Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
ནི་གུ་ཆོས་དྲུག་གི་བླ་མ་བརྒྱུད་པའི་གསོལ་འདེབས། རྗེ་བཙུན་གྲགས་པ་རྒྱལ་མཚན།
   
   
   
   
   
   
   
   
   
   
   
   
   
   


 
previousནི་གུ་ཆོས་དྲུག་གི་བླ་མ་བརྒྱུད་པའི་གསོལ་འདེབས། རྗེ་བཙུན་གྲགས་པ་རྒྱལ་མཚན། next

ནི་གུ་ཆོས་དྲུག་གི་བླ་མ་བརྒྱུད་པའི་གསོལ་འདེབས། རྗེ་བཙུན་གྲགས་པ་རྒྱལ་མཚན།


PS009_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གུ་ཆོས་དྲུག་གི་བླ་མ་བརྒྱུད་པའི་གསོལ་འདེབས་བཞུགས་སོ། །ན་མོ་གུ་རུ་བྷྱཿསྤྱི་གཙུག་པདྨ་ཉི་ཟླའི་གདན་ལ། །དཀོན་མཆོག་གསུམ་དང་བརྒྱུད་པ་ཀུན་འདུས། །དྲིན་ཅན་རྩ་བའི་བླ་མ་དམ་པར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །སྐུ་གསུམ་བདུན་ལྡན་རྡོ་རྗེ་འཆང་དང་། །དག་པའི་སར་བཞུགས་ཡེ་ཤེས་མཁའ་འགྲོ། །མཆོག་གཟིགས་དམ་པ་ཁྱུང་པོ་རྣལ་འབྱོར། །གསོལ་བ༴ །དཀའ་སྤྱད་ཐུགས་ཅན་རྨོག་ལྕོག་པ་དང་། །སྤྱན་རས་གཟིགས་དབང་སྐྱེར་པ་སྒང་པ། །སྦས་པའི་སངས་རྒྱས་གཉན་སྟོན་ཆོས་རྗེར། །གསོལ་བ༴ །ཆིག་བརྒྱུད་བཀའ་རྒྱ་གྲོལ་བའི་སྟོན་པ། །སྐུ་གསུམ་བརྙེས་པ་གཙང་མ་ཤངས་སྟོན། །རྒྱ་བན་ཆེན་པོའི་རིགས་ཆད་མུས་


PS009_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན། །གསོལ་བ༴ །བདག་ལྟའི་གཅེས་འཛིན་གཅོད་པའི་རྡོ་རྗེ། །འོད་གསལ་མངོན་འགྱུར་ནམ་མཁའི་རྣལ་འབྱོར། །གྲུབ་ཐོབ་བརྩོན་འགྲུས་སྦྱིན་པ་བཟང་པོར། །གསོལ་བ༴ །ཨོ་རྒྱན་སྤྲུལ་པ་ཐང་སྟོང་རྒྱལ་པོ། །དེ་ཡིས་རྗེས་བཟུང་བློ་གྲོས་རྒྱལ་མཚན། །རྟོགས་པ་མངོན་འགྱུར་དཔལ་ལྡན་དར་པོར། །གསོལ་བ༴ །འཁོར་ལོ་སྡོམ་པ་བསོད་ནམས་རྩེ་མོ། །གྲུབ་པའི་དབང་ཕྱུག་ཆོས་ཀྱི་བློ་གྲོས། །ཟབ་ལམ་སྟོན་མཛད་འགྱུར་མེད་བདེ་ཆེན། །གསོལ་བ༴ །དངོས་གྲུབ་མཆོག་སྩོལ་ཡི་དམ་མཁའ་འགྲོ། །བར་ཆད་ཀུན་སེལ་མྱུར་མཛད་མགོན་པོ། །མཆེད་ལྕམ་རྡོ་རྗེའི་སྤུན་གྲོགས་རྣམས་ལ། །གསོལ་བ༴ །གཞི་གནས་སྐུ་གསུམ་རང་ལ་གནས་པ། །ཆོས་དྲུག་ལམ་གྱིས་རང་ལ་ཤར་ནས། །འབྲས་བུ་སྐུ་གསུམ་མངོན་དུ་འགྱུར་བར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །ཅེས་ཟབ་ལམ་ནི་གུ་ཆོས་


PS009_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་གི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་བྱིན་རླབས་ཆར་འབེབས་ཅེས་བྱ་བ་འདི་ཡང་སའི་བདག་པོ་ཆེན་པོའི་བཀའ་ལུང་གིས་བསྐུལ་ནས། ཆོས་སྨྲ་བ་འགྱུར་མེད་བདེ་ཆེན་གྱིས་བགྱིས་པའོ། ༈ །ན་མཿཤྲཱི་ཛྙཱ་ན་ཌཱ་ཀཱི་ནི་གུཔྟ་ཡེ། མཁའ་སྤྱོད་ཀྱི་གཙོ་མོ་ཐུགས་རྗེ་ཅན། །ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ། །བུ་གདུང་བས་གསོལ་བ་འདི་འདེབས་ན། །སྤྲོས་བྲལ་གྱི་དབྱིངས་ནས་དགོངས་སུ་གསོལ། །གསང་ཆེན་གྱི་དཀྱིལ་འཁོར་སྟོན་མཁས་མས། །དགའ་བཞིའི་དབང་བསྐུར་ད་སྩོལ་ཅིག །སྐྱེ་མེད་ཀྱི་སྒོ་མོ་འབྱེད་མཁས་མས། །དག་བྱེད་ཀྱིས་སྡིག་སྒྲིབ་ད་སྦྱོངས་ཤིག །ཨ་ཤད་ཀྱི་གཏུམ་མོ་སྤྲོ་མཁས་མས། །སྙིགས་མ་ཡི་ཕུང་ཁམས་ད་སྲེགས་ཤིག །ཧྃ་ཡིག་གི་བདེ་ཆེན་འཇོ་མཁས་མས། །ལྷན་སྐྱེས་ཀྱི་ཡེ་ཤེས་ད་སྩོལ་ཤིག །སྒྱུ་མ་ཡི་རང་ཉམས་སྟོན་


PS009_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་མས། །ཆགས་སྡང་གི་བདེན་འཛིན་ད་ཤིགས་ཅིག །རྨི་ལམ་གྱི་དུས་ན་སྤྲུལ་བསྒྱུར་མས། །ཉིང་འཁྲུལ་གྱི་འཆིང་བ་ད་ཆོད་ཅིག །ལྷུན་གྲུབ་གྱི་འོད་གསལ་འཆར་མཛད་མས། །གཏི་མུག་གི་མུན་པ་ད་སོལ་ཅིག །མདའ་ཁ་ཡི་དུས་སུ་ཡར་འདྲེན་མས། །མཁའ་སྤྱོད་ཀྱི་གནས་སུ་ད་ཁྲིད་ཅིག །བར་དོ་ཡི་འཁྲུལ་སྣང་འཇོམས་མཛད་མས། །གཞོམ་མེད་ཀྱི་ལོངས་སྐུ་ད་སྩོལ་ཅིག །འདི་ཡང་འགྱུར་མེད་ཀྱིས་སོ། །དྷརྨེ་དཾ་ཨུ་ད་ཡ་མ་སྟུ། །ཁྱུང་པོའི་མགུར་བརྒྱད་རྩ་འགྲེལ་བཞུགས་སོ། །ན་མོ་གུ་རུ། གྲུབ་ཐོབ་ཆེན་པོ་རཱ་ཧུ་ལའི་གདམས་པ། བླ་མ་ཤངས་པས་མགུར་དུ་བཞེངས་པ་འདི་ཡིན་ཏེ། གཟུང་འཛིན་རྣམ་རྟོག་ཐོ་ཅོ་ཆེ། །ཐིམ་པ་རྣམ་གསུམ་གདམས་ངག་བདོག །གཟུང་འཛིན་གཡུལ་ངོ་དེ་ནས་བཟློག །གཟུང་འཛིན་ཅི་ལྟར་དགྱེས་དགྱེས་མཛོད། །ལྷ་ཆེན་


PS009_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་དཀར་ཐོ་ཅོ་ཆེ། །ཐི་གུ་མཐོ་གསུམ་གདམས་ངག་བདོག །ལྷ་ཆེན་གཡུལ་ངོ་དེ་ནས་བཟློག །ལྷ་ཆེན་ཅི་ལྟར་དགྱེས་དགྱེས་མཛོད། །ཀླུ་བདུད་ནག་པོ་ཐོ་ཅོ་ཆེ། །ཐོད་པ་ཁ་སྦྱོར་གདམས་པ་ཡོད། །ཀླུ་བདུད་གཡུལ་ངོ་དེ་ནས་བཟློག །ཀླུ་བདུད་ཅི་ལྟར་དགྱེས་དགྱེས་མཛོད། །མཚན་མོའི་འབྱུང་པོ་ཐོ་ཅོ་ཆེ། །བདུད་རྩི་ཐིག་ལེའི་གདམས་ངག་བདོག །འབྱུང་པོའི་གཡུལ་ངོ་དེ་ནས་བཟློག །འབྱུང་པོ་ཅི་ལྟར་དགྱེས་དགྱེས་མཛོད། །བྱད་ལྟེམས་ནག་པོ་ཐོ་ཅོ་ཆེ། །རྡོ་ལེབ་ནག་པོའི་གདམས་པ་བདོག །བྱད་ལྟེམས་ནག་པོའི་གཡུལ་ངོ་བཟློག །བྱད་ལྟེམས་ཇི་ལྟར་དགྱེས་དགྱེས་མཛོད། །འཆི་བདག་ནག་པོ་ཐོ་ཅོ་ཆེ། །ཀེང་རུས་ཏ་རའི་གདམས་པ་བདོག །འཆི་བདག་གཡུལ་ངོ་དེ་ནས་བཟློག །འཆི་བདག་ཅི་ལྟར་དགྱེས་དགྱེས་མཛོད། །གཟའ་བདུད་ནག་པོ་ཐོ་ཅོ་ཆེ། །


PS009_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

རུས་སྦལ་ཙཀྲའི་གདམས་པ་བདོག །གཟའ་བདུད་གཡུལ་ངོ་དེ་ནས་བཟློག །ཁྱབ་འཇུག་ཇི་ལྟར་དགྱེས་དགྱེས་མཛོད། །ངག་ལ་བྱིན་གྱིས་མ་བརླབས་པས། །བཟླས་པ་རྣམས་ལ་ནུས་མ་བྱུང་། །ཨཱ་ལི་ཀ་ལིའི་གདམས་པ་བདོག །མི་འགྲུབ་སྙམ་པའི་དོགས་པ་མེད། །ཞེས་མགུར་བརྒྱད་པོ་འདི་ཁྱུང་པོས་ཚོགས་གྲལ་དུ་གསུངས་པའོ། །དེ་ལ་དང་པོ་ཐིམ་པ་རྣམ་གསུམ་གྱི་གདམས་ངག་ཉམས་སུ་ལེན་པར་འདོད་པས། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་བས། རིགས་དྲུག་གི་སེམས་ཅན་འདི་རྣམས་ཐམས་ཅད་འཁོར་བར་འཁྱམས། སྡུག་བསྔལ་ཉམས་སུ་མྱོང་བ་འདི་རྣམས་གཟུང་འཛིན་གཉིས་ཀྱི་རྟོག་པས་ལེན་པ། དེས་ཕྱི་གཟུང་བའི་ཡུལ་ལ་ཞེན་པའི་རྣམ་པར་རྟོག་པ་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་ཐིམ་པར་བསྒོམ། དེ་རྣམས་སུ་འཛིན་པའི་སེམས་ཀྱི་རྣམ་པར་རྟོག་པ་དེ་ཡང་སྣང་ལ་རང་བཞིན་


PS009_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་ཐིམ་པར་བསྒོམ། དེ་ལྟར་བསྒོམ་བྱེད་ཀྱི་ཤེས་པ་དེ་ཡང་། ཆོས་ཀྱི་དབྱིངས་སུ་ཐིམ་པར་བསྒོམ་པ་ནི། མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །རྗེས་ཐོབ་སྣང་ལ་ཞེན་མེད་དུ་སེམས་ཀྱི་དོན་གྲུབ་ཚད་དུ་བྱའོ། །མན་ངག་འདི་ཉམས་སུ་ལེན་ནུས་ན། །སངས་རྒྱ་བ་ལ་ཐེ་ཚོམ་མེད། །ཐིམ་པ་རྣམ་གསུམ་ཨིྀྠ ། མགུར་གཉིས་པའི་དོན་ནི། རང་ཉིད་ལ་དཔེ་དཀར་རམ། རྒྱལ་པོ་ལ་སོགས་པའི་གདུག་རྩུབ་ཆེ་བ་བྱུང་ན། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་པས། བལ་སྐུད་གསུམ་སྒྲིལ་མཐོ་གསུམ་པ་གཅིག་གསང་བ་རྡོ་རྗེའི་དཀྱིལ་དུ་སེ་ཆིངས་བྱས་ལ། སྐུད་པའི་སྣ་གཉིས་སྐེད་རག་ལ་གཏོད་དེ། རྡོ་རྗེའི་ཁ་གྱེན་དུ་བསྟན་ན་ཕྱི་ནས་གདོན་ཐམས་ཅད་ཐུབ་བོ། །དེ་ལྟ་བུའི་སྲུང་སྐུད་དེ་ལ་ཡི་དམ་གྱི་ལྷ་མང་དུ་བསྟིམ་ལ། སྔགས་མང་དུ་བཏབ། རང་ལུས་མེ་འབར་བར་


PS009_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་མོ། །དཔེ་དཀར་བསྲུང་བ་ཨིྀྠ། །མགུར་གསུམ་པའི་དོན་ནི། རང་ལ་ཀླུ་བདུད་ལ་སོགས་པས་གནོད་པ་བྱེད་པའམ། འདྲེའམ། སྦད་དམ། དམ་ཅན་ལ་སོགས་པས་གནོད་ན། རང་ཉིད་ཐོད་པ་དུམ་བུ་གཅིག་པ་བྲེ་དཀར་ཙམ་གཉིས་སྦྱར་བའི་ནང་དུ་ཁ་ཊྭྃ་ག་རྩེ་གསུམ་པ་རྭ་དབུས་ལ་ཧཱུྃ་གིས་མཚན་པ་ཅིག་ཏུ་བསམ་ལ་གཉིད་ལོག་གོ ། ཐོད་པ་ཁ་སྦྱོར་འདི་མ་ཆག་པར་བསྒོམ་ནུས་ན། སྦོད་སྟོང་བྱད་ལྟེམས་དམ་སྲིད་གནོད་བྱེད་ཐམས་ཅད་ཀྱིས་གནོད་པར་མི་ནུས་སོ། །གསུམ་པ་ཨིྀྠ། །མགུར་བཞི་པའི་དོན་ནི། མཚན་མོ་འབྱུང་པོ་བསྲུང་བར་འདོད་ན། ནུབ་མོ་རང་དུར་ཁྲོད་ལ་སོགས་པ་བག་ཚ་བའམ། ས་གཉེན་སར་འགྲོ་ན། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་བས། རང་གི་དྲི་ཆེན་རིལ་མ་ཙམ་ཅིག་དང་། དྲི་ཆུ་དང་པོ་ལུག་རྨིག་གང་ཙམ་ལག་མཐིལ་གཡས་པར་གཡོན་པའི་སྲིན་ལག་གིས་མཉེ་སྟེ།


PS009_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་ལག་གིས་བླངས་ལ་རང་གི་དཔྲལ་བར་བཞག་ནས། མཐེའུ་ཆུང་ངོས་ནས་བསྐོར་བའི་ཐིག་ལེ་བྱས་ནས། རང་ཉིད་ཡི་དམ་དུ་བསྒོམས་ཏེ་འགྲོ་བའི་ཐོག་མཐའ་གཉིས་ཀྱི་ཚེ་བཟླས་ན། མཚན་མོ་འབྱུང་པོའི་གདོན་ཐམས་ཅད་ཐུབ་པར་འགྱུར་རོ། །དེ་ནི་བསྲུང་བ་ཆེ་གསུང་ངོ་། ཨིྀྠ། །མགུར་ལྔ་པའི་དོན་ནི། བྱད་ལྟེམས་ནག་པོ་ཞེས་བྱ་བ། །བན་བོན་གྱི་སྦོད་ཁ་བསྲུང་ན། ཆུ་མིག་ལྐུག་པ་ཁ་བྱང་བསྟན་ཅིག་ཏུ། རྡོ་ལེབ་ནག་པོ་ཅིག་བཅུག་ལ་བཞག །དེ་མཐུ་བྱེད་པ་བྱུང་པ་དང་། རྡོ་ལེབ་ལ་རང་གི་གྲིབ་མ་དང་། ཁ་རླངས་མ་ཤོར་བར་བྱས་ཏེ། དར་རམ་རས་ཀྱི་ཁ་ལ་བླངས་ཏེ། མེ་ལ་བསྲོས་ནས། ལ་མཚལ་གྱི་སྨྱུ་གུས་བྲིས་ལ།། །།ཡང་སྔར་གྱི་ཆུ་མིག་དུ་ས་ལ་སྦྱར་ལ་གཞུག་གོ ། དེ་ལྟར་བྱས་ན་ངན་སྔགས་སམ། ལྷ་སྔགས་


PS009_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པའི་ནུས་པ། ཁོ་རང་ལ་ལྡོག་པར་ཐེ་ཚོམ་མེད་དོ། །འདི་གང་ཐོད་ཐོད་ལ་སྤེལ་ན་བསྟན་པ་ལ་གནོད་པས་མི་སྤེལ་ལོ། །རྡོ་ལེབ་ནག་པོའི་གདམས་པ་ཨིྀྠ། །མགུར་དྲུག་པའི་དོན་ནི། རང་ལ་ཕྱི་ནང་ལ་སོགས་པའི་འཆི་ལྟས་བྱུང་ན། ལྟས་དེ་སྲུང་བའི་ཐབས་ནི། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་པས། རང་གི་ལུས་པོ་ཕྱི་ཤ་དང་པགས་པ། ནང་གི་ཀླད་པ་དང་། རྩ་རྒྱུས་ཐམས་ཅད་ལུས་ཀྱི་གོས་ཕུད་པ་བཞིན་དུ་དོར་སྟེ། རང་གི་ལུས་ཀེང་རུས་སུ་དཀར་ཀྲོང་ངེ་བསྒོམ་ན། འཆི་བདག་བདུད་འཇོམས་སོ། །དེ་ཡང་། ཀང་ཀ་ལའི་རྣམ་པའམ། ཡང་ན་ཐོད་པ་ཉིད་ཀྱང་རུང་། གསར་པར་གསོ་བ་མ་ཡིན་ཏེ། འཆི་བདག་འཇོམས་པའི་མཆོག་ཡིན་ནོ། །ཞེས་ཨ་བྷི་དྷ་ན་ལས་གསུངས་སོ། །ཀེང་རུས་ཏ་རའི་འཆི་བསླུ་ཨིྀྠ། །མགུར་བདུན་པའི་དོན་ནི། སེར་བ་བསྲུང་བ་སྟེ། རྫས་ལ་


PS009_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

རུས་སྦལ་གྱི་གཟུགས་ཁོང་སྟོང་ཅིག་བྱས་ལ་སོ་བཏང་། དེའི་ཁོང་པར་སྔགས་འདི་བྲིས་ལ་གཞུག་གོ ། ཨོཾ་རུ་རུ་ཀི་ལི་ཀི་ལི་པྲ་མ་ནི། ཁུ་རུ་པ་ཏ་དུར་ནི་སྭཱ་ཧཱ། འབྱུང་པོ་ཁ་ཐམས་ཅད་ཅེས་པ་འདི་ཉེར་གཅིག་བྲིས་པ་དེ་ལ། བརྒྱ་རྩ་བརྒྱད་བཟླས་པ་རབ་གནས་བྱས་པ། ཡི་གེའི་དབུ་རུས་སྦལ་གྱི་མགྲིན་པར་བསྟན་ལ་གཞུག་གོ ། དེ་ནས་སྔགས་འདི་སྦལ་པའི་རྒྱབ་དུ་གདབ་བོ། ཨོཾ་ན་ར་སིཾ། ཐི་ར་དྷ་ར། བྷ་སཾ་ཡཾ། གྷུ་ཏྲི་ཧཱ། ཛྭ་ཀི་ནི། ཛྭ་ཀི་ནི། ཙ་ཀ་ར་བི་ཤུད་རྦུད། བྷནྡྷ་བྷནྡྷ། དྷ་དྷི་བྷནྡྷ། ལྕེ་རེ་བྷནྡྷ། ན་ར་སིཾ། ཀན་ཙ་ཀོ་རི། སི་ཏི་མི་རི། ཧི་ར་བྷོ་རི། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཅེས་པ་འདི་སྦལ་པའི་རྒྱབ་དུ་གདབ་བོ། །སྔགས་འདི་བཅུ་བཅུས་སེར་བ་ཞག་རེ་ཐུབ་བོ། །བརྒྱ་བཟླས་ན་ཞག་བཅུ། སུམ་བརྒྱས་ཟླ་བ་གཅིག །དྲུག་བརྒྱས་ཟླ་བ་གཉིས། དགུ་བརྒྱས་ཟླ་བ་གསུམ་ཐུབ་བོ། །


PS009_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྔགས་བཅུས་ཆང་ཚོད་རེ་ཐུབ་བོ། །ཞོ་ཡང་དེ་དང་འདྲ། དེ་བཞིན་གྲངས་གོང་དང་འདྲའོ། །སྦལ་པ་ནམ་མཁའ་མཐོང་པའི་སར་བཞག་ན། རང་གཞི་ལ་མི་སྡོད་ཀྱང་སེར་བ་ཐུབ་བོ། །གདོང་བཟློག་བྱེད་ན། སྦལ་པ་ལག་ཏུ་བཟུང་སྟེ། སྔགས་བཟླས་པས་ཐོགས་པ་མེད་དོ། །སྦལ་པའི་ཁ་སེར་རྐང་འཇུག་པའི་སར་སྟོན། །ཕྱོགས་གང་ན་འོང་པ་དེས་འདྲའོ། །རྒྱ་ཆེ་ཆུང་དམིགས་པ་གཙོ་ཆེའོ། །དུས་ཇི་ཙམ་བསྲུང་བ་དཔྱད་ལ་བྱའོ། །གང་དམིགས་པ་ཐུབ་བོ། །དུས་ཚོད་གྲངས་ཚད་ལ་སོགས་ཞལ་ལས་ཤེས་སོ། །གཟོ་སོ། །རབ་གནས་གསུམ་རྒྱལ་ལ་བྱའོ། །བསྙེན་རྒྱབ་ཡོད་ན་མཆོག། མེད་ན་སྔགས་རིང་སྔོན་ལ་མང་དུ་བཟླས་སོ། །ཨིྀྠ། །མགུར་བརྒྱད་པའི་དོན་ནི། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་པས། ཐོ་རངས་དགེ་སྦྱོར་གང་བྱེད་པའི་སྔོན་དུ། རང་ཡི་དམ་ལྷར་གསལ་བའི་ལྕེ་


PS009_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་ཏུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨོཾ་དཀར་པོ་བསམ། དེ་ལ་ཨཱ་ལི་ཀཱ་ལིས་བསྐོར་བར་བསམས་ཏེ། ཨཱ་ལི་ཀཱ་ལི་ཨོཾ་དང་སྭཱ་ཧཱའི་བར་དུ་བཅུག་ལ་ལན་གསུམ་གསུམ་བརྗོད་པར་བྱའོ། །ངག་གི་ནུས་པ་མཐར་ཐོན་ཏེ། བཟླས་བརྗོད་ནུས་པ་དང་ལྡན་པར་འགྱུར་རོ། །འདི་སློབ་དཔོན་རྣམས་རྩིས་ཆེ་ཐུགས་དམ་དུ་མཛད་དོ། །ངག་ལ་བྱིན་གྱིས་བརླབ་པའོ། །ཨིྀྠ། །མགུར་བརྒྱད་ཀྱི་གདམས་པ་རྫོགས་སོ། །མངྒ་ལཾ།། །།


previousནི་གུ་ཆོས་དྲུག་གི་བླ་མ་བརྒྱུད་པའི་གསོལ་འདེབས། རྗེ་བཙུན་གྲགས་པ་རྒྱལ་མཚན། next