Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བཅུ་པ།


   
   
   
   
   
   
   
སེམས་འཆི་མེད་ཀྱི་འགྲེལ་པ་ཟུང་འཇུག་གསལ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསེམས་འཆི་མེད་ཀྱི་འགྲེལ་པ་ཟུང་འཇུག་གསལ་བ། next

སེམས་འཆི་མེད་ཀྱི་འགྲེལ་པ་ཟུང་འཇུག་གསལ་བ།


PS010_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་འཆི་མེད་ཀྱི་འགྲེལ་པ་ཟུང་འཇུག་གསལ་བ་བཞུགས་སོ། །མཉམ་མེད་ཆེན་པོ་སངས་རྒྱས་དཔལ་བཟང་པོའི་ཞལ་མངའ་ནས་མཛད་པ་ལགས་སོ། །


PS010_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་ཡེ་ཤེས་ཆེན་པོའི་ཁྲིད་ཡིག་ཟུང་འཇུག་གསལ་བ་ཞེས་བྱ་བ། འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །སྐྱེ་དང་འཆི་བའི་རྒུད་པ་ལས་སྒྲོལ་ཞིང་། །ཡེ་ཤེས་སྒྱུ་མ་རྟག་པའི་སྐུ་བརྙེས་པ། །ཁྱབ་བདག་བླ་མའི་ཞབས་ལ་གུས་བཏུད་ནས། །འཆི་མེད་ཁྲིད་ཀྱི་རིམ་པ་འདིར་བཤད་བྱ། །འདིར་རིགས་དྲུག་པ་རྡོ་རྗེ་འཆང་ཆེན་གྱིས། ཡེ་ཤེས་ཀྱི་མཁའ་འགྲོ་ནཻ་གུ་མ་ལ་གསུངས་པའི་འཆི་མེད་


PS010_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

མགོའི་སྒྱིད་པུ་གསུམ་བྱུང་བར་བསམ། རང་གི་ལག་པ་གཡས་སུ། ཡེ་ཤེས་ཀྱི་རལ་གྲི་རྣོ་ངར་དང་ལྡན་པ་ཞིག་གི་མགོ་བཅད་དེ། མདུན་གྱིས་བསྒྱེད་པོ་ལ་སྐལ་བར་བསམ་ཞིང་། ཨོཾ་ཨཱཿཧཱུཾ། ཞེས་བརྗོད་ལ། བདག་ལ་བུམ་པའི་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ། རང་གི་ལུས་ཀྱི་རོ་སྟོད་ཐོད་པའི་ནང་དུ་བརྒྱང་སྟེ་བསྐྱུར་བར་མོས་ལ། ཨོཾ་ཨཱཿཧཱུཾ། ཞེས་བརྗོད་ལ། གསང་བའི་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ། དེ་ནས་ལུས་ཀྱི་རོ་སྨད་ཐོད་པའི་ནང་དུ་རྒྱངས་ཏེ་སྐྱུར་ལ། ཨོཾ་ཨཱཿཧཱུཾ། ཞེས་བརྗོད་ཅིང་། བདག་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ། དེ་ནས་རང་སེམས་ཧེ་རུ་ཀ་ཕྱག་གཉིས་པའི་རྣམ་པར་གནས་པར་མོས། བླ་མའི་དཔྲལ་མགྲིན་སྙིང་ག་གསུམ་ནས་


PS010_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་དཀར་དམར་མཐིང་གསུམ་དཔག་ཏུ་མེད་པ་སྤྲོས་ཏེ། སློབ་མའི་གནས་གསུམ་དུ་ཐིམ་པས། དབང་པོ་གསུམ་དང་། བླ་མའི་གནས་གསུམ་བཅར་ནས། འོད་ཟེར་དཀར་དམར་མཐིང་གསུམ་དཔག་ཏུ་མེད་པ་སྤྲོས། སློབ་མའི་གནས་གསུམ་དུ་ཐིམ་པས། དབང་བཞི་པ་ཐོབ་པར་བསམ་མོ། །དེ་ནས་སངས་རྒྱས་བྱང་སེམས་སྐུ་གསུང་ཐུགས་རྡོ་རྗེའི་ལྷ་ཚོགས་ཀྱི་རྣམ་པར་བཞུགས་པ་རྣམས། བླ་མ་ལ་ཐིམ། དུས་བཞིའི་བླ་མ་རྣམས་ཀྱང་འོད་དུ་ཞུ་ནས་རྩ་བའི་བླ་མ་ལ་ཐིམ། རྩ་བའི་བླ་མ་ཡང་འོད་དུ་ཞུ་ནས་རང་ལ་ཐིམ་པས། རང་གི་སེམས་དང་བླ་མའི་ཐུགས་དབྱེར་མེད་རོ་གཅིག་ཏུ་འདྲེས་པར་མོས་ལ། དེའི་ངང་ལ་ཅུང་ཟད་ཙམ་མཉམ་པར་བཞག་གོ ༈ སྒྱུ་མ་ལམ་ཁྱེར་གྱི་བཀའ་ནི། སྔོན་འགྲོ་རྣམས་སྤྱི་དང་འདྲ། དངོས་


PS010_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ནི། སློབ་མ་བདེ་མཆོག་ལྷན་སྐྱེས་སུ་གསལ་བའི་མདུན་གྱིས་ནམ་མཁའ་ལ། དབུས་སུ་བླ་མ་དང་དབྱེར་མེད་ཀྱི་བདེ་མཆོག་ལྷན་སྐྱེས། ཤར་དུ་དགྱེས་མཛད། ལྷོར་མ་ཧཱ་མ་ཡ། ནུབ་ཏུ་གསང་འདུས། བྱང་དུ་འཇིགས་བྱེད་རྣམས་དང་། སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོས་བསྐོར་བར་དམིགས་ལ། དེ་རྣམས་ལ་མཆོད་པ་ཕུལ་ཞིང་མོས་གུས་གདུང་པ་བྱས་པས། འཁོར་ལོ་སྡོམ་པའི་ཐུགས་ཀ་ནས། ཨོཾ་ཡིག་དཀར་པོ་ཞིག་རྒྱངས་ཏེ་ཐོན་ནས། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཟླ་བ་ལ་འཁོད་པར་བསམ། དེ་ལས་འོད་ཟེར་འཕྲོས། ཞེས་པ་ནས། ཁྱེད་རང་གི་སེམས་ཉིད་དྭངས་མ་ཡེ་ཤེས་ལྔ་ལྡན་བདེ་མཆོག་ལྷན་ཅིག་སྐྱེས་པའི་སྐུར་གསལ་སིང་གི་ཞོག་ཞེས་པའི་བར། སྒྱུ་ལུས་དབང་མོ་ཆེའི་སྐབས་དང་འདྲ་བ་ལས།


PS010_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ལ་སོགས་པའི་ཡི་གེ་རྣམས་ཀྱང་། བླ་མ་འཁོར་ལོ་སྡོམ་པའི་ཐུགས་ཀ་ནས་སྤྲོ་བ་ནི་ཁྱད་པར་རོ། །དེ་ནས་སློབ་མའི་ལུས་ཀྱི་དབུས་སུ། རྩ་དབུ་མ་ཁ་དོག་དཀར་པོ། དེའི་ནང་སྤྱི་བོར་ཧཾ་དཀར་པོ་མགོ་མཐུར་བསྟན། མགྲིན་པར་ཨོཾ་དམར་པོ་མགོ་གྱེན་བསྟན། སྙིང་གར་ཧཱུཾ་སྔོན་པོ་མགོ་བོ་མཐུར་བསྟན། ལྟེ་བར་ཨཾ་དམར་སེར་མགོ་བོ་གྱེན་བསྟན་རྣམས་གསལ་བཏབ། དེ་ནས་སྤྱི་བོའི་ཧཾ་ལས་འོད་ཟེར་དཀར་པོའི་ཚོགས་དཔག་ཏུ་མེད་པ་བྱུང་། ལུས་ཀྱི་ནང་ཐམས་ཅད་གང་། སླར་འདུས་ཏེ་སྙིང་གའི་ཧཱུཾ་ལ་ཐིམ་པར་བསམ། དེ་བཞིན་དུ་མགྲིན་པའི་ཨོཾ་གྱི་འོད་ཟེར་སྙིང་གའི་ཧཱུཾ་ལ་ཐིམ་པ་དང་། སྙིང་གའི་ཧཱུཾ་གི་འོད་ཟེར་ལྟེ་བའི་ཨཾ་ལ་ཐིམ་པ་དང་། སླར་ཡང་ལྟེ་བའི་ཨཾ་གྱི་འོད་ཟེར་སྙིང་གའི་ཧཱུཾ་ལ་ཕོག་པ་སོགས་སྤྱི་བོའི་ཧཾ་གྱི་བར་མས་རིམ་གྱིས་བྱ། དེ་ནས་


PS010_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པའི། ཨོཾ་དང་། སྙིང་གའི་ཧཱུཾ་མི་དམིགས་པར་གྱུར། སྤྱི་བོའི་ཧཾ་ཞུ་སྟེ་ཐིག་ལེ་དཀར་པོ་གཅིག་ཏུ་གྱུར་ཏེ། སྙིང་གར་སླེབ། ལྟེ་བའི་ཨཾ་ཞུ་བ་ཐིག་ལེ་དམར་པོ་ཞིག་ཏུ་གྱུར་ཏེ་སྙིང་གར་སླེབ། ཐིག་ལེ་གཉིས་པོ་འགྲོས་འདེད་ཀྱི་ཚུལ་གྱིས་འཁོར་བ་བུམ་དབང་། རེག་པ་གསང་དབང་། རེག་པས་བདེ་བ་སྐྱེས་པ། ཤེར་དབང་། གཅིག་ལ་གཅིག་ཐིམ་པ་དབང་བཞི་པའོ། །རྗེས་རྣམས་སྤྱི་དང་འདྲ། ༈ ན་མོ་གུ་རུ། ཐབས་ལམ་སྒོམ་པའི་རྣལ་འབྱོར་ལ། །རྒྱུད་ལ་དུག་གསུམ་སྐྱེས་པ་ཡི། །དེ་ཡི་འབྲས་བུ་ནད་གསོ་ན། །ལུས་སྦྱོངས་འཁྲུལ་འཁོར་དག་གི་བཅོས། །གཏི་མུག་སྟོབས་ཀྱིས་བྱུང་གྱུར་ན། །རྣམ་པར་སྣང་མཛད་འདུག་སྟངས་དང་། །འོད་ཟེར་དཀར་པོའི་འཕྲོ་འདུ་ཡིས། །གཏི་མུག་མུན་པ་བསལ་


PS010_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ། །ཉོན་མོངས་གཏི་མུག་ཞི་བར་བསམ། །རྒོད་པའི་སྟོབས་ཀྱི་འགྲོ་འདོད་ན། །རང་ལུས་རྡོ་རྗེ་སྐྱིལ་ཀྲུང་དང་། །སྲིན་ལག་ནས་བཟུང་ལྟག་པ་ནས། །བཀུག་ནས་གཡས་གཡོན་དག་ཏུ་ནི། །དྲག་པོ་གསུམ་གསུམ་གཅུ་བར་བྱ། །སྤྱི་བོར་ཐལ་རྒྱབ་ཐིམ་པར་བསམ། །ཡི་དྭགས་སྟོབས་ཀྱི་ཁྲོ་ཚིག་ན། །དོན་ཡོད་གྲུབ་པའི་འདུག་སྟངས་ཀྱི། །རང་ལ་གནོད་པའི་ཡི་དྭགས་ནི། །བདུད་རྩིའི་རྒྱུན་གྱི་ཚིམ་པར་བྱ། །དེ་རྗེས་རྡོ་རྗེའི་སྐྱིལ་ཀྲུང་དང་། །འབར་བའི་ཕྱག་རྒྱ་ཐུགས་ཀར་བཅས། །ཁྲོ་བོའི་སྤྱན་གྱིས་ཕྱོགས་བཅུར་བལྟ། །ཕྱོགས་བཅུ་ས་བོན་མེ་འཁོར་གྱིས། །རང་ལ་གནོད་བྱེད་བསྐྲད་པར་བསམ། །ཁྲོ་བོའི་བཟླས་པ་བག་ཙམ་བྱ། །རྒྱུད་ལ་ཞེ་སྡང་སྐྱེས་གྱུར་པས། །འབྲས་བུ་སྟོད་དུ་གཟེར་བྱུང་ན། །རྡོ་རྗེའི་སྐྱིལ་ཀྲུང་བྲང་ཁ་རུ། །གཡས་གཡོན་དུ་ནི་གསུམ་


PS010_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བཅུས། །ཁྲོ་བོའི་སྤྱན་གྱིས་གཡས་གཡོན་བལྟ། །དེ་རྗེས་མཉམ་བཞག་ཕྱག་རྒྱ་ཡི། །ཕོ་བར་སྡོམས་ཏེ་ལན་གསུམ་བསྲང་། །རྒྱུད་ལ་འདོད་ཆགས་སྐྱེས་པ་ཡིས། །འབྲས་བུ་སྨད་དུ་ནད་བྱུང་ན། །ལུས་པོ་རྐྱང་སྟེ་རྐང་པ་གཡོན། །ལག་པ་གར་ཟན་འབྲུའི་ཕྱག་རྒྱ་བྱ། །དེ་གཉིས་དམིགས་པ་གཅིག་ཡིན་ཏེ། །སྙིང་གར་ཡི་གེ་མ་དང་ནི། །ཐིག་ལེ་དཀར་དམར་སྦྱོར་བ་ཡིས། །རྒྱུད་ལ་བདེ་སྟོང་སྐྱེས་པར་བསམ། །ཕྱིར་ཤོར་ནང་དུ་དྲོད་མེད་ན། །ལུས་སེམས་འཕྲལ་དེ་བསྡུ་བར་བྱ། །གཏུམ་མོ་དག་གི་མེ་ལ་ཡིན། །མེ་དེ་ཕྲ་བ་སྐུད་པ་ཙམ། །དབུ་མ་དབུ་ཞབས་སླེབ་བསམ་ལ། །དེ་ལས་མེ་གཏད་གསལ་བར་བསྒོམ། །དྲོད་སྐྱེས་བདེ་བ་མེད་གྱུར་ན། །ཐིག་ལེ་དབབ་པའི་མན་ངག་ནི། །སྡོམ་གསུམ་ཆོད་པའི་གདན་ལ་ནི། །ལྐོག་གི་ལངས་ལ་སྡིག་


PS010_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

འཛུབ་བརྐྱངས། །གཅུ་ཞིང་གཅུ་ཞིང་མདུན་མཐའ་དང་། །དེ་ནི་རྒྱབ་མཐའ་དེ་འོག་ཏུ། །སེམས་དཔའི་སྐྱིལ་ཀྲུང་སྲིན་ལག་བཟུང་། དྲག་ཏུ་གཅུ་ཞིང་ལག་ངར་ཤུད། །དེ་འོག་ལན་གསུམ་སྤྲུག་པར་བྱ། །དེ་ཡི་བདེ་བ་འབེབས་པ་ཡིན། །ལུས་སྦྱོངས་དེ་དག་གང་བྱེད་ཀྱང་། །རླུང་བཟུང་བ་ནི་ཤིན་ཏུ་གཅེས། །མཁའ་འགྲོ་ནེ་གུ་མའི་གདམས་པ་ཡང་དག་པའོ། ཟབ། ཨྀིྠ།། ༈ ན་མོ་གུ་རུ། སེམས་བསྐྱེད་སྔོན་དུ་སོང་བ་ལས། རང་གི་སྤྱི་བོར་འཁོར་ལོ་རྩིབས་བརྒྱད་པ་སྔོན་པོ་གཅིག་བསྒོམ། དེའི་ལྟེ་བ་ལ། ཨོཾ་ཧྲཱི་ཧ་ཧ་ཧཱུཾ་ཧཱུཾ་ཕཊ་ཀྱིས་སྔགས་ཀྱི་གཡོན་སྐོར་དུ་འཁོར་བ་ལ་དམིགས་པ་གཏད་པས། དེ་ལས་འོད་ཟེར་སྔོན་པོ་འཕྲོས་པས་ལུས་ལ་ཁྱབ་པས། ལུས་ཀྱི་སྡིག་པ་དང་སྒྲིབ་པ་དག་པར་བསྒོམ། །མགྲིན་པའི་འཁོར་ལོ་རྩིབས་བཞི་པ་དམར་


PS010_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱ་གཅིག་ལྟེ་བ་ལ། ཨོཾ་ཨཱཿཧྲཱིཿཧཱུཾ་ཕཊ་སྭཱ་ཧཱ། །ཞེས་པའི་སྔགས་ཀྱི་གཡས་སུ་བསྐོར་བ་ལ་སེམས་གཏད་པས། དེ་ལས་འོད་ཟེར་འཕྲོས་པས། མགྲིན་པ་འོད་ཀྱི་ཁྱབ་པས། ངག་གི་བྱས་པའི་སྒྲིབ་པ་དག་པར་བསྒོམ། །སྙིང་གར་འཁོར་ལོ་རྩིབས་བརྒྱད་པ་སྔོན་པོ་གཅིག་གི་ལྟེ་བ་ལ། ཨོཾ་དེ་ཝ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། །ཞེས་པའི་སྔགས་ཀྱི་གཡས་བསྐོར་དུ་འཁོར་བ་ལ་ཤེས་པ་གཏད། འོད་ཟེར་སྔོན་པོ་འཕྲོས། རོ་སྟོད་ཐམས་ཅད་འོད་ཀྱི་ཁྱབ་པས། སེམས་ཀྱི་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་དག་ནས། ལུས་ཤེལ་གོང་དག་པའི་རྣམ་པ་ལྟ་བུ་ཕྱི་ནང་ཐམས་ཅད་གསལ་སིང་སིང་བར་བསམ་མོ། །དེ་ལ་ཨེན་ཙམ་ཅིག་བསྒོམ། དེ་ནས་སྙིང་གའི་འཁོར་ལོ་ཡིག་འབྲུ་དང་བཅས་པ་དེ་སྔོ་འུབ་འུབ་པར་འདུས། །


PS010_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པའི་འཁོར་ལོ་ཡིག་འབྲུ་དང་བཅས་པ་ལ་ཐིམ། མགྲིན་པའི་འཁོར་ལོ་སྤྱི་བོ་ལ་ཐིམ་པ་དང་། ལུས་སྟོང་སང་སོང་བར་བསྒོམ། དེ་ནས་འོག་རླུང་དྲངས་ཏེ། ལྟེ་བ་རྒལ་པ་ལ་བཅར་ཏེ་མནན། རླུང་བཟུང་མིག་ཧྲིག་སྟོན། ཤེས་པ་རྟེན་མི་བཅའ་བ་ཕྱག་རྒྱ་ཆེན་པོའི་ངང་ལ་བཞག་གོ ། བདེ་མཆོག་དགྱེས་རྡོར་མ་ཧཱ་མ་ཡ་དང་། རྒྱུད་གསུམ་དྲིལ་བའི་གསང་བའི་མན་ངག་འདི། །ཐོ་རངས་ཀྱི་ཆ་ལ་མ་ཆག་པར་བསྒོམ་ན། དགེ་སྦྱོར་བོགས་ཆེ་བ་འོང་། ཚུལ་ཁྲིམས་འཆལ་པ་དང་དམ་ཚིག་ཉམས་པའི་སྒྲིབ་པས་མི་ཚུགས། རྡོ་རྗེའི་ཁྲུས་སུ་འགྱུར་རོ། །ནད་གདོན་གྱིས་མི་ཚུགས་པ་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་དོ། །མཁའ་འགྲོ་ནེ་གུའི་ཞལ་གདམས་སོ། །ཨྀིྠ། ༈ ཨོཾ་སྭ་སྟི། སྒྱུ་ལུས་སྦས་དོན་གྱིས་འཁྲུལ་འཁོར་ནི། །འབེབས་པའི་


PS010_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་འཁོར་རྣམ་གསུམ་ནི། །རྡོ་རྗེ་སྐྱིལ་ཀྲུང་ལན་གསུམ་རྡེག།རྡོ་རྗེ་ཁུ་ཚུར་ཐུར་དུ་རྡིག།བྱ་ཉོང་བྱ་ཞིང་ཐུར་དུ་རྡིག།འཛིན་པའི་འཁྲུལ་འཁོར་རྣམ་གསུམ་ཁུ་ཚུར་སྤྱི་ཕྱིར་གཙུག་རྡེག།ཁུ་ཚུར་སྤྱི་མཚམས་ཟླ་རྒྱུད་སྤུས་ཚུར་གན་རྐྱལ་སྤྱི་ནི། །ལུས་གནད་ཁུ་ཚུར་སྤྱི་མགོའི་སྟེང་ནུ་སྟེང་སྤུས་རྡེག།ས་གནོན་མཉམ་བཞག་ལ། །རླུང་གནད་བླ་མའི་ཞལ་ལས་ཤེས། །འདྲེན་སྔོན་མ་འདི་པའི་འཁྲུལ་འཁོར་རྣམ་གསུམ་ནི། །ལུས་གནད་རུས་སྦལ་ཁ་བུག་ལ། །ཧཱུཾ་རིངས་ཧཱུཾ་ཐུང་ཤང་ལམ་བཟློག།དགྲམ་པའི་འཁྲུལ་འཁོར་རྣམ་གསུམ་ནི། །གཅན་གཟན་རྒྱལ་པོའི་འདུག་སྟངས་དང་། །གཡང་མོའི་ལྡིང་སྤྲུག་རྒོད་ལྡིང་བྱ། །འཁྲུགས་སྡེབས་བླ་མའི་ཞལ་ལས་ཤེས། ༈ གཏུམ་མོ་གཏན་ཐོག་གྲུ་མོ་སྤུས་མོ་གྲངས་གཅིག་མ་ནི་སྐྱབས་སེམས་ལྷར་བསྒོམ།


PS010_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་རྣལ་འབྱོར་གསོལ་འདེབས་རྣམས། གཏུམ་པོ་རྒྱས་པ་བཞིན། རོ་རྐྱང་སྤངས་པའི་དབུ་མ། ཡས་སྣ་ཧར་ཐོན་སྣར། ཧཾ་དཀར། སྤྱི་བོ་སྟེང་བླ་མ། ཡུམ་བཅས་མ་གང་རུང་དབུ་མའི་མས་སྣར་རཾ་དང་། ལྟེ་བར་ཉི་གདན་ལ་ཨ་ཤད་བླ་མའི་ངོ་བོར་སྒོམ། རླུང་རོ་བུས། སྟེང་འོག་རླུང་ཁ་སྦྱར། དབུ་མ་ནས་རཾ་ལ་ཕོག་མེ་འབར། ཨ་ཤད་བསྲེགས། མེ་འབར་བའི་རྩེ་ལ་མཆོད་པ་དང་བཅས། བླ་མ་སངས་རྒྱས་བྱང་སེམས་མཆོད། སངས་རྒྱས་བྱང་སེམས་བླ་མར་ཐིམ། བླ་མ་དགྱེས་བཞིན་བདུད་རྩིར་ཞུ་བ་ཧཾ་ལ་ཐིམ་ཞིང་། ཧཾ་ལས་བདུད་རྩི་བབས། སྤྱི། མགྲིན། སྙིང་། ལྟེ། རྣམས་སུ་སླེབ། རིམས་ཀྱིས། བུམ། གསང་། ཤེར་དབང་། བཞི་པ་རྣམས་ཐོབ། འབར་འཛག་ལ་ཡིད་གཏད། བུམ་ཅན་བསྒོམས་


PS010_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན། འདི་ལ་གཏུམ་མོ་དངོས་གཞི་དོན་རྣམས་ཚང་བས། སྟན་ཐོག་གཅིག་མར་གྲགས། ཏཱ་ར་ནཱ་ཐའི་གསུང་ལས། བྱ་བཏང་བྱམས་པས་ཟིན་བྲིས་བགྱིས་པའོ། ༈ འཆུག་མེད་མཁའ་སྤྱོད་ཀྱི་འཕོ་བར་གྲགས་པ། འཕོ་བ་སྤེ་གཉིས་མ་ཟེར་བ་ནི། སྐྱབས་སེམས་གསོལ་འདེབས། འཕོ་བ་ཀྱུས་བཞིན། རང་ལུས་ཐ་མལ་གྱི་ལུས་དབུས་སུ། རྩ་དབུ་མ་སྲ་ཞིང་བརྟན་པ། སྤྱི་བོ་ནས། ལྟེ་འོག་ཟུག་པའི་ལྟེ་བར་ཨ་དཀར་པོ་མཁའ་སྤྱོད་མ་སྤྱི་བོར་བསྒྲད་བཞུགས། གསང་བ། ཚང་བུག་ལ་སྦྱར་བ། རང་གི་ལག་གཡས་སུ་རལ་གྲིས་ཐོད་པ་མདུན་དུ་ཕོག་པའི་ནང་དུ། ལུས་གསང་བ་ཡན། ཐོད་པར་སྐུར་བ། བདུད་རྩིར་གྱུར་ནས། མཁའ་སྤྱོད་མ་མཆོད་པ་བྱས་ཤིང་། ཧིག་ཞེས། ཨ་ལྟེ་བ་ནས་འཕར། དབུ་མ་


PS010_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་མཁའ་སྤྱོད་མའི་གསང་བར་ཞུགས། ཐུགས་ཀར་སླེབས། ཀ་ཞེས་ལྟེ་བར་ཕབ། མཁའ་སྤྱོད་མ་ཡར་འབུར། སླར་ཡང་བྱོན་ནས། སྤྱི་བོ་ནས་ཨ་བདུད་རྩིའི་རྣམ་པར་དབུ་མར་ཞུགས། ཨའི་ངོ་བོར་གྱུར། མཁའ་སྤྱོད་མ་འཕུར་ཏེ་གཤེགས། བསྔོ་བ་སྨོན་ལམ་བྱ། ༈ ཚང་དང་ཟུར་ཐིག་ལེགས་བཏབ་ནས། ཆ་ཆེན་བཅུ་དྲུག་སྒོ་བར་བྱ། དང་དྲུག་ཕྱེད་ཕྱེད་ཕྱི་མ་གདབ། །གཉིས་བདུན་བཞི་ཆ་བཞི་རུ་སྒོ། །གསུམ་པ་བཞི་པ་རང་སར་བཞག།ལྔ་བརྒྱད་དབུས་དོར་ཐ་གཉིས་གདབ། །དགུ་པ་རྩ་བའི་ཐིག་ཡིན་ཏེ། །བཅོ་ལྔ་པ་ནི་མདའ་ཡབ་ཐིག།དེ་གཉིས་ཟུར་ནས་ཟུར་དུའོ། །བཅུ་པ་ལ་སོགས་ཐིག་ལྔ་ནི། །ཟུར་ཐིག་ནས་བརྩམས་ཚང་ཐིག་ངོས། །གཉིས་པར་རེག་པ་དང་པོ་གཉིས། །བདུན་པར་ཐེག་པ་ཕྱི་མ་གསུམ།


PS010_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་ཐིག་ནས་བརྩམས་གཉིས་པ་ནི། །བཅུ་ནས་བཅུ་གཅིག་བར་དུའོ། །ཚང་ཐིག་ནས་བརྩམས་དང་པོ་ནི། །དགུ་ནས་བཅུ་གཉིས་ལ་རེག་པའོ། །དེ་ནས་ངོ་བོས་གསུམ་པའི་བར། །སྟེང་དུ་བཅུ་བཞི་པ་ལ་རེག།དེ་གཉིས་རྩེ་སྦྲེལ་བཞི་ནི། །བཅུ་བཞི་པ་ནས་བཅུ་བཞི་པ། །རྩེ་ནས་རྩེ་རུ་བཅུ་བཞི་པ། །ཚང་ཐིག་ནས་བརྩམས་ལྔ་པ་དང་། །དྲུག་པ་བདུན་རྣམས་བཅུ་གཅིག་ནས། །བཅོ་ལྔ་ཐིག་ལ་རེག་པར་གདབ། །མདའ་ཕྱིར་གཅིག་ནས་ཚང་ཐིག་སྟེངས། །ཆ་ཆུང་གཉིས་ཀྱི་སྟེང་དུ་བསྐོར། །གཡས་གཡོན་སྣེ་ལ་ཐུད་ནས་ནི། །ཆ་ཆུང་རེ་རེ་གཡས་གཡོན་བསྐོར། །དེ་ནང་ཆ་ཆུང་ཕྱེད་ཀྱི་བསྐོར། །ནང་གི་བསྐོར་ཐིག་ལ་རེག་པར། །བཅུ་དྲུག་ལ་སོགས་ཐིག་བཞི་ནི། །ཚང་ཐིག་ནས་བརྩམས་བདུན་པ་དང་། །དྲུག་ལྔ་བཞི་ལ་


PS010_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པར་གདབ། །དེ་དག་རྣམས་ཀྱི་རྩེ་མོའང་སྦྲེལ། །ཉི་ཤུ་ལ་སོགས་ཐིག་བཞི་ནི། །ཚང་ཐིག་ནས་བརྩམས་དང་པོ་ལ། །རེག་པ་ཙམ་དུ་གདབ་པར་བྱ། །ཡང་ན་རྩ་བ་ཆ་ཆུང་གཉིས། །རྩེ་མོ་ཆ་ཆུང་གཅིག་དབུས་རྭ། །ཚང་ཕྱིར་གཉིས་དང་མདའ་ཕྱིར་གཅིག།ཀ་རྒྱན་རྩེ་ནང་རྭ་བས་བསྐོར། །དེ་ནས་ངོས་གཉིས་སྟེང་དུ་གཅིག།ཕྱི་ནས་སྔ་མའི་ཚད་དུ། །དབུས་ཀྱི་ཆ་གསུམ་བཞི་བཞི་བསྐོར། །བཅུ་གཉིས་བཅུ་གཅིག་བཅུ་སྟེངས་བསྐོར། །གསུམ་པ་བཞི་པ་སྣོལ་བར་གདབ། །ལིང་ཚེ་དགུ་པར་འགྱུར་བ་ཡིན། །ཕྱི་རོལ་རིམ་པ་བསྐོར་ཐིག་རྣམས། །གཅིག་ཕྱེད་གཅིག་གི་ཚད་ཀྱི་བསྐོར། ༈ ཨོཾ་སྭ་སྟི། ལག་མཆོད་ནི། སྒྲུབ་དཀྱིལ་དང་འབྲེལ་བའམ། མ་འབྲེལ་ཡང་རུང་། ནང་མཆོད་བྱིན་རླབས་བྱས། ལག་གཡོན་གྱིས་མཐིལ་


PS010_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

དུ། པདྨ་འདབ་ལྔ་བསམ་པའི། ནང་མཆོད་ཐིག་ལེ་བཀོད། དབུས་ནས་བརྩམས་གཡོན་བསྐོར། ཨོཾ། བཾ། ཧཾ། ཡོཾ། ཧྲིཾ། མོཾ། ཧྲིཾ་ཧྲིཾ། ཧཱུཾ་ཧཱུཾ་ཕཊ། རྣམས་དཔའ་མོར་བསྐྱེད། སོར་མོ་རྣམས་ཀྱི། མཐེ་བོང་ནས་བརྩམས་ཏེ། གཡོན་བསྐོར་དུ། ཨོཾ་ཧ། ན་མ་ཧི། སྭཱ་ཧཱ། ཧཱུཾ། བོ་ཥ་ཊ་ཧེ། ཧཱུཾ་ཧཱུཾ་ཧོ། །སོར་རྩེ་རྣམས་སྡོམས་པའི་སྟེངས། །ཕཊཿཧཾ་རྣམས། དཔའ་བོ་དྲུག་ཏུ་བསྐྱེད། །སྔགས་དང་། འབྲུ་གསུམ་པའི་ནང་མཆོད་ཕུལ། ལག་པའི་འབྱུང་བ་ལྔ་རིགས་ལྔར་བསམ། ཐམས་ཅད་འོད་དུ་ཞུ། ལག་པར་ཐིམ། མཆོད་པ་སོགས་བྱིན་རླབས། ལག་པའི་མགུལ། ལྷག་པའི་ལྷའི་དལ་བསྐྱེད། མཆོད་པ་ཅི་འབྱོར་གྱིས་མཆོད། རྐང་བརྒྱད་ཀྱི་བསྟོད། འདོད་དོན་ཡིག་བརྒྱ། བཟོད་གསོལ། འཁྱུད་རྒྱ་དཔྲལ་མཚམས།


PS010_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཡོ་ག་སོགས། ལྷ་རང་ལ་ཐིམ་པར་བསམ། བསྔོ་བ་སོགས་བྱ། ཕག་མོ་ལ་དཔའ་བོ་དྲུག་དོར་ཞིང་། ལྷག་པའི་ལྷར་ཕག་མོ་བསྐྱེད་པ་གོ་རྗེས། དེ་བཞིན་མཆོད་པ་སོགས་བྱ་བ་རིགས་འགྲེའོ། མངྒ་ལཾ། །


PS010_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་ལེན་ཉི་མའི་དཀྱིལ་འཁོར་བཞུགས། །


PS010_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་རཏྣ་གུ་རུ། །སྣང་ཞིང་སྲིད་པས་བསྡུས་པའི་ཆོས་རྣམས་ཀུན། །རང་བཞིན་སྐྱེ་བ་མེད་པའི་དོན་རྟོགས་པའི། །གནམ་ལྕགས་མི་རྫི་སྣང་སྟོང་ལྷ་ཡི་སྐུ། །རྒྱུན་ཆད་མེད་པར་མཁྱེན་གཉིས་འགྲོ་དོན་མཛད། །རྟོགས་པའི་ཉི་ཟེར་འགྲོ་བའི་མུན་སེལ་བའི། །མཚུངས་མེད་དཔལ་ལྡན་བླ་མའི་ཞབས་ལ་འདུད། །འགྲོ་མགོན་དཔལ་ལྡན་བླ་མའི་ཞལ་སྔ་ནས། །བླ་མའི་དྲིན་གྱིས་གདམས་


PS010_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདྲེས་ཡོངས་སུ་རྫོགས། །དེ་ལྟར་ཆོས་རྣམས་ཐམས་ཅད་ཀུན། །མཁས་པས་ཡོངས་སུ་ཤེས་པར་བྱ། ཅེས་དང་། མཚན་བརྗོད་ལས། གཟུགས་མེད་གཟུགས་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །གཟུགས་བརྙན་མ་ལུས་འཆང་བ་པོ། །ཅེས་དང་། སོར་མོའི་ཕྲེང་བ་ལ་ཕན་པའི་མདོར། །སོར་མོའི་ཕྲེང་བས། བྱམས་མའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །སངས་རྒྱས་དང་ནི་ཉན་ཐོས་ཀྱིས། །གང་དེ་ཀུན་ཏུ་མ་མཉེས་པ། །ཆོས་དེས་མངོན་པར་སངས་རྒྱས་ནས། །སྲོག་ཆགས་རྣམས་ལ་བསྟན་པར་བྱ། །ཞེས་པའི་དོན་དྲིས་པ་ལས། །བདག་མེད་ཅིང་ཅི་ཡང་མི་དམིགས་པ་ནི་སངས་རྒྱས་ཀྱི་དགོངས་པ་ཡིན་པར་ལན་བཏབ་པའི་མཐར། །སོར་མོའི་ཕྲེང་བས། དེ་ལྟར་ཡང་མ་ཡིན་ཞིང་། སངས་རྒྱས་རྣམས་ཀྱིས་མ་


PS010_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

བརྙེས་བྱ་བ་དེ་ནི། འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་བྱས་པ་མ་བརྙེས་ནས་འདས་ཏེ། མ་བྱས་པའི་སངས་རྒྱས་ཀྱི་ཁམས་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པ་སེམས་ཅན་ཐམས་ཅད་ལ་ཡོད། ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་། དེ་བཞིན་གཤེགས་པའི་སྙིང་པོ་བྱས་པ་ནི་ནན་ཏན་དུ་བཙལ་ཀྱང་མ་བརྙེས་ཏེ། སེམས་ཅན་ཐམས་ཅད་ལ་མ་བྱས་པའི་སངས་རྒྱས་ཀྱི་དབྱིངས། སེམས་ཅན་ཐམས་ཅད་ལ་མཐའ་ཡས་པའི་མཚན་ཉིད་དང་དཔེ་བྱད་ཀྱིས་བརྒྱན་པ་ཡོད་དོ། །ཞེས་སོགས་གསུངས་པས་སོ། །བཞི་པ་དེ་ལ་ན་རྒྱུ་འཆི་རྒྱུ་མེད་པར་བསྟན་པ་ནི། དེ་ལ་ན་དང་འཆི་རྒྱུ་མེད། །ཞེས་གསུངས་ཏེ། །ན་བ་ནི་རླུང་མཁྲིས་བད་ཀན་འདུས་པའི་ལུས་འབྱུང་བཞི་ཆ་མ་སྙོམས་པས་ཟུག་རྔུ་འབྱུང་བ་ལ་ན་བ་ཞེས་བརྗོད་པ་ཡིན་ནོ། །འདིར་ནི་


PS010_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་དངས་འོད་ཀྱི་སྐུ་ཡིན་པས། །འབྱུང་བའི་ཁམས་ལས་འདས་པས་ན་བ་མེད་ལ། འཆི་བ་ཞེས་བྱ་བ་ནི། དབང་པོ་སྐད་ཅིག་མ་སྔ་མ་རྣམས་འགག་པ་ཡིན་ལ། སྐྱེ་བ་ནི་གསར་པ་རྣམས་ཐོབ་པའི་སྐད་ཅིག་ཡིན་ན། འདིར་ནི་འདུས་བྱས་ཀྱི་སྐད་ཅིག་ཐམས་ཅད་འགག་ཤིང་། འདུས་མ་བྱས་པའི་སྐུ་ཡིན་པས། སྐྱེ་བ་དང་འཆི་བ་མེད་པ་ཡིན་ཏེ། སོར་མོའི་ཕྲེང་བ་ལ་ཕན་པའི་མདོར། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་བྱིན་པར་བྱ། །ང་ནི་ཞི་བའི་མཐའ་ལ་གནས་པ་སྟེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ། །ཞེས་དང་། རྐང་པ་གཞན་རྣམས་འདྲ་བ་ལ། །འཆི་བ་མེད་པའི་མཐའ་ལ་ང་གནས་ཏེ། ཞེས་གསུངས་སོ། །ལྔ་པ་འཁོར་འདས་གཉིས་སུ་མེད་པར་བསྟན་པ་ནི།


PS010_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་མྱང་འདས་མ་གྲུབ་ཅིང་། །ཞེས་བྱ་བ་གསུངས་ཏེ། འཁོར་བ་ནི་ཆོས་ཐམས་ཅད་ཀྱི་འཁྲུལ་ལུགས་ཡིན་ལ། མྱ་ངན་ལས་འདས་པ་ནི་གནས་ལུགས་ཡིན་པས། དང་པོ་ཀུན་རྫོབ་དང་། ཕྱི་མ་དོན་དམ་པ་ཡིན་ལ། འདིར་ཡེ་ཤེས་ཀྱི་སྐུ་ནི་དོན་དམ་གྱི་སྐུ་ཡིན་པས། བདེན་གཉིས་ཟུང་དུ་ཆུད་པ་ཡིན་ཏེ། ཀྱཻ་རྡོ་རྗེ་ལས། འདི་ནི་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཉིད། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྙེད་མི་འགྱུར། །ཞེས་གསུངས་པས། རྣམ་པ་འཁོར་བ་དང་། །མྱ་ངན་ལས་འདས་པ་གཉིས་དབྱེར་མེད་པའོ། །དྲུག་པ་དེ་ལ་འཕོ་བྱ་འཕོ་བྱེད་མེད་པར་བསྟན་པ་ནི། འཕོ་བྱ་འཕོ་བྱེད་བྲལ་བས་ན། །དེ་ཕྱིར་འཆི་མེད་རང་གྲོལ་ལོ། །ཅེས་གསུངས་ཏེ། དེ་ལྟ་བུའི་ཡེ་ཤེས་ཀྱི་སྐུ་དེ་ལ། །འཕོ་བྱ་དང་འཕོ་བྱེད་དང་། འཕོ་ཡུལ་ལ་


PS010_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ཐ་དད་མེད་པས། དེའི་ཕྱིར་འཆི་མེད་རང་གྲོལ་དུ་བསྟན་པ་ཡིན་ནོ། །དེས་ན་འཆི་བའི་ཚེའང་གོང་གི་ཉམས་ལེན་ལས་གཞན་པ་འཕོ་བའི་གདམས་པ་ཟབ་མོ་བསྟན་རྒྱུ་མེད་དོ། །གསུམ་པ་འབྲས་བུ་བསྟན་པ་ལ་གཉིས། དེ་ལ་ཟུང་འཇུག་ཡེ་ཤེས་ཀྱི་གནས་ལུགས་མ་རྟོགས་ན་འབྲས་བུ་ཉམས་པའི་ཚུལ་དང་། ཟུང་འཇུག་རྟོགས་ན་གྲུབ་པའི་ཚུལ་ལོ། །དང་པོ་ནི། དེ་ལྟར་མ་རྟོགས་རྣལ་འབྱོར་པས། །བསྐལ་པར་བསྒྲུབས་ཀྱང་དོན་མེད་འགྱུར། །ལོག་པའི་ལམ་ཞུགས་ཁོ་ནར་ཟད། ཅེས་གསུངས་ཏེ། དེ་ལྟར་ཟུང་འཇུག་ཡེ་ཤེས་ཀྱི་སྐུ་མ་གཏོགས་པར་བེམ་པོ་རྣམ་པར་དཔྱད་པའི་སྟོ་ཉིད་དང་། ཆད་པའི་སྟོང་ཉིད་ལ་མཆོག་ཏུ་འཛིན་པའི། བཏགས་པའི་བསྐྱེད་རིམ་ལ་ཞེན་པ་རྣལ་འབྱོར་པ་ལྟར་སྣང་བས་བསྐལ་པ་མང་པོར་བསྒྲུབས་ཀྱང་


PS010_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མེད་པར་འགྱུར་ཞིང་། ལོག་པའི་ལམ་དུ་ཞུགས་པས་ངལ་བ་ཁོ་ནར་ཟད་དེ། འཇམ་དཔལ་གྱིས་རང་གི་ལྟ་བའི་འདོད་པ་མདོར་བསྟན་པ་ལས། བེམ་པོ་རྣམ་དཔྱད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །ཅེས་དང་། སྟོང་པ་ཉིད་ལ་བལྟ་ཉེས་ན། །ཤེས་རབ་ཆུང་རྣམས་འཕུང་བར་འགྱུར། །ཞེས་དང་། །སྤྱན་རས་གཟིགས་ཀྱིས་ཀྱང་། །རྣམ་པར་རྟོག་པ་བསྒོམ་པ་གོམས་པ་ནི། །གྲུབ་པ་འཇིག་རྟེན་པ་དག་འགྲུབ་འགྱུར་གྱིས། །འདོད་པའི་དངོས་གྲུབ་ཆེན་པོ་ག་ལ་ཞིག །ཅེས་གསུངས་པས་སོ། །གཉིས་པ་ཟུང་འཇུག་རྟོགས་ན་འགྲུབ་པའི་ཚུལ་ལ་གཉིས། འགྲུབ་པའི་ཚུལ་དང་། འབྲས་བུ་དེ་གཏན་ལ་དབབ་པའོ། །དང་པོ་ལ་བཞིའི་དང་པོ། མཚམས་མེད་ལྔ་རྫོགས་པས་ཀྱང་


PS010_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་ཚུལ་ནི། གང་གིས་མཚམས་མེད་ལྔ་རྫོགས་ཀྱང་། །འཆི་ཁའི་ཚེའམ་དུས་གཞན་དུ། །འཆི་མེད་རྡོ་རྗེའི་ཚིག་རྐང་བཞི། །སྐད་ཅིག་ཡུད་ཙམ་རྟོགས་པའམ། །དྲན་ཐོས་རེག་པར་གྱུར་པས་ཀྱང་། །གནོད་གཅོད་སྡུག་བསྔལ་རང་དག་ནས། །བར་དོར་ལོངས་སྐུར་མངོན་སངས་རྒྱ། །སྒྲིབ་པ་ཆུང་ལ་སྨོས་ཅི་དགོས། །འདི་ནི་འཆུག་མེད་གནད་ཡིན་ནོ། །ཞེས་གསུངས་ཏེ། སྐྱེ་བོ་གང་གིས་མཚམས་མེད་པ་ལྔ་གང་རུང་གི་ལས་རྫོགས་པས་ཀྱང་། །འཆི་ཀའི་ཚེའམ་དེའི་གོང་དུས་གཞན་དག་ཏུའང་རུང་སྟེ། དབང་བསྐུར་བ་ཐོབ་དམ་ཚིག་དང་ལྡན་པས། འཆི་མེད་རྡོ་རྗེའི་ཚིག་རྐང་པ་བཞི་པ་འདི་དུས་སྐད་ཅིག་ཡུད་ཙམ་རྟོགས་པའམ། སྔར་ཐོས་པ་དྲན་པའམ། རྣ་བར་ཐོས་པའམ། ཐ་ན་རེག་པར་གྱུར་པས་ཀྱང་། སྐྱེ་བོ་དེའི་


PS010_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

གནད་གཅོད་ཀྱི་སྡུག་བསྔལ་རང་སར་དག་ནས་བར་དོར་ལོངས་སྤྱོད་རྫོགས་པའི་སྐུར་མངོན་པར་སངས་རྒྱ་བར་འགྱུར་ན། སྒྲིབ་པ་ཆུང་བ་ལ་སྨོས་མི་དགོས་ཏེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་སྔ་ནས། མཚམས་མེད་ལྔ་པོ་དག་ནི་བྱེད་པ་རྣམས། །དབང་དོན་བདེ་བ་ཉིད་ནི་གང་ཞིག་གིས། །ཐབས་དང་ཤེས་རབ་བདག་ཉིད་རྒྱུད་དག་ལ། །རྒྱལ་བའི་བདག་པོས་རྗེས་སུ་བཟུང་བར་འགྱུར། །ཅེས་གསུངས་ཤིང་། རྒྱུད་བླ་མར་ཡང་། གང་ཞིག་ཡང་ཡང་སྡིག་གྲོགས་བརྟེན་པས་སངས་རྒྱས་ངན་སེམས་ལྡན་གྱུར་དང་། ཕ་མ་དགྲ་བཅོམ་གསོད་པར་བྱ་བ་མིན་བྱེད་མཆོག་ཚོགས་འཇེད་པའི་མི། །དེ་ཡང་ཆོས་ཉིད་ཉེ་བར་བསམས་པས་མྱུར་དུ་དེ་ལས་ཐར་འགྱུར་གྱི། །གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། ཅེས་གསུངས་ལ། འདིར་བཤད་པའི་འཆི་མེད་ཡེ་ཤེས་ཀྱི་སྐུ་ནི། དབང་


PS010_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པའི་དོན་ཡིན་ཞིང་། ཆོས་ཉིད་ཟབ་མོ་ཡང་ཡིན་པས། དེའི་ཕྱིར་སྒྲིབ་པ་ཆུང་བ་ལ་སྨོས་ཅི་དགོས། དེས་ན་ལམ་འདི་ནི་གོལ་འཆུགས་མེད་པའི་གནད་ཡིན་ནོ། །ཞེས་ཤེས་པར་བྱའོ། །གཉིས་པ་འཆི་ཁར་མན་ངག་མི་གསལ་ན་ཡང་འགྲུབ་ཚུལ་ནི། གལ་ཏེ་ལུས་སེམས་རྐྱེན་དབང་གིས། །འཆི་ཁར་གསལ་བར་མ་གྱུར་ཀྱང་། །དཔེར་ན་སྒྱོགས་ཀྱི་འཁྲུལ་འཁོར་བཞིན། །སྔར་གྱི་གནད་ཀྱི་བར་མ་དོར། །རྒྱལ་བ་ལོངས་སྐུར་རང་ཤར་འབྱུང་། ཅེས་གསུངས་ཏེ། དེ་ཡང་འཆི་མེད་ཀྱི་རྣལ་འབྱོར་སྔོན་དུ་གོམས་ཀྱང་། གལ་ཏེ་ལུས་སེམས་རྐྱེན་དབང་གིས་མྱོས་ཤིང་བརྒྱལ་བས། འཆི་ཁར་གདམས་པ་གསལ་བར་མ་གྱུར་ཀྱང་། བར་དོར་བག་ཆགས་སད་ནས་རང་གྲོལ་ཏེ། དཔེར་ན་སྒྱོགས་ཀྱི་འཁྲུལ་འཁོར་སྔོན་དུ་ལེགས་པར་གཏན་ལ་


PS010_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཕབ་ནས། ཕྱིས་ནམ་དགོས་དུས་ན་འབྱུང་བ་བཞིན། སྔར་གྱི་ཉམས་ལེན་གྱི་གནད་ཀྱིས་ཟིན་ནས། བར་དོར་རྒྱལ་བ་ལོངས་སྐུར་རང་ཤར་འབྱུང་ངོ། །གསུམ་པ་མཚམས་སྦྱོར་ངན་པ་བྱུང་ཡང་འགྲུབ་ཚུལ་ནི། མཚམས་སྦྱོར་ངན་པས་རྒྱུད་དཀྲུགས་ཀྱང་། །གསལ་དྭངས་རྫིང་བུར་རྡོ་རྒྱབ་བཞིན། །སྔར་གྱི་གནད་ཀྱིས་བར་མ་དོར། །ལོངས་སྐུ་བདེ་ཆེན་རང་ཤར་འབྱུང་། ཅེས་གསུངས་ཏེ། དེ་ཡང་རྣལ་འབྱོར་པ་གང་ཞིག་འཆི་བའི་ཚེ། ཕྱི་ནང་གི་མཚམས་སྦྱོར་ངན་པས་རྒྱུད་དཀྲུགས་ཀྱང་བར་དོར་གྲོལ། དཔེར་ན་རྙོགས་མ་དང་། ཆུ་རླབས་སོགས་དང་བྲལ་བའི་གསལ་ཞིང་དྭངས་པའི་ཆུས་གང་བའི་རྫིང་བུར་རྡོ་རྒྱབ་པའི་རྐྱེན་གྱིས་དར་གཅིག་ཆུ་འཁྲུགས་ཅིང་རྙོག་མར་གྱུར་ཀྱང་། སླར་ཡང་དྭངས་ནས་གསལ་བ་བཞིན་དུ། སྔར་གྱི་མན་ངག་གི་གནད་ཉམས་སུ་མྱོང་བའི་སྟོབས་ཀྱིས་བར་མ་དོར་ཡང་ཉམས་


PS010_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་གྱི་བག་ཆགས་སད་དེ། །ལོངས་སྐུ་བདེ་ཆེན་རང་ཤར་འབྱུང་བར་འགྱུར་རོ། །བཞི་པ་ཐོས་ནས་ཉམས་ལེན་མ་བྱུང་ཀྱང་འགྲུབ་ཚུལ་ནི། བརྟན་པར་མ་གྱུར་ལོང་མེད་ཀྱང་། །བཅོ་ལྔའི་ཉི་རྒས་ཟླ་ཤར་བཞིན། །འདིའམ་འཆི་ཁར་དྲན་ཐོས་ཀྱིས། །བར་དོར་ལོངས་སྐུར་ཐེ་ཚོམ་མེད། །ཅེས་གསུངས་ཏེ། གང་ཞིག་མན་ངག་ཐོས་ཀྱང་ཡུན་དུ་བརྟེན་པར་མ་གྱུར་ཏེ། །བསྒོམས་ལོང་མེད་པས་ཀྱང་འགྲུབ་སྟེ། དཔེར་ན་ཚེས་བཅོ་ལྔའི་ཉི་མ་རྒས་པ་དང་། ཟླ་བ་ཤར་ནས་སྣང་བ་མུ་འབྱོར་ནས་མུན་པ་སངས་པ་ལྟར། ཚེ་འདིའམ་འཆི་ཁར་ཡིད་ལ་དྲན་པ་དང་། །རྣ་བར་ཐོས་པའི་སྟོབས་ཀྱིས་སྒྲིབ་པ་དག་སྟེ། །འཆི་ཁའི་འོད་གསལ་ངོས་ཟིན་ནས་བར་དོར་ལོངས་སྐུ་ཐོབ་པར་ཐེ་ཚོམ་མེད་དོ། །འདི་རྣམས་ལ་སྔགས་ཀྱི་དམ་ཚིག་གཙང་བ་གལ་ཆེའོ། །གཉིས་པ་འབྲས་བུ་དེ་


PS010_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་ལ་དབབ་པ་ནི། རང་སེམས་སྐྱེ་མེད་ཆོས་སྐུ་ལས་འགག་མེད་གཟུགས་སྐུ་རང་ཤར་གྱིས། འཁོར་བའི་རྒྱ་མཚོ་མ་སྟོངས་བར། །གང་འདུལ་གཞན་དོན་ལྷུན་གྱིས་གྲུབ། །ངོ་བོ་རྣམ་པ་ཕྲིན་ལས་རྣམས། །ཟུང་འཇུག་ཆེན་པོར་རྟོགས་པར་གྱིས། །ཅེས་གསུངས་ཏེ། འབྲས་བུ་ཇི་ལྟར་འགྲུབ་པ་ཡང་། །སྔར་བསྟན་པའི་ཡེ་ཤེས་ཀྱི་སྐུ་དེ་ཉིད། སྒྲིབ་གཉིས་ཀྱི་བག་ཆགས་ཐམས་ཅད་བྲལ་བས་རང་གི་ངོ་བོ་ལྷུན་གྱིས་གྲུབ་པའི་ཡོན་ཏན་ཚད་མེད་པ་དང་ལྡན་ཞིང་ཟག་པ་མེད་པའི་བདེ་བ་ཆེན་པོ་དང་གཉིས་སུ་མ་མཆིས་པའི་འོད་གསལ་བ། སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གསལ་བར་རྟག་ཏུ་སྣང་བའི། རང་སེམས་དག་པ་ཆོས་ཀྱི་སྐུ་རང་དོན་དུ་ཐོབ་ནས། དེ་ལས་སྐད་ཅིག་ཀྱང་མ་གཡོས་བཞིན་དུ་སྔོན་གྱི་བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུ་འབད་རྩོལ་མེད་བཞིན་དུ། འགག་པ་མེད་པའི་གཟུགས་


PS010_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ། ལོངས་སྤྱོད་རྫོགས་པའི་སྐུ་རང་ཤར་གྱི་གདུལ་བྱ་དག་པ་རྣམས་དང་། སྣ་ཚོགས་པ་སྤྲུལ་པའི་སྐུ་དུ་མས་མ་དག་པའི་སེམས་ཅན་རྣམས་ལ། རང་རང་གི་མོས་པ་དང་མཐུན་པར་ཆོས་སྟོན་པ་ལ་སོགས་པའི་ཕྲིན་ལས་འཁོར་བའི་རྒྱ་མཚོ་མ་སྟོངས་བར་དུ། གང་ལ་གང་འདུལ་གྱིས་གཞན་དོན་རྒྱ་ཆེན་པོ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པ་འབྱུང་སྟེ། དེ་ཡང་ཆོས་སྐུའི་ངོ་བོ། ལོངས་སྐུའི་རྣམ་པ། སྤྲུལ་སྐུའི་ཕྲིན་ལས་རྣམས་དབྱེར་མེད་ཟུང་འཇུག་བདེ་བ་ཆེན་པོར་རྟོགས་པར་བྱ་སྟེ། རྒྱུད་བླ་མར། བདག་ཉིད་ཀྱིས་ནི་འབྱོར་པའི་གནས། །དམ་པའི་དོན་གྱི་སྐུ་ཡིན་ཏེ། །དྲང་སྲོང་རྣམས་ཀྱི་བརྡའ་ཡི་སྐུ། ཕ་རོལ་ཕུན་སུམ་ཚོགས་པའི་གནས། །ཞེས་གསུངས་པ་དང་། འཕགས་པ་ཀླུ་སྒྲུབ་ཀྱིས། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་


PS010_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

འདིར། བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། །ཆོས་ཀྱི་སྐུ་དེ་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་གསུངས་ཤིང་། ཕྲིན་ལས་མཛད་ཚུལ་ཀྱང་། །གསང་བ་བསམ་གྱིས་མི་ཁྱབ་པའི་མདོར་ཡང་། འཁྲུལ་འཁོར་ལས་བྱུང་སིལ་སྙན་ནི། །རླུང་གིས་བསྐྱོད་ན་སྒྲ་འབྱུང་བ། །དེ་ལ་ཁྲོལ་བྱེད་མེད་མེད་ཀྱི། །འོན་ཀྱང་སྒྲ་དག་འབྱུང་གྱུར་པ། །དེ་བཞིན་ལེགས་པར་སྔར་སྦྱངས་ཕྱིར། །སེམས་ཅན་བསམ་པས་བསྐུལ་བས་ནི། །འོན་ཀྱང་སྒྲ་དག་འབྱུང་མོད་ཀྱི། །འདི་ལ་རྟོག་པ་ཡོངས་མི་མངའ། །ཞེས་དང་། རྒྱུད་བླ་མར་ཡང་། དེ་བཞིན་ཁྱབ་བདག་འབད་སོགས་དང་། །བྲལ་ཡང་འགྲོ་བ་མ་ལུས་པ། །སངས་རྒྱས་གསུང་གིས་ཁྱབ་མཛད་དེ། །སྐལ་ལྡན་རྣམས་ལ་ཆོས་སྟོན་ཏོ། །ཞེས་དང་། ཕྲིན་ལས་གཉིས་སུ་འདུ་བ་ཡང་། །རྒྱུད་བླ་མར། གདུལ་བྱའི་


PS010_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་དང་འདུལ་བའི་ཐབས་དང་ནི། །གདུལ་བྱའི་ཁམས་ཀྱིས་འདུལ་བའི་བྱ་བ་དང་། དེའི་ཡུལ་དང་དུས་སུ་གཤེགས་པ་ལ། །ཁྱབ་བདག་རྟག་ཏུ་ལྷུན་གྱིས་གྲུབ་པར་འཇུག །ཅེས་དང་། གཞན་གྱི་དབང་གིས་ངེས་འབྱུང་དང་། །བདག་དང་སེམས་ཅན་མཚུངས་གཟིགས་དང་། །མཛད་པ་ཡོངས་སུ་མ་རྫོགས་ཕྱིར། །འཁོར་བ་སྲིད་དུ་མཛད་མི་འཆད། །ཅེས་གསུངས་པས་སོ། །གསུམ་པ་རྗེས་ཀྱི་ཆོས་ལ་ལྔ་ལས། དང་པོ་འཆི་མེད་རྟོགས་ན་ཐ་མལ་ཀྱང་མཁའ་སྤྱོད་ཐོབ་ཚུལ་ནི། འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །འཆི་རྒྱུ་མེད་པ་དབང་པོ་རབ། །དེ་དོན་སྐད་ཅིག་རྟོགས་གྱུར་པས། །དག་པ་བདེ་སྟོང་མཁའ་སྤྱོད་འགྲོ། །ཞེས་གསུངས་ཏེ། དེ་ཡང་འཆི་བ་ཞེས་བྱ་བ་ནི། རྣམ་པར་རྟོག་པ་ཙམ་ཡིན་ཏེ།


PS010_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་མཆོག་ལས། འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །ཞེས་གསུངས་སོ། །དེས་ན། རྟོགས་བྲལ་ཡེ་ཤེས་ཀྱི་སྐུ་ལ་འཆི་རྒྱུ་མེད་པར་རྟོགས་པ་ནི་དབང་པོ་རབ་ཡིན་ལ། དེའི་དོན་ཆ་ཤས་ཙམ་སྐད་ཅིག་རྟོགས་པར་གྱུར་པའི་དབང་པོ་ཐ་མལ་ཀྱང་། དག་པ་བདེ་སྟོང་གི་མཁའ་སྤྱོད་དུ་འགྲོ་སྟེ། སློབ་དཔོན་རྡོ་རྗེ་དྲིལ་བུ་པས། གལ་ཏེ་འཕོ་འགྱུར་རྣལ་འབྱོར་པ། །མཁའ་ལ་སྤྱོད་པའི་གནས་སུ་ཁྲིད། །ཅེས་གསུངས་ལ། ཁྲི་ཚུལ་ཡང་། སློབ་དཔོན་པུ་རི་པས། འཆི་ཚེ་མགོན་དང་དཔའ་བོ་མ་ཚོགས་ཀྱིས། །མེ་ཏོག་རྒྱལ་མཚན་གདུགས་སོགས་ཐོགས་ནས་ཀྱང་། །རོལ་མོ་གླུ་དང་སྒྲ་སྙན་ཚོགས་མཆོད་ནས། །མཁའ་ལ་སྤྱོད་པའི་གནས་སུ་ཁྲིད་པར་ཤོག །ཅེས་གསུངས་པ་ལྟར་ཤེས་པར་བྱའོ། །གཉིས་པ་དེ་དུས་གསུམ་རྒྱལ་བ་


PS010_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་ལམ་དུ་བསྟན་པ་ནི། དུས་གསུམ་རྒྱལ་བས་འདི་རྟོགས་པས། །བདུད་བརྟུལ་སངས་རྒྱས་འཁོར་ལོ་བསྐོར། །དི་ཕྱིར་རྒྱལ་པའི་ཐུགས་བཅུད་འདི། །མདོ་རྒྱུད་དུ་མར་བསྟན་གྱུར་ཀྱང་། །ཅེས་གསུངས་ཏེ། དུས་གསུམ་གྱི་རྒྱལ་བས་ཀྱང་འཆི་མེད་ཀྱི་གནད་འདི་རྟོགས་པས་བདུད་བཞི་བཏུལ་ནས་མངོན་པར་སངས་རྒྱས་ནས་གཞན་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་ཏེ། ཇི་སྐད་དུ། དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །རྡོ་རྗེ་སྔགས་ཀྱི་མཐུ་ཡིན་ཏེ། །ཡེ་ཤེས་མཉམ་མེད་ཡང་དག་མཉེས། །གང་གི་ཤཱཀྱ་སེང་གེ་སོགས། །སྐྱབ་པ་རྣམས་ཀྱིས་བདུད་ཀྱི་སྡེ། །མི་ཟད་ཆེན་པོའི་དཔུང་ཆེན་བཅོམ། །འཇིག་རྟེན་རྗེས་འཇུག་བཏགས་ནས་ནི། །འཁོར་ལོ་བསྐོར་ཏེ་མྱ་ངན་


PS010_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

འདས། །ཅེས་གསུངས་སོ། །དེའི་ཕྱིར་རྒྱལ་བའི་ཐུགས་བཅུད་དམ་པ་འདི། །མདོ་རྒྱུད་དུ་མར་བསྟན་པར་གྱུར་ཀྱང་ནི། །རྟོག་གེའི་སྤྱོད་ཡུལ་གྱིས་རྟོགས་པ་མ་ཡིན་ཏེ། །རྒྱུད་བླ་མར། ཕྲ་ཕྱིར་ཐོས་པའི་ཡུལ་མིན་ཕྱིར། །དོན་དམ་ཡིན་ཕྱིར་བསམ་པས་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །བསྒོམ་པ་ལ་སོགས་ཡུལ་མ་ཡིན། །ཞེས་གསུངས་པས་སོ། །གསུམ་པ་དེ་བླ་མ་དམ་པ་མཉེས་པར་བྱས་པ་ལས་རྟོགས་ཚུལ་ནི། དམ་པའི་དྲིན་གྱིས་མ་གཏོགས་པ། །ཐབས་གཞན་གང་གིས་རྙེད་མི་འགྱུར། །དེ་ཕྱིར་བླ་མ་མཆོག་བསྟེན་པ། །གུས་ཤིང་མཉེས་པ་མཆོག་ཡིན་ནོ། །ཞེས་གསུངས་ཏེ། རྒྱལ་བའི་ཐུགས་བཅུད་དེ་ཁོ་ན་ཉིད་གང་གིས་རྟོགས་ན། བླ་མ་དམ་པའི་བཀའ་དྲིན་ཐོབ་པ་མ་གཏོགས་པ། གོང་དུ་བཤད་པའི་ཐོས་


PS010_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་པ་ཐབས་གཞན་གང་གིས་ཀྱང་རྙེད་པར་མི་འགྱུར་ཏེ། སློབ་དཔོན་ཨཱརྱ་དེ་བས། བསྐལ་པ་བྱེ་བ་དུ་མ་རུ། །ཐོས་པའི་ཕ་རོལ་སོན་གྱུར་ཀྱང་། །བླ་མའི་ལུང་དང་བྲལ་བ་ཡི། །བདག་བྱིན་རླབ་པ་རྙེད་མི་འགྱུར། །དེས་ན་ཡང་དག་དོན་བཙལ་རིགས། །ཞེས་གསུངས་པས། དེའི་ཕྱིར་བླ་མ་མཆོག་སྟེ། མཚན་ཉིད་དང་ལྡན་པ་བསྟེན་ནས། སྒོ་གསུམ་གུས་ཤིང་ཐུགས་མཉེས་པར་བྱས་པ་ལས་བྱིན་རླབས་འཇུག་ཅིང་། ཟབ་དོན་རྙེད་པ་མན་ངག་གི་གནད་ཡིན་ཏེ། །ཀྱེ་རྡོ་རྗེ་ལས། གཞན་གྱིས་བརྗེད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མ་རྙེད་པ། །བླ་མའི་དུས་ཐབས་བསྟེན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་པ་དང་། གསང་


PS010_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདུས་པ་རིམ་ལྔ་ལས། རི་དབང་རྩེ་ནས་འགའ་ཞིག་ལྷུང་གྱུར་ཀྱང་། །ལྷུང་བར་མི་བྱ་སྙམ་ཡང་ལྷུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ནས། །གྲོལ་བར་མི་བྱ་སྙམ་ཡང་གྲོལ་བར་འགྱུར། །ཞེས་པ་དང་། དཔལ་དོན་པའི་བསྙེན་པ་ལས་ཀྱང་། །འདོད་པའི་དངོས་གྲུབ་སློབ་དཔོན་ཞལ་གྱི་རྗེས་འབྲེང་བར། །མ་ལུས་རྡོ་རྗེ་ཐེག་པར་ཐམས་ཅད་མཁྱེན་པས་གསུངས། །ཞེས་གསུངས་པས། གསང་སྔགས་རྡོ་རྗེ་ཐེག་པ་ཟབ་མོ་སྟོན་པའི་བླ་མ་ལ། སངས་རྒྱས་དངོས་ཡིན་པའི་མོས་པ་བྱ་དགོས་ཏེ། བླ་མ་ལྔ་བཅུ་པ་ལས། འདིར་མ་སྨྲས་པས་ཅི་ཞིག་དགོས། བླ་མ་དགྱེས་བྱེད་གང་ཡིན་བྱ། །མི་མཉེས་བྱེད་ཀུན་སྤང་པ་ཡིན། །དེ་དང་དེ་ལ་འབད་དེ་སྤྱད། །དངོས་གྲུབ་སློབ་དཔོན་རྗེས་


PS010_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེང་ཞེས། །རྡོ་རྗེ་འཛིན་པ་ཉིད་གསུང་པར། །ཤེས་ནས་དངོས་པོ་ཐམས་ཅད་ཀྱིས། །བླ་མ་ཡོངས་སུ་མཉེས་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །བཞི་པ་ཡིད་ཆེས་ལུང་གིས་བརྒྱན་ཏེ་ཆིག་བརྒྱུད་ལ་བསྟན་པ་ནི། སྙིགས་མ་ལོག་ལྟས་རྒྱུད་དཀྲུགས་ཚེ། །ཡིད་ཆེས་ལུང་གིས་བརྒྱན་པར་བྱའོ། །འཆི་མེད་ཡེ་ཤེས་ཆེན་པོ་འདི། །ཆིག་རྒྱུད་རྡོ་རྗེའི་རྒྱ་ཡིས་བཏབ། །མི་རབས་བདུན་ན་གསུམ་པའོ། །ཞེས་གསུངས་ཏེ། དུས་དང་སེམས་ཅན་དང་། ཚེ་དང་། ལོངས་སྤྱོད། ལྟ་བའི་སྙིགས་མ་ལྔ་བརྡོ་བས། །སྐྱེ་བོ་རྣམས་ལོག་ལྟས་རྒྱུད་དཀྲུགས་པའི་ཚེ། མན་ངག་ལ་ལོག་བལྟ་དང་ཐེ་ཙོམ་འབྱུང་བས་ཡིད་ཆེས་བསྐྱེད་པའི་ཕྱིར་དུ། ལུང་རྣམ་པར་དག་པས་


PS010_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་ཏེ། འཆི་མེད་ཡེ་ཤེས་ཆེན་པོ་འདི། །མི་རབས་བདུན་དུ་ཆིག་བརྒྱུད་དུ་བཤད་ཅིང་། དེ་ལས་མི་འདའ་བར་རྡོ་རྗེའི་རྒྱ་ཡིས་བཏབ་སོ། །མི་རབས་བདུན་པོ་ནས་བརྒྱུད་པ་གསུམ་པ་ཡིན་ནོ་ཞེས་པ་ནི། གྲུབ་ཐོབ་ཁྱུང་པོ་ཉིད་དང་སངས་རྒྱས་སྟོན་པ་གཅིག་པར་བསྟན་པའོ། །རང་སེམས་འཆི་མེད་རང་གྲོལ་རྫོགས་སོ། །ཞེས་པ་ནི་གཞུང་རྫོགས་པའི་ཐ་ཚིག་གོ། ལྔ་པ་འགྱུར་བྱང་སྨོས་ཤིང་བཤད་ཚུལ་ནི། ཡེ་ཤེས་ཀྱི་ཌཱ་ཀི་མས་སེང་ལྡེང་གི་ནགས་བསེབ་དུ་གསུངས་ནས། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་བའོ། །ལོ་ཙཱ་བ་རིན་ཆེན་བཟང་པོས་ཀྱང་གཏན་ལ་ཕབ་པའོ། །ཌཱ་ཀི་མ་དེ་ཉིད་ལ། བདག་ཁྱུང་པོ་རྣལ་འབྱོར་པས། གསེར་སྲང་ལྔ་བརྒྱ་ཕུལ་ནས་ཞུས་ཏེ། ཉམས་


PS010_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མྱོང་བར་བྱས་པའོ། །ཞེས་པ་ནི་བསྒྱུར་ཚུལ་དང་། དཀའ་བ་སྤྱད་དེ་ཉམས་སུ་མྱོང་ཚུལ་ལོ། །འཆི་མེད་ཡེ་ཤེས་ཆེན་པོའི་རྡོ་རྗེ་ཡི། །ཚིག་གི་འགྲེལ་པ་ཟུང་འཇུག་གསལ་བ་འདི། །འཕགས་ནོར་བདུན་ལྡན་བཤེས་གཉེན་དམ་པ་ནི། །དཔལ་ལྡན་གྲགས་པས་ཡང་ཡང་གསོལ་བཏབ་ངོར། །རྣམ་དག་ལུང་དང་བླ་མའི་མན་ངག་ལྟར། །སངས་རྒྱས་དཔལ་གྱིས་ལྐུགས་ལུང་དགོན་པར་བཀོད། །དག་པར་བསམས་མོད་གལ་ཏེ་ནོངས་སྲིད་ན། །བླ་མ་མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་གསོལ། །འདི་བྲིས་དགེ་བ་གང་ཞིག་ཐོབ་པ་དེས། །འགྲོ་ཀུན་འདིར་བཞུགས་སངས་རྒྱས་ཐོབ་པར་ཤོག །ཤུབྷམསྟུསརྦཛགཏཱཾ། །ཤུ་བྷཾ།། །།


previousསེམས་འཆི་མེད་ཀྱི་འགྲེལ་པ་ཟུང་འཇུག་གསལ་བ། next