Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྗེ་བཙུན་མུ་ཏིག་ཕྲེང་བ།
   
   
   
   
   
   


 
previousརྗེ་བཙུན་མུ་ཏིག་ཕྲེང་བ། next

རྗེ་བཙུན་མུ་ཏིག་ཕྲེང་བ།


PS008_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་མུ་ཏིག་ཕྲེང་བ། རྩ་གསུམ་གདམས་པ། དག་སྦྱང་ཆོ་ག །རྩ་མདུད་འགྲོལ་བ། རྩ་སྒོར་རླུང་འདོན། རྩ་བརྐྱང་བསྐུམ། རྩ་ཁ་འབྱེད་པ། ཐབས་ལམ་གཏུམ་མོ། རྩིབས་བརྒྱད་འཁོར་ལོ། །ཐབས་ལམ་རྣལ་འབྱོར། །རྣལ་འབྱོར་བར་ཆད་བསྲུང་བ། ཀླུ་ལ་དངོས་གྲུབ་བླང་བ་བཞུགས་སོ། །བླ་མ་རྣམས་དང་ཡི་དམ་ལ། །ལུས་ངག་ཡིད་གསུམ་གུས་བཏུད་ནས། །ཡེ་ཤེས་མཁའ་འགྲོ་ནཻ་གུ་མའི། །ཞལ་གྱི་གདམས་པ་བྲི་བར་བྱ། །དེ་ལ་རྗེ་བཙུན་མུ་ཏིག་ཕྲེང་བ་བསྒོམ་པར་འདོད་པས། །དབེན་པའི་གནས་སུ་འབོལ་བའི་གདན་ལ། །ལུས་རྣམ་སྣང་གི་ཆོས་བདུན་གྱིས་འདུག་སྟེ། །སེམས་བསྐྱེད་སྔོན་དུ་འགྲོ་བས། །རང་ཉིད་དཔལ་འཁོར་ལོ་སྡོམ་པར་སྐད་ཅིག་གིས་བསྐྱེད་ལ་རྩ་གསུམ་གསལ་གདབ་བོ། །དེ་ནས་གཡས་ར་ས་ནའི་མར། ཨཱ་ལི་བཅུ་དྲུག་


PS008_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ལ་རྒྱུས་པ་ལྟར་དཀར་ཕྲེང་ངེ་བ་བསམ། གཡོན་ལ་ལཱ་ནའི་ནང་ན་མར་ཀཱ་ལི་སུམ་བཅུ་རྩ་གཉིས་བྱེ་རུ་བཅག་པའི་མདོག་དམར་ཕྲེང་ངེ་བ་བསམ། དེ་གཉིས་འོད་ཀྱི་རང་བཞིན་དུ་རྩ་ནང་ན་མར་ཕྲིལ་ལི་ལི་སོང་བ་དང་། ལྟེ་བའི་འོག་རྩ་གསུམ་འདོམས་པའི་སར་སླེབ་པ་དང་། གཡས་གཡོན་གྱི་རྩ་གཉིས་པོའི་སྣ་ཨ་ཝ་དྷཱུ་ཏཱི་ཁ་དང་དེ་ཡོད་པའི་རང་དུ་ཡར་ཞབས་འཁྱོགས་ཏེ་ཚུད་པ་དང་། ཡིག་འབྲུ་རྣམས་རྩ་སྣ་གཉིས་ནས་ཨ་ཝ་དྷཱུ་ཏཱིའི་ནང་ན་ཡར་དཀར་དམར་དུ་ཕྲིལ་ལི་ལི་སོང་བས། ལྟེ་བ་སྤྲུལ་པའི་འཁོར་ལོ་ན། རྩ་རིན་པོ་ཆེའི་གཞལ་ཡས་ཁང་ཞེས་བྱ་བ། རྩ་མདུད་པ་གྲུ་གསུམ་ཡོད་པ་དེ་ཆོས་འབྱུང་གྲུ་གསུམ་ཕྱི་དཀར་ལ་ནང་དམར་བ་གཅིག་ཏུ་བསམ་ལ། དེ་ཡིག་འབྲུ་རྣམས་སྐྱིལ་བ་བཞིན་དུ་ཆོས་འབྱུང་གི་ནང་དུ་


PS008_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་དམར་ཁྱིལ་ལེ་འཁྱིལ་བས། ཡིག་འབྲུ་རྣམས་འོད་ཀྱི་རང་བཞིན་དུ་ལྟེམ་གྱིས་ཞུ་བ་དང་འོད་དེ་ལས་རྗེ་བཙུན་མ་རིམ་གྱིས་བསྐྱེད། དེ་ཡང་དང་པོ་ཞབས་ཀྱི་བོལ་གོང་མན། དེ་ནས་པུས་མོ། སྐེད་པ། མགྲིན་པ། དབུ་མན་རྫོགས་པར་བསྐྱེད། དེ་ཡང་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་དམར་མོ། རུས་པའི་རྒྱན་ལྔས་སྤྲས་པ། སྤྱན་གསུམ་ཧྲིག་གེ་གཟིགས་པ། ཞལ་ཆེ་བ་གཙིགས་ཤིང་བཞད་པ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་ཅན། རློན་པ་ལྔ་བཅུའི་དོ་ཤལ་ཅན། གཡས་པ་རྡོ་རྗེ་གྲི་གུག་སོ་ནང་དུ་བསྟན་ནས་དཔུང་པའི་ཐད་ཀར་འཛིན་པ། གཅེར་བུ་སྐྲ་གྲོལ་བ། སྐུ་ཤ་རྒྱས་ཤིང་ནུ་མ་འབུར་བ་ཞབས་གཡས་བསྐུམ་གཡོན་བརྐྱངས་པས་ཆོས་འབྱུང་གི་ནང་དུ་གར་སྟབས་སུ་བཞུགས་ཤིང་། །གཞོན་ནུ་ལང་ཚོ་དར་ལ་བབ་པ། མེ་དཔུང་འབར་བའི་གསེབ་ཏུ་བཞུགས་པ་


PS008_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་བསམ། དེ་ནས་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་གསལ་སིང་ངེ་བ་དེ་ལ་དམིགས་ནས། སྔགས་གསུམ་སྦྲེལ་གྱི་ཨོཾ་གཉིས་བཞག་པའི་ཅི་ཙམ་ནུས་པ་བཟླས་པར་བྱའོ། །དེ་ལ་སྐྱོ་ན་རྗེ་བཙུན་མའི་ཕྱག་གཡས་པས་རྡོ་རྗེ་གྲི་གུག་དེ་ཇེ་དམའ་ཇེ་དམའ་ལ་ཕྱག་གཡོན་མའི་ཐོད་པའི་ནང་དུ་བཅུག་ནས། གྲི་གུག་གིས་ཐོད་པའི་བདུད་རྩི་དཀྲུགས་པས་ཐོད་པ་འོད་དུ་ལྟེམ་གྱིས་ཞུ་སྟེ། གྲི་གུག་ལ་ཐིམ་པར་བསམ་མོ། གྲི་གུག་འོད་དུ་ཞུ་ནས་རྗེ་བཙུན་མ་ལ་ཐིམ། རྗེ་བཙུན་མ་འོད་དུ་ཞུ་སྟེ་འོད་ཀྱི་ཕུང་པོ་གཅིག་ཏུ་གྱུར་པ་དང་། འོད་དེ་མེ་ལོང་ལ་ཧས་བཏབ་པ་བཞིན་དུ་མཐའ་ནས་འདུས་ནས་དབུས་སུ་ཡལ་བ་དང་། དེའི་ངང་ལ་སྐྱེ་མེད་ཕྱག་རྒྱ་ཆེན་པོར་ལྷན་གྱིས་བཞག་གོ། །དེ་ལ་ཇི་སྲིད་པ་དེ་སྲིད་བཞག་གོ། །དེ་ལ་སྐྱོན་སྟོང་པའི་ངང་


PS008_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རང་ཉིད་ཡི་དམ་ལྷར་ལངས་ལ་སྤྱོད་ལམ་བྱ། རྗེས་ལ་དགེ་བ་བྱང་ཆུབ་ཏུ་བསྔོ་བར་བྱའོ། །དེ་ལྟར་མ་ཆག་པར་ཉམས་སུ་བླངས་ན་ཕྱིའི་བར་ཆད་གདོན་བགེགས། ནང་གི་བར་ཆད་འདུ་བ་རྣམ་བཞི། གསང་བའི་བར་ཆད་འཁྲུལ་རྟོག་ཉོན་མོངས་པས་མི་ཚུགས་སོ། །རང་གི་རྒྱུད་ལ་ཡོན་ཏན་གྱི་ཆོས་མ་སྐྱེས་པ་བསྐྱེད་པ་དང་། བསྐྱེད་པ་གནས་པ་དང་། གནས་པ་གོང་ནས་གོང་དུ་འཕེལ་བ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་ཡོད་དོ། །འདིའི་བསྙེན་པ་བྱེད་པར་འདོད་ན། སེམས་བསྐྱེད་ལ་ལྷ་སྔར་བཞིན་བསྒོམས་པ་ལ་དམིགས་ནས། སྔགས་གསུམ་ཕྲལ་ལ། ཨོཾ་སརྦ་བུདྡྷ་ལ་སུམ་བརྒྱ། བཛྲ་ཝ་རྞ་ལ་སུམ་བརྒྱ། བཛྲ་བཻ་རོ་ཙ་ན་ལ་སུམ་བརྒྱ་བཟླས་ཏེ་དགུ་བརྒྱ་སོང་བ་དང་། དེ་ནས་སྔགས་ཅིག་ཏུ་དྲིལ་ལ་ཨོཾ་གཉིས་བཞག་སྟེ། དེ་ལ་འབུམ་གྱི་བར་དུ་བཟླས་པར་བྱའོ། །


PS008_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་བྱས་ན་ཕན་ཡོན་དཔག་ཏུ་མེད་དོ། །ཇོ་བོ་མུ་ཏིག་ཕྲེང་བ་རྫོགས་སོ། ༈ །རྩ་གསུམ་གྱི་གདམས་པ་ནི། ན་མོ་གུ་རུ། བྱང་ཆུབ་ཀྱི་སེམས་སྔོན་དུ་སོང་པས་ལུས་ཡི་དམ་ལྷར་བསྒོམ། རང་གི་རྡོ་རྗེ་ནོར་བུའི་བུམ་པར་ཐིག་ལེ་དཀར་པོ་འོད་ཟེར་ཁ་དོག་ལྔ་འཕྲོ་བ་དང་བཅས་པ་གཅིག་བསམ། དེ་ལས་འོད་ཟེར་ཁ་དོག་ལྔ་ལུས་ཀྱི་ནང་ན་ཡར་འཕྲོས་པས། ལུས་ཐམས་ཅད་ཐིག་ལེ་ཁ་དོག་ལྔས་ཁེངས་ཏེ། ལུས་ཐམས་ཅད་འོད་ཟེར་ཁ་དོག་ལྔའི་རང་བཞིན་དུ་ལྟེཾ་མེ་འདུག་པས་ཕྱིའི་ཤ་ཁྲག་དག་ནང་གི་རུས་པ་ཆུ་རྒྱུས་དག་པས། ཉོན་མོངས་ཆགས་སྡང་རྨོངས་གསུམ་དག་སྟེ་འོད་ཟེར་ཁ་དོག་ལྔའི་ལུས་ཡེ་ཤེས་ལྔའི་རང་བཞིན་དུ་གསལ་སིང་ངེ་བ་ལ་སེམས་གཏད་དེ། །དེ་ཡི་དམ་ཐུན་ཞབས་ལ་མ་ཆག་པར་བསྒོམ། ལུས་ལ་ཚ་གྲང་གི་ན་ཚ་བྱུང་ན། རྡོ་རྗེ་ནོར་བུའི་བུམ་པའི་ཐིག་ལེ་


PS008_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོར་བསྒོམས་ལ། དེ་ལས་འོད་ཟེར་ཁ་དོག་ལྔ་འཕྲོས་པས་ལུས་ཀྱི་ཚ་གྲང་གི་ནད་ཐམས་ཅད་བསྡུས་སྟེ། བཤང་སྒོ་ཆེ་ཆུང་ན་མར་སངས་སྦྱངས་པར་བསམ་མོ། །དེ་ལྟར་དེ་བཞིན་དུ་བསྒོམས་ནས། ལན་གཅིག་འཆི་བའི་དུས་སུ། འཆི་རྟགས་པ་ཆུ་ལ་ཐིམ་པས་དུས་སུ་ལུས་ལྗི་ཐིབས་ཀྱིས་འགྲོ། །དེའི་དུས་སུ་ཐིག་ལེ་འོད་ཟེར་ཁ་དོག་ལྔ་འཕྲོས་པ་དེ། རང་གི་རྐང་པ་གཡས་པའི་སྒྱུ་མ་ཁུང་ན་རྩ་འདུས་པའི་རྩ་མདུད་ཡོད་པས། དེའི་ནང་དུ་རང་གི་རྣམ་པར་ཤེས་པ་དང་གཉིས་སུ་མེད་པར་བསམ་ལ། དེ་རྩ་ནང་ན་ཡར་རིམ་གྱིས་དྲངས་ཏེ་བོལ་དང་། བྱིན་པ་དང་། པུས་མོ་དང་། བརླའི་རྩ་བོ་ཆེ་ན་ཡར་དྲངས་ཏེ། སྐུ་སྨད་ནས་རྩ་གསུམ་འདོམས་པར་སླེབ་པ་དང་རྩ་དབུ་མའི་ཁར་ཚུད་དེ། ལྟེ་བ་སྤྲུལ་པའི་འཁོར་ལོ་མེར་གྱིས་བྱུང་བར་བསམས་ལ་དེ་ལ་སེམས་


PS008_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

གཏད། ཡང་། ཆུ་མེ་ལ་ཐིམ་པའི་དུས་སུ། ཁ་སྣ་གཤེར་གཏིང་འགྲོ། དེའི་དུས་སུ་ཐིག་ལེ་མགྲིན་པར་དྲངས་ལ་སེམས་གཏད། རླུང་རྣམ་པར་ཤེས་པ་ལ་ཐིམ་པའི་དུས་སུ། ཤད་པ་ཆད་ཆད་འགྲོ་དེའི་དུས་སུ་ཐིག་ལེ་རྣམ་ཤེས་དང་བཅས་པ་དེ་སྤྱི་བོར་དྲངས་ལ། སྤྱི་བོ་ཚང་བུག་ནས་རྒྱངས་ཀྱི་དོན་པ་དང་། ཐིག་ལེ་རྣམ་པར་ཤེས་པ་དང་བཅས་པ་དེ་ལྷན་སྐྱེས་ཡབ་ཡུམ་དུ་ལམ་གྱིས་གྱུར་པར་བསྒོམ་མོ། །དེ་ཡང་ཤ་ཁྲག་གདོས་པ་ཅན་མ་ཡིན་ཏེ། སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ནམ། བར་སྣང་གི་འཇའ་ཚོན་ནཾ། འོད་ཀྱི་ཕུང་པོ་ལྟ་བུ་ལ་འོད་ཟེར་ཁ་དོག་ལྔ་འཕྲོ་བའི་རང་བཞིན་ཅན་དུ་བསམ་མོ། དེའི་ངང་ལ་མ་ཡེངས་པར་ཤི་ན་བར་དོ་མེད་པར་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུར་འགྲོའོ། །ནི་གུ་མའི་ཞལ་གདམས་སོ། །


PS008_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

དག་སྦྱང་ནི། ན་མོ་གུ་རུ། དག་དང་སྦྱང་བའི་ཆོ་ག་ཤེས་པར་བྱ། ཞེས་པའི་དོན་ནི། བྱང་ཆུབ་ཀྱི་སེམས་སྔོན་དུ་སོང་བས། རང་ཡི་དམ་གྱི་ལྷར་བསྒོམ། དེའི་སྤྱི་བོར་རྩ་བའི་བླ་མ་རྡོ་རྗེ་འཆང་གི་ཆ་ལུགས། རུས་པའི་རྒྱན་དྲུག་གིས་སྤྲས་པ། ཡུམ་རྡོ་རྗེ་ཕག་མོས་མགུལ་ནས་མཁྱུད་ཅིང་མཉམ་པར་སྦྱོར་བ། དགྱེས་པའི་ཞལ་རས་འཛུམ་པ་དང་བཅས་པ་གཅིག་བསམ་ནས། དེ་ལ་གསོལ་བ་བཏབ་པས་བླ་མའི་རྡོ་རྗེ་ནོར་བུ་ནས་ཐིག་ལེ་དཀར་པོ་བྱུང་། ཡུམ་གྱི་པདྨ་ནས་ཐིག་ལེ་དམར་པོ་བྱུང་། ཐིག་ལེ་དཀར་དམར་གཉིས་རང་གི་སྤྱི་བོར་ཚངས་བུག་ན་མར་སོང་པས། དཀར་པོ་གཡས་ན་མར་སོང་། དམར་པོ་གཡོན་ནས་མར་སོང་སྟེ། ལྟེ་བར་འཛོམ་པ་དང་། མས་ཡར་ཁྱིལ་ཏེ་ལྟེ་བ་ཡན་ཆད་སྤྱི་བོ་མན་ཆད། ཐིག་ལེ་


PS008_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་དམར་གྱིས་མེར་གྱིས་ཁེངས་པ་དང་། ལུས་སེམས་གཉིས་ལ་ཟག་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས། བདེ་སྟོང་གཉིས་སུ་མེད་པའི་ཉམས་མྱོང་སྐྱེས་པར་བསམ་ལ། དེའི་ངང་ལ་སེམས་ཇི་སྲིད་གནས་པ་དེ་སྲིད་དུ་བཞག་གོ། །དེ་ལ་རྟོག་པ་འཕྲོ་ན་སྔར་བཞིན་བསྒོམ་ཀྱིན་སེམས་གནས་པར་བྱའོ། ལུས་ལ་ཚ་གྲང་གི་ན་ཚ་བྱུང་ན། སྤྱི་བོར་བླ་མ་ཡབ་ཡུམ་སྔར་བཞིན་བསྒོམ་ལ། དེའི་བྱང་སེམས་དཀར་དམར་སྤྱི་བོ་ཚངས་བུག་ན་སོང་བས་ལུས་ཀྱི་ན་ཚ་དང་། སྡིག་སྒྲིབ་ཐམས་ཅད་མར་དེད་དེ་བཤང་སྒོ་ཆེ་ཆུང་ན་མར་ནག་ཉི་ལི་ལི་སྦྱངས་ཏེ་དག་པར་བསམ། དེ་ནས་བླ་མ་ཡབ་ཡུམ་ཡང་སྤྱི་བོ་ན་མར་ཐིམ་པས། ནང་ཐམས་ཅད་སངས་ཀྱི་དག་པ་དང་སྐྱེ་མེད་ཀྱི་ངང་ལ་ལྷན་གྱིས་བཞག་གོ། དེ་ལྟ་བུ་ནད་མ་སོས་བར་དུ་བསྒོམ། རྗེས་དགེ་བ་བྱང་ཆུབ་ཏུ་བསྔོའོ། །


PS008_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་མདུད་འགྲོལ་བ་ནི། ན་མོ་གུ་རུ། ཡེ་ཤེས་དཱ་ཀི་ནཻ་གུ་མས། །ཞལ་གདམས་འདི་ལ་གསུམ་ཡིན་ཏེ། རྩ་མདུད་འགྲོལ་དང་དྲང་པ་དང་། རྩ་ནི་དབུ་མར་གཞུག་པའོ། །དང་པོ་རྩ་མདུད་འགྲོལ་བ་ནི། །དབེན་གནས་འབོལ་བའི་སྟན་སྟེངས་སུ། །ལུ་གནད་རྣམ་སྣང་ཆོས་བདུན་བཅའ། །དམིགས་པ་རྩ་གསུམ་གསལ་གདབ་ལ། །མཐའ་མའི་རྩ་གཉིས་རིང་བ་ཡི། །རྩ་སྣ་དབུ་མར་ཚུད་བསམ་ལ། །རང་གི་རོ་སྟོད་གཡས་གཡོན་ནི། །དྲག་པོ་བདུན་བདུན་གཅུ་བར་བྱ། །དེ་ཡིས་རྩ་མདུད་གྲོལ་བར་བྱེད༴ གཉིས་པ་རྩ་རྣམས་དྲང་བ་ནི། །རང་ཉིད་ཀོག་གི་ལངས་བྱས་ལ། །རླུང་གི་འཁོར་ལོ་ཐུར་དུ་བཤིབ། །མེའི་འཁོར་ལོ་གྱེན་དུ་བཤིག །སྒལ་ཚིག་དྲང་པོར་ཐར་གྱིས་བསྲང་། །གྱེན་དུ་འཕང་ཞིང་འོག་ཏུ་ནི། །རྟིང་པ་ས་ལ་བརྡབ་པར་བྱ། །དེ་ལྟ་བུ་ནི་


PS008_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

ལན་བདུན་བྱ། །དེས་ནི་རྩ་རྣམས་དྲང་བ་ཡིན། །གསུམ་པ་དབུ་མར་དྲང་བ་ནི། །ལག་པ་གཉིས་ནི་བརླ་ན་མར། །ཁུ་ཚུར་བཅངས་ལ་ཤད་ཀྱིས་བརྐྱངས། །གྱེར་འཕར་འོག་ཏུ་རྟིང་པ་བརྡབ། །དེ་ལྟ་བུ་ནི་ལན་བདུན་ནོ། །ཐིག་ལེ་ལུས་ལ་དགྲམ་པ་ནི། །ཉྭ་བཞི་ལག་མཐིལ་བཤད་པ་ཡིན། །ལུས་གནད་རྣམ་སྣང་ཆོས་བདུན་ལ། །སེམས་ཉིད་སྤྲོས་དང་བྲལ་བར་བཞག །ལྷོད་ཀྱིས་གློད་པ་ཤིན་ཏུ་གཅེས། །ཕྱག་རྒྱ་ཆེན་པོ་སྐྱེ་བ་ཡིན། །ཐིག་ལེ་ཕྱི་རུ་ཤོར་དོགས་ན། །རྣམ་སྣང་ཆོས་བདུན་ལུས་གནད་ལ། །དམིགས་པ་ནོར་བུའི་རྩེ་མོ་རུ། །ཐིག་ལེ་དཀར་པོ་བསམ་པ་སྟེ། །དེ་ནི་ནོར་བུའི་ནང་ཞུགས་ནས། །དབུ་མར་རྒྱངས་ཀྱི་སོང་བ་ཡིས། །ཚངས་པའི་བུ་གར་ཐོན་པ་དང་། །ཕྱག་རྒྱ་ཆེན་པོའི་ངང་ལ་བཞག །ཐིག་ལེའི་ཁ་ནས་འབུས་པ་


PS008_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །གློ་བུར་འདོད་ཆགས་སྐྱེ་བ་དང་། །འདྲེ་མོ་གནོད་པར་བྱེད་པ་དང་། །དེ་བསྒོམས་པས་ནི་སེལ་བར་བྱེད། །ལུས་སྦྱོང་དེ་རྣམས་གང་བྱེད་ཀྱང་། །སྤྱི་བོར་བླ་མ་བསྒོམས་པ་ལ། །གསོལ་བ་དྲག་ཏུ་གདབ་པར་བྱ། །རླུང་བཟུང་པ་ནི་ཤིན་ཏུ་གཅེས། །དེ་རྣམས་ཕྱི་ཡི་གནད་ཡིན་གསུང་། །ཨྀིྠཿ ༈ རླུང་འདོན་ནི། ན་མོ་གུ་རུ། རྩ་རླུང་ལ་སོགས་བསྒོམས་པ་ཡིས། །ལུས་ལ་བདེ་བ་སྐྱེས་གྱུར་ན། །བདེ་བ་སྨད་དུ་ལྷུང་བ་ཡིས། །བདེ་བ་ཕྱི་རུ་ཤོར་དོགས་ན། །རྩ་སྒོར་རླུང་གདོན་ཤིན་ཏུ་གཅེས། །དབེན་ཞིང་འབོལ་བའི་སྟན་དག་ལ། །ལངས་ལ་ལུས་འདི་བསྲང་བྱས་ཏེ། །རླུང་གི་འཁོར་ལོ་ཐུར་དུ་བཤིག །ལག་གཉིས་སྤྱི་བོར་རྒྱངས་བྱས་ལ། །མེ་ཡི་འཁོར་ལོ་མཉམ་དུ་སྦྱར། །རྟིང་པ་བཏེག་ཅིང་ས་ལ་བརྡབ། །དམིགས་པ་ལྟེ་འོག་སོར་བཞི་ན། །རྩ་གསུམ་འདུས་པའི་འདོམས་


PS008_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན༴ གཏུམ་མོ་ཡེ་ཤེས་མེ་འབར་ཏེ། །ཨ་ཝ་དྷཱུ་ཏཱིའི་ནང་ན་ཡར། །ནར་གྱིས་སོང་བས་སྤྱི་བོར་སླེབ། །ཚངས་བུག་ཀྵ་ཡིག་ཕྱིར་བསལ་ཏེ། །མེ་ལྕེ་ཉུག་སྟེ་བྱུང་བ་ལས། །མེ་དང་འགྲོགས་པའི་རླུང་དེ་ནི། ཁ་དོག་སྔོན་པོ་བྱུ་རུ་རུ། །དུ་བའི་ཚུལ་དུ་ཐོན་པར་བསམ། །དེ་ནས་འཇོག་པའི་དུས་རྩ་ན། །མེ་དེ་གནས་སུ་སོང་བ་དང་། །ཀྵ་དེས་ཚངས་བུག་བཀག་པར་བསམ། །དེས་ནི་ཐིག་ལེ་འདྲེན་པའོ། །ཐིག་ལེ་ལུས་ལ་དགྲམ་པ་ནི། །ལངས་ལ་ལག་གཉིས་ཁུ་ཚུར་བཅངས། །གཡས་པ་བརླ་ཡི་ཟུར་ལ་བརྐྱང་། །གཡོན་པ་ཅུང་ཟད་བསྐུམ་བྱས་ལ། །གཡོན་པའི་གཞོགས་ནི་གཡས་ངོས་སུ། །དྲག་པོ་བདུན་བདུན་འཐེན་པར་བྱ། །དེ་ནས་གཡོན་པ་བརྐྱང་བྱས་ལ། །གཡས་པའང་དྲག་ཏུ་འཐེན་པར་བྱ། །དེ་ནས་ལག་གཉིས་སོར་མོ་རྣམས། །བསྣོལ་


PS008_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་བྲང་ལ་དགབ་པར་བྱ། །མཐེབ་ཆེན་གཉིས་ནི་མཆན་འོག་དང་། །ནུ་མའི་ལོགས་ནས་བཙིར་བྱས་ཏེ། །རོ་སྟོད་གཡས་དང་གཡོན་དུ་ནི། །དྲག་པོ་བདུན་བདུན་གཅུ་བར་བྱ། །དེས་ནི་ལུས་ལ་དགྲམ་པའོ། །ཐིག་ལེའི་སྐྱོན་རྣམས་སེལ་བར་བྱེད། །ནཻ་གུ་མའི་ཞལ་གདམས་སོ། །ཨྀིྠཿ །


previousརྗེ་བཙུན་མུ་ཏིག་ཕྲེང་བ། next