Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འདི་ན་མར་ལ་ནི་གུ་མའི་དམིགས་པ་གསུམ་བསྐོར་དམིགས་པ་ལྔ་བསྐོར་བདེ་མཆོག་གནད་གདམས་དབུ་མ་ཡི་གེ་བདུན་པས་དགང་པ།
   
   
   
   
   
   
   
   
   
   


 
previousའདི་ན་མར་ལ་ནི་གུ་མའི་དམིགས་པ་གསུམ་བསྐོར་དམིགས་པ་ལྔ་བསྐོར་བདེ་མཆོག་གནད་གདམས་དབུ་མ་ཡི་གེ་བདུན་པས་དགང་པ། next

འདི་ན་མར་ལ་ནི་གུ་མའི་དམིགས་པ་གསུམ་བསྐོར་དམིགས་པ་ལྔ་བསྐོར་བདེ་མཆོག་གནད་གདམས་དབུ་མ་ཡི་གེ་བདུན་པས་དགང་པ།


PS009_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ན་མར་ལ་ནི་གུ་མའི་དམིགས་པ་གསུམ་བསྐོར་དམིགས་པ་ལྔ་བསྐོར་བདེ་མཆོག་གནད་གདམས་དབུ་མ་ཡི་གེ་བདུན་པས་དགང་པ་རྣམས་ཡོད། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མའི་གདམས་པ་འདི་ལ། །སྔོན་དུ་འགྲོ་བ་སེམས་བསྐྱེད། །ལུས་ཡི་དམ་གྱི་ལྷར་བསྒོམ། །དེ་ནས་རང་གི་གསང་གནས་སུ། །ནོར་བུའི་རྩེ་མོ་ལ་ཧཱུྃ་ཅིག་བསམ། །


PS009_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

དེས་རྩ་དབུ་མ་རྒྱུ་མ་བཟློག་པ་བཞིན་དུ་གྱུར་ནས་ན་ར་ར་སོང་སྟེ། སྤྱི་བོའི་གཙུག་ཏུ་ཧཱུྃ་དེ་རྒྱངས་སེ་བྱུང་བར་བསྒོམ། །ཧཱུྃ་དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་བདེ་མཆོག་ལྷན་སྐྱེས་སུ་བསྒོམ། དེ་ནས་རང་གི་རྣམ་སྨིན་གྱི་ལུས་འདི་དུམ་བུ་དྲུག་ཏུ་བྱས་ནས། ལྷན་སྐྱེས་དང་འགྲོ་བ་རིགས་དྲུག་ལ་དབུལ་བར་བྱའོ། །ཡང་སྤྱི་བོའི་ལྷན་སྐྱེས་ཀྱི་གསང་གནས་སུ་ཧཱུྃ་ཅིག་བསམ། ཧཱུྃ་དེ་གསང་གནས་ནས་གོང་བཞིན་དུ་སྤྱི་བོར་རྒྱངས་རྩེར་བྱུང་བ་དང་། མཆོད་རྟེན་དཀར་སིང་ངེ་བ་ཤེལ་སྒོང་དག་པ་ལྟར་དུ་གྱུར་པར་བསམ། མཆོད་རྟེན་དེའི་ནང་གི་དབུས་ཀྱི་ལྟེ་བ་ལ་བརྒྱུད་པའི་བླ་མ་རྣམས་བཞུགས་པར་བསམ་ལ། བླ་མ་རེ་རེའི་མཚན་ནས་བརྗོད་ཅིང་། མོས་གུས་གདུངས་གདུངས་པ་ཞེས་ཐག་པ་ནས་བྱའོ། །


PS009_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བླ་མ་རིན་པོ་ཆེ། །རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་མཛད་དུ་གསོལ། ཞེས་གསོལ་བ་གདབ་བོ། །དེ་བཞིན་དུ་སྒྱུ་མ་དང་། འཁྲུལ་པ་དང་། དགོས་མེད་རྣམས་ལ་ཡང་གོང་བཞིན་དུ་ཤེས་པར་བྱའོ། །དེ་ནས་མཆོད་རྟེན་གྱི་དབུས་ཀྱི་བླ་མ་བཞུགས་པ་དེ་རྣམས་ལ། ཡིད་ཀྱི་སྤྲུལ་པའི་མཆོད་པ་ཕུལ། བསྐོར་བ་བྱེད་ཅིང་གོང་བཞིན་དུ་གསོལ་བ་འདེབས་ཤིང་། ཨ་ཙ་མ། ཆོས་ཐམས་ཅད་རྨི་ལམ་ཡིན། སྒྱུ་མ་ཡིན། མི་བདེན་བརྫུན་པའི་རང་བཞིན་ཡིན། སྣང་ནི་སྣང་བདེན་ནི་མི་བདེན། ཆུ་ནང་གི་ཟླ་བ་ལྟ་བུ་ཡིན་ཨང་སྙམ་དུ་བསྒོམ་ཞིང་། དམིགས་པ་ཨེན་ཙམ་གཏད་ནས་བསྒོམས་པས་མྱུར་དུ་ཟིན་པ་ལ་ཐེ་ཚོམ་མེད་དོ། །དེ་ནས་སྐབས་


PS009_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སུ། བླ་མ་དང་དཔའ་བོ་དང་མཁའ་འགྲོ་མ་རྣམས་ལ། ཁྱོད་རྣམས་ཐུགས་རྗེ་དང་བྱིན་རླབས་རེ་ཆུང་ན་ཨང་། བདག་ཀྱང་བསོད་ནམས་དང་ལས་འཕྲོ་ཟད་དམ། ད་བདག་ལ་རྨི་ལམ་ལ་རྨི་ལམ་མྱུར་དུ་ངོ་ཤེས་པར་མཛད་དུ་གསོལ། ཞེས་པ་ལ་སོགས་པའི་གསོལ་བ་གདབ་པར་བྱའོ། །དེ་ཡང་མྱུར་དུ་ཟིན་པའི་གནད་ཡིན་ནོ། །དེ་ནས་ཡི་དམ་ལྷར་བསམ་པའི་གསང་བའི་རྩེ་ནས་ཧཱུྃ་གཅིག་རྒྱངས་རྩེར་སྤྱི་བོར་སོང་བས། རང་གི་རྩ་བའི་བླ་མ་ཞལ་འཛུམ་མུ་ལེ། མདངས་ཡལ་ལེ། སྐུ་གཟི་བརྗིད་དང་ལྡན་པར་གསལ་སིང་ངེ་བ་གཅིག་བསྒོམ་མོ། །དེ་ནས་བླ་མ་རིན་པོ་ཆེ། སྒྱུ་མ་ལ་སྒྱུ་མར་ངོ་ཤེས་པར་མཛད་དུ་གསོལ། ཞེས་


PS009_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ལ་མོས་གུས་ཐུན་མོང་མ་ཡིན་པ་ཞེ་ཐག་པ་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་གདབ་བོ། །འདིས་དགེ་སྦྱོར་རྒྱུད་ལ་མི་སྐྱེ་མི་སྲིད་དོ། །འདི་ནི་གནད་ཀྱི་གདམས་པ། ཡེ་ཤེས་མཁའ་འགྲོ་མ་ནི་གུ་མའི་ཐུན་མོང་མ་ཡིན་པའི་གདམས་པ་ཡིན་ནོ། །འདིའི་བརྒྱུད་པ་ནི། མཁའ་འགྲོ་མ་ནི་གུ་མས་བླ་མ་ཤངས་པ་ལ་གནང་། དེས་རིན་པོ་ཆེ་རྨོག་ལྕོག་པ་ལ། དེ་བླ་མ་སྐྱེར་སྒང་པ་ལ། དེས་གཉན་སྟོན་ལ། དེས་སངས་རྒྱས་སྟོན་པ་ལ། དེས་ཤངས་སྟོན་ལ། དེས་མཁས་བཙུན་ལ། དེས་མཁས་གྲུབ་ཚུལ་ཁྲིམས་མགོན་པོ་ལ། དེས་ཆོས་རྗེ་སེང་གེ་ལ། དེས་མཁས་གྲུབ་རིན་ཆེན་རྒྱལ་མཚན་ལ། དེས་མཉམ་མེད་སངས་རྒྱས་དཔལ་ལ། དེས་ལྷོ་བྲག་པ་ཤཱཀྱ་རིན་ཆེན་ལ། དེས་བདག་འཁྱམས་པོ་ངག་དབང་ལ་དགྱེས་བཞིན་རྗེས་སུ་བཟུང་ངོ་། །


PS009_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་པ་སྔོན་དུ་སོང་ནས། རང་གི་སྙིང་དཀར་ནག་འཚམས་གྲིས་བཅད་པ་འདྲ་བ། རྩ་སྦུགས་རྣམས་ཁ་ཐུར་ལ་དྭངས་ངེ་ཡོད་པ། སྙིང་རྩེ་མོ་གྱོན་དུ་བསྟན་པའི་སྟེང་དུ། རྡོ་རྗེ་རྒྱ་གྲམ། གསེར། ཤེལ་བཻ་ཌཱུརྻཱ། པདྨ་རཱ་ག །ཨིན་དྲ་ནཱི་ལ་ལས་གྲུབ་པའི་སྟེང་དུ། བླ་མ་ཡང་དེ་རྣམས་ལས་གྲུབ་པ། གཟི་བརྗིད་དང་ལྡན་པས་སྟེང་ནས་མནན་པ། ནད་གདོན་སྡིག་སྒྲིབ་ཐམས་ཅད་ཁྲག་དང་ཆུ་སེར་གྱི་རྣམ་པར་ཐུར་ལ་ཤངས་སྒོ་ཆུ་སོ་ན་མར་ཐོན་པར་བསམ། ཡང་བླ་མའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཆུ་རྒྱུན་བྱུང་ནས་རྩ་སྦུབས་ཐམས་ཅད་བཀྲུས་པར་བསམ། ཡང་ཐུགས་ཀ་ནས་ཁམས་དྭངས་མ་བྱང་ཆུབ་ཀྱི་སེམས་བདུད་


PS009_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

རྩིའི་རྣམ་པར་བྱུང་། རྩ་སྦུབས་ཐམས་ཅད་ཁེངས་པས་བདེ་ཕྲིལ་ཕྲིལ་བར་བདེ་བ་སྐྱེས་པར་བསམ་མོ། །དམིགས་པ་ལྔ་སྐོར་རོ། །ཞལ་གདམས་ཡིན་ནོ། །དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། སྤྱི་བོ་རུ་ནི་བསྟན་པར་བྱ། དབུ་མ་ཡི་གེ་བདུན་པས་གང་ཞེས་བདེ་མཆོག་གི་རྒྱུད་ལས་གསུང་པའི་དོན་ནི། རང་བདེ་མཆོག་ཏུ་བསྒོམ་པའི་རྩ་དབུ་མ་རག་དུང་ལྟ་བུ། ཁ་ཆེ་ཤེས་འཕོངས་ན་མར་ལ་ཧར་སོང་ཡོད་པ། ཁ་ཆུང་ཤོས་སྤྱི་བོར་ཟུག་པ་གཅིག་བསམ། དེ་ནས་རང་གི་སྤྱི་བོར་པདྨ་སྔོན་པོ་འདབ་མ་དྲུག་པ་གཅིག་བསམ། ལྟེ་བ་ལ་ཨོཾ། འདབ་མ་མདུན་མ་ནས་བརྩམས་ཏེ། གཡས་བསྐོར་དུ། ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཅེས་རང་འཐག་


PS009_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དུ་བསམ་མོ། །དེ་ནས་སྤྱི་བོའི་པདྨ་དང་ཡིག་འབྲུ་ལ་དམིགས་ལ་ཡི་གེ་བདུན་པ་ཁ་ཡར་ཅིག་བཟླས་སོ། །དེ་ནི་སྤྱི་བོ་རུ་ནི་བརྟན་པར་བྱ་ཞེས་པའི་དོན་ཏོ། །དེ་ནས་རང་གི་རྩ་དབུ་མ་ཡི་གེ་བདུན་པས་སྔོ་མེར་གྱི་གང་བར་བསམ་མོ། །སྤྱི་བོ་ནས་སྤྲོ་མི་དགོས་གསུངས། དེ་ནས་ཡིག་འབྲུ་ཚེ་ཡར་མར་ལ་སྔོ་ཕུང་ཕུང་། འོད་ཟེར་ཁ་དོག་སྔོན་པོ་སྔོ་དཀྲུག་དཀྲུག་འདུག་པར་བསམ། འོད་ཟེར་ནང་དུ་འཕྲོས་པས་རང་གི་སྡིག་སྒྲིབ་དག །ཕྱི་རུ་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དག་པར་བསམ་ཞིང་བཟླས་པ་བྱས་གསུངས། ལམ་ཁྱེར་གྱི་ཆོས་གསུམ་དང་ལྡན་པར་བྱས་ཀྱང་འགལ་བ་མེད་གསུངས་སོ། །ཇོ་བོ་ནཱ་རོ་པས་དེ་ལྟ་བུའི་བཟླས་པ་འབུམ་ཕྲག་


PS009_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བཟླས་པས། ས་གཡོ་བ་དང་། ལུང་བསྟན་ཐོབ་པ་ཡིན་གསུངས་སོ། །དེ་ལྟ་བུའི་གདམས་ངག་འདི་ཇོ་བོ་ཆེན་པོ་ནཱ་རོ་པས། ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མ་ལ་གསུངས། དེས་ཁྱུང་པོ་རྣལ་འབྱོར་ལ་གནང་། དེས་རཏྣ་བིརྱ་ལ་གནང་། དེས་སངས་རྒྱས་དབོན་སྟོན་ལ། དེ་ཡན་ཆད་དུ་ལས་ཅན་རེ་རེ་ལ་ཆིག་བརྒྱུད་ལས་མེད། གཏེར་བའི་དུས་སུ། ཚོགས་འཁོར་བརྒྱ་རྩ་བརྒྱད་དམ། ཉི་ཤུ་རྩ་གཅིག་བཟླས་ནས་གཏེར་གསུངས། དེས་སངས་རྒྱས་གཉན་སྟོན་ལ། དེས་བསྒྲོས་ཁར་སློབ་མ་རེ་རེ་གཉིས་གཉིས་ལ་བྱིན་གསུང་། དེས་སངས་རྒྱས་སྟོན་པ། དེས་ཆོས་རྗེ་ཤངས་སྟོན་ལ། ཆོས་རྗེ་སྟོན་པའི་གསུང་ལ་ཟིན་བྲིས་ལན་བཞི་བྱས་


PS009_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བསྡུས་པ་ཡིན་གསུངས་སོ། །ན་མོ་གུ་རུ། བདེ་མཆོག་བདེ་བ་ལས། སྐྱེ་བ་འདིའམ་ཕ་རོལ་དུ། ལོངས་སྐུ་བདེ་ཆེན་ཐོབ་འདོད་པས། །དབུ་མ་ཡི་གེ་བདུན་པས་གང་། །སྐུ་གསུམ་ལམ་དུ་ཁྱེར་བར་བྱ། །ཞེས་པའི་དོན། རང་ལྷ་ལྔར་བསྐྱེད་པའི་ཡབ་ཀྱི་རྩ་དབུ་མ། ཡར་རྩེ་ཕྲ་བ་སྤྱི་བོར་སླེབ་པ། མར་རྩེ་སྦོམ་པ་བཤང་ལམ་ལ་ཟུག་པ། ཁ་དོག་སྔོན་པོར་བསམ། དེའི་ནང་ཐམས་ཅད་ཡི་གེ་བདུན་པས་ཁེངས་པར་བསྒོམས་ནས། ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཅེས་བཟླས་པས། ཡི་གེ་བདུན་པ་འོད་ཟེར་གྱི་རྣམ་པར་ཡར་འགྲོ་མར་འགྲོ་བྱས་པ་དང་། རང་གི་ལུས་པོ་དེ་འོད་ཟེར་སྔོན་པོས་ཁེངས་པས་ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་ཐམས་


PS009_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དག་པར་བསམ། སངས་བ་སྤུའི་བུ་ག་ཐམས་ཅད་ནས་འོད་ཟེར་ཕྱིར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། བདེ་མཆོག་ཏུ་གྱུར། གཟུགས་སུ་སྣང་ཚད་ཀྱང་བདེ་མཆོག་ཏུ་གྱུར་པར་བསམ་མོ། །དེ་ལྟར་གཟུགས་སྣང་ཐམས་ཅད་བདེ་མཆོག་གི་སྐུ། སྒྲ་གྲགས་ཚད་སྔགས་ཀྱི་རང་སྒྲ། དྲན་རྟོག་ཐམས་ཅད་ཆོས་སྐུ་ལམ་དུ་འཁྱེར་བར་བྱའོ། །དེའང་ལུས་དང་སྣང་བ་ལྷར་བསྒོམས་པ་དེ་ལ། སྣང་བའི་ཆ་དེ་བསྐྱེད་རིམས། སྟོང་པའི་ཆ་དེ་རྫོགས་རིམ། སྣང་སྟོང་ཟུང་འཇུག་ཆུ་ཟླ་ལྟ་བུ་དེ་བསྐྱེད་རྫོགས་ཟུང་འཇུག་སྟེ། དགོངས་པ་དང་པོའི་རྒྱུད་ལས། སྣང་བའི་ཆ་ལ་བསྐྱེད་རིམས་དང་། སྟོང་པའི་ཆ་ལ་རྫོགས་རིམ་སྟེ། བསྐྱེད་རྫོགས་


PS009_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ཆོས་འགའ་མེད། །དབྱེར་མེད་ཚུལ་འདི་བསྟན་པའོ། །ཞེས་པའི་དོན་ནོ། །ཡེ་ཤེས་མཁའ་འགྲོ་མ་ནི་གུ་མ་ལ་བླ་མ་ཤངས་པས། ཚོགས་བརྒྱ་རྩ་དང་། གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས་ཤིང་ཉམས་སུ་མྱོང་བར་བྱས་པའོ། །འདི་ནི་མི་རབས་བདུན་དུ་ཆིག་བརྒྱུད་ལས་མ་སྤེལ་ཅིག་རྫོགས་སོ། ༈ །ཞལ་ཤེས་བླ་མའི་གཏུམ་མོ་བཞུགས། འདིར་ཞལ་ལས་བྱུང་བ་བླ་མའི་གཏུམ་མོ་བསྒོམ་ན། ལུས་གནད་རླུང་གནད་ཆོས་དྲུག་གི་གཏུམ་མོ་དང་འདྲ། དམིགས་པ་སྟེ་འོག་རྩ་གསུམ་འདོམས་པར་ཉི་མའི་སྟེང་དུ། བླ་མ་སྐུ་གཅེར་བུ་ལྕག་ཚན་འདྲ་བ་རེག་མི་བཟོད་པ་གཅིག་བསམ། དེ་ནས་བླ་མའི་ཐུགས་ཀ་ནས་འོད་ཡར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་


PS009_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱིས་ཐུགས་རྒྱུད་བསྐུལ། སྟེང་གི་ནམ་མཁའ་ལ་བྱོན་པའི་ཐུགས་ཀ་ནས་འོད་ཐིག་ལེའི་ངོ་བོ་དཀར་ན་ར་ར་སྤྱི་གཙུག་གི་བུག་ག་ནས་བྱོན། བླ་མའི་སྐུ་ལ་ཕོག་པས་ལྕགས་ཚན་ལ་མར་བླུགས་པ་ལྟར། སོ་སྒྲ་དང་བཅས་ཏེ་མེ་འབར་ལུས་ཀྱི་ནང་ཐམས་ཅད་ཁེངས་པའི་དབུས་ན་བླ་མ་བཞུགས་པ་ལ་སེམས་གཏད་ན་བདེ་དྲོད་མྱུར་དུ་སྐྱེའོ། །འདི་ཤིན་ཏུ་ཟབ། གསང་ངོ་། ཨིྀྠ། ཤུ་བྷཾ། །


previousའདི་ན་མར་ལ་ནི་གུ་མའི་དམིགས་པ་གསུམ་བསྐོར་དམིགས་པ་ལྔ་བསྐོར་བདེ་མཆོག་གནད་གདམས་དབུ་མ་ཡི་གེ་བདུན་པས་དགང་པ། next