Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
ནི་གུ་བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས་པ་སྨོན་ལམ་དང་བཅས་པ།
   
   
   
   
   
   
   
   
   
   
   
   
   
   
   


 
previousནི་གུ་བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས་པ་སྨོན་ལམ་དང་བཅས་པ། next

ནི་གུ་བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས་པ་སྨོན་ལམ་དང་བཅས་པ།


PS009_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གུ་བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས་པ་སྨོན་ལམ་དང་བཅས་པ་བཞུགས་སོ། །ན་མོ་གུ་ར་ཝེ། བདེ་ཆེན་ལྷུན་གྲུབ་འདུས་མ་བྱས། །ཁ་སྦྱོར་ལོངས་སྐུ་གང་འདུལ་ཤར། །སྐུ་གསུམ་ཡན་ལག་བདུན་ལྡན་པའི། །རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །བྲམ་ཟེའི་རིགས་ལས་ནཱ་རོའི་ལྕམ། །རྡོ་རྗེ་འཆང་དང་དངོས་སུ་མཇལ། །དག་པའི་ས་གསུམ་ལ་གནས་པའི། །ནི་གུ་མ་ལ་ཕྱག༴ །བིར་ཝས་རྗེས་བཟུང་ཌཱ་ཀི་མ། །རྒྱལ་བ་བསྐྱེད་དང་རོལ་པའི་ཡུམ། །བརྒྱུད་པར་བཅས་པ་རྗེས་འཛིན་པའི། །སུ་ཁ་སིདྡྷི་ལ་ཕྱག༴ །བརྒྱ་དང་ལྔ་བཅུའི་བླ་མ་བསྟེན། །ཟབ་རྒྱས་མཁའ་འགྲོའི་ཐུགས་ཀྱི་བཅུད། །གདམས་པས་གངས་ཅན་སྐྱེ་དགུ་སྐྱོང་། །ཁྱུང་པོ་རྣལ་འབྱོར་ལ་ཕྱག༴ །མི་མེད་དབེན་པའི་རི་སུལ་དུ། །ཞེན་མེད་སྒྱུ་མའི་རོལ་རྩེ་མཁན། །


PS009_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཆིག་བརྒྱུད་རྡོ་རྗེའི་བཀའ་བབས་པའི། །རྨོག་ལྕོག་པ་ལ་ཕྱག༴ །འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས། །དགེ་སློང་ཚུལ་གྱིས་འགྲོ་བ་འདྲེན། །སྙན་བརྒྱུད་གདམས་པ་ཟབ་མོའི་གཏེར། །སྐྱེར་སྒང་པ་ལ་ཕྱག༴ །འཇིག་རྟེན་ཆོས་བརྒྱད་ཧྲུལ་པོར་ཞིག །སྦས་པའི་རྣལ་འབྱོར་བརྟུལ་ཞུགས་ཅན། །རྡོ་རྗེའི་ཐོག་གིས་གཞོམ་མེད་པའི། །སངས་རྒྱས་གཉན་སྟོན་ལ་ཕྱག༴ །ཆིག་བརྒྱུད་བཀའ་རྒྱའི་སྒོ་ཕྱེ་ནས། །སྐལ་བཟང་འགྲོ་བའི་དགའ་སྟོན་དུ། །ཟབ་ལམ་བསྟན་པ་རྒྱས་མཛད་པའི། །སངས་རྒྱས་སྟོན་པ་ལ་ཕྱག༴ །རྣམ་དག་ཚུལ་ཁྲིམས་དྲི་བསུང་ཅན། །རྒྱ་ཆེན་ཤེས་བྱའི་གནས་ལ་སྦྱངས། །བསྒོམས་པས་རྣམ་པར་གྲོལ་བ་ཐོབ། །ཤངས་སྟོན་ཆོས་རྗེ་ལ་ཕྱག༴ བླ་མ་མཁའ་འགྲོས་བྱིན་གྱིས་རླབས། །སྙན་བརྒྱུད་ཟབ་མོ་ཡི་གེར་བཀོད། །ལུང་བསྟན་བརྙེས་པའི་མཁས་བཙུན་པ། །རྒྱལ་མཚན་


PS009_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་པ་ལ་ཕྱག༴ །ཟབ་མོའི་གདམས་པས་རང་རྒྱུད་སྨིན། །མཁྱེན་བརྩེའི་ནུས་པས་འགྲོ་བ་འདྲེན། །མགོན་པོའི་བཀའ་བབས་འཇག་ཆེན་པ། །བྱམས་པ་དཔལ་ལ་ཕྱག༴ །དེ་སྲས་ཐུ་བོ་ཆོས་ཀྱི་རྗེ། །སྒྱུ་ལུས་རྨི་ལམ་རབ་མཐར་སོན། །སྙན་བརྒྱུད་འཛིན་པའི་འཇག་ཆུང་པ། །བློ་གྲོས་དཔལ་བཟང་ལ་ཕྱག༴ །བཀའ་བརྒྱུད་བསྟན་པའི་གཙུག་གི་རྒྱན། །བདེ་ཆེན་ཡེ་ཤེས་འདོད་དགུར་སྤྱོད། །མཁས་དང་གྲུབ་པ་ཀུན་གྱི་ཕུལ། །ཀུན་དགའ་དཔལ་བཟང་ལ་ཕྱག༴ །ལྔ་རིག་སྦྱངས་པའི་པཎྜི་ཏ། །གནས་ལུགས་དོན་གཟིགས་གྲུབ་པའི་དབང་། །ཀུན་མཁྱེན་ཆོས་ཀྱི་སྤྱན་ལྡན་པ། །ཆོས་རྒྱལ་དཔལ་བཟང་ལ་ཕྱག༴ །འཇིག་རྟེན་བྱ་བ་རྒྱབ་ཏུ་བོར། །རྩེ་གཅིག་ཟབ་མོའི་ཉམས་ལེན་གྱིས། །གཉིས་སྣང་འཁྲུལ་པ་རང་སར་ཞིག །ཚུལ་ཁྲིམས་རྒྱལ་མཚན་ལ་ཕྱག༴ །རྒྱུད་སྡེ་


PS009_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོའི་བཅུད་ཕྱུངས་ནས། །བསྐལ་བཟང་འགྲོ་ལ་བདེ་ཆེན་སྩོལ། །མཁའ་སྤྱོད་གནས་སུ་རོལ་པས་གཤེགས། །མཁྱེན་རབ་ཆོས་རྗེ་ལ་ཕྱག༴ །ཟབ་དོན་སྙན་བརྒྱུད་ཀུན་གྱི་གཏེར། །ལྷན་སྐྱེས་གཉུག་མའི་རང་ཞལ་གཟིགས། །གངས་ཅན་མཁས་གྲུབ་ཀུན་གྱི་གཙོ། །བཀའ་དྲིན་མཉམ་མེད་ལ་ཕྱག༴ །བློ་གསལ་གདུལ་བྱའི་ས་ཆེན་སྐྱོང་། །རྒྱུད་སྡེ་རྒྱ་མཚོའི་དབུས་ན་བརྗིད། །རིམ་གཉིས་ནོར་བུའི་ཅོད་པན་འཛིན། །དཔལ་ལྡན་བླ་མ་ལ་ཕྱག༴ །བདེ་ཆེན་ལྷན་སྐྱེས་ཧེ་རུ་ཀཿ ཤེས་རབ་ཕག་མོའི་པདྨོར་རོལ། །ཟུང་འཇུག་དཀྱིལ་འཁོར་ཀུན་གྱི་གཙོ། །འཁོར་ལོ་བདེ་མཆོག་ལ་ཕྱག༴ །སྤྱན་རས་གཟིགས་དབང་ཁྲོས་པའི་སྐུ། །འགྲོ་བའི་རེ་སྐོང་ཡིད་བཞིན་ནོར། །བར་དོའི་འཕྲང་སྒྲོལ་ནག་པོ་ཆེ། །མྱུར་མཛད་མགོན་པོ་ལ་ཕྱག༴ །གནས་མཆོག་ཉེར་བཞིའི་གྲོང་ཁྱེར་ནས། །སྒྱུ་


PS009_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

མའི་གར་གྱི་མཁའ་ལ་སྤྱད། །བརྩེ་བས་རྣལ་འབྱོར་བུ་བཞིན་སྐྱོངས། །གནས་གསུམ་མཁའ་འགྲོ་ལ་ཕྱག༴ །རྡོ་རྗེ་ཐེག་པའི་ལམ་མཆོག་ཏུ། །ཞུགས་ནས་ཟབ་མོའི་དམ་ཚིག་གིས། །འབྲེལ་བས་སྐལ་ལྡན་རྡོ་རྗེའི་སྤུན། །དག་སྣང་ཕྱོགས་མེད་ལ་ཕྱག་འཚལ་ལོ། །མི་མེད་དབེན་པའི་རི་སུལ་དུ། །ཟླ་མེད་རི་དྭགས་དམན་པ་བཞིན། །ཞེན་མེད་གྱི་ནའི་ཟས་གོས་བསྟེན། །ཚེ་དང་སྒྲུབ་པ་སྙོམས་པར་ཤོག །རང་ཡུལ་ཉེ་དུ་ལོངས་སྤྱོད་དང་། །ལུས་སྲོག་ལྟོས་པ་ཐམས་ཅད་ལ། །རྨི་ལམ་ཙམ་དུའང་མ་ཆགས་པར། །ཐམས་ཅད་བློ་ཡིས་ཐོངས་པར་ཤོག །ཚེ་འདིའི་ཆོས་བརྒྱད་སྣང་བ་ཀུན། །འཆི་བའི་ཚེ་ན་སྐད་ཅིག་ཙམ། །ཕན་པ་མེད་པར་ཐག་ཆོང་ནས། །བཞི་མདོའི་རྩ་བཞིན་འདོར་བར་ཤོག །ཚེ་འདི་རི་གཟར་འབབ་ཆུ་བཞིན། །སྐད་ཅིག་ཙམ་དུ་ཤེས་


PS009_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིས། །བཏང་སྙོམས་སྡོད་པའི་ལོང་མེད་པས། །འཆི་ཆོས་སྙིང་ནས་བྱེད་པར་ཤོག །བདེ་ཞིང་སྐྱིད་པས་མ་དྲེགས་ཤིང་། །སྡུག་ཅིང་ཕོངས་པས་མ་འཁུམ་པར། །གང་བྱུང་སྣང་བ་ལམ་ཁྱེར་གྱིས། །རྐྱེན་ངན་གྲོགས་སུ་འཆར་བར་ཤོག །འོད་གསལ་བདེ་བ་ཆེན་པོའི་དབྱིངས། །བརྗོད་མེད་ནམ་མཁའ་ལྟ་བུའི་ངང་། །བློ་འདས་ཐ་མལ་ཤེས་པའི་དངོས། །ཕྱག་རྒྱ་ཆེན་པོ་རྟོགས་པར་ཤོག །ནམ་མཁའི་མཐའ་ཀླས་སེམས་ཅན་རྣམས། །འཁོར་བའི་མཚོ་ལས་བསྒྲལ་སླད་དུ། །རྡོ་རྗེ་འཛིན་པའི་གོ་འཕང་མཆོག །ཚེ་འདི་ཉིད་ལ་ཐོབ་པར་ཤོག །མདོར་ན་བདག་གི་སྒོ་གསུམ་གྱི། །བྱ་བ་བགྱིས་པ་ཐམས་ཅད་ཀྱང་། །སེམས་ཅན་ཀུན་གྱི་དོན་གྱུར་པའི། །ཡིད་བཞིན་ནོར་བུ་ལྟ་བུར་ཤོག །ཅེས་ནི་གུ་བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས་པ་སྨོན་ལམ་དང་བཅས་པ་འདི་དཔལ་ལྡན་ཤངས་
པའི་བརྒྱུད་འཛིན་རྣལ་འབྱོར་པ་བློ་གསལ་གྱིས་སྦྱར་བ་དགེ་ལེགས་འཕེལ་བར་གྱུར་ཅིག །


previousནི་གུ་བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས་པ་སྨོན་ལམ་དང་བཅས་པ། next