Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕྱག་རྒྱ་ཆེན་པོ་གའུ་མའི་རྡོ་རྗེའི་ཚིག །
   
   


 
previousཕྱག་རྒྱ་ཆེན་པོ་གའུ་མའི་རྡོ་རྗེའི་ཚིག །next

ཕྱག་རྒྱ་ཆེན་པོ་གའུ་མའི་རྡོ་རྗེའི་ཚིག །


PS008_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ཆེན་པོ་གའུ་མའི་རྡོ་རྗེའི་ཚིག་རྐང་། ནཻ་གུའི་ཕྱག་རྒྱ་ཆེན་པོ་སྙན་བརྒྱུད་རྣམས་བཞུགས། རྒྱ་གར་སྐད་དུ། མ་ཧཱ་མུ་དྲ། བོད་སྐད་དུ། ཕྱག་རྒྱ་ཆེན་པོ། ཟུང་འཇུག་ཕྱག་རྒྱ་ཆེན་པོ་ལ་ཕྱག་འཚལ་ལོ། །བདེ་ཆེན་ལྷུན་གྲུབ་འདུས་མ་བྱས། །ལོངས་སྐུ་རྡོ་རྗེ་འཆང་ཆེན་གྱིས། །སྐྱེ་མེད་རང་སྒྲ་འདི་སྐད་ཐོས། །ཐ་མལ་ཤེས་པ་ཨེ་མ་ཧོ། །སྔོན་འགྲོ་རང་བབས་རྣམ་པ་གསུམ། །དངོས་བཞི་སྐྱོན་བཞི་རང་སར་གྲོལ། །མཐར་ཐུག་སྐུ་བཞི་རང་ཤར་རོ། །དབེན་པར་རང་ས་གནོན་གྱི་ཕྱག་རྒྱ་བཅས། ཚིགས་བཞི་དང་རྩ་དང་མཆུ་ཀློད་པ་ནི་ལུས་རང་བབས་སོ། །མཆུ་རྩོལ་བ་དང་བྲལ་ཞིང་སྨྲ་བརྗོད་བྲལ་བ་ནི་ངག་རང་བབས་སོ། །སེམས་མིག་གི་ལྟ་སྟོངས་བསྒོམ་འདོད་དང་བྲལ་བ་ནི་སེམས་རང་བབས་སོ། །དེ་ཉིད་སྐྱོན་བཞི་དང་བྲལ་བར་བྱ་སྟེ། ཆོས་སྐུ་དང་འདུ་འབྲལ་


PS008_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱང་། ཉེ་དྲགས་པས་ངོ་མ་ཤེས། རང་ལ་ཤར་ཀྱང་ཟབ་དྲགས་པས་ངོས་མ་ཟིན། སླ་དྲགས་པས་ཡིད་མ་ཆེས་པར་ཡེངས་མེད་དང་བྲལ་ལོ། །བཟང་བས་བློར་མ་ཤོང་པར་ཐག་ཆོད་དང་བྲལ་བས་འཁོར་བར་འཁྱམས་སོ། །མཐར་ཐུག་མཉམ་རྗེས་བློས་བྱས་དང་བྲལ་བའི་ཕྱིར་རང་ཤར་དེ་ལ། སྣ་ཚོགས་སུ་གསལ་བ་དེ་སྤྲུལ་སྐུ། གསལ་འཛིན་དང་བྲལ་བའི་རྟོག་པ་མེད་པ་དེ་ཆོས་སྐུ། གསལ་ལ་རྟོག་མེད་དེ་ཉིད་བདེ་བར་ཤར་བས་ལོངས་སྐུ། དེ་གསུམ་རང་བཞིན་དབྱེར་མི་ཕྱེད་པས་མཐར་ཐུག་བདེ་བ་ཆེན་པོའི་སྐུའོ། །དེ་ཉིད་ལ་རྟོག་མེད་ཀྱི་ཆ་དེ་ཇི་ལྟ་བའི་ཡེ་ཤེས་སོ། །མི་རྟོག་ལ་ཇི་ལྟ་བར་གསལ་བའི་ཆ་དེ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སོ། །དེ་ཉིད་རང་བཞིན་གྱིས་དབྱེར་མི་ཕྱེད་པས་དབྱིངས་དང་ཡེ་ཤེས་དབྱེར་མེད་ཞེས་


PS008_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །སྔོན་འགྲོའི་དམ་ཚིག་གསང་བའི་རྡོ་རྗེའོ། །བོགས་འདོན་སྙིང་རྗེ་གསོལ་འདེབས་སོ། །ལཾ་ཁྱེར་ཅིར་སྣང་དེ་ཉིད་དོ། །མངོན་གྱུར་བསྒོམ་མེད་ཡེངས་མེད་དོ། །བསྲེ་བ་རྟོག་མེད་ལམ་ཁྱེར་རོ། །འོད་གསལ་ལྟ་སྟོངས་བོགས་འདོན་ནོ། །སད་རྗེས་གསལ་ལ་རྟོག་མེད་བསྲེ། །ཉིན་མཚན་བར་དོའི་འོད་གསལ་ནི། །སྐུ་གསུམ་དབྱེར་མེད་རང་ཤར་བལྟོས། །གང་གིས་མི་ཤེས་རྒྱུད་དུ་སྦས་པའི་དོན། །མཐར་ཐུག་ཚིག་གཅིག་གྲོལ་བ་འདི་ཡིན་ཏེ། །བསྒོམ་མེད་ཡེངས་མེད་གོམས་ཤིང་བརྟན་པ་ལས། །ས་ལམ་རིམ་པ་དུས་འདིར་བགྲོད་བྱེད་པའི། །ཡིད་ལ་མི་བྱེད་སྒྲིབ་གཉིས་རང་སར་དག །སྐུ་གསུམ་རང་ཤར་འབྲས་བུ་ལྷུན་གྱིས་གྲུབ། །མདོ་རྒྱུད་ཀུན་ཏུ་བསྟན་ཀྱང་རང་བཞིན་གབ། །བླ་མའི་བྱིན་


PS008_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་ཞལ་ལས་ཤེས་པར་བྱ། །ཆོས་སྐུའི་ནམ་མཁར་རྟོགས་པའི་སྤྲིན་ཚོགས་ལས། །དུག་ལྔའི་གློག་འགྱུ་ཡེ་ཤེས་ཆེན་པོར་བལྟོས། ཡིད་ལ་མི་བྱེད་རེ་དོགས་ཀུན་བྲལ་བའི། །ཐ་མལ་ཤེས་པ་ཁྱོད་ལ་ཕྱག་འཚལ་ལོ། །རང་ཤར་ཕྱག་རྒྱ་ཆེན་པོའི་རྡོ་རྗེའི་ཚིག་རྫོགས་སོ། །མཁའ་འགྲོ་མ་དེ་ཉིད་མཉེས་པར་བྱས་ཏེ། །གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བའོ། །མངྒ་ལཾ། ༈ །བླ་མ་ཌཱ་ཀི་རྣམས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཀྱི་ཌཱ་ཀི་མ་ནཻ་གུ་མའི་ཕྱག་རྒྱ་ཆེན་པོ་ལ་གསུམ་ལས། སྔོན་འགྲོ་རང་བབས་རྣམ་གསུམ། དངོས་གཞི་སྐྱོན་བཞི་རང་གྲོལ། འབྲས་བུ་སྐུ་བཞི་རང་ཤར་རོ། །དང་པོ་ནི། དབེན་པའི་གནས་སུ་ལུས་གནད་ལེགས་པར་བཅའ། སེམས་བསྐྱེད། ལུས་ཡི་དམ་དུ་བསྒོམ།


PS008_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་བོའི་བླ་མ་ལ་གསོལ་བ་དྲག་པོ་བཏབ་པའི་རྗེས་ལ། ལུས་ཉ་བཞི་རྩ་བཞི་གློད་ལ། རྩོལ་མེད་ཀྱི་ངང་ལ་བཞག་པ་ནི། ལུས་རང་བབས་སོ། མཆུ་འབྱེད་བཙུམ་གྱི་རྩོལ་བ་མེད་ཅིང་། ངག་སྨྲ་བརྗོད་དང་བྲལ་བ་ནི། ངག་རང་བབས་སོ། མིག་གི་ལྟ་སྟངས་ཀྱིས་བསྒོམ་འདོད་ཀྱི་རྟོག་པ་དང་བྲལ་ཏེ། སྔོན་འགྲོ་བསྒོམ་པ་ཡིན་སྙམ་པའི་རྟོག་པ་ཡང་མི་བྱ་བར། ཧད་དེ་ཕྱད་དེ་ཀླས་པ་ནི། སེམས་རང་བབས་སོ། །དེ་ལྟ་བུའི་ངང་ལ་ལྷ་འདོད་ཆགས་སྐྱེས་པ་བཞིན་དུ་ཧད་དེ་ལུས་པ་དེ། སྔོན་འགྲོ་དང་པོའི་ཚད་ཡིན་ཏེ། ཐ་མལ་གྱི་ཤེས་པ་ཞེས་ཀྱང་བྱ། །དང་པོའི་སེམས་ཞེས་ཀྱང་བྱ་སྟེ། ཆད་པ་ངལ་བསོ་བ་ལ་སོགས་པའི་དུས་སུ། སེམས་ཅན་ཀུན་ལ་འཆར་ཏེ། ངོས་མ་ཟིན་པས་འཁོར་བར་འཁྱམས་པ་ཡིན་གསུང་ངོ་། །


PS008_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

ང་ནི་དུས་ཐམས་ཅད་དུ་ངོས་ཟིན་པར་བྱ་སྟེ། ཟན་ཟ་བ་ལ་སོགས་པའམ། ཕྲེང་བ་ལྟ་བུ་ལག་ཏུ་ཅི་བྱུང་ཡང་། །གླང་པོ་ཆེའི་ལྟ་སྟངས་ཀྱིས་ཧད་དེ་ལུས་པ་དེ་ལ་བཞག །དེ་བཞིན་དུ་གཡས་གཡོན་ནཾ། ནམ་མཁའ་ལ་སོགས་པ་ཐག་ཉེ་རིང་གང་ལ་བལྟས་ཀྱང་། དང་པོ་མིག་སྦྲིད་ཆིལ་བ་ལྟ་བུ་གསལ་སྟོང་འཛིན་མེད་ལ་ཕྱམ་སོང་བ་དང་། ངའི་སྔོ་འགྲོ་རང་ཤར་ནས་འདུག་སྙམ་དུ། ངོས་བཟུང་ལ་ཧད་དེ་བཞག་གོ། །དེར་མ་ཟད་ཧད་དེ་ཕྱད་དེ་བ་དེ་ཉིད་ཀྱི་ངང་ནས། ཆཾ་ཆཾ་འགྲོ་བ་དང་། འཆག་པ་ཆེ་ཆུང་དུ་རྩ་ཆུ་འཆག་པའི་ཚེ། མ་སྲིང་བརྒྱས་བསྐོར་ཡང་ཡ་ང་བ་དང་། བག་ཚ་བ་དང་བྲལ་བར་བྱ་སྟེ། ཉལ་བ་དང་། ལངས་པ་དང་། འདུག་པ། སྤྱོད་ལམ་རྣམ་བཞི་གང་གི་དུས་སུ་ཡང་། གསལ་སྟོང་འཛིན་མེད་ཀྱི་ངང་ལ་མ་ཡེངས་པར་གནས་པར་


PS008_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ། སྡུད་པ་ལས། འགྲོ་འཆག་ཉལ་དང་འདུག་པར་ཤེས་བཞིན་རབ་ཏུ་ལྡན། །གཉའ་ཤིང་གང་ཙམ་བལྟ་ཞིང་འགྲོ་ལ་སེམས་འཁྲུལ་མེད། ཅེས་སོ། མདོར་ན་གཏམ་སྨྲ་བ། མདོ་འདོན་པ། སྔགས་བཟླས་པ། ཆོས་ཉན་བཤད་ལ་སོགས་པ། ཐམས་ཅད་ཀྱི་དུས་སུ་ཡང་གསལ་སྟོང་འཛིན་མེད་ཀྱི་ངང་ལ་ཧད་དེ་བ་དེ་ལས་མ་གཡོས་པར་བྱའོ། །དེ་ལྟ་བུའི་སྔོན་འགྲོ་རྣམས་ཐེམ་པའི་དུས་སུ། གཏོར་ཚོགས་བཟང་པོ་དང་། གསེར་གྱི་མཎྜལ་ཕུལ་ལ། རྐུན་པོའི་ངོ་སྤྲོད་དེ་ལུགས་སྦྱོར་དང་ལྡན་པས་ཡིད་ཆེས་པར་བྱ་སྟེ། ནཻ་གུ་མ་སྔོན་འགྲོ་ལ་གཙོ་བོར་བྱེད། མཻ་ཏྲི་པ་དངོས་གཞི་ལ་གཙོ་བོར་བྱེད། སུ་ཀ་མ་སིདྡྷི་རྗེས་ལ་གཙོ་བོར་བྱེད་དོ། །གཉིས་པ་དངོས་གཞི་སྐྱོན་བཞི་དང་བྲལ་བར་བྱ་སྟེ། སེམས་སྟོང་པ་ཆོས་སྐུ་དང་འདུ་འབྲལ་མེད་ཀྱང་།


PS008_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་དྲགས་པས་མ་མཐོང་བའི་སྐྱོན་གྱིས་འཁོར་བར་འཁྱམས། ཕྱག་རྒྱ་ཆེན་པོ་རང་ལ་ཤར་ཡང་། ཕྱོགས་གང་ནས་ཀྱང་དཔེས་མཚོན་པར་མི་ནུས་ཤིང་། ཟབ་དྲགས་པས་ངོས་མ་ཟིན། རང་བབས་སུ་ནམ་བཞག་ཀྱང་འཆར་ཏེ། སླ་དྲགས་པས་ཡིད་མ་ཆེས་པར། ཐེ་ཚོམ་བྱེད་ཅིང་ཡེངས་མེད་དུ་བསྒོམ་པ་དང་བྲལ་བའོ། །གསལ་སྟོང་བདེ་བའི་སྐུ་གསུམ་རང་ལ་ཤར་ཡང་། བཟང་དྲགས་པས་བློར་མ་ཤོང་། ངེས་ཤེས་མ་སྐྱེས་པས་རྟོགས་པ་ཐག་ཆོད་དང་བྲལ་བའི་སྐྱོན་གྱིས་འཁོར་བར་འཁྱམས་སོ། །གསུམ་པ་རང་ཤར་དུ་བཞག་པའི་དུས་སུ། ཁ་དོག་དང་དབྱིབས་ལ་སོགས་པ་གང་དུ་ཡང་མ་གྲུབ་པས། ཆོས་སྐུ་རང་ཤར་མཐར་ཐུག་གོ། །ཡེ་ཤེས་ནི་ཆོས་དབྱིངས་ཡེ་ཤེས་སོ། །སྟོང་པ་སྣ་ཚོགས་སུ་ཤར་བས་སྤྲུལ་སྐུ་རང་ཤར་རོ། །ཡེ་ཤེས་ནི་མེ་ལོང་ལྟ་བུའོ། །བར་


PS008_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བདེ་བ་ལོངས་སྐུ་རང་ཤར་མཐར་ཐུག་གོ། །ཡེ་ཤེས་ནི་སོ་སོར་རྟོག་པའོ། །དེ་གསུམ་རང་བཞིན་གྱིས་དབྱེར་མི་ཕྱེད་པ་ནི། བདེ་བ་ཆེན་པོའི་འབྲས་བུ་སྐུ་བཞི་རང་ཤར་མཐར་ཐུག་གོ། །ཡེ་ཤེས་ནི་མཉམ་པ་ཉིད་དོ། །སྐུ་བཞི་ཕྲིན་ལས་ལྷུན་གྲུབ་ཏུ་འབྱུང་བས་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་ཉིད་ལ་རྟོག་མེད་ཀྱི་ཆ་དེ་ཇི་ལྟ་བའི་ཡེ་ཤེས་སོ། །མི་རྟོག་པ་སྣ་ཚོགས་སུ་གསལ་བ་དེ། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སོ། །དབྱེར་མི་ཕྱེད་པས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ཞེས་བྱའོ། །བོགས་འདོན་ནི་དེ་རྣམས་ལ་ཐག་ཆོད་ངེས་ཤེས་བསྐྱེད་ཅིང་། གསལ་སྟོང་འཛིན་མེད་ཀྱི་ངང་ལ་ཧད་དེ་བཞག་གོ། །གསོལ་བ་དྲག་པོ་བཏབ་ཀྱིན་ཡང་། སེམས་གསལ་སྟོང་འཛིན་མེད་ཀྱི་ངང་ལ་ཧད་དེ་བཞག་གོ། །མི་གསེབ་དུ་འགྲོ་བ་དང་། འགྲོ་


PS008_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་དུས་སུ་ཡང་། མོས་གུས་གདུང་གདུང་པ་བྱས་ལ་ཧད་དེ་བཞག །སྙིང་རྗེ་ལ་ཡང་དེ་ཉིད་ཀྱི་ངང་ནས། འཁོར་འདས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཡིན་པ་ལ། ང་དང་བདག་ཏུ་བཟུང་ནས་འཁོར་བར་འཁྱམས་པ་སྙིང་རེ་རྗེ་སྙམ་དུ་བསྒོམ་ཞིང་ཧད་དེ་བཞག་གོ། །ལྷ་སྐུ་ཤེས་པ་རླུང་དང་བསྲེ། རྟོག་པ་ཐམས་ཅད་འགག་པར་འགྱུར། ཐ་མལ་ཤེས་པ་རླུང་དང་བསྲེ། རྟོགས་པ་ཡར་ངོ་བཞིན་དུ་འཕེལ། ཟུང་འཇུག་ཤེས་པ་རླུང་དང་བསྲེ། ལོ་ཟླས་སངས་རྒྱས་མངོན་དུ་བྱེད། །དགེའོ། ༈ །ན་མོ་གུ་རུ། རྗེས་ཀྱི་ཆོས་ལ། གང་ཤར་ངོས་བཟུང་བྱ། ཐག་ཆོད་ངེས་ཤེས་བསྐྱེད། ཡེངས་མེད་ཆུ་བོ་བརྟེན། ཚད་མེད་བཞི་ལ་འབད། ཡར་ངོ་བཞིན་དུ་འགྱུར། ལོ་ཟླས་མཐར་ཕྱིན་ནོ། །དམ་ཚིག་ལ་ཡིད་གཉིས་སྤང་བར་བྱའོ། །


PS008_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སྐུ་གསལ་སྟོང་རླུང་དང་བསྲེ། ཐ་མལ་རྟོག་པ་འགག་པར་འགྱུར། ཐ་མལ་ཤེས་པ་རླུང་དང་བསྲེ། ཉམས་མྱོང་ཡར་ངོ་བཞིན་དུ་འཕེལ། འོད་གསལ་ལྷ་སྐུ་རླུང་དང་བསྲེ། མཐར་ཐུག་འབྲས་བུ་མངོན་དུ་འགྱུར། སྔོན་འགྲོ་དངོས་གཞི་རྗེས་རྣམས་ལ། སྔོན་འགྲོའི་ཚད་དང་དེ་ཉིད་བརྟན་ཚད་དང་། དངོས་གཞིའི་ཚད་དང་དེ་ཉིད་བརྟན་ཚད་དང་། རྗེས་ཀྱི་ཚད་དང་། དེའི་བརྟེན་ཚད་དམ་པའི་ཞལ་ལས་དྲིས། ཉིན་མཚན་བར་དོའི་འོད་གསལ་མ་བུར་བཅས། སྐུ་གསུམ་དབྱེར་མེད་རང་ཤར་ཆེན་པོར་ལྟོས། མདོ་རྒྱུད་ཀུན་ཏུ་བསྟན་ཀྱང་རང་བཞིན་གབ། དེ་ཕྱིར་བླ་མའི་དྲིན་ལས་རྟོགས་པར་བགྱིས། ཡིད་ལ་མི་བྱེད་རེ་དོགས་ཀུན་བྲལ་བའི། །ཐ་མལ་ཤེས་པ་ཁྱོད་ལ་ཕྱག་འཚལ་ལོ། །མི་རབས་བདུན་


PS008_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྒྱལ་རྒྱུད་སིར་གྱི་ཁ། རྡོ་རྗེའི་རྒྱ་ཡིས་བཏབ་བོ་ས་མ་ཡཱ། མ་ཧཱ་མུ་དྲ་རྫོགས་སོ། །ཡེ་ཤེས་ཀྱི་མཁའ་འགྲོ་མ་དེ་ཉིད་ལ་གུས་པས་གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས་ཏེ། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་ནས། བདག་ཁྱུང་པོ་རྣལ་འབྱོར་པས་ཉམས་སུ་མྱོང་བར་བྱས་པའོ། ཨྀིྠཿ ༅ སྙན་བརྒྱུད་བཞུགས་སོ། །ན་མོ་གུ་རུ། དང་པོ་ནི། རང་ལུས་ལྷར་གསལ་བའི་ངང་ལས་རླུང་བཟུང་ལ། ལྷ་སྐུ་དང་སྔགས་ཀྱི་སྤྲོ་བསྡུ་བྱ་བ་ནི། བསྐྱེད་རིམ་དང་རླུང་བསྲེ་བ་སྟེ། རྟོག་པ་ཐམས་ཅད་འགག་པར་འགྱུར་རོ། །གཉིས་པ་ནི། ལུས་སེམས་རང་བབས་སུ་བཞག་ལ་སེམས་མ་བཅོས་ཐ་མལ་གྱི་ཤེས་པའི་འོད་གསལ་རླུང་དང་བསྲེས་པས། སྣང་སེམས་དབྱེར་མེད་གསལ་ལ་རྟོག་མེད་དུ་འཆར་བ་ནི། ཕྱག་རྒྱ་ཆེན་པོ་རླུང་དང་བསྲེ་བ་སྟེ། རྟོགས་པ་ཡར་


PS008_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཟླ་བ་ངོ་བཞིན་དུ་རྒྱས་པར་འགྱུར་རོ། །གསུམ་པ་ནི། གསལ་ལ་རྟོག་པ་མེད་པའི་ལྷ་སྐུ་ཕྱག་རྒྱ་ཆེན་པོའི་ངང་ནས་རླུང་བཟུང་བས། ཡུལ་སྣང་སྟོང་ཟུང་འཇུག །ལུས་བདེ་སྟོང་ཟུང་འཇུག །སེམས་གསལ་སྟོང་ཟུང་འཇུག་ཏུ་འཆར་ཏེ། དེ་ལས་མ་ཡེངས་པར་ཉམས་སུ་ལེན་པ་ནི། རབ་ཟུང་འཇུག་རླུང་དང་བསྲེ་བའོ། །དེས་ཟླ་བ་རབ་གཅིག་གཾ། གསུམ་འབྲིང་མཾ། དྲུག་ཐ་མ་གཾ་ཐ་མའི་ཐ་མ་ངོ་། བདུན་གྱིས་སངས་མི་རྒྱ་མི་སྲིད་དོ། །གསང་སྔགས་མངོན་སུམ་ལམ་པ་འདི། ཨེ་མ་ཌཱ་ཀིའི་སྲོག་སྙིང་། འདི་མེད་ངལ་བ་དོན་མེད་དེ། དཔེར་ན་ཆུ་སྲུབས་མར་བཞིན་ནོ། ཨྀིྠཿ སྔོན་འགྲོའི་ཚད། མ་བཅོས་ཐ་མལ་གྱི་ཤེས་པ་རང་ཤར། དེ་བརྟན་པའི་ཚད་ལུས་ངག་གི་བྱ་བས་མི་འཕྲོག་པའོ། །དངོས་གཞིའི་ཚད་སྣང་སེམས་དབྱེར་མེད་ཡིད་ལ་


PS008_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱེད་པར་རང་ཤར་བའོ། །དེ་བརྟན་པའི་ཚད་མཉམ་རྗེས་དང་བྲལ་བའི་ཁོར་མའོ། །འབྲས་བུའི་ཚད་བློ་འདས་ཟུང་འཇུག་རང་ཤར། དེ་མཐར་ཕྱིན་པའི་ཚད། །ཕྲིན་ལས་ཕྱོགས་མེད་ལྷུན་གྲུབ་རང་ཤར་བའོ། །རྗེས་ཀྱི་ཚད་མེད་སྙིང་རྗེ་རང་ཤར། དེ་བརྟན་པའི་ཚད་སྟོང་ཉིད་དང་སྙིང་རྗེ་དབྱེར་མེད་ལས་མི་གཡོ་བའོ། །དེ་ལྟར་ཟུང་འཇུག་སྨོན་ལམ་གྱི་བརྒྱན་ནས། དམིགས་མེད་ཀྱིས་ཡོངས་སུ་བསྔོ་བ་ནི། རྗེས་ཀྱི་མན་ངག་དམ་པའོ། ཨྀིྠཿ ། །


previousཕྱག་རྒྱ་ཆེན་པོ་གའུ་མའི་རྡོ་རྗེའི་ཚིག །next