Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕྱག་ཆེན་གའུ་མ།
   


 
previousཕྱག་ཆེན་གའུ་མ། next

ཕྱག་ཆེན་གའུ་མ།


PS008_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ཆེན་གའུ་མ་བཞུགས་སོ། །རྒྱ་གར་སྐད་དུ། མ་ཧཱ་མུ་དྲ། བོད་སྐད་དུ། ཕྱག་རྒྱ་ཆེན་པོ་དཔལ་ཟུང་འཇུག་ཕྱག་རྒྱ་ཆེན་པོ་ལ་ཕྱག་འཚལ་ལོ། །བདེ་ཆེན་ལྷུན་གྲུབ་འདུས་མ་བྱས། །ལོངས་སྐུ་རྡོ་རྗེ་འཆང་ཆེན་གྱིས། །སྐྱེ་མེད་རང་སྒྲ་འདི་སྐད་ཐོས། །ཐ་མལ་ཤེས་པ་ཨེ་མ་ཧོ། །སྔོན་འགྲོ་རང་བབས་རྣམ་གསུམ། དངོས་གཞི་སྐྱོན་བཞི་རང་གྲོལ། མཐར་ཐུག་སྐུ་བཞི་རང་ཤར་རོ། །གནས་དབེན་པར་ས་སྐྱིལ་ཀྲུང་བཅས་ལག་པ་ནོན་ཕྱག་སྒལ་ཚིགས་བསྲང་རྒྱས་ཚིགས་བཞི་དང་། རྩ་དང་ཆུ་བསྡུས་པ་ཐམས་ཅད་གློད་པ་ནི་ལུས་རང་རྩོལ་མེད་བབས་སོ། །མཆུ་རྩོལ་བ་འབྱེད་བཙུམས་ཀྱི་མེད་ཅིང་སྨྲ་ངག་བརྗོད་དང་བྲལ་བ་འདིའི་ངང་ལ་བཞག་པ་ནི། རང་བབས་སོ། །ལྟ་སྟངས་དང་བཅས་པ་སེམས་མིག་ལྟ་སྟོངས་བསྒོམ་འདོད་ཀྱི་རྟོག་པ་དང་བྲལ་བ་ནི་རྩོལ་མེད་སེམས་རང་བབས་སོ། །


PS008_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་དངོས་གཞི་དེ་ཉིད་སྐྱོན་བཞི་དང་བྲལ་བར་བྱ་སྟེ། སེམས་ཀྱི་ཆོས་སྐུ་དང་འདུ་འབྲལ་མེད་ཀྱང་ཉེ་དྲགས་པས་ངོ་མ་ཤེས་པའི་སྐྱོན་གྱི་འཁོར་བར་འཁྱམ་མོ། ཕྱག་རྒྱ་ཆེན་པོ་རང་ལ་ཤར་ཡང་དཔེ་མཚོན་མི་ནུས་ངོ་བོ་ཁ་དོག་ལ་སོགས་མ་གྲུབ་པས་ཟབ་དྲགས་ངོས་མ་ཟིན། ཆེས་པས་ཡེངས་སུ་བསྒོམ་པ་དང་བྲལ་བའི། སྐུ་གསུམ་རང་ལ་ཤར་བས་བཟང་དྲགས་པས་ངེས་ཤེས་མ་སྐྱེས་པས་བློར་མ་ཤོང་པས་སླ་དྲགས་ཡིད་མ་ཆོས་སྐུར་ཐག་ཆོད་དང་བྲལ་བས་སྐྱོན་གྱིས་འཁོར་བར་འཁྱམས་པའོ། །གསུམ་པ་མཉམ་རྗེས་བློས་བྱས་དང་བྲལ་བའི་རང་ཤར་དེ་ལ་སྣང་བ་སྣ་ཚོགས་སུ་གསལ་བ་དེ་སྤྲུལ་སྐུ། གསལ་འཛིན་དང་བྲལ་མཐར་ཐུག་སྐུ་བཞིའི་རང་ཤར་དང་ཐམས་ཅད་ཕྱག་རྒྱ་ཆེན་པོ་བའི་རྟོག་མེད་དེ་ཆོས་རང་ཤར་དུ་གསལ་སྐུ་གསལ་ལ། རྟོག་མེད་དེ་ཉིད་ཟག་མེད་ཀྱི་བདེ་བར་རང་ཤར་བས་ལོངས་སྐུ་སྤྱོད་རྫོགས་པའི་སྐུ། དེ་གསུམ་རང་བཞིན་མི་ཕྱེད་པས་མཐར་ཐུག་བདེ་བ་ཆེན་པོའི་སྐུའོ། །དེ་ཉིད་ལ་


PS008_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་མེད་ཀྱི་ཆ་རང་གནས་པ་ཇི་ལྟ་བའི་ཡེ་ཤེས་སོ། །མི་རྟོག་པ་ཇི་ལྟ་བར་གསལ་བའི་ཆ་དེ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སོ། །དེ་གཉིས་རང་བཞིན་དབྱེར་མེད་པས། ཆོས་ཀྱི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ཅེས་བྱའོ། །སྔོན་འགྲོ་རང་འབབས་རྣམ་གསུམ་གྱི་ཀུན་བུར་ངོ་སྤྲོད་པ་དེ། དམ་ཚིག་གསང་བའི་ཆོག་རྡོ་རྗེའོ། །ཕྱག་རྒྱ་ཆེན་པོའི་བོགས་འདོན་ནི་སྙིང་རྗེ་བླ་མའི་གསོལ་འདེབས་གཉིས་ཀྱི་སོ། །འགྲོ་ཆག་ཉལ་ལ་སོགས་སྤྱོད་ལམ་རྣམ་བཞིའི་དུས་ལམ་ཁྱེར་ཕྱིར་སྣང་དེ་ཉིད་དོ། །འབྲས་བུ་མངོན་འགྱུར་དུ་སྒོམ་པ་ནི་མེད་ཡེངས་སུ་སྐད་ཅིག་ཀྱང་མེད་དོ། །ཉིན་མཚན་གཉིས་འོད་གསལ་དུ་བསྲེ་བ་རྟོག་མེད་གཉིད་རྨི་ལམ་དུ་ལམ་ཁྱེར་རོ། །གཉིད་ཀྱི་འོད་གསལ་གླང་པོ་ཆེའི་ལྟ་སྟངས་ཀྱིས་བོགས་འདོན་ནོ། །གཉིད་སད་རྗེས་སྣང་བ་ཐམས་ཅད་གསལ་ལ་འཛིན་བྱས་པས་དེ་གཉིད་དུ་སོང་ཆོད་འོད་གསལ་དུ་འགྲོའོ། མེད་དུ་བསྒོམ་པ་ཉིན་མོ་དང་མཚན་མོའོ། ཉིན་བར་དང་མཚན་མོ་དང་


PS008_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

བར་དོའི་འོད་གསལ་གསུམ་ནི། སྐུ་གསུམ་འབྲལ་མེད་དབྱེར་མེད་དུ་རང་ཤར་ལྟོས། གང་གི་མི་ཤེས་རྒྱུད་དོན་སྦས་པའི་དོན། མཐར་ཐུག་ཚིག་གཅིག་གྲོལ་བ་འདི་ཡིན་ཏེ། བསྒོམ་མེད་ཡེངས་མེད་གོམས་ཤིང་བརྟན་པ་ལས། ས་ལམ་རིམ་པ་དུས་འདིར་བགྲོད་བྱེད་དེ། ཡིད་ལ་མི་བྱེད་སྒྲིབ་གཉིས་ཡང་པར་དག །སྐུ་གསུམ་རང་ཤར་འབྲས་བུ་ལྷུན་གྱིས་གྲུབ། །མདོ་རྒྱུད་ཀུན་དུ་བསྟན་ཡང་རང་བཞིན་གབ། །བླ་མའི་བྱིན་རླབས་ཞལ་ལས་ཤེས་པར་བྱ། །ཆོས་སྐུའི་ནམ་མཁའ་རྟོགས་པའི་སྤྲིན་ཚོགས་ལས། །དུག་ལྔའི་གློག་འགྱུ་ཡེ་ཤེས་ཆེན་པོ་ལྟོས། །ཡིད་ལ་མི་བྱེད་རེ་དོགས་ཀུན་བྲལ་བའི། །ཐ་མལ་ཤེས་པ་ཁྱོད་ལ་ཕྱག་འཚལ་ལོ། །རང་ཤར་ཕྱག་རྒྱ་ཆེན་པོ་ཡིས། །རྡོ་རྗེའི་ཚིང་རྐང་སངས་རྒྱས་རྡོ་རྗེ་འཆང་གིས་མཛད་པ་རྫོགས་སོ། །མཁའ་


PS008_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་མ་དེ་ཉིད་མཉེས་པར་བྱས་ཏེ། གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས། ལོ་ཙ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བའོ། །དགེའོ། །


previousཕྱག་ཆེན་གའུ་མ། next