Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་དགུ་པ།


   
   
   
   
   
   
   
   
   
   
   
   
   
མཁའ་སྤྱོད་དམར་མོའི་སྒྲུབ་ཐབས་དབང་ཆོག་ཕྱག་མཆོད་དམ་གྲིབ་སེལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཁའ་སྤྱོད་དམར་མོའི་སྒྲུབ་ཐབས་དབང་ཆོག་ཕྱག་མཆོད་དམ་གྲིབ་སེལ། next

མཁའ་སྤྱོད་དམར་མོའི་སྒྲུབ་ཐབས་དབང་ཆོག་ཕྱག་མཆོད་དམ་གྲིབ་སེལ།


PS009_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་སྤྱོད་དམར་མོའི་སྒྲུབ་ཐབས་དབང་ཆོག་ཕྱག་མཆོད་དམ་གྲིབ་སེལ་བ་བཞུགས། །


PS009_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཉིད་སྙིང་རྗེ་དབྱེར་མེད་སྐུ། །རྣལ་འབྱོར་མ་ལ་གུས་བཏུད་ནས། །མཁའ་སྤྱོད་གནས་སུ་འཁྲིད་བྱེད་པའི། །ཡན་ལག་ལྔ་བསྡུའི་སྦྱོར་བ་བཤད། །དེ་ལ་རྗེ་བཙུན་མཁའ་སྤྱོད་མ་བསྒོམ་པར་འདོད་པས། །བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྐྱེད་དོ། །དེ་ནས་མའི་མངལ་སྟོང་པ་གཅིག་གི་ནང་དུ་ཧཱུྃ་སྔོན་པོའམ། ཐིག་ལེ་སྔོན་པོ་ཅིག་བསམ། དེ་ལྟེམ་གྱིས་ཞུ་བ་ལས། བདག་ཉིད་དགྱེས་མཛད་དམ། །བདེ་མཆོག་འོད་ཟེར་ལྔ་འཕྲོ་བ་ཅིག་ཏུ་བསྐྱེད་དོ། །དེ་ནས་རང་གི་མདུན་དུ་ཆོས་འབྱུང་གྲུ་གསུམ་གཉིས་བརྩེགས་ཕྱི་དཀར་ལ་ནང་དམར་བ།


PS009_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བར་རྒྱུ་ཞིང་བདེ་བར་འཆར་བ། འོད་ཀྱི་རང་བཞིན་ཅན་གཅིག་བསྒོམ། དེའི་ནང་དུ་མི་རོ་དཀར་པོ་མགོ་བོ་གཡོན་དུ་བསྟན་པའི་སྟེང་དུ། རྗེ་བཙུན་མཁའ་སྤྱོད་མ་ཞལ་གཅིག་ཕྱག་གཉིས་མ། སྐུ་མདོག་དམར་མོ་རུས་པའི་རྒྱན་ལྔས་སྤྲས་པ། གཅེར་བུ་སྐྲ་གྲོལ་བ། ཐོད་སྐམ་ལྔའི་དབུ་བརྒྱན་པ། སྤྱན་གསུམ་གྱེན་ལ་ཧྲིག་ཧྲིག་གཟིགས་པ། མཆེ་བ་ཅུང་ཟད་གཙིགས་ཤིང་བཞད་པ། ཕྱག་གཡས་རྡོ་རྗེ་གྲི་གུག་འཕྱར་སྟབས་སུ་བསྣམས་ཤིང་། གཡོན་ཐོད་པ་ཁྲག་གིས་བཀང་བ་ཐུགས་ཀར་འཛིན་པ། རྡོ་རྗེ་ཁ་ཊྭཱྃ་ག་མཆན་ཁུང་དུ་བཅུག་


PS009_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

པ། མི་མགོ་ལྔ་བཅུའི་དོ་ཤལ་ཅན། གཞོན་ནུ་དར་ལ་བབ་པ། སྐུ་ཤ་རྒྱས་ཤིང་ནུ་མ་འབུར་བ། ཞབས་གཡས་བརྐྱང་ཞིང་། གཡོན་བསྐུམ་པས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་ཡེད་ཡེད། འཕིར་ལ་ཁད་པ་ཅིག་བསམ་མོ། །དེ་ནས་རང་དགྱེས་མཛད་དམ། བདེ་མཆོག་ཏུ་གནས་པའི་ལྟེ་བར་ཐིག་ལེ་དཀར་པོ་ཨ་ཡི་ངོ་བོར་གནས་པ་ཅིག་བསམ། འོད་ཟེར་ལྔ་འཕྲོས་པས་བདག་གཞན་གྱི་མངལ་གྱི་དྲི་མ་སྦྱངས་པར་བསམ་མོ། །དེ་ནས་ཨ་དེ་ལྟེ་བ་ནས་མས་ཡར་དཀར་ཡེར་ཡེར་བྱུང་སྟེ། །སྣ་བུག་གཡོན་ནས་ཕྱིར་ཐོན་ཏེ། རྗེ་བཙུན་མའི་ཐུགས་ཀར་ཐིམ་པས་རང་ལུས་སྟོང་པར་བསྒོམ། རྗེ་བཙུན་མ་དེ་ཡང་ཏོག་གིས་ཡར་ཏེ། མཁའ་སྤྱོད་མ་མདའ་འཕངས་པ་བཞིན་དུ་རྒྱངས་ཀྱིས་སོང་བར་བསམ། དེ་འདྲ་བ་ཐེངས་བདུན་བསྒོམ་པར་བྱའོ། །དེའི་རྗེས་ལ་རྗེ་བཙུན་མཁའ་སྤྱོད་ནས་མར་བྱོན་ཏེ། རང་གི་སྤྱི་བོར་ཞབས་གཉིས་


PS009_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲད་ནས་བཞུགས་པར་བསྒོམ། དེའི་པདྨ་ནས་བྱང་ཆུབ་ཀྱི་སེམས་དམར་བ་ལ་དཀར་བའི་མདངས་ཆགས་པ། བདེ་ཁྲི་ལི་ལི་བབས་ཏེ། སྤྱི་བོའི་ཚངས་བུག་ནས་མར་སོང་བས། ལུས་ཐམས་ཅད་བྱང་སེམས་ཀྱིས་མེར་ཏེ་ཁེངས་པ་དང་། དབང་བཞི་ཐོབ་ནས་ཟག་པ་མེད་པའི་བདེ་བ་ཆིལ་ཆིལ་རྒྱས་པར་བསམ་ལ། དེ་ལ་སེམས་དར་གཅིག་བཞག་གོ ། དེ་ནས་རྗེ་བཙུན་མ་སྤྱི་བོ་ནས་མར་ཐིམ་ནས་ལྟེ་བར་སླེབ་པ་དང་། བདེ་བ་ལ་སྟོང་པས་ཁྱབ་པས། བདེ་སྟོང་གཉིས་སུ་མེད་པའི་ཉམས་སིང་སྐྱེས་པར་བསམ་ལ། དེའི་ངང་ལ་སེམས་མ་བཅོས་པར་བཞག་གོ ། དགེ་བ་བྱང་ཆུབ་ཏུ་བསྔོའོ། །དེ་ལྟར་ཡུན་རིང་དུ་བསྒོམས་པ་ཅིག་གིས། འཆི་རྟགས་རྣམས་བྱུང་ནས་འཆི་བར་ངོ་ཤེས་པའི་དུས་སུ། ལུས་དང་ལོངས་སྤྱོད་ལ་ཆགས་པ་མེད་པའི་སྦྱིན་པ་བཏང་། འདུ་འཛིའི་གཡེང་བ་ཕྱིར་བསྐྱེད་ལ།


PS009_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་བླ་མ་དང་། དཀོན་མཆོག་གསུམ་ལ་གསོལ་བ་གདབ། སྨོན་ལམ་རྣམ་པར་དག་པ་ཡང་དག་གདབ། དེ་ནས་སྔར་བཞིན་དུ་བསྒོམས་ཏེ། རང་གི་ལྟེ་བའི་ཐིག་ལེ་དེ་རྗེ་བཙུན་མར་བསམ་ལ། རྗེ་བཙུན་མ་རྣམ་པར་ཤེས་པའི་ངོ་བོ་དེ། མས་ཡར་ལྟེ་བ་ནས་རྒྱངས་ཀྱིས་སོང་སྟེ། སྤྱི་བོའི་ཚངས་བུག་ནས་ཡར་འདོན་ཏེ། མཁའ་སྤྱོད་དུ་གཤེགས་པ་དང་། སྐྱེ་མེད་ཕྱག་རྒྱ་ཆེན་པོའི་ངང་དུ་བཞག་གོ ། དེས་མཁའ་སྤྱོད་དུ་འགྲོ་བར་འགྱུར་རོ། །སྐྱེས་གནས་ལྔ་ཅིག་ཅར་དུ་དག་པ་ཐིག་ལེའི་འཕོ་བ་ཞེས་བྱ་བ་བླ་མ་ར་ཧུ་ལའི་གདམས་པ་རྫོགས་སོ།། །།ན་མོ་གུ་རུ། རྗེ་བཙུན་མ་འདིའི་བྱིན་རླབས་བྱེད་པར་འདོད་ན། དབེན་ཞིང་ཉམས་དགའ་བའི་གནས་སུ། རྣམ་ལྔས་བྱུག་པའི་མཎྜལ་བྱས་ལ། རེ་ག་དབང་ཆོག་ཡིན་དཀར་པོ་ཟླུམ་པོ་གཉིས་རིམ་དུ་བསྐོར་བའི་ནང་དུ། ཆོས་འབྱུང་དམར་པོ་གཉིས་བརྩེགས་བྲིས་ལ། མེ་ཏོག་


PS009_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཚོམ་བུ་ལྔ་བཀོད། དཀྱིལ་དུ་རྡོ་རྗེ་གཅིག་བཞག །དེ་ནས་མེ་ལོང་མཎྜལ་ལ་སུམ་བྷ་ནིའི་སྔགས་བཟླས་ཤིང་། ཆང་བྱུགས་ལ་སིནྡྷུ་རས་ཁོད་སྙོམས་པར་བྱུགས་ལ། ལག་ཡང་ན་བྲི་པ་གཡོན་པས་གསེར་གྱི་སྨྱུ་གུ་ཐོགས་ཏེ། ཡི་གེ་གསུམ་བཟླས་ཤིང་ཆོས་འབྱུང་གཉིས་བརྩེགས་བྲི། དབུས་སུ་བཾ་ལས་སྐུ་གསུང་ཐུགས་ཀྱི་སྙིང་པོས་བསྐོར། དེའི་མཐའ་མ་ན་ཕར་ལ་ཨ་བདུན་ནམ་དགུ་བྲི། ཟུར་དྲུག་ལ་གོ་ཆའི་སྔགས་བཀོད། ལོགས་དྲུག་ལ་གཡུང་དྲུང་འཁྱིལ་བ་དྲུག་བྲི། དེའི་སྟེང་དུ། མེ་ཏོག་ཚོམ་བུ་བདུན་བཀོད་ནས། ཨོཾ་མཾ་ཧཾ་ཡོཾ་ཧྲི་མོཾ་ཧྲིཾ་ཧྲིཾ་ཧཱུྃ་ཧཱུྃ་ཕཊ་ཕཊ། སྔར་གྱི་མཎྜལ་གྱི་སྟེང་དུ་མནྫི་བཞག་པའི་སྟེང་དུ་བཞུགས་སོ། །དེ་ལ་མཆོད་པ་འབྱོར་ཚད་ཆོས་འབྱུང་གི་ཚུལ་དུ་བསྐོར་རོ། །གཡོན་དུ་གཏོར་མ་དྲུག་བཤམ། །གཡས་སུ་ཚོགས་ཀྱི་ཡོ་བྱད་འབྱོར་ཚད་བཞག་པར་


PS009_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དེ་ནས་སློབ་མ་རྣམས་ཁྲུས་བྱས་ནས་གྲལ་ལ་འཁོད་དེ། །སྡིག་པ་བཤགས་པ་དང་། སྐྱབས་འགྲོ་སེམས་བསྐྱེད་བྱ། སློབ་དཔོན་གྱིས་སྐད་ཅིག་དྲན་རྫོགས་ཀྱི་ཡི་དམ་གྱི་ལྷར་བསྒོམ། མདུན་གྱི་སིནྡྷུ་རའི་སྟེང་དུ་མཁའ་སྤྱོད་མ་བསྐྱེད་ལ་ལག་མཆོད་བྱ། ཕྱི་ནང་གསང་གསུམ་གྱིས་མཆོད་ལ། གསོལ་བ་གདབ། བཟླས་པ་བྱ། དེ་ནས་སློབ་མས་མེ་ཏོག་ཕུལ་ལ། སློབ་དཔོན་བླ་མ་རཱ་ཧུ་ལ་མདུན་དུ་བྱོན་ནས། ཁྱོད་ལ་བསམ་པ་དེ་ཡོད་ན། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གཞི་ཏིང་ངེ་འཛིན་འདི་ལ་བརྟེན། རྒྱུ་འདིས་བསྐྱེད། རྐྱེན་ལམ་འདི་ཉམས་སུ་བླངས་པས། འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པའི་སྐུ་བཞི་འདིས་བརྙེས་པ་ཡིན་པས། འདི་བསྒོམས་ཅིག་གསུང་བར་བསམ་ལ། གྱིས་བླ་མ་རཱ་ཧུ་ལའི་ལོ་རྒྱུས་བཤད་ལ་མན་ངག་བཞིན། སྐྱེས་གནས་ལྔ་ཅིག་ཅར་དུ་དགག་པའི་དབང་བཞི་བྱིན་འདི་ལྷག་པ་བྱང་ཆུབ་སེམས་ཀྱི་སྐབས་སུ་བྱའོ། །


PS009_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་དང་བཅས་པ་ངོ་སྤྲད་དོ། །དེ་ནས་གཏོར་མ་རྣམས་བདེ་མཆོག །ཇོ་མོ། ཆོས་སྐྱོང་། གཞི་བདག །གནོད་བྱེད་ལ་འབུལ། ཚོགས་ལ་ལོངས་སྤྱད། ལྷག་གཏོར་བཏང་། ཡི་གེ་བརྒྱ་པ་བརྗོད། དགེ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ། །མཁའ་སྤྱོད་མའི་དབང་བསྐུར་རྫོགས་སོ། །དགེའོ། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །རང་ཉིད་རྗེ་བཙུན་མར་བསྒོམས་པའི་མདུན་དུ། ཐོད་པ་ཆང་གིས་བཀང་བའི་ནང་དུ་ཆོས་ཕྱག་མཆོད་དམ། གྲིབ་སེལ་ཡིན། འབྱུང་གཉིས་བརྩེགས་བྲི། དེའི་དབུས་སུ་བཾ་གྱུར་པ་ལས། རྗེ་བཙུན་མ་ཁྲོ་བ། འཛུམ་པ། སྒེག་པ། ལང་ཚོ་དར་ལ་བབ་པ། རུས་པའི་རྒྱན་ཆ་ལྔས་བརྒྱན་པ་གཅིག་བསྒོམ། དེའི་མཐའ་མར་ཨོཾ་གསུམ་མའི་སྔགས་ཀྱིས་བསྐོར་བར་བསམ་མོ། །དེ་ལ་མཆོད་པ་དབུལ། བསྟོད་པ་བྱ། གསོལ་བ་


PS009_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

གདབ། དེ་ནས་སྐུ་གསལ་ལ་རེག་ཏུ་བཏུབ་པ་ལྟ་བུ་དེ་ལ་དམིགས་ནས། ཨོཾ་གསུམ་མའི་སྔགས་བཟླས་པ་དང་། སྐུ་ལུས་དང་སྔགས་ལས་འོད་ཟེར་བདུད་རྩིའི་རང་བཞིན་བྱོན་ནས་ཐོད་པ་ཁེངས་པར་བསམ། ཁྱད་པར་གསང་གནས་ནས་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩི་བྱོན་ཐོད་པ་ཁེངས་པར་བསམ་མོ། །དེ་ལྟར་ལྷའི་སྐུ་གསལ་ལ་རྟོག་པ་མེད་པ། བདེ་ལ་ཞེན་པ་མེད་པ། སྣང་ལ་རང་བཞིན་མེད་པ། མེ་ལོང་གི་གཟུགས་བརྙན་ནམ། ནམ་མཁའི་འཇའ་ཚོན་ལྟ་བུ་བསྒོམ་ཞིང་བཟླས་པ་བྱའོ། །རྗེས་ལ་ལྷ་དང་སྔགས་བདུད་རྩིའི་རང་བཞིན་དུ་ཞུ་ནས་ཐོད་པ་ཁེངས་པ་དེ་ཉིད། ཡར་བླ་མ་རྣམས་ལ་ཐིག་གཏོར་གྱིས་མཆོད་པ་དབུལ། རང་གི་གནས་གསུམ་དུ་གཏོར་བས་རྗེ་བཙུན་མ་སྐུ་ཆུང་ལ་ཡན་ལག་དོད་པ་དཔག་ཏུ་མེད་པ་སིབ་སིབ་ཐིམ་པས། ནད་གདོན་སྡིག་སྒྲིབ་གྲིབ་ལ་སོགས་པ་སངས་དག་


PS009_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསམ་མོ། །གནས་ཁང་ལ་གཏོར་བས་དེ་ཉིད་རྗེ་བཙུན་མས་མེར་ཁེངས་ནས། སྔགས་ཀྱི་རང་སྒྲ་དི་རི་རི་སྒྲོག་པར་བསམ་མོ། །རང་ཉིད་རྗེ་བཙུན་མར་གསལ་བས། རོལ་བས་ལྕེའི་སྟེང་ན་མར་སླེབ་པ་དང་། སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆག་དང་། ཚེ་ཐོག་མ་མེད་པ་ནས་ལས་ངན་གྱི་སྡིག་སྒྲིབ་དང་། །གྲིབ་ཐམས་ཅད་སངས་ཀྱི་དག་ནས། བདེ་སྟོང་གཉིས་སུ་མེད་པ་ལྷན་ཅིག་སྐྱེས་པ་གཉིས་སུ་མེད་པའི་ཉམས་ཕྲིལ་གྱིས་སྐྱེས་པར་བསྒོམ། ལུས་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ། སྒྱུ་མ་ལྟ་བུར་བསྒོམས་ལ་རོལ་བར་བྱའོ། །དེ་ལྟར་ཉམས་སུ་བླངས་ན། ཡི་དམ་གྱི་ཞལ་མྱུར་དུ་མཐོང་ཞིང་། །ལྷན་ཅིག་སྐྱེས་པའི་རྟོགས་པ་སྐྱེ་བར་འགྱུར་རོ། །ཞེས་བླ་མས་གསུང་ངོ་། །མཆོག་ཐུན་མོང་གི་དངོས་གྲུབ་མྱུར་དུ་ཐོབ་པར་བྱེད་པའི་གདམས་ངག་འདི་ཉིད་གསང་ལ་


PS009_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་སུ་བླང་བར་བྱའོ། །ཆིག་བརྒྱུད་ཡིན་ནོ་སཱ་མ་ཡ། །འབྲལ་བར་མ་བྱེད་རྣལ་འབྱོར་པ། །རྡོ་རྗེ་འཆང་དང་དབྱེར་མེད་པའི། །བླ་མ་སངས་རྒྱས་དེ་སྐད་གསུང་། །ཨིྀྠཿ ། གཞན་གྱི་གྲིབ་སེལ་ན། ཡུལ་དེ་ཉིད་ཀྱི་གནས་གསུམ་དུ་གཏོར་བས། རྗེ་བཙུན་མ་སྐུ་ཆུང་ལ་ཡན་ལག་དོད་པ་དཔག་ཏུ་མེད་པ་སིབ་སིབ་བསྟིམ་པ་དང་། །གདོན་དང་སྡིག་སྒྲིབ་ཐམས་ཅད་སངས་དག་ནས། ཁྱད་པར་དུ་གྲིབ་ཐམས་ཅད་སངས་དག་པར་བསམ་ཞིང་ཨོཾ་གསུམ་མའི་སྔགས་བཟླས། རོལ་མོ་སྒྲོག །སྤོས་དབུལ། དེ་རྗེས་ལུས་སེམས་བདེ་སྟོང་གི་ཉམས་དང་ལྡན་པར་བསྒོམ་མོ། །དེ་ལྟར་ཉམས་སུ་བླངས་ན། དུས་དེ་ཉིད་དུ་གྲིབ་སེལ་ནས། རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་འགྱུར་རོ། །ཨིྀྠཿ གྲིབ་སེལ་འདིའི་དམིགས་པ་ཕྱག་ལེན་བྱེད་ལུགས་རྣམས་ལོགས་སུ་གསལ་ལོ། །མངྒ་ལཾ།


previousམཁའ་སྤྱོད་དམར་མོའི་སྒྲུབ་ཐབས་དབང་ཆོག་ཕྱག་མཆོད་དམ་གྲིབ་སེལ། next