Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བརྐྱང་བསྐུམ།
   
   
   
   
   


 
previousབརྐྱང་བསྐུམ། next

བརྐྱང་བསྐུམ།


PS008_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

བརྐྱང་བསྐུམ་ནི། ན་མོ་གུ་རུ། རང་ལུས་རྩ་ཡི་འཁོར་ལོ་ནི། །བརྐྱང་པ་རྣམས་ནི་བསྐུམ་པ་དང་། །བསྐུམ་པ་རྣམས་ནི་བརྐྱང་པར་བྱ། །དེ་ནི་མ་བྱས་བསྒོམ་པ་ནི། །རྩ་ཟུག་རླུང་ཟུག་འབྱུང་བར་འགྱུར། །དེ་ལ་དབེན་པའི་གནས་ཉིད་དུ། །རང་ཉིད་སྤར་གྱིས་ལངས་བྱས་ལ། །ལག་གཉིས་འཁར་བ་གཅིག་ལ་བཟུང་། །གཡས་པའི་མཐིལ་དེས་གཡོན་པ་ཡིས། །པུས་མོའི་གཉན་གོང་དག་ཏུ་སྦྱར། །གཡས་པའི་པུས་མོ་ཕྱིར་བསྐྱོད་དེ། །ལུས་པོ་སྟེང་འཕར་འོག་ཏུ་ནི། །གཡོན་པའི་རྟིང་པ་ལན་གསུམ་བརྡབ། །དེ་བཞིན་གཡས་པའང་ཤེས་པར་བྱ། །དེ་ཡི་འོག་ཏུ་རྐང་པ་གཉིས། །མཉམ་སྦྱར་ཤད་ཀྱིས་བརྐྱང་བྱས་ལ། །གཡས་པའི་རྟིང་པ་ས་ལ་ནི། །དྲག་པོ་ལན་གསུམ་བརྡེག་པར་བྱ། །དེ་བཞིན་གཡོན་པའང་གསུམ་གསུམ་མོ། །དེ་འོག་འཁར་བ་བཞག་


PS008_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ལ། །ལག་གཉིས་སོར་བསྣོལ་བྲང་ལ་གདབ། །མཐེབ་ཆེན་གཉིས་ནི་ནུ་མ་དང་། །མཆན་འོག་གཉིས་ནས་ཚུར་བཙིར་ཏེ། །རང་གི་སྐུ་སྟོད་གཡས་གཡོན་དུ། །དྲག་པོ་གསུམ་གསུམ་གཅུ་བར་བྱ། །དེ་འོག་རང་གི་མགོ་བོ་ནི། །ཕྱོགས་བཞིར་བུ་ཆུང་འཁྲུལ་འཁོར་བྱ། །དེ་ཡང་གསུམ་གསུམ་བྱེད་པར་འདོད། །དེ་འོག་སྟེང་འཕར་འོག་ཏུ་ནི། །རྟིང་པ་ལན་གསུམ་ས་ལ་བརྡབ། །སྟན་དང་མ་བྲལ་གནད་དུ་ཆེ། །དེ་ཡང་མཁའ་འགྲོའི་ཞལ་གདམས་སོ། །ཨྀིྠཿ ༈ རྩ་ཁ་འབྱེད་པ་ནི། ན་མོ་གུ་རུ། རྩ་ཁ་འབྱེད་པའི་མན་ངག་ནི། །སྐྱིལ་ཀྲུང་སྒལ་ཚིགས་བསྲང་བྱས་ལ། །གཡོན་པའི་ཁུ་ཚུར་བྲང་ཁར་བཞག །གཡས་པ་ཐུར་དུ་དྲག་པོར་བརྐྱང་། །གཡོན་པ་ཡང་ནི་དེ་བཞིན་ནོ། །དེ་ཡི་འོག་ཏུ་སུག་བཞི་ནི། །ཕྱིར་ལ་དྲག་པོ་བརྐྱང་བྱ་ཞིང་། ཁ་


PS008_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

གདངས་མིག་ཀྱང་དགྲད་པར་བྱ། །དེ་ནས་སུག་བཞི་དྲག་ཏུ་སྤྲུག །དེ་འོག་བླ་མའི་གཏུམ་མོ་བསྒོམ། །རང་ལུས་རྣམ་སྣང་ཆོས་བདུན་ལ། །དབུ་མ་དྲང་པོར་གནས་བསམ་སྟེ། །དེ་འོག་ཡེ་ཤེས་མེ་དེ་ནི། །ཡར་སྦར་དབུ་མའི་ནང་ཞུགས་ཏེ། །བླ་མའི་ཞབས་ལ་རེག་གྱུར་པས། །བདུད་རྩི་བབ་ཅིང་བདེ་བ་བསྒོམ། །བླ་མ་མི་དམིགས་མེ་སོར་གནས། །བདུད་རྩི་མི་དམིགས་སྟོང་པར་བསྒོམ། །ནཻ་གུ་མའི་ཞལ་གདམས་སོ། །ཨྀིྠཿ ༈ ཐབས་ལམ་གཏུམ་མོ་ནི། ན་མོ་གུ་རུ། ཐབས་ལམ་གཏུམ་མོ་བསྒོམ་པ་ཡིས། །རླུང་སེམས་གནད་དུ་མ་ཚུད་པས། །ལུས་ལ་ཟུག་སྐྱོན་བྱུང་བ་ན། །དབེན་པའི་གནས་སུ་སོང་ནས་ནི། །རྡོ་རྗེའི་གར་ལ་འབད་པར་བྱ། །དང་པོ་དབུ་མར་བཟུད་པ་ནི། །དྲང་དང་ཚ་བསྡུ་གསུམ་ཡིན་ནོ། །


PS008_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་དབུ་མར་བཟུད་པ་ནི། །འབོལ་བའི་སྟན་ལ་སྤར་གྱིས་ལངས། །རྐང་པ་གཤིབས་ལ་དྲང་པོར་བསྲང་། །ལག་གཉིས་ཁུ་ཚུར་བརླ་ཟུར་བརྐྱང་། །རླུང་བཟུང་འོག་རླུང་དྲག་པོར་འཐེན། །རྡིག་པ་ལན་གསུམ་བྲང་ལ་བརྡེག །འཕར་བ་གསུམ་བྱ་ལག་པ་ནི། །རྒོད་གཤོག་བཞིན་བརྐྱང་རོ་སྟོད་སྤྲུག །ལུས་པོ་བསྲངས་ལ་ལག་པ་གཉིས། །ཁུ་ཚུར་བསྣོལ་ལ་ནུ་མ་མནན། །ཀུ་འདེབས་གཡས་གཡོན་དྲག་ཏུ་འཐེན། །ལན་གསུམ་ཡིན་ནོ་རླུང་བཟུང་གཅེས། །དེ་ནས་ལངས་ལ་ལག་གཉིས་བསྣོལ། །དཔུང་པ་དག་ལ་དག་པར་བྱ། །སྐེད་པ་གཡས་གཡོན་དྲག་པོ་གཅུ། །དམིགས་པ་ལྟེ་བར་ཨ་བསམས་ལ། །རྩ་རྣམས་ཐིག་ལེ་ཨ་ལ་འདུས། །ཨ་ནི་སྐྱེ་མེད་སྟོང་པར་བསྒོམ། །གསུམ་གསུམ་བྱེད་པ་ཐམས་ཅད་འདྲ། །སྙིང་རླུང་བྱུང་


PS008_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྙིང་ན་དུ། །ཨ་བསམ་འོད་ཟེར་འཕྲོས་པ་ལས། །སེམས་གཏད་དེ་ཡིས་སེལ་བར་བྱེད། །རྡོ་རྗེའི་གར་གྱི་གདམས་ངག་འདི། །ཡེ་ཤེས་ཌཱ་ཀིའི་གདམས་ངག་གོ། ཨྀིྠཿ ༈ རྣལ་འབྱོར་ནི། ན་མོ་གུ་རུ། ཐབས་ལམ་བསྒོམ་པའི་རྣལ་འབྱོར་ལ། །རྒྱུད་ལ་དུག་གསུམ་སྐྱེས་པ་ཡིས། །དེ་ཡིས་འབྲས་བུ་ནད་སོང་ན། །ལུས་སྦྱོངས་འཁྲུལ་འཁོར་དག་གིས་བཅོས། །གཏི་མུག་ཐོབས་ཀྱིས་དབྱུང་གྱུར་ན། །རྣམ་སྣང་མཛད་ཀྱི་འདུག་སྟངས་དང་། །འོད་ཟེར་དཀར་པོའི་འཕྲོ་འདུ་ཡིས། །གཏི་མུག་མུན་པ་བསལ་བར་བྱ། །ཉོན་མོངས་གཏི་མུག་ཞི་བར་བསམ། །རྒོད་པའི་སྟོབས་ཀྱིས་འགྲོ་འདོད་ན། །རང་ལུས་རྡོ་རྗེ་སྐྱིལ་ཀྲུང་དང་། །སྲིན་ལག་ནས་བཟུང་ལྟག་པ་ནས། །བཀུག་ནས་གཡས་གཡོན་དག་ཏུ་ནི། །དྲག་པོ་གསུམ་


PS008_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གཅུ་བར་བྱ། །སྤྱི་བོར་ཐལ་རྒྱོབ་ཐིམ་པར་བསམ། །ཡི་དྭགས་སྟོབས་ཀྱི་ཁྲོ་ཚིག་ན། །དོན་ཡོད་གྲུབ་པའི་འདུག་སྟངས་ཀྱིས། །རང་ལ་གནོད་པའི་ཡི་དྭགས་རྣམས། །བདུད་རྩིའི་རྒྱུན་གྱིས་ཚིམ་པར་བྱས། །དེ་རྗེས་རྡོ་རྗེ་སྐྱིལ་ཀྲུང་དང་། །འབར་བའི་ཕྱག་རྒྱ་ཐུགས་ཀར་བཅའ། །ཁྲོ་བོའི་སྤྱན་གྱིས་ཕྱོགས་བཅུར་བལྟ། །ཕྱོགས་བཅུའི་ས་བོན་མེ་འཁོར་གྱིས། །རང་ལ་གནོད་བྱེད་བསྐྲད་པར་བསམ། །ཁྲོ་བོའི་བཟླས་པ་བག་ཙམ་བྱ། །རྒྱུད་ལ་ཞེ་སྡང་སྐྱེས་གྱུར་པས། །འབྲས་བུ་སྟོད་དུ་གཟེར་གྱུར་ན། །རྡོ་རྗེ་སྐྱིལ་ཀྲུང་བྲང་ཁ་རུ། །སོར་མོ་བསྣོལ་ཏེ་བྲང་ཁ་རུ། །གཡས་གཡོན་དུ་ནི་གསུམ་གསུམ་གཅུ། །ཁྲོ་བོའི་སྤྱན་གྱིས་གཡས་གཡོན་བལྟ། །དེ་རྗེས་མཉམ་བཞག་ཕྱག་རྒྱ་ཡིས། །ཕོ་བར་བསྡམས་ཏེ་ལན་གསུམ་རྡེགས། །རྒྱུད་ལ་


PS008_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་སྐྱེས་པ་ཡི། །འབྲས་བུས་སྨད་དུ་ནད་བྱུང་ན། །ལུས་པོ་བརྐྱང་སྟེ་རྐང་པ་གཡོན། །ལག་པ་ཟན་སྦྲུའི་ཕྱག་རྒྱ་བཅའ། །དེ་གཉིས་དམིགས་པ་གཅིག་ཡིན་ཏེ། །སྙིང་ཁར་ཡི་གེ་མ་དང་ནི། །ཐིག་ལེ་དཀར་དམར་སྦྱོར་བ་ཡི། །རྒྱུད་ལ་བདེ་སྟོང་སྐྱེས་པར་བསམ། །ཕྱི་ཤོར་ནང་དུ་དྲོད་མེད་ན། །ལུས་སེམས་བྲལ་ཏེ་བསྡུ་བར་བྱ། །གཏུམ་མོ་དག་གི་མེ་ལ་ཡིན། །མེ་དེ་ཕྲ་བ་སྐུད་པ་ཙམ། །དབུ་མ་སྒྱུ་ཞབས་སླེབ་བསམས་ལ། །དེ་ལ་སེམས་གཏད་གསལ་བར་བསྒོམ། །དྲོད་སྐྱེས་བདེ་བ་མེད་གྱུར་ན། །ཐིག་ལེ་དབབ་པའི་མན་ངག་ནི། །འདོམ་གསུམ་ཆོད་པའི་གདན་ལ་ནི། །ཀོག་གིས་ལངས་ལ་སྡིགས་མཛུབ་རྒྱངས། །གཅུ་ཞིང་གཅུ་ཞིང་མདུན་མཐའ་དང་། །དེ་བཞིན་རྒྱབ་མཐའ་དེ་འོག་ཏུ། །སེམས་དཔའི་


PS008_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིལ་ཀྲུང་སྲིན་ལག་བཟུང་། །དྲག་ཏུ་གཅུ་ཞིང་ལག་ངར་བཤུད། །དེ་འོག་ལན་གསུམ་སྤྲུག་པར་བྱ། །དེ་ཡིས་བདེ་བ་འབེབས་པ་ཡིན། །ལུས་སྦྱོང་དེ་དག་གང་བྱེད་ཀྱང་། །རླུང་བཟུང་བ་ནི་ཤིན་ཏུ་གཅེས། །མཁའ་འགྲོ་མ་ནཻ་གུ་མའི་ཞལ་གདམས་སོ། །ཨྀིྠཿ ༈ རྩིབས་བརྒྱད་འཁོར་ལོ་ནི། །ན་མོ་གུ་རུ། སེམས་བསྐྱེད་སྔོན་དུ་སོང་བས། །རང་གི་སྤྱི་བོར་འཁོར་ལོ་སྔོན་པོ་རྩིབས་བརྒྱད་པ་གཅིག་བསྒོམ། དེའི་ལྟེ་བ་ལ། ཨཽཾ་ཧྲཱི་ཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཀྱི་སྔགས་ཀྱི་གཡོན་དུ་བསྐོར་བ་ལ་དམིགས་པ་ཅུང་ཞིག་གཏད་པས། དེ་ལས་འོད་ཟེར་སྔོན་པོ་འཕྲོས་པས་ལུས་ཀྱི་སྡིག་སྒྲིབ་དག་པར་བསྒོམ། མགྲིན་པར་འཁོར་ལོ་རྩིབས་བཞི་པ་སྔོ་སྐྱ་གཅིག་གིས་ལྟེ་བ་ལ། ཨོཾ་ཨཱཿཧྲཱིཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་གཡས་སུ་བསྐོར་བ་ལ་སེམས་གཏད་པས།


PS008_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་འོད་ཟེར་འཕྲོས་པས་ངག་གིས་བསགས་པའི་སྒྲིབ་པ་དག་པར་བསྒོམ། སྙིང་ཁར་འཁོར་ལོ་རྩིབས་བརྒྱད་པ་གཅིག་གིས་ལྟེ་བ་ལ། ཨོཾ་དེ་ཝ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་གཡས་སུ་འཁོར་བ་ལ་དམིགས་པ་གཏད་པས་འོད་ཟེར་སྔོན་པོ་གཅིག་འཕྲོས། །རོ་སྟོད་ཐམས་ཅད་འོད་ཀྱིས་ཁྱབ་པས་སེམས་ཀྱིས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་དག་ནས། ལུས་ཤེལ་གོང་དག་པའི་རྣམ་པ་ལྟ་བུ། ཕྱི་ནང་ཐམས་ཅད་གསལ་སིང་ངེ་སོང་བར་བསམས། །དེ་ནས་སྙིང་གའི་ཡིག་འབྲུ་དང་བཅས་པ་དེ་འུབ་ཡར་འདུས། མགྲིན་པའི་འཁོར་ལོ་ཡིག་འབྲུ་དང་བཅས་པ་ལ་ཐིམ། །མགྲིན་པའི་འཁོར་ལོ་སྤྱི་བོར་ཐིམ་པ་དང་། ལུས་སྟོང་སངས་སོང་བར་བསྒོམ། དེ་ནས་འོག་རླུང་དྲངས་ཏེ། ལྟེ་བ་སྒལ་པ་ལ་སྦྱར་ཏེ་


PS008_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་མནན། མིག་ཧྲིག་སྟོན་ཤེས་པ་རྟེན་མི་བཅའ་བར། ཕྱག་རྒྱ་ཆེན་པོའི་ངང་ལ་བཞག་གོ། །བདེ་མཆོག་དགྱེས་རྡོར། མ་ཧཱ་མ་ཡ། རྒྱུད་གསུམ་དྲིལ་བའི་མན་ངག་འདི། །ཐོ་རངས་ཀྱི་ཆ་ལ་མ་ཆག་པར་བསྒོམས་པས། དགེ་སྦྱོར་ལ་བོགས་ཆེན་པོ་འོང་ངོ་། ཚུལ་ཁྲིམས་འཆལ་པ་དང་། དམ་ཚིག་ཉམས་པའི་གྲིབ་ཀྱིས་མི་ཚུགས། །རྡོ་རྗེའི་ཁྲུས་སུ་འགྱུར་རོ། །ནད་གདོན་གྱིས་མི་ཚུགས། ཡོན་ཏན་དཔག་ཏུ་མེད་དོ། །མཁའ་འགྲོ་མ་ནཻ་གུ་མའི་ཞལ་གདམས་རྫོགས་སོ། །ཨྀིྠཿ ༈ བར་ཆད་བསྲུང་བ་ནི། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རྣལ་འབྱོར་པའི་བར་ཆད་བསྲུང་བ་དང་། རྣམ་ཤེས་ཡི་དམ་གྱི་ལྷ་ལ་འཕོ་བ་ནི། བླ་མ་ཤངས་པ་གདུ་གུ་ཅན་རྒྱ་གར་དུ་བཞུད་པའི་ལམ་ཁར། ནགས་གསེབ་གཅིག་ནས་མཁའ་འགྲོ་མ་གཅིག་བྱོན་ནས། རྣལ་འབྱོར་པའི་


PS008_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ལ་བར་ཆད་འོང་བར་འདུག་པས། ངས་བསྲུང་བ་གཅིག་བསླབས་ཀྱི་གསུང་ནས། མཁའ་འགྲོ་མ་ནཻ་གུ་ཅན་གྱིས་བླ་མ་ཤངས་པ་ལ་བསྲུང་བ་འདི་གནང་ངོ། །དེ་ལ་དང་པོ་རྣལ་འབྱོར་པས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ། དེ་ནས་རང་གི་ལུས་འདི་ཇོ་མོ་རྣལ་འབྱོར་མར་གསལ་བར་བསྒོམ། ཇོ་མོའི་ཐུགས་ཀར་ཡི་གེ་བྃ་དམར་ནག་གཅིག་བསྒོམ། བཾ་དེ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་ཇོ་མོ་རྣལ་འབྱོར་མ་སྤྱན་དྲངས་ནས་རང་གི་སྤྱི་གཙུག་ཏུ་ཞབས་གཉིས་བགྲད་དེ་བཞུགས་པར་བསྒོམ། དེ་ལ་གསོལ་བ་གདུང་པ་ལན་གསུམ་གདབ། བདག་གི་ལམ་སྣ་འདྲེན་པའི་དགེ་བའི་བཤེས་གཉེན་འང་འདི་ཡིན་ཨང་སྙམ་དུ་བསམ། བདག་ལ་དངོས་གྲུབ་སྟེར་བའི་ཡི་དམ་ཡང་འདི་ཡིན་ཨང་སྙམ་དུ་བསམ། བདག་གི་བར་ཆད་སེལ་བའང་


PS008_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡིན་ཨང་སྙམ་དུ་བསམས་ཏེ། གསོལ་བ་གདུངས་གདུངས་པ་ལན་གསུམ་གདབ་པ་དང་། ཇོ་མོའི་ཆོས་འབྱུང་བྷ་ག་ནས་བྱང་ཆུབ་ཀྱི་སེམས་དཀར་དམར་བབ་ནས། རང་གི་སྤྱི་གཙུག་ན་མར་བདེ་ཕྲི་ལི་ལི་བྱུང་བར་བསྒོམ། །དེ་ནས་རང་གི་ལུས་ཐམས་ཅད་ཞོ་རྐྱལ་འོ་མས་གང་བ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཀྱིས་བདེ་ཕྲིལ་ཕྲིལ་གྱིས་གང་བར་བསྒོམ་པ་དང་། རང་གི་ལྟེ་བའི་དཀྱིལ་ནས་ཡི་གེ་ཨ་ཡིག་རྒྱངས་ཀྱིས་ཇོ་མོའི་ཕྱག་མཚན་གྲི་གུག་གིས་ལྟེ་བ་ལ་ཐིམ་པར་བསྒོམ། ཨ་ཕྱག་མཚན་ལ་ཐིམ་པ་དང་། །ལུས་ཐ་མལ་དུ་སྐྲོངས་སོང་བར་བསྒོམ། ལུས་ཐ་མལ་དུ་འདུག་པ་དེའི་རྐང་མཐིལ་གཉིས་སུ་ཁ་དང་གསུམ་དུ་རཾ་དམར་ནག་རེ་བསྒོམ། རཾ་དེ་ལས་མེ་དམར་ཧུར་ཧུར་འབར་བས། རང་གི་ལུས་ནས་ཡར་ཐུ་ལུ་ལུ་ཚིག་ནས་ཁོང་པའི་ནང་ཐམས་ཅད་ཁོལ་བར་བསམ་མོ། །


PS008_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

དངས་མ་ཁོལ་བ་དེ་རྗེ་བཙུན་མའི་ཕྱག་གཡོན་པའི་ཐོད་པར་སོང་བར་བསམ། དེ་ཐོད་པར་སོང་བ་དེ་རང་གི་ཤེས་པའི་ས་བོན་ཕྱག་མཚན་ལ་ཐིམ་པ་དང་། །ཨ་དེས་བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཡི་དམ་དང་། དཔའ་བོ་དང་། མཁའ་འགྲོ་དང་། རྡོ་རྗེ་རྣལ་འབྱོར་མ་ལ་ཕུལ་བར་བསམ། དེ་ཕུལ་བ་དང་། རྣལ་འབྱོར་མ་དེ་རྣམས་ཀྱིས་གསོལ་བས་བླ་མ་དང་ཡི་དམ་དང་ལྷ་དེ་རྣམས་དགྱེས་པར་བསྒོམ། དེ་ནས་འཕྲོ་གཅོད་ཙ་ན། སྤྱི་བོའི་རྣལ་འབྱོར་མ་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ། །རང་ཇོ་མོ་རྣལ་འབྱོར་མར་བསྒོམས་ལ་དགེ་བའི་རྩ་བ་སེམས་ཅན་གྱི་དོན་དུ་བསྔོ། །དེས་བར་ཆད་ཐམས་ཅད་སེལ། ཚེ་བསྲེང་། རྣམ་ཤེས་ཕྱིན་ལ་འཕོ་བ་ཞེས་བྱའོ། །ཡེ་ཤེས་མཁའ་འགྲོ་ནཻ་གུ་མས་བླ་མ་ཤངས་པ་ལ་གནང་བའི་བར་ཆད་


PS008_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་བ་དང་། རྣམ་ཤེས་ཡི་དམ་གྱི་ཕྱག་མཚན་ལ་འཕོ་བ་ཞེས་བྱའོ། །ཁྱུང་པོ་རྣལ་འབྱོར་པས་ཡི་གེར་བཀོད་པ་རྫོགས་སོ། །བརྒྱུད་པ་ནི། རིན་ཆེན་བདུན། གྲུབ་ཐོབ་ཨ། གསེར་གླིང་པ། བཛྲ་ཤྲཱི། ཆོས་གྲགས་པ། བུདྡྷ་ཤྲཱི། དེས་གྲུབ་ཆེན་དང་། ཀུན་སྤངས་པ། དེ་གཉིས་ཀ་ལ་སྤྲུལ་སྐུ་ངག་གི་དབང་པོ་དེས་བདག་བྱམས་པ་རིན་ཆེན་བཟང་པོ། ༈ དངོས་གྲུབ་བླང་བ་ནི། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རང་ཡི་དམ་ལྷར་སྐད་ཅིག་གིས་བསྒོམས་ལ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་མོ། །ཀླུའི་རྒྱལ་པོ་མཆོག་སྦྱིན་ལ་སིདྡྷི་བླང་བ་ནི། རང་གི་མདུན་དུ་རྒྱ་མཚོ་ཆེན་པོ་གཏིང་ཟབ་པ། ཁ་ཆེ་བ་གཅིག་གི་ནང་དུ་མཆོད་རྟེན་དཀར་པོ་བློས་མཁྱུད་ཚད་གཅིག་བསྒོམ། དེའི་རྩ་བར་ཡི་གེ་པུ་ལས་ཀླུའི་རྒྱལ་པོ་མཆོག་སྟེར་རོ་སྨད་སྦྲུལ་དུ་འདུག་པ། །མཆོད་རྟེན་གྱི་བང་རིམ་ལ་འཁྲིལ་བ། རོ་སྟོད་སྐྱེས་


PS008_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་གཟུགས་སུ་འདུག་པ་ལ། ལག་པ་གཡོན་པས་བུམ་པ་ལ་འཁྱུད་པ། གཡས་བརྐྱང་པའི་ཕྱག་མཐིལ་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་པྃ་དམར་སེར་ལས་པདྨའི་སྣོད་ཡངས་ཤིང་རྒྱ་ཆེ་བ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་གཅིག་བསམ། །སྣོད་དེ་ལ་དམིགས་ནས་སྔགས་འདི་བརྗོད། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱ་བི་ཤྭ་མུ་ཁེ་བྷྱ། སརྦ་ཏ་ཁཾ་ཨུད་ག་ཏེ། སྥ་ར་་ཨི་མཾ་ག་ག་ན་ཁཾ་མཾ་སྭཱ་ཧཱ། ཞེས་བརྗོད་པས། སྣོད་དེ་ལྷ་མིའི་བཅུད་ཕུན་སུམ་ཚོགས་པས་གང་ནས། ཡར་བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་ཆོས་སྐྱོང་བསྲུང་མ་རྣམས་ལ་མཆོད། བར་དུ་ཀླུ་ཉིད་ཀྱིས་གསོལ་བས། སྐུ་རྒྱས་ཤིང་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པར་བསམ། དེ་ནས་བདག་ལ་བྱིན་པས། སྟོབས་བསྐྱེད་ནས་ཚེ་ཕུན་སུམ་ཚོགས་པ་དང་། །


PS008_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་ཕུན་སུམ་ཚོགས་པའི་དངོས་གྲུབ་གནང་ནས། བར་དུ་གཅོད་པའི་གནོད་པ་ཐམས་ཅད་བསལ་ནས། བཀྲ་ཤིས་ཕུན་སུམ་ཚོགས་པར་བསམ། ཚེ་དང་ལོངས་སྤྱོད་རྒྱས་པར་འདོད་ན་སྐུ་མདོག་སེར་པོ། གཞན་དབང་དུ་སྡུད་ན་དམར་པོ། བགེགས་དང་ལོག་འདྲེན་བསལ་བར་འདོད་ན་སྔོན་པོ། ཕྲིན་ལས་སོ་སོ་ལ་ལྗང་གུ་ཞེས། རྒྱུད་རིན་པོ་ཆེ་དཔུང་བཟང་ནས་བཤད་དོ། བརྒྱུད་པ་ནི། རིན་ཆེན་མཁས་གྲུབ་པ། བླ་མ་བསམ་གཏན་རིན་ཆེན། གསེར་གླིང་པ། བཛྲ་ཤྲཱི། ཆོས་གྲགས་པ། བུདྡྷ་ཤྲཱི། དེས་ནམ་མཁའ་རྒྱལ་མཚན་དང་། ལྷོངས་ཤཀ་རིག །དེ་གཉིས་ཀ་ལ་སྤྲུལ་སྐུ་ངག་གི་དབང་པོ། དེས་བདག་བྱམས་པ་རིན་ཆེན་བཟང་པོ་ལའོ། །མངྒ་ལཾ།། །།


previousབརྐྱང་བསྐུམ། next