Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བཅུ་པ།


   
   
   
   
   
   
   
   
   
འཆི་མེད་ཀྱི་ཞལ་གདམས་མཐོང་གྲོལ་ཡིད་བཞིན་ནོར་བུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཆི་མེད་ཀྱི་ཞལ་གདམས་མཐོང་གྲོལ་ཡིད་བཞིན་ནོར་བུ། next

འཆི་མེད་ཀྱི་ཞལ་གདམས་མཐོང་གྲོལ་ཡིད་བཞིན་ནོར་བུ།


PS010_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་ཀྱི་ཞལ་གདམས་མཐོང་གྲོལ་ཡིད་བཞིན་ནོར་བུ་བཞུགས། །མཁས་གྲུབ་ཆོས་ཀྱི་རྗེ་རིན་པོ་ཆེ་ཡབ་སྲས་བརྒྱུད་པ་དང་བཅས་པ་རྣམས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་ལུང་སྦྱོར་ཡིན་བརླབ་ཏུ་གསོལ་ལོ། །ཕྱག་རྒྱ་ཆེན་པོ་སེམས་འཆི་མེད་ཀྱི་ཁྲིད་ཀྱི་སྐབས་སུ་གསུངས་པའི་ཞལ་གདམས་དང་། ལུང་སྦྱོར་རྣམས་ཕྱོགས་གཅིག་ཏུ་བྲི་བར་བྱའོ། །དེ་ཡང་བླ་མའི་རྣལ་འབྱོར་ཕྱག་ཆེན་ལྟར་རྒྱས་པར་ཕོག་ནས། སྔོན་འགྲོ་སེམས་བསྐྱེད་ཀྱི་སྐབས་སུ། སྤྱིར་


PS010_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཐེག་པ་གསང་སྔགས་ཀྱི་ཆོས་ཐམས་ཅད་སྨིན་གྲོལ་གཉིས་སུ་འདུས་པ་ཡིན་ཏེ་སྣང་བ་རྡོར་རྗེ་འཆར་བའི་རྒྱུད་ལས། གང་ཕྱིར་རྡོ་རྗེ་འཆང་ཆེན་གྱིས། །གསུངས་པའི་དོན་ནི་རྣམ་མང་པོ། །མདོར་བསྡུས་རྣམ་པ་གཉིས་ཡིན་ཏེ། །སྨིན་པ་དང་ནི་གྲོལ་བའོ། །ཅེས་སོ། །དེ་ལ་སྨིན་པར་བྱེད་པའི་དབང་ཐོབ་དགོས་ལ། དེ་མ་ཐོབ་ན་ཉན་པ་དང་བསྒོམ་པ་བྱས་ཀྱང་། འབྲས་བུ་མེད་དེ། ཐིག་ལེའི་རྒྱུད་ལས་དབང་མེད་པ་ལ་དངོས་གྲུབ་མེད། །བྱེ་མ་བཙིར་ཡང་མར་མེད་བཞིན། །གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་པར་འཆད་བྱེད་པ། །སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་པར་སྐྱེ། །དེ་བས་འབད་པ་ཐམས་ཅད་ཀྱིས། །བླ་མ་ལ་ནི་དབང་ཐོབ་ཞུ། །ཅེས་སོ། །དེ་ལྟར་དབང་ཐོབ་པའི་ལམ་བསྐྱེད་རྫོགས་གཉིས་ཡིན་ཏེ། རྒྱུད་ལས། སངས་རྒྱས་རྣམས་ཀྱི་ལམ་འདི་


PS010_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །རིམ་པ་གཉིས་མས་ཡང་དག་བརྟེན། །བསྐྱེད་པའི་རིམ་པ་དང་པོ་སྟེ། །རྫོགས་པའི་རིམ་པ་གཉིས་པའོ། །ཅེས་སོ། །དེ་ལ་སློབ་དཔོན་ཀླུ་སྒྲུབ་ཀྱི་ལུགས་ཀྱིས། བསྐྱེད་རིམ་དང་པོར་བསྟན་ནས། རྫོགས་རིམ་བསྒོམ་པར་བཞེད་དེ། །རིམ་ལྔ་ལས། བསྐྱེད་པའི་རིམ་པ་ལེགས་གནས་ནས། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་སྐས་ཀྱི་རིམ་པ་ལྟར། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་བཤད། །ཅེས་སོ། །ནཱ་རོ་པ། ངོ་བོ་ཟུང་འཇུག་བསྒོམ་པ་རིམ་གྱིས་སར་འདོད་དེ། བརྟག་གཉིས་ལས། བསྐྱེད་པའི་རིམ་པ་ཉིད་དང་ནི། །རྫོགས་པ་ཡི་ཡང་རིམ་པ་ཉིད། །རིམ་གཉིས་མཉམ་པར་གནས་ནས་ནི། །རྡོ་རྗེ་ཅན་གྱི་ཆོས་འཆད་དོ། །ཅེས་སོ། །འདིར་གོམས་པ་རིམ་གྱིས་པའི་དབང་དུ་


PS010_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས། བསྐྱེད་རིམ་དང་པོར་སྟོན་པ་ལ། རྒྱས་འབྲིང་གསུམ་དུ་གསུངས་པ་ནི། རྒྱུད་ལས། དེ་ནས་ལྷ་རྣམས་བསྒོམ་པ་ནི། དབང་པོ་རབ་འབྲིང་ཐ་མ་སྟེ། །རབ་ཀྱི་དཀྱིལ་འཁོར་རྫོགས་པ་ལ། །བསྒོམ་དང་བཟླས་པ་བྱ་བར་གསུངས། །འབྲིང་གི་གཙོ་བོ་ཡབ་ཡུམ་སྟེ། །ཐ་མས་དབུ་མའི་སྤྱན་ལ་འཇུག །དབུ་མའི་སྤྱན་ལ་བརྟན་གྱུར་ནས། །སུམ་ཅུ་རྩ་བདུན་རྫོགས་པར་བསྒོམ། །ཅེས་སོ། །དབང་པོ་འབྲིང་གི་དབང་དུ་བྱས་ནས། ཁྲིད་ཀྱི་སྐབས་འདིར་གཙོ་བོ་ཡབ་ཡུམ་ལ་བརྟེན་ནས་བསྒོམ་པ་སྟོན་པར་བྱེད། འདི་ཉིད་ཀྱི་རྡོ་རྗེའི་ཚིག་རྐང་ལས། རང་ལུས་ཡི་དམ་ཡབ་ཡུམ་གྱི། །སྤྱི་གཙུག་ས་བོན་འོད་ཟེར་གྱིས། །ལུས་ཀྱི་ཕྱི་ནང་ཐམས་ཅད་ཀུན། །སྐད་ཅིག་སྟོང་གསལ་ཉིད་སྦྱངས་པས། །རང་བཞིན་མེད་བཞིན་སྐུ་མདོག་དང་། །ཞལ་ཕྱག་རྒྱན་དང་མེ་དཔུང་བཅས། །


PS010_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ལ་རྟོག་པ་མེད་པ་ཡི། །ཟག་མེད་བདེ་སྟོང་ཆེན་པོར་བལྟོས། །ཅེས་སོ། །འདིའི་དམིགས་པའི་རིམ་པ་རྣམས་ནི། ཁྲིད་ཡིག་ན་གསལ་ལ། སྐད་ཅིག་ཀྱང་མ་ཡེངས་པར་རྟག་ཏུ་བསྒོམ་དགོས་པ་ནི། བརྟག་གཉིད་ལས། བསམ་པ་ཐམས་ཅད་ཡོངས་སྤང་ནས། །ལྷ་ཡི་ལུས་སུ་སེམས་པ་ཡི། །ཉི་མ་གཅིག་ཀྱང་མ་ཆད་པར། །བསྒོམ་པ་ཡོངས་སུ་བརྟག་པར་བྱ། །འཁོར་བར་ཐབས་གཞན་ཡོད་མ་ཡིན། །ཅེས་སོ། །དེ་ལྟར་བསྐྱེད་པའི་རིམ་པ་བསྒོམས་པའི་འབྲས་བུ་ནི། སངས་རྒྱས་དེ་ཉིད་མ་བསྒོམས་ན། །བྱང་ཆུབ་མ་ཐོབ་ན་ཡང་སྐྱེ། །སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །འཁོར་ལོས་བསྒྱུར་རྒྱལ་ཉིད་དུ་འགྱུར། །ཡང་ན་ས་བདག་ཉིད་དུ་འམ། །དག་པའི་ཞིང་དུ་འགྲོ་བར་འགྱུར། །ཅེས་སོ། །ཡང་། མཐར་ཐུག་གི་འབྲས་བུ་གཟུགས་སྐུ་རྣམ་


PS010_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་ཀྱིས་སེམས་ཅན་གྱི་དོན་བྱེད་པ་ནི། སཾ་བུ་ཊི་ལས། བདག་ཉིད་སངས་རྒྱས་ང་རྒྱལ་གྱིས། །སངས་རྒྱས་ཉིད་ཡུན་རིང་མི་འགྱུར། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུ་ཐོབ། །ཅེས་སོ། །དེ་ལྟར་རང་ལུས་ལྷའི་སྐུར་གསལ་བ་དེ་ཉིད། རང་གི་སེམས་ཉིད་སྟོང་པའི་གཟུགས་བརྙན་ཡིན་ལ། སེམས་ལས་གཞན་པའི། ཕྱི་རོལ་ན་ལྷ་བདེན་པར་གྲུབ་པ་མེད་དེ། །རྡོ་རྗེའི་ཚིག་རྐང་ལས། སེམས་ཉིད་སྣང་སྟོང་ལྷའི་སྐུ། །ལྷ་འདི་རང་གི་སེམས་ཉིད་དེ། །སེམས་དང་ལྷ་སྐུ་དབྱེར་མེད་པ། །རྨི་ལམ་ཡུལ་དང་ཆུ་ཟླ་བཞིན། །ཅེས་པ་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས། །སེམས་ཀྱི་ངོ་བོ་འདི་ཉིད་ནི། །ལྷའི་འཁོར་ལོ་དག་ཏུ་སྣང་། །ལྷ་ནི་རང་གི་སེམས་ཉིད་དེ། །རྟེན་དང་རྟེན་པ་འཇུག་ལྡོག་གིས། །ཀུན་གྱི་གནད་དུ་ཤེས་པར་


PS010_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །ཅེས་སོ། །བརྟེན་པ་སེམས་ཀྱི་བྱེད་ལས་ལ་བརྟེན་ནས། །རྟེན་ལུས་འགྱུར་ནས་འགྲོ་བར་གསུངས་ལ། །དེའི་རྒྱུ་མཚན་ཡང་ལུས་ངག་ཡིད་གསུམ་དབྱེར་མེད་གཅིག་ཡིན་ཏེ། །གསང་འདུས་ལས། ལུས་སེམས་ལྟ་བུར་བསྐྱེད་ཅིག །སེམས་བརྗོད་པའི་ཚིག་ལྟ་བུར་བསྐྱེད་ཅིག །སེམས་ལུས་ལྟ་བུར་བསྐྱེད་ཅིག །ཅེས་གསུངས་སོ། །དེ་ལྟ་བུའི་ལྷ་སྐུ་གསལ་སྟོང་དེ། །ངོ་བོ་བརྗོད་བྲལ་བློ་ཡི་ཡུལ་ལས་འདས་ཏེ། དངོས་པོ་དང་མཚན་མའི་ཆོས་སུ། དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་མ་གཟིགས། མི་གཟིགས། གཟིགས་པར་མི་འགྱུར་ཏེ། རྡོ་རྗེའི་ཚིག་རྐང་ལས། རང་བཞིན་ཟུང་འཇུག་ཆེན་པོ་ཡི། །ངོ་བོ་བརྗོད་བྲལ་བློ་འདས་ཏེ། །དེ་ནི་དུས་གསུམ་སངས་རྒྱས་ཀྱིས། །མ་གཟིགས་མི་གཟིགས་གཟིགས་


PS010_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར། །ཅེས་དང་། བརྟག་གཉིས་ལས། ངོ་བོ་གཟུགས་མེད་མཐོང་བའོ། །སྒྲ་མེད་ཐོས་པ་པོ་ཡང་མེད། །ལ་སོགས་པ་མང་དུ་གསུངས་སོ། །སྤྲོས་མེད་ཀྱི་སེམས། ལྷའི་སྐུ་ཞལ་ཕྱག་གཟུགས་ཅན་གྱི་རྣམ་པར་སྣང་ལ། སྤྲོས་བཅས་གཟུགས་ཅན་གྱི་ལྷ་དེ་ཉིད་སྤྲོས་མེད་དུ་རང་གྲོལ་བ་ཆོས་ཉིད་དེ། བརྟག་གཉིས་ལས། བསྐྱེད་པའི་རིམ་པའི་རྣལ་འབྱོར་པ། །བརྟུལ་ཞུགས་ཅན་གྱིས་སྤྲོས་པ་བསྒོམ། །སྤྲོས་པ་སྒྱུ་མ་ལྟར་ཤེས་ནས། །སྤྲོས་པ་ཉིད་ཀྱང་སྤྲོས་མེད་བྱེད། །ཅེས་སོ། །དེ་ལྟར་ལུས་སེམས་ལྷ་སྐུ་གསལ་སྟོང་དབྱེར་མེད་དུ་ཐག་མ་ཆོད་ཀྱི་བར་དུ་བསྒོམ་དགོས་ལ། ཐག་ཆོད་པའི་སེམས་ཉིད་དེ་ལ། དངོས་གཞི་རྡོ་རྗེའི་ཚིག་རྐང་བཞི་ངོ་སྤྲད་པ་ནི། སེམས་ལྷ་སྐུ་གསལ་སྟོང་ནམ་མཁའ་ལྟ་བུ་དེ་ལ། ན་བ་མ་གྲུབ་སྟེ། ན་བར་


PS010_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་ནི། རང་གི་རྣམ་པར་རྟོག་པས་སྒྲོ་བཏགས་པ་ཡིན་ལ། རྣམ་རྟོག་བློ་བུར་བ་ཆོས་ཀྱི་དབྱིངས་སུ་རང་གྲོལ་བས་སོ། །ཡང་འཆི་བ་མ་གྲུབ་སྟེ། དུས་རྒྱུན་ཆད་མེད་པར་སེམས་ལྷ་སྐུ་གསལ་སྟོང་ལ་གཡོ་བ་མེད། འོ་ན་འཆི་བར་སྣང་བ་ཅི་ཡིན་སྙམ་ན། འཁྲུལ་པའི་བག་ཆགས་མཐུ་བརྟས་པའི་རྣམ་པར་རྟོག་པ་ལས་བྱུང་པ་ཡིན་ཏེ། རྒྱུད་ལས། འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །ཅེས་སོ། །མཁས་གྲུབ་ཁྱུང་པོའི་ཞལ་ལས། ལུས་གསུམ་གདམས་ངག་གིས་མ་ཟིན་ན། འཁྲུལ་པ་འབའ་ཞིག་རྗེས་སུ་འབྲེང་། །རྣམ་སྨིན་བག་ཆགས་ཡིད་ཀྱི་ལུས། །གནད་ཀྱིས་ཟིན་ན་རྒྱལ་བའི་སྐུ། །ཇི་སྲིད་འཁོར་བ་མ་སྟོངས་བར། །དེ་སྲིད་འགྲོ་དོན་རྒྱུན་ཆད་མེད། །ལུས་གསུམ་རྒྱལ་བའི་སྐུ་གསུམ་སྟེ། །


PS010_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

རང་སེམས་འཆི་མེད་རང་གྲོལ་ལོ། །ཅེས་གསུངས་པ། ཉིན་པར་གྱི་དུས་སུ་རྣམ་སྨིན་གྱི་ལུས་དང་། རྨི་ལམ་བག་ཆགས་ཀྱི་ལུས་དང་། བར་དོ་ཡིད་ཀྱི་ལུས་ཐམས་ཅད་དུ་ལྷ་སྐུ་གསལ་སྟོང་རྒྱུན་ཆད་མེད་པས་འཆི་བ་ཐམས་ཅད་རང་གྲོལ་བ་ཡིན་ནོ། །ཡང་། འཁོར་བ་མ་གྲུབ་སྟེ། འཁོར་བའི་རང་གཤིས་ཡེ་གདོད་མ་ནས་མྱ་ངན་ལས་འདས་པར་གྲུབ་པ་ཡིན་ཏེ། བརྟག་གཉིས་ལས། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཉིད། །འཁོར་བ་སྤངས་པར་གྱུར་པ་ཡི། །མྱ་ངན་འདས་པ་མི་རྙེད་དེ། །འཁོར་བའི་རང་བཞིན་གང་ཡིན་པ། །དེ་ཉིད་མྱ་ངན་འདས་པར་བརྗོད། །ཅེས་སོ། །བཞི་པ་མྱ་ངན་ལས་འདས་པ་ཡང་གྲུབ་པ་མེད་དེ། འཁོར་བ་ལ་ལྟོས་ནས་མྱ་ངན་ལས་འདས་པ་ཞེས་མིང་དུ་བཏགས་པ་ཡིན་ལ། མིང་དེ་ཡང་དོན་དམ་པར་མ་གྲུབ་པ་ཡིན་ཏེ། མདོ་


PS010_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ལས། རྫོགས་པའི་སངས་རྒྱས་ཀྱང་མིང་ཙམ། བརྡའ་ཙམ། བཏགས་པ་ཙམ། མྱ་ངན་ལས་འདས་པ་ཡང་མིང་ཙམ། བརྡའ་ཙམ། བཏགས་པ་ཙམ་ལགས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་། སྒྱུ་མ་ལྟ་བུ། རྨི་ལམ་ལྟ་བུའོ། །ཅེས་སོ། །རབ་འབྱོར་གྱིས་སྨྲས་པ་དང་། ལྷའི་བུས་སྨྲས་པ། ཅི་རབ་འབྱོར། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུ་ཞེས་ཟེར་རམ། རབ་འབྱོར་གྱིས་སྨྲས་པ། དེ་བས་ལྷག་པའི་ཆོས་གཞན་ཞིག་ཡོད་ཀྱང་། དེ་ཡང་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུའོ། །ཞེས་བྱའོ། །དེས་ན་སྣང་སེམས་དབྱེར་མེད་ལྷ་སྐུ་སྒྱུ་མ་ལྟ་བུ་དེ་ལ་ན་བ་དང་། འཆི་བ་དང་། འཁོར་བ་དང་། མྱ་ངན་ལས་འདས་པ་མ་གྲུབ་པར་ཇི་སྲིད་ཐག་མ་ཆོད་ཀྱི་བར་དུ་ཐག་བཅད་ཅིང་། ཟུང་


PS010_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་གི་ཏིང་ངེ་འཛིན་བསྒོམ་པར་བྱ་སྟེ། རྒྱུད་ལས། སྒོམ་མེད་སྒོམ་པ་པོ་ཡང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །སྤྲོས་པ་མེད་པའི་རང་བཞིན་ལས། །ལྷ་དང་སྔགས་ནི་ཡང་དག་གནས། །ཅེས་སོ། །རྗེས་ཀྱི་ཆོས་ལ། མདོ་རྒྱུད་ཐམས་ཅད་ཞོ་བཞིན་སྲུབས། །ཐང་མར་བདལ་ཀྱང་མཐར་ཐུག་གི་དོན་དེ་ལས་ལྷག་པ་མེད་པར་ཐག་བཅད། རང་གི་ལུས་དང་། རྣམ་པར་རྟོག་པ། ཉོན་མོངས་པ། འཁོར་བ་རྣམས་ལྷ་དང་། ཆོས་སྐུ། ཡེ་ཤེས། མྱ་ངན་ལས་འདས་པ་རྣམས་སུ་བསྲེ་བ་དང་། འཕོ་བས་མཚམས་སྦྱར་ནས། བླ་མ་ལ་སངས་རྒྱས་སུ་ངོ་ཤེས་པའི་འདུ་ཤེས་ཀྱིས་གསོལ་བ་འདེབས་པ་དང་། སེམས་ཅན་ལ་ཚད་མེད་པའི་སྙིང་རྗེ་ཆེན་པོ་བསྒོམ་པ་དང་། ལྷ་སྐུ་རླུང་དང་བསྲེ་བའི་ཐབས་ལམ་གྱིས་བོགས་འདོན་ཅིང་། ཡེངས་པ་མེད་པར་རྒྱུན་


PS010_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་མེད་པར་བསྒོམ་པས། ཉིན་པར་རང་གི་ལུས་ལྷའི་སྐུར་གསལ་ཞིང་། མཚན་མོ་བག་ཆགས་རྨི་ལམ་གྱི་ལུས་ཀྱང་ལྷའི་སྐུར་ནས། བར་དོ་ཡིད་ལུས་ལོངས་སྤྱོད་རྫོགས་པའི་སྐུར་ངེས་པར་འགྲུབ་ལ། གཞན་དོན་རྒྱ་ཆེན་པོའང་འགྲུབ་ཅིང་། གནས་དང་ཉེ་བའི་གནས་ལ་སོགས་པ་རིམ་གྱིས་བགྲོད་ནས་དཔའ་བོ་དང་རྣལ་འབྱོར་མ་རྣམས་དང་སྐལ་བ་མཉམ་པར་མཁའ་སྤྱོད་དུ་འགྲོ་བར་འདུག་གསུངས་པ་ངེས་དོན་ཡིན་ནོ། །བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་དབང་གིས་གཞན་དོན་དུ་སྐྱེ་བ་ལེན་པ་ཡང་འགལ་བ་མེད་དེ། སྡུད་པ་ལས། ཉོན་མོངས་ཟད་པར་གྱུར་ཀྱང་སྐྱེ་བ་སྟོན་པར་བྱེད། རྒ་དང་ན་དང་འཆི་བ་མེད་ཀྱང་འཆི་འཕོ་སྟོན། །ཅེས་གསུངས་སོ། །གསང་སྔགས་ཀྱི་སྒོར་ཞུགས་པ་རྣམས་ཀྱིས་བསྐྱེད་


PS010_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་དབྱེར་མེད་ཀྱི་མན་ངག་འདི་ལྟ་བུ་བསྒོམ་པ་མ་གཏོགས་པ། གཞན་རྣམས་ལ་ནི་འབྲས་བུ་ཡིད་སྨོན་དང་། ཕྱི་དུས་སུ་ལུས་པ་ཡིན་ནོ། །འདི་ལྟ་བུའི་མན་ངག་བསྒོམ་པ་ལ་ནི། མཚམས་མེད་པ་ལྔ་བྱས་པས་སྐྱེ་བ་འདི་དང་། བར་དོ་ཚུན་ཆད་དུ་མཆོག་འགྲུབ་པ་དང་། སྐྱེ་བ་འདིར་བསྟན་པ་མ་ཐོབ་པ་དང་། མཚམས་སྦྱོར་ངན་པས་རྒྱུད་དཀྲུགས་པ་ཡང་། བར་དོར་མཆོག་འགྲུབ་པར་རྡོ་རྗེའི་ཚིག་རྐང་ལས་རྒྱས་པར་གསུངས་སོ། །འདིའི་ཁྲིད་ཀྱི་དམིགས་པ། བླ་མའི་ཞལ་གདམས། ལུང་སྦྱོར་རྣམས་བསྲེས་ནས་ཕྱོགས་གཅིག་ཏུ་བྲིས་ན་གོ་བདེ་བར་འགྱུར་མོད་ཀྱང་། སྙན་བརྒྱུད་འབའ་ཞིག་ཡིན་པས་བྲི་བར་མ་ནུས་པ་ཡིན་ནོ། །རྡོ་རྗེའི་ཚིག་རྐང་ལས། སྙིགས་དུས་


PS010_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་ལྟས་རྒྱུད་དཀྲུགས་ཚེ། །ཡིད་ཆེས་ལུང་གིས་བརྒྱན་པར་བྱ། །ཅེས་པའི་ལུང་སྦྱོར་རྣམས་སངས་རྒྱས་ཡེ་ཤེས་ཀྱིས་ཕྱོགས་གཅིག་ཏུ་བྲིས་པ་ཡིན་ནོ། །འདིས་བསྟན་པ་རིན་པོ་ཆེ་དང་། སེམས་ཅན་ལ་ཕན་ཐོགས་པར་ཤོག །མང་ག་ལཾ། །བྷ་ཝནྟུ། །


previousའཆི་མེད་ཀྱི་ཞལ་གདམས་མཐོང་གྲོལ་ཡིད་བཞིན་ནོར་བུ། next