Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་དགུ་པ།


   
   
   
   
   
   
   
ཕྱག་རྒྱ་ཆེན་པོ་གའུ་མའི་བཀའ་དུག་ལྔ་ལམ་ཁྱེར་གྱི་བཀའ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕྱག་རྒྱ་ཆེན་པོ་གའུ་མའི་བཀའ་དུག་ལྔ་ལམ་ཁྱེར་གྱི་བཀའ། next

ཕྱག་རྒྱ་ཆེན་པོ་གའུ་མའི་བཀའ་དུག་ལྔ་ལམ་ཁྱེར་གྱི་བཀའ།


PS009_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ཆེན་པོ་གའུ་མའི་བཀའ་དུག་ལྔ་ལམ་ཁྱེར་གྱི་བཀའ་ཡོད།། །།


PS009_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་རྣམས་ལ་ཕྱག་འཚལ་ལོ། །མཎྜལ་འདབ་བཞི་ཕྱོགས་མཚོན་ལ་ལྟེ་བ་སེར་པོ། མཐའ་མ་ཅི་འབྱོར་བའི་མཆོད་གཏོར་གྱིས་བསྐོར་ལ། དབུས་སུ་རིན་པོ་ཆེའི་ཁྲི་སེང་གེ་བརྒྱད་ཀྱིས་བཏེག་པ། པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ངོ་བོ་བླ་མ་ལ་རྣམ་པ་བདེ་མཆོག་སྐུ་མདོག་གསེར་གཙོ་མའི་མདོག་ལྟ་བུ། རྡོ་རྗེ་དང་དྲིལ་བུ་འཛིན་པ། མི་མགོ་དང་རུས་པའི་བརྒྱན་ཅན། ཡུམ་དང་གཉིས་སུ་མེད་པ། མཁའ་


PS009_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་མ་བཞི་དང་བཅས་པའོ། །ཤར་དུ་དགྱེས་པ་རྡོ་རྗེ་ལྷ་ཚོགས། ལྷོར་གསང་འདུས། ནུབ་ཏུ་མ་ཧཱ་མ་ཡ། བྱང་དུ་འཇིགས་བྱེད་བསྒོམས་ལ། བདག་འཇུག་བླང་། སྔོན་འགྲོ་རྒྱས་བསྡུས་ཅི་རིགས་སུ་སྔོན་དུ་སོང་བས། སློབ་མ་ལ་ཡང་གོང་ལྟར་བསྒོམ་དུ་བཅུག་ལ། དབང་བསྐུར་དངོས་ནི་སློབ་མ་རང་གི་མདུན་དུ། ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། རང་གི་ལུས་ཤ་ལྔ་བདུད་


PS009_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་ལྔར་བསམ་ལ་དབུལ། ཡང་སྟོང་གསུམ་འདི་རིན་པོ་ཆེ་གསེར་གྱིས་ཕྱུར་གྱིས་བཀང་ནས་ཡོན་དུ་ཕུལ་བར་བསམ་ལ། གསོལ་བ་གདབས་པ་ནི། བླ་མ་རིན་པོ་ཆེ་བདག་ལ་བུམ་པའི་དབང་བསྐུར་དུ་གསོལ། སྐུའི་བྱིན་རླབས་མ་ལུས་པ་གཞུག་ཏུ་གསོལ། །ཞེས་གསོལ་བ་བཏབ་པས། དབུས་ཀྱི་བདེ་མཆོག་བླ་མའི་ངོ་བོ་ཅན་གྱི་སྤྱི་བོའི་ཨོཾ་དཀར་པོ་ལས་འོད་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་ཆུ་རྒྱུན་ནམ། འོད་དཀར་པོའི་རྣམ་པར་འབྱོན་ཏེ། བླ་མའི་ཨོཾ་ལ་ཐིམ། ཨོཾ་ལས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་བྱུང་། རང་གི་སྨིན་སྤྲག་གི་ཨོཾ་ལ་ཐིམ་པས། ལུས་ཀྱི་ནད་གདོན་སྡིག་སྒྲིབ་མ་ལུས་པར་སངས་དག་པར་བསམ། བླ་མ་ཀྱང་དེ་བཞིན་དུ་བསམ་ཞིང་། རྩ་བ་དང་བརྒྱུད་པའི་བླ་མ་རྣམས་ཀྱི་མཚན་ནས་བརྗོད་


PS009_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། བྱིན་གྱིས་རླབས་བརློགས་ཤིག །ད་ལྟ་ཉིད་དུ། མྱུར་བ་ཉིད་དུ། འདུག་ས་འདི་ཉིད་དུ་བྱིན་གྱིས་རློབས་ཤིག་ཅེས་བརྗོད་ཅིང་རོལ་མོའི་སྒྲ། གུ་གུལ་གྱི་དུད་པ་དང་བཅས་པས། ཡེ་ཤེས་དབབ་སྟེ། སྐུའི་བྱིན་རླབས་ལུས་ལ་ཞུགས་ཅིང་བུམ་པའི་དབང་བསྐུར་རོ། །ཡང་མཆོད་པ་སྔར་བཞིན་ཕུལ་ལ། གསང་བ་དང་ཤེས་རབ་ཡེ་ཤེས་ཀྱིས་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། བླ་མའི་མགྲིན་པའི་ཨཱཿདམར་པོ་དང་། ཐུགས་ཀའི་ཧཱུྃ་མཐིང་ཀ་ལས། འོད་ཟེར་གྱི་སྤྲོ་བསྡུ་སྔ་མ་དང་ལྡན་པས། གཉིས་པ་དང་གསུམ་པའོ། །སླར་ཡང་མཆོད་པ་སྔར་བཞིན་ཕུལ་ནས། བཞི་པ་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། བླ་མའི་གནས་གསུམ་གྱི་ཡི་གེ་གསུམ་ལས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་ཏེ།


PS009_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་གི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་འོད་ཟེར་གྱི་རྣམ་པ་བྱོན་ནས། བླ་མའི་གནས་གསུམ་གྱི་ཡི་གེ་གསུམ་ལ་ཐིམ། དེ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཇའ་ཚོན་གྱི་རྣམ་པར་བྱོན་ནས། རང་གི་གནས་གསུམ་དུ་ཐིམ་པས། ལུས་ཀྱི་སྤྱི་བོའི་གཙུག་ནས་རྐང་པའི་མཐིལ་ཡན་ཆད་འོད་ཀྱིས་གང་། ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་མ་ལུས་པར་སངས་དག་ནས། ལུས་ལྷའི་སྐུ་སྣང་ལ་རང་བཞིན་མེད་པའི་ངང་ལ་སེམས་མ་བཅོས་པར་བཞག་པ་ནི། བཞི་པའོ། །ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། བླ་མའི་སྐུ་ཡི་དཀྱིལ་འཁོར་ལས། །དབང་བཞི་ཡོངས་སུ་རྫོགས་པར་བླང་། །ས་ལམ་རིམ་པ་མ་ལུས་བགྲོད། །ཅེས་ལན་གསུམ་བརྗོད། །དེའི་ཕྱིར་དབང་བཞིའོ། །ཡང་ཤར་གྱི་དགྱེས་རྡོར་འོད་ཀྱི་རྣམ་པ་དེ། དབུས་ཀྱི་བདེ་མཆོག་ལ་ཐིམ། དེ་བཞིན་དུ་རིམ་གྱིས་ཐིམ་ནས། བདེ་


PS009_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་འོད་དུ་ལྟེམ་ལྟེམ་འདུག་པ་དེ་རང་གི་སྤྱི་གཙུག་ཏུ་ཐིམ་པས། སྨིན་མཚམས་སུ་སླེབ་པས་བུམ་དབང་། །མགྲིན་པར་སླེབ་པས་གཉིས་པ། སྙིང་གས་གསུམ་པ། ལྟེ་བར་བྱུང་འོད་དུ་ཡལ་སོང་། ལུས་སྟོང་སང་སོང་སྟེ། དེ་མི་དམིགས་པའི་ངང་ལ་སེམས་མ་བཅོས་པར་བཞག་པ་ནི་ནང་གི་དབང་བཞིའོ། །རྫོགས་སོ། །ཡང་གཉིས་པ་ནི། བླ་མའི་གནས་གསུམ་གྱི་ཡིག་འབྲུ་མཐིང་ཀ་ཡོད་པ་ལས། བདེ་མཆོག་སྐུ་ཆུང་ལ་ཡན་ལག་དོད་པ་མཐིང་ཀ་དཔག་ཏུ་མེད་པ་ཆད་ནས། གནས་གསུམ་དུ་ཐིམ་པས་དབང་གསུམ་ལྟེ་བ་ནས་མཐིང་ཀ་དཔག་ཏུ་མེད་པ་ཆད་ནས། ལྟེ་བར་ཐིམ་པས། མཐར་སྟོང་སངས་ཀྱི་འོད་དུ་ཡལ་བའི་ངང་ལ་བཞག་པ་ནི་བཞི་པའོ། །འདི་ཟབ་ལམ་ཡིན་གསུང་ངོ་། །དགེའོ། །ན་མོ་གུ་རུ། བླ་མ་དམ་པའི་ཞབས་བཏུད་ནས། །དུག་ལྔ་ལམ་ཁྱེར་དབང་བསྐུར་


PS009_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

བྲི། །དེ་ལ་སྦྱོར་བ། དངོས་གཞི། རྗེས་གསུམ་ལས། སྦྱོར་བ་ནི། གནས་ཁང་བརྐྱང་ནུལ་དང་རྟེན་ལ་སོགས་པ་བཀྲམ། མཎྜལ་འདབ་བཞི་ཕྱོགས་མཚོན་ལ། ལྟེ་བ་དཀར་པོ། མཐའ་མ་ཅི་འབྱོར་པའི་མཆོད་གཏོར་གྱིས་བསྐོར་ལ། དབུས་སུ་སེང་གེ་རིན་པོ་ཆེའི་ཁྲི་པདྨ་དང་། ཉི་ཟླའི་སྟེང་དུ་ངོ་བོ་བླ་མ་རྣམ་པ་ཧེ་རུ་ཀ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས། ཡུམ་ཕག་མོ་ལ་འཁྱུད་པ། མི་མགོ་དང་རུས་པའི་རྒྱན་ཅན་གར་གུའི་ཉམས་དང་ལྡན་པ། ཕྱོགས་བཞིར་བདེ་ཆེན་གྱི་ལྷ་མོ་གྲི་ཐོད་ཅན་བཞི་བསྐྱེད། ཤར་དུ་དགྱེས་མཛད། ལྷོར་གསང་འདུས། ནུབ་ཏུ་མ་ཧཱ་མཱ་ཡ། བྱང་དུ་འཇིགས་བྱེད་ལྷ་ཚོགས་བསྐྱེད། སློབ་དཔོན་གྱིས་བདག་བསྐྱེད་བསྒོམ། བཟླས་པ་བྱ། བདུན་བསྐྱེད་བསྒོམས། མཆོད་གཏོར་དབང་བསྐུར། བདག་འཇུག་བླང་ངོ་། །སློབ་མས་ཁྲུས་བྱས། མཎྜལ་དབུལ།


PS009_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་འགྲོ་རྒྱས་བསྡུས་སྐབས་དང་སྦྱར་བ་བྱས་ལ། སློབ་མའི་སྤྱི་བོར་གོང་ལྟར་བསྒོམ་དུ་བཅུག །དང་པོ་གཞི་དབང་བསྐུར་བ་ནི། གསེར་གྱི་མཎྜལ་དང་། རང་གི་མདུན་དུ་ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། རང་གི་རྣམ་སྨིན་གྱི་ལུས་འདི་ཤ་ལྔ་བདུད་རྩི་ལྔར་བྱིན་གྱིས་རླབས་ལ་དབུལ་ལོ། །སྟོང་གསུམ་རིན་ཆེན་གསེར་གྱིས་ཕྱུར་ཏེ་བཀང་ལ་ཡོན་ཏུ་དབུལ་བར་བསམ་མོ། །དེ་ནས་གསོལ་བ་གདབས་པ་ནི། བླ་མ་རིན་པོ་ཆེ། བདག་ལ་བུམ་པའི་དབང་བསྐུར་དུ་གསོལ། སྐུའི་བྱིན་རླབས་མ་ལུས་པ་གཞུག་ཏུ་གསོལ། །ཅེས་གསོལ་བ་བཏབ་པ། དབུས་ཀྱི་བདེ་མཆོག་བླ་མའི་ངོ་བོ་ཅན་གྱིས་སྤྱི་བོའི་ཨོཾ་དཀར་པོ་ལས་འོད་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་འོད་དཀར་པོའི་རྣམ་


PS009_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱོན་ཏེ་བླ་མའི་ཨོཾ་ལ་ཐིམ། ཨོཾ་ལས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་བྱུང་པས། རང་གི་སྨིན་ཕྲག་གི་ཨོཾ་ལ་ཐིམ་པས་ལུས་ཀྱི་ནད་གདོན་སྡིག་སྒྲིབ་སངས་དག་པར་བསམ། བླ་མས་ཀྱང་དེ་བཞིན་བསམ་ཤིང་། རྒྱུད་པའི་བླ་མ་རྣམས་ཀྱི་མཚན་ནས་བརྗོད་ཅིང་ད་ལྟ་ཉིད་དུ། མྱུར་བ་ཉིད་དུ་བྱིན་གྱིས་རློབས་ཤིག །ཅེས་རོལ་མོའི་སྒྲ་དང་། གུ་གུལ་དུད་པས་ཡེ་ཤེས་དབབ་བོ། །སྐུའི་བྱིན་རླབས་ཞུགས། བུམ་དབང་ཐོབ། ཡང་སྔ་མ་ལྟར་མཆོད། གསང་དབང་དང་། ཤེས་རབ་ཡེ་ཤེས་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མས་མགྲིན་པའི་ཨཱཿདང་། ཐུགས་ཀའི་ཧཱུྃ་མཐིང་གའི་འོད་ཟེར་གྱི་སྤྲོ་བསྡུ་སྔ་མ་ལྟ་བུ་དང་ལྡན་པས། གཉིས་པ་དང་། གསུམ་པ་བླང་ངོ། །ཡང་མཆོད་དེ། བཞི་པའི་གསོལ་བ་བཏབ་པས། བླ་མའི་གནས་གསུམ་གྱི་ཡི་གེ་ལས་འོད་ཟེར་སྤྲོ་བསྡུ་བྱས། རང་གི་


PS009_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གསུམ་དུ་ཐིམ། ལུས་ཐམས་ཅད་འོད་ཀྱིས་གང་། ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་མ་ལུས་པ་དག །ལུས་ལྷའི་སྐུ་སྣང་ལ་རང་བཞིན་མེད་པའི་ངང་ལ་སེམས་མ་བཅོས་པར་བཞག་པ་ནི་བཞི་པའོ། །ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། བླ་མའི་སྐུའི་དཀྱིལ་འཁོར་ལས། །དབང་བཞི་ཡོངས་སུ་རྫོགས་པར་བླང་། །ས་ལམ་རིམ་པ་མ་ལུས་བགྲོད། །ཅེས་ལན་གསུམ་བརྗོད། དེ་ནི་ཕྱིའི་དབང་བཞིའོ། །ཡང་ཤར་གྱི་དགྱེས་མཛད་འོད་ཀྱི་རྣམ་པ་དེ། དབུས་ཀྱི་བདེ་མཆོག་ལ་ཐིམ། དེ་བཞིན་ནང་དུ་རིམ་གྱིས་ཐིམ། བདེ་མཆོག་འོད་དུ་ལྟེམ་ལྟེམ་འདུག་པ་དེ་སྤྱི་གཙུག་ཏུ་ཐིམ་སྨིན་མཚམས་སུ་སླེབ་བུམ་དབང་ཐོབ། མགྲིན་པར་སླེབ་པས་གཉིས་པ། སྙིང་གར་སླེབ་པས་གསུམ་པ། ལྟེ་བར་སླེབ་པས་འདུས་འོད་དུ་ཡལ། སྟོང་སང་ངེ་བ་ཆོས་ཉིད་སྤྲིན་མེད་པའི་ནམ་མཁའ་ལྟ་བུ་མི་དམིགས་པའི་ངང་


PS009_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སེམས་མ་བཅོས་པར་བཞག་པ་ནི་བཞི་པ་སྟེ། ནང་གི་དབང་བཞིའོ། །ཟབ་ལམ་ནི། བླ་མའི་གནས་གསུམ་ནས་འོད་ཟེར་འཕྲོས། སྤྲོ་བསྡུ་བྱས། སྤྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུའི་ཡོན་ཏན་བསྡུས། ཁྱད་པར་བདེ་མཆོག་སྐུ་ཆུང་ལ་ཡན་ལག་དོད་པ་དཔག་ཏུ་མེད་པ། བླ་མའི་སྨིན་མཚམས་ནས་བྱུང་། རང་གི་སྨིན་ཕྲག་ཏུ་ཐིམ། སྐུའི་བྱིན་རླབས་ཞུགས། ལུས་སྒྲིབ་དག །བུམ་དབང་ཐོབ། དེ་བཞིན་དུ་དམར་དཀར་སེར་ལྗང་གནས་གསུམ་དུ་ཐིམ། གཉིས་པ་གསུམ་པ་བཞི་པ་ཐོབ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་ཞུགས། སྒོ་གསུམ་ཐ་དད་ཀྱི་སྡིག་སྒྲིབ་མཐའ་དག་དག་བཅུ་བཞི་བདེ་བ་ཆེན་པོ་ངོ་བོ་ཉིད་སྐུ་ཐོབ་པའི་མན་ངག་རྣམས་ཐད་སོར་ངོ་སྤྲད་དོ། །ཟབ་ལམ་མོ། །རྗེས་ཀྱི་ཆོས་རྣམས་སྤྱི་འགྲོ་ལྟར་ཤེས་པར་བྱའོ། །མངྒ་ལཾ། བྷ་ཝནྟུ།


previousཕྱག་རྒྱ་ཆེན་པོ་གའུ་མའི་བཀའ་དུག་ལྔ་ལམ་ཁྱེར་གྱི་བཀའ། next