མོངས་པ་འབུར་འཇོམས་སུ་


PS008_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་ནས། ཞག་གཅིག་གཉིས་དགེ་སྦྱོར་རང་ལ་གནད་དུ་གཏོགས་པ་གལ་ཆེ་གསུང་། སྨིན་ཀ་འཚོལ་བ་ཆུང་ངུ་ནི། །མཚན་མོ་ལྷ་སྐུ་བྱུང་ཚད་ཀྱི་ཉིན་མོ་སྨོན་ལམ་འདེབས་པ་དང་། དགེ་སྦྱོར་ལ་གནད་དུ་གཏོགས་པ་གལ་ཆེ་གསུང་ངོ་། །གདམས་ངག་འདི་སློབ་མ། རྟོགས་པ་ཡོད་ངོ་ཤེས་པ་མིན་པ་ལ་བྱིན་ན། མཁའ་འགྲོ་མ་རྣམས་ཁྲག་ཏུ་སྐྱུག །འཁྲུགས་ནས་འགྲོ་བས་རང་གི་ཚེའི་བར་ཆོད་དུ་འགྲོ། སློབ་མ་རྟོགས་པ་ཡོད་པ་ལ་སྟེར་རྩ་ན། ཚོགས་འཁོར་བརྒྱ་རྩའམ། ལོ་གྲངས་བཏང་ནས། གདོད་སྟེར་བ་ཡིན་གསུང་། ཨིིྠཿ གསང་སྔགས་འཁོར་ལོ་ལྔ་ལྡན་བཞུགས། །དེ་ཡང་གསང་སྔགས་ཀྱི་སྙིང་པོ་འཁོར་ལོ་ལྔ་ལྡན་གནད་ལྔ་དང་མ་བྲལ་བར་བྱ་སྟེ། ལུས་ལྷའི་འཁོར་ལོ། སྤྱི་བོ་བླ་མའི། ངག་བཟླས་པའི། སེམས་ཆོས་ཉིད་ཀྱི། བཀའ་སྲུང་ཆོས་སྐྱོང་དོན་གྱི།


PS008_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་ཚོགས་གཏོར་གྱི་འཁོར་ལོའོ། །དེའི་གནད་ལྔ་ནི། བླ་མའི་གནད་མོས་གུས། ཡི་དམ་གྱི་གནད་གསལ་བ། བཟླས་པའི་གནད་སྨྲ་བཅད། ཆོས་ཉིད་ཀྱི་གནད་རང་ཤར། ཆོས་སྐྱོང་གི་གནད་ཡིད་ཆེས། གཏོར་ཚོགས་ཀྱི་གནད་གཙང་བའོ། །དེ་ལྟར་འཁོར་ལོ་ལྔ་དང་མ་བྲལ་བར་བྱས་ན་ལོ་ཟླ་ཙམ་གྱི་ཀྱང་། རིག་པ་གསལ་སྟོང་བདེ་ཆེན་མཉམ་རྗེས་མེད་པར་བྱུང་ནས། དུས་འདི་ཉིད་དུ་རྣམ་སྨིན་གྱི་ལུས་དག་སྟེ། ཚེ་འདིར་དག་པ་བདེ་སྟོང་གི་མཁའ་སྤྱོད་ཀྱི་གནས་སུ་སངས་རྒྱས་པར་འགྱུར་རོ། །དེ་ན་གསང་སྔགས་མངོན་སུམ་ལམ་པ་ཞེས་བྱའོ། །དེ་ལྟར་པཱུ་ཛ་བཞི་རྫོགས་ཕུལ་ནས། དབང་བཞི་རྫོགས་པ་དང་། མཁའ་སྤྱོད་འཆི་མེད་དུ་བཅས་པ་འདི། ཐུན་བཞིར་མ་ཆག་པར་ཉམས་སུ་བླང་ན། འདིའམ། བར་དོར་རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུར་སངས་མི་


PS008_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མི་སྲིད་ཅེས། རྩ་བའི་བླ་མ་བཞི་དང་། གྲུབ་ཐོབ་བརྒྱུད་པའི་བླ་མ་བཞིས་དབུ་སྙུང་ཡང་ཡང་བཞེས་སོ། །གྲུབ་ཐོབ་བརྒྱུད་པའི་ཆིག་བརྒྱུད་ཀྱི་ཐུན་བཞིའི་ཐུགས་དམ་གྱི་ཉམས་ལེན་རང་གི་དོན་དུ་བཱིརྱ་སིང་ཧས་བཀོད་པ་རྫོགས་སོ། །ཨྀིྠཿ སྣང་སེམས་གཅིག་ཏུ་བསྲེ་བ་བཞུགས་སོ། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །བདེ་བའི་སྟན་ལ་ལུས་སྐྱིལ་ཀྲུང་ལེགས་པར་བྱས་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཞེ་འདོད་གཏིང་ནས་མེད་པའི་བློ་བསྐྱེད་ལ། རང་གི་ལུས་བདེ་མཆོག་ཏུ་བསྒོམ་པའི་སྤྱི་བོར་པད་ཟླའི་སྟེང་དུ། རྩ་བའི་བླ་མ་སྐུ་དཀར་ལ་འཛུམ་པའི་མདངས་དང་ལྡན་པ་གཅིག་བསམ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་གྱི་ལྷ་ཚོགས་དང་། དམ་པ་ཆོས་སྐྱོང་བའི་སྲུང་མ། རང་གི་


PS008_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འབྲེལ་ཡོད་ཚད་བསྟིམ་པས་བླ་མ་འོད་དང་འོད་ཟེར་གྱི་རང་བཞིན་མཚན་ཐོས་པ་ཙམ་གྱིས་ཀྱང་ཕྱིར་མི་ལྡོག་པས་ས་ཐོབ་ན། གསོལ་བ་བཏབ་ན་སྨོས་མི་དགོས་པ་གཅིག་བསམ། རང་གི་མདུན་དུ་རང་ལ་གནོད་པར་བྱེད་པའི་གདོན་དང་གཞི་བདག་གིས་གཙོ་བྱས་པའི་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལུས་གུས་པའི་ཐལ་མོ་སྦྱར། ངག་གུས་པས་གསོལ་བ་འདེབས། ཡིད་གུས་པས་མོས་གུས་རྒྱུན་ཆད་མེད་པར་བསམ་ལ། རང་གི་ངག་ཏུ། བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བྱས་པ་དང་སེམས་ཅན་ཐམས་ཅད་ཀྱང་ཁུ་དི་རི་རི་གསོལ་བ་འདེབས་པར་བསམ་ལ། བླ་མ་སངས་རྒྱས་རིན་པོ་ཆེ། བདག་གིས་བདག་འཛིན་བློས་ཐོངས་བར་མཛད་དུ་གསོལ། དགོས་མེད་སྣང་བ་རང་སེམས་སུ་རྟོགས་པར་མཛད་དུ་གསོལ།


PS008_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གསོལ་བ་དྲག་ལ་ཡུན་རིང་བར་གདབ་བོ། །ཐུན་མཚམས་སུ་ངའི་བླ་མ། ངའི་བླ་མ་སྙམ་པའི་མོ་གུས་གདུང་གདུང་པ་དང་། ང་དོ་ནུབ་འཆི་སྙམ་པའི་བློ་སྣ་ཐུང་སྦུད་པ་དང་། སྣང་བ་འདི་རྨི་ལམ་ཡིན་སྒྱུ་མ་ཡིན་སྙམ་པའི་འདུན་པ་དང་གསུམ་གྱི་དུས་འདའ་བར་བྱའོ། །ནུབ་མོ་གཉིད་ཀྱི་དུས་སུ། དུས་ཀྱི་གནད་དང་། ལུས་ཀྱི་གནད་དང་། དམིགས་པའི་གནད་དང་། ཁྱད་པར་དུ་རྟོག་པ་རྨི་ལམ་དུ་ངོས་བཟུང་བར་བྱའོ། །ཡང་བླ་མའི་གསོལ་འདེབས་སྔར་དང་འདྲ། ཁྱད་པར་དུ་རང་གི་ལུས་ཡི་དམ་དུ་བསྒོམས་པ་འདི་ཀ་རང་གི་སེམས་སུ་འདུག་སྙམ་པ་སྣང་སེམས་གཅིག་ཏུ་མ་འདྲེས་རིང་ལ་བསྒོམ། དེ་བཞིན་དུ་གཉིད་མ་སོང་བའི་དུས་སུ་བདེ་བའི་རྨི་ལམ་བུ་མེད་གཟུགས་བཟང་བ་དང་འཕྲད་པ་ལྟ་བུ་གང་བྱུང་སྟེ། གཉིད་སད་མ་ཐག་མིག་མ་འབྱེད་པར། བདག་གིས་ཕར་


PS008_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་མེད། བུད་མེད་ལ་སོགས་པ་གང་གིས་ཀྱང་ཚུར་ལ་འོངས་པ་མེད། རང་གི་སེམས་ངེར་ཤར་བ་ཡིན། སྣང་བ་གང་ཤར་ཀྱང་རང་གི་སེམས་སྣང་སེམས་གཅིག་ཏུ་འདུག་སྙམ་པ་བློ་ཐག་རྦད་ཀྱིས་བཅད་ལ་བསྒོམ་པར་བྱའོ། །ཡང་རྨི་ལམ་དུ་ཞེ་སྡང་སྐྱེ་བའི་ཡུལ་བྱུང་ན། རང་གི་སེམས་ཞེ་སྡང་སྐྱེ་བའི་ཡུལ་དུ་ཤར་ནས་འདུག །རང་ལ་རང་ཞེ་སྡང་སྐྱེ་བར་འདུག་སྙམ་དུ་བསྒོམ་མིག་མི་འབྱེད་པར་བསྒོམ། ཕྱེ་ནས་གསོལ་བ་དྲག་པོ་བཏབ་པས། སྣང་སེམས་གཅིག་ཏུ་མ་འདྲེས་རིང་ལ་བསྒོམ་པར་བྱའོ། །ཡང་རྨི་ལམ་དུ་ལུང་མ་བསྟན་བཏང་སྙོམས་གྱི་རྨི་ལམ་ཅི་བྱུང་བ་དང་མིག་མི་འབྱེད་པར་རྨི་ལམ་གྱི་ཡུལ་གྱིས་ཚུར་ལ་ཡོངས་བ་མེད། རང་གི་ཕར་ཕྱིན་པ་མེད། རང་གི་སེམས་དེར་ཤར་ནས་འདུག་སྙམ་དུ་སྒོམ། །མིག་ཕྱེ་ནས་ཀྱང་རྨི་ལམ་དང་ཁྱད་


PS008_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

པར་མེད། ང་རང་མ་རིག་པའི་གཉིད་མ་སད་པས་ལན་སྙམ་དུ་བསམ་ཞིང་གསོལ་བ་དྲག་པོར་གདབ་ཅིང་བསྒོམ་པར་བྱའོ། །ཡང་རང་བཅོམ་ལྡན་འདས་བདེ་མཆོག་ཏུ་བསྒོམ་པའི་སྤྱི་བོར་བླ་མ་ལ་སྔར་ལྟར་གསོལ་བ་དྲག་པོ་བཏབ་པའི་རྗེས་ལ་རང་བདེ་མཆོག་ཏུ་བསྒོམ་པ་ནི། སྣང་གི་འདུག་ཀྱང་བདེན་མེད་ཡིན་ཨང་། དེ་བཞིན་དུ་དགྲ་སྡང་བ། གཉེན་བྱམས་པ། བདག་གཞན་ཁང་པ་རི་རྡོ་རྩི་ཤིང་ནགས་ཚལ་ཐམས་ཅད་བདེན་མེད་ཡིན་ཨང་། སྣང་དུས་ན་སྟོང་པས། སྣང་སྟོང་ཡིན་སྙམ་པའི་ཐག་བཅད་ལ་བསྒོམ་པར་བྱའོ། ཡང་སྔར་བཞིན་དུ་གསོལ་བ་བཏབ་ཅིང་བདེན་མེད་དུ་ཕྱམ་མ་སོང་རིང་ལ་བསྒོམ་པར་བྱའོ། །བཏང་སྙོམས་ལ་གནད་དུ་འགྲོ་བ་འདི་དཀའ་བ་ཡིན་པས། སྔར་བཞིན་དུ་གསོལ་བ་བཏབ་ཅིང་། བདག་གཞན་ཁང་པ་རི་རྡོ་རྩི་ཤིང་ནགས་ཚལ་དང་། གཟུགས་


PS008_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་ལ་སོགས་པ་ཐམས་ཅད་རང་གི་སེམས་དེར་ཤར་ནས་འདུག་སྣང་དུས་ནས་སྟོང་པས། སྣང་དུས་ནས་འདི་མི་བདེན་པར་འདུག་སྙམ་དུ་ཐག་བཅད་ལ་བསྒོམ་པར་བྱའོ། །ཡང་བདེ་སྡུག་བཏང་སྙོམས་གང་བྱུང་ཡང་རང་སེམས་སུ་ཐག་བཅད། སྐབས་སུ་ལྷ་སྐུ་དང་། ཕྲ་རགས་ལ་བསྟན་ལ་བསྒོམ། སེམས་འོད་གསལ། སྐུ་གསུམ་དུ་གཏན་ལ་ཕབ་ལ་བསྒོམ། དེས་ཞག་དང་། ཟླ་བས་སངས་རྒྱས་ཐོབ་པ་ཡིན་གསུང་ངོ། །སྣང་བ་རང་གི་སེམས་སུ་ངོ་འཕྲོད་པ་ཞེས་བྱ་བ་སངས་རྒྱས་སྟོན་པའི་གསུང་བཞིན་དུ། ཡི་གེར་བཀོད་པ་འདི་ཡོངས་སུ་རྫོགས་སོ། །ཤུ་བྷཾ།། །།


previousརྗེས་སུ་ཡི་རང་གི་ཞལ་གདམས། next