Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡང་དབུ་མ་ཡིག་བདུན་ལུགས་གཅིག
   
   
   
   
   
   
   
   
   
   


 
previousཡང་དབུ་མ་ཡིག་བདུན་ལུགས་གཅིགnext

ཡང་དབུ་མ་ཡིག་བདུན་ལུགས་གཅིག


PS008_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དབུ་མ་ཡིག་བདུན་ལུགས་གཅིག་བཞུགས་སོ། །ན་མོ་གུ་རུ། བདེ་མཆོག་ལས། སྐྱེ་བ་འདིའམ་ཕ་རོལ་ཏུ། །ལོངས་སྐུ་བདེ་ཆེན་ཐོབ་འདོད་པས། །དབུ་མ་ཡི་གེ་བདུན་པས་བགང་། །སྐུ་གསུམ་ལམ་དུ་འཁྱེར་བར་བྱ། །ཞེས་པས་དོན། རང་ལྷ་སྔར་བསྐྱེད་པའི་ཡབ་ཀྱི་རྩ་དབུ་མ་ཡར་རྩེ་ཕྲ་བ་སྤྱི་བོར་སླེབ་པ། མར་རྩེ་སྦོམ་པ་བཤང་ལམ་ལ་ཟུག་པ། ཁ་དོག་སྔོན་པོར་བསམ། དེའི་ནང་ཐམས་ཅད་ཡི་གེ་བདུན་པས་ཁེངས་པར་བསམ་ནས། ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཅེས་བཟླས་པ་དང་། ཡི་གེ་བདུན་པ་འོད་ཟེར་གྱི་རྣམ་པར་ཡར་འགྲོ་མར་འགྲོ་བྱས་པ་དང་། རང་གི་ལུས་པོ་དེ་འོད་ཟེར་སྔོན་པོས་ཁེངས་པས། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ནད་གདོན་ཐམས་ཅད་སངས་དག་པར་བསམ། བ་སྤུའི་བུ་ག་ཐམས་ཅད་ནས་འོད་ཟེར་ཕྱིར་འཕྲོས།


PS008_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། བདེ་མཆོག་ཏུ་གྱུར། གཟུགས་སུ་སྣང་ཚད་ཀྱང་བདེ་མཆོག་ཏུ་གྱུར་པར་བསམ་མོ། །དེ་ནས་རང་གིས་བཟླས་པ་བྱས་པ་དང་། བདེ་མཆོག་ཐམས་ཅད་ཀྱང་སྔགས་དི་རི་རི་བཟླས་པར་བསམ། དྲན་རྟོག་ཐམས་ཅད་ཀྱང་སྐྱེ་བ་མེད་པའི་སྐུར་བསམ་མོ། །དེ་ལྟར་གཟུགས་སྣང་ཐམས་ཅད་བདེ་མཆོག་གི་སྐུ། སྒྲ་གྲགས་ཚད་སྔགས་ཀྱི་རང་སྒྲ། དྲན་རྟོག་ཐམས་ཅད་ཆོས་སྐུར་ལམ་དུ་འཁྱེར་བར་བྱའོ། །དེའང་ལུས་དང་སྣང་བ་ལྷར་བསྒོམ་པ་དེ་ལ་སྣང་བའི་ཆ་དེ་བསྐྱེད་རིམ། སྟོང་པའི་ཆ་དེ་རྫོགས་རིམ། སྣང་སྟོང་ཟུང་འཇུག་ཆུ་ཟླ་ལྟ་བུ་དེ་བསྐྱེད་རྫོགས་ཟུང་འཇུག་སྟེ། དགོངས་པ་དང་པོའི་རྒྱུད་ལས། སྣང་བའི་ཆ་ལ་བསྐྱེད་རིམ་དང་། །སྟོང་པའི་ཆ་ལ་རྫོགས་རིམ་སྟེ། །སྐྱེད་རྫོགས་མ་ཡིན་ཆོས་འགའ་མེད།


PS008_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་ཚུལ་འདི་བསྟན་པའོ། །ཞེས་པའི་དོན་ནོ། །ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ་ལ། བླ་མ་ཤངས་པས་ཚོགས་བརྒྱ་རྩ་དང་། གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས་ཤིང་ཉམས་སུ་མྱོང་བར་བྱས་པའོ། །འདི་ནི་མི་རབ་བདུན་དུ་ཆིག་བརྒྱུད་ལས་མ་སྤེལ་ཅིག་རྫོགས་སོ། །མངྒ་ལཾ། ༈ །དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་སྐུ་གསུང་ཐུགས་ཀྱི་བདེ་མཆོག་ཏུ་དབང་བསྐུར་བར་འདོད་པས། དང་པོར་དཔོན་སློབ་ཕན་ཚུན་རྟགས་ལ། མཚན་ཉིད་དང་ལྡན་པས་གནས་དབེན་པར་མཎྜལ་བཞེངས་ཏེ། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསུམ་པདྨ་འདབ་མ་བཞི་པ་ཁ་དོག་དཀར་དམར་མཐིང་གསུམ་དུ་བྲིས་ལ། དབུས་སུ་ཧཱུྃ་བྃ་ཁ་དོག་ལྟར་བྲིས་ལ། མཆོད་པ་དང་ཚོགས་གཏོར་བཤམ། རྟེན་དགྲམ་མོ། །དེ་ནས་བདག་ཉིད་ཀྱིས་


PS008_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་རྟོགས་བསྒོམ། དཀྱིལ་འཁོར་གྱིའང་བསྒོམ་བཟླས་པ་བརྒྱ་རྩ་བརྒྱད་བྱ། །མཆོད་བསྟོད་ཅི་རིགས་པ་བྱ། དེ་ནས་སློབ་མ་ལ་སྐྱབས་འགྲོ་འབོགས། མངོན་རྟོགས་ཅུང་ཟད་ཕོག་ལ་ཚོགས་ལ་རོལ། དེ་ནས་བདག་དང་སློབ་མ་མངོན་པར་རྟོགས་པ་ལྷར་བསམས་ལ། སློབ་དཔོན་གྱི་སྤྱི་བོར་ཨོཾ་དཀར་པོ་ལས་འོད་འཕྲོས་པས། སློབ་མའི་སྤྱི་བོར་ཕོག །ལུས་འོད་ཟེར་གྱིས་གང་བས་ལུས་ཀྱིས་གཙོ་བྱས་པའི་སྡིག་སྒྲིབ་མ་ལུས་པ་དག་འོད་དཀར་པོས་གང་བས། དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི་སྐུའི་དངོས་གྲུབ་མ་ལུས་པ་ཐོབ། བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ། འབྲས་བུ་སྤྲུལ་སྐུ་ཐོབ་པའོ། །མགྲིན་པར་ཨ། གསུང་གི་གསང་དབང་། ངག་


PS008_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

གི་གཙོ་བྱས། ལམ་གཏུམ་མོ། འབྲས་བུ་ལོངས་སྐུ། ཐུགས་ཧཱུྃ་གིས། ཐུགས་ཀྱི་ཤེས་རབ་ཡེ་ཤེས། ཡིད་ཀྱི་གཙོ་བྱས། ལམ་གཞན་ལུས། འབྲས་བུ་བདེ་ཆེན་ཆོས་སྐུའོ། །སྐུ་གསུང་ཐུགས་ཐམས་ཅད་ལས་འོད་ཟེར་འཕྲོས། སྒོ་གསུམ་མཐའ་དག་གི་དྲི་མ་སྦྱངས་ནས། མི་རྟོག་པའི་ངང་ལ་བཞག་སྟེ། སྐུ་གསུང་། ཐུགས་མཐའ་དག་གི་དངོས་གྲུབ་མ་ལུས་པ་ཐོབ། དབང་བཞི་པ། དངོས་འཛིན་མཐའ་དག །ལམ་ཕྱག་ཆེན་སྐྱེ་མེད། འབྲས་བུ་ངོ་བོ་ཉིད་ཐོབ་པ་ཅེས་བརྗོད། སྐྱེད་རིམ་ཟླས་ལུང་བྱའོ། །རྗེས་གཞན་དང་འདྲའོ། །སྐུ་གསུང་ཐུགས་ཀྱི་དབང་ངོ་། །བླ་མ་ཤངས་པའི་གདམས་པའོ། །ཨྀིྠཿ སྐྱེད་རིམ་ངག་འདོན་མ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། བདག་ལྷན་སྐྱེས་སུ་བསྒོམས་པའི་སྤྱི་བོར།


PS008_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་དཀར་པོ་རང་སྒྲ་སྒྲོག་པར་བསམ། དེ་ནས་མགྲིན་པར་ཨ་དམར་པོ། ཐུགས་ཀར་ཨ་མཐིང་། ལྟེ་བར་ཨ་སེར། གསང་བར་ཨ་ལྗང་། ཐམས་ཅད་དཀར་པོ་བྱས་ཀྱང་ཆོག་སྟེ། ཐམས་ཅད་ཡི་གེ་བདུན་པའི་རང་སྒྲ་སྒྲོག་པར་བསམ་མོ། །དེ་ནས་སྤྱི་བོར་ཨ་འོད་དུ་ཞུ་བས། བདེ་མཆོག་འོད་ཀྱིས་གང་བས། སྐུའི་དོན་གྱི་བདེ་མཆོག་ཡིན་སྙམ་དུ་བསམ། དེ་བཞིན་དུ་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་ཀྱི་དོན་གྱི་བདེ་མཆོག་ཡིན་སྙམ་པ་གོང་གི་འགྲེའོ། །དེ་ནས་སྟོང་པའི་ངང་ལས་པད་ཉིའི་སྟེང་དུ། འཇིགས་དུས་ཀྱི་སྟེང་དུ། བདེ་མཆོག་ལྷན་སྐྱེས་བསྐྱེད་ལ། དེའི་སྐུ་གསུང་ཐུགས་ཀྱི་གནས་གཞུང་ནས་འབྱུང་བ་བཞིན་བསྐྱེད་དོ། །རྨི་ལམ་སྒྱུ་ལུས་ལ་སོགས་པ་ཡང་གཞུང་ན་


PS008_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ལོ། །བཅོམ་ལྡན་བདེ་བ་ཆེན་པོ་སྐྱེ། །ཡབ་ཡུམ་བདེ་ཆེན་ལྷ་མོ་བཞི། །སྐུའི་བྱིན་རླབས་བུམ་པའི་དབང་། །ལུས་ཀྱི་སྡིག་སྒྲིབ་ནད་གདོན་རྣམས། །མ་ལུས་སྦྱང་ཕྱིར་གནང་དུ་གསོལ། །ལན་གསུམ་མོ། །བདེ་ཆེན་ཡབ་ཡུམ་ལྷ་མོ་བཞི། །སྙོམས་འཇུག་བྱང་སེམས་དཀར་དམར་མདངས། །ཆུ་རྒྱུན་སྤྱི་གཙུག་བདེ་བས་གང་། །ལུས་ཀྱི་སྡིག་སྒྲིབ་ནད་གདོན་སྦྱོང་། །དེང་འདིར་བུ་ཁྱོད་དག་པར་གྱིས། །ཨོཾ་ཤྲཱི་ཙཀྲ་སཾ་བྷ་ར་ཌཱ་ཀི་ནི་སརྦ་ཏ་ཐཱ་ག་ཏ་ཡ་ཨ་བྷི་ཥཱེཉྩ་ཏུ་མཾ། དེ་འགྲེས། གཏི་མུག་ཚད་ནད་འོག་གདོན་གནོད་པ་ཞི། །ལྷ་བསྒོམ་པ་ལ་དབང་། སྤྱི་གཙུག་འཁོར་ལོའི་ཆོས་གསུམ་ལ་དབང་ངོ་། །བརྒྱུད་པ་ནི་རྡོ་རྗེ་འཆང་། ནི་གུ་མ། ཁྱུང་པོ་རྣལ་འབྱོར། རྨོག་ལྕོག་པ། སྐྱེར་སྒང་པ། སངས་རྒྱས་གཉན་སྟོན། སངས་


PS008_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་སྟོན་པ། ཤངས་སྟོན་པ། མཁས་བཙུན་རྒྱལ་མཚན་འབུམ། འཇག་ཆེན་བྱམས་པ་དཔལ་བཟང་། ཆོས་རྗེ་བློ་གྲོས་དཔལ་བཟང་། ཆོས་རྗེ་ནམ་མཁའ་རྒྱལ་པོ། རྗེ་བཙུན་བློ་གྲོས་དབང་ཕྱུག་པ། ཆོས་རྗེ་རིན་པོ་ཆེ་ཀུན་བཟང་ཉི་མ། དེས་བདག་ལའོ།། །།


previousཡང་དབུ་མ་ཡིག་བདུན་ལུགས་གཅིགnext