Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
ནི་གུའི་ཉམས་ལེན་གནད་དུ་དྲིལ་བ་ངག་དབང་ཉི་ཟླ་བཟང་པོས་མཛད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousནི་གུའི་ཉམས་ལེན་གནད་དུ་དྲིལ་བ་ངག་དབང་ཉི་ཟླ་བཟང་པོས་མཛད་པ། next

ནི་གུའི་ཉམས་ལེན་གནད་དུ་དྲིལ་བ་ངག་དབང་ཉི་ཟླ་བཟང་པོས་མཛད་པ།


PS010_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གུའི་ཉམས་ལེན་གནད་དུ་དྲིལ་བ་ངག་དབང་ཉི་ཟླ་བཟང་པོས་མཛད་པ་བཞུགས་སོ། །


PS010_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བྷྱཿཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མའི་ཆོས་དྲུག་ཉམས་སུ་ལེན་པའི་ཚུལ་ནི། །ཉིན་ཞག་ཕྲུགས་གཅིག་ལ་ཐུན་དྲུག་ཏུ་བགོས་པའི་ཉིན་མཚན་གྱི་ཐུན་གཉིས་དོར་བའི། སྔ་དྲོ་ཕྱི་དྲོ་གཉིས་དང་། སྲོད་ཐོ་རངས་ཏེ་ཐུན་བཞིར་ཉམས་སུ་ལེན། དེ་ཡང་ཐུན་ཐམས་ཅད་ཀྱི་སྔོན་དུ་བླ་མའི་རྣལ་འབྱོར་དང་། དག་བྱེད་སྟོང་ར་ཡུན་མི་ཐུང་རེ་བསྒོམ། དེ་རྗེས་སྔ་དྲོ་གཏུམ་མོའི་དམིགས་པ་


PS010_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། དགོངས་མོ་སྒྱུ་ལུས་གཙོ་བོར་བསྒོམ། སྲོད་ལ་རྨི་ལམ་དང་འོད་གསལ་གྱི་དམིགས་པའི་ནང་། རྨི་ལམ་རང་ཟིན་ཐིག་ལེ་དབང་བཞིའི་གནད་དང་། འོད་གསལ་ལ་ཐོད་པའི་ནང་གི་བདག་མེད་མ་གཉིས་གཙོ་བོར་བསྒོམ། ཐོ་རངས་རྨི་ལམ་འཆུག་མེད་ཀྱི་དམིགས་པ་དང་། འོད་གསལ་ལ་འོག་གི་ལྟེ་འོག་ལ་དམིགས་པ་བཟུང་། སྙིང་གའི་བླ་མ་ལ་དུས་རྒྱུན་གྱི་མོས་གུས་དང་དྲན་པ་ཏུ་རེ་བ་བྱས་པས་འོད་གསལ་རང་


PS010_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཤུགས་ཀྱིས་ཟིན་པར་འགྱུར་ཞིང་། འཕོ་བ་དང་པོ་འབྱོང་ངེས་ཞིག་སྦྱངས་ནས། ཕྱིས་ཐུན་བཞུགས་གང་རི་ལ་མ་བརྗེད་ཙམ་གྱི་དམིགས་སྐོར་རེ་དྲན་ཙམ་བྱེད་ཅིང་། བར་དུ་ཐུན་མཚམས་ཐམས་ཅད་དུ་འདུན་པ་ཡོད་ཙམ་བྱ་ཞིང་། རྗེས་ཀྱི་འགྲོ་འཆག་ཉལ་འདུག་སོགས་དུས་རྒྱུན་དུ་དྲན་པར་བྱས་ནས། རང་ཡི་དམ་ལྷར་གསལ་བའི་སྤྱི་གཙུག་ཏུ་བླ་མ་དང་། སྣང་བ་བདེན་མེད་རྨི་ལམ་སྒྱུ་མའི་དྲན་འདུན་གྱི་ངང་མ་ཤོར་བར་བྱེད་པ་ནི་གནད་དངོས་ཡིན་ཅིང་། མཐར་སྒྱུ་མ་ཙམ་སྒྱུ་མ་ཙམ་དུ་འཛིན་པ་ལས་ལོག་ནས་གང་དུ་ཡང་འཛིན་པ་མེད་པའི་འོད་གསལ་ཕྱག་རྒྱ་ཆེན་པོ་ལ་མཉམ་པར་བཞག་པར་བྱའོ། །དེ་ལྟར་རིགས་པའི་ཐུན་ཚད་ངེས་པར་བྱས་ནས་དམིགས་པ་ཉུང་ངུར་དྲིལ་བ་ནི། མི་རྟག་པ་དྲན་ཤེས་ཀྱི་སྣང་བས་རྒྱུད་འཁུལ་ངེས་སུ་བྱས། ཕ་བླ་


PS010_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཕ་བླ་མ་རང་མཁྱེན། །ཞེས་བརྗོད་པ་དང་ལྷན་དུ་རང་གི་སྤྱི་བོར་དྲིན་ཅན་རྩ་བའི་བླ་མ་ཇི་ལྟ་བ་བསྒོམ། བདག་སོགས་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྐྱབས་གནས་ཀུན་འདུས་བླ་མ་ལ་སྐྱབས་སུ་མཆིའོ། །ཅེས་ཅི་མང་དང་། མཐར་བླ་མ་རིན་པོ་ཆེ་བདག་ནད་གདོན་ཞི་བར་མཛད་དུ་གསོལ། །སྡིག་སྒྲིབ་དག་པར་མཛད་དུ་གསོལ། ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་བླ་མ་ཞུ་རང་ལ་ཐིམ་པས་ཐོད་པའི་ནང་དུ་ཆོས་འབྱུང་དཀར་པོ་གདེངས་ཁ་ཆེ་བ་གྱེན་བསྟན་གྱི་ཁ་ཐད་ཀྱི་བར་དུ་སེམས་ཉིད་ཨ་དཀར་པོ་ལ་རྩེ་གཅིག་ཏུ་སེམས་གཏད་ནས། དང་པོ་སྒྲིམ། བར་དུ་གློད། མཐར་སྙོམས་པར་བྱ། ཨ་ལས་བདུད་རྩི་བྱུང་བས་ལུས་ཀྱི་ཕྱི་ནང་བཀྲུས་སྡིག་སྒྲིབ་


PS010_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ནད་གདོན་ཐམས་ཅད་དག་པར་བསམ། རང་རྡོ་རྗེ་རྣལ་འབྱོར་མ་ལ་ནང་དར་དམར་གྱི་རྐྱལ་པ་ཕུས་བཏབ་པ་ལྟ་བུའི་ནང་དུ་མེ་གོང་བཞི་བསྒོམ། སྤྱི་བོ་བླ་མ་དང་བཅས་པ་བསྒོམས་ལ། བླ་མ་རིན་པོ་ཆེ་བདག་ལ་བདེ་དྲོད་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་རླབས་སོ། །བདེ་སྟོང་གི་ཏིང་༴ ཞེས་དང་། བདག་ལ་སྲིད་པའི་དབང་བསྐུར་དུ་གསོལ། ཞེས་བརྗོད་རླུང་ཁ་སྦྱར་ནས་འཕོ་བ་གཡས་གཡོན་དུ་བསྐོར་བས་མེ་སྒོང་འཐབས་པའི་མེ་སྟག་གི་གང་བ་ལ་དམིགས་པ་གཏད། ལུས་གནད་མེ་ཐབ་དྲུག་ཆིངས་ལ་ལུས་ཀྱི་ནང་དུ་རྩ་གསུམ་དང་། དབུ་མའི་ནང་དུ་ཆུད་པའི་རོ་རྐྱང་གི་འཛོམས་སུ་རཾ་ལས་མེ་རིལ་མ་ཙམ། འོག་ཏུ་རླུང་ལྗང་ཁྱིལ་བ་རྣམས་བསྒོམ་རླུང་བཟུང་བས་རླུང་གཡོས། མེ་ལྕེ་ཕྲ་བ་རྐེད་པ་ལྟེ་བ་དབུ་མའི་ནང་དུ་


PS010_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

འབར་ཞིང་མཐར་ལུས་ནང་དུ་དབུ་མ་དང་། དེའི་ནང་མེ་ལྕེས་གང་བ་ལ་ཡིད་གཏད། བླ་མའི་སྐུ་ལས་བདུད་རྩི་བབས་དབང་ཐོབ་མེ་དྲག་ཏུ་འབར་བར་བསམ་པ་གཏུམ་མོའི་ཉམས་ལེན་ཡིན། །སྒྱུ་ལུས་འཁོར་བ་ལ་སྐྱོ་ཤས་བསྐྱེད། རང་ཡི་དམ་དང་སྤྱི་བོར་བླ་མ་བསྒོམ། བདག་འཛིན་བློས༴ དགོས་མེད༴ སྒྱུ་ལུས་རྨི་ལམ་འབྱོངས༴ འོད་གསལ་ཕྱག་རྒྱ་ཆེན་པོ་མངོན་དུ་འགྱུར་བར་མཛད༴ ཞེས་ཅི་མང་གི་མཐར། བླ་མ་དང་རང་སེམས་བསྲེས་པ་དབང་པོ་རབ་ཡིན། འབྲིང་རང་ལུས་ལྷར་གསལ་བ་ལ་དམིགས་པ་གཏད་དེ། འདི་རང་གི་སེམས་སྣང་ཡིན། སྣང་ཡང་བདེན་པར་མ་གྲུབ་སྙམ་དུ་བསམ། ཐ་མས་ལྟེ་འོག་ཏུ་ཆོས་འབྱུང་ནང་དུ་རིགས་དྲུག་ཏུ་སྣང་བ་སྒྱུ་མ་རྨི་ལམ་དུ་ཐག་


PS010_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

བཅད། རྗེས་ཐོབ་གང་ཤར་སྒྱུ་མ་ལམ་དུ་འཁྱེར། །རྨི་ལམ་ལ་གསོལ་འདེབས་ནི། བླ་མ་རིན་པོ་ཆེ་བདག་གིས་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་མཛད་དུ་གསོལ། །རྨི་ལམ་འབྱོངས་པར༴ ཡུལ་སྣང་གཏན་ལ་ཕེབས་པར༴ ཞེས་གསོལ་བ་བཏབ་སྤྱི་བོའི་ཧཾ་དང་གསང་གནས་ཀྱི་ཧཱུཾ་ལས་ཐིག་ལེ་དཀར་དམར་ཆད་པ་སྙིང་གར་སླེབས། དུག་གསུམ་དག །འབྲོས་འདེད་དུ་འཁོར་བ་ལ་རྨི་ལམ་སྒྱུ་མའི་དྲན་འདུན། དབང་ཐོབ་པའི་དམིགས་པ་བྱས། མཐར་ཡལ་ནས་མི་དམིགས་པ་ལ་བློ་གཏད། ཡང་དཀར་དམར་སྣ་ནས་ཐོན་སྨིན་ཕྲག་ཏུ་འཁོར་ཡི་དམ་ཡབ་ཡུམ་དུ་གྱུར་པ་འཁོར་ཞིང་མཐར་ཡབ་ལ་ཡུམ་ཐིམ། ཡབ་འཇའ་ལྟར་ཡལ་བ་ལ་མི་དམིགས་པར་བཞག །ཡང་རང་གི་སྙིང་གར་ཐིག་ལེ་སྔོ་སྐྱའི་ནང་དུ་བླ་མ་


PS010_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ་དང་། རྟོག་བཅས་ལ་འཛིན་པ་ནི། མགྲིན་པར་ཨཾ་སྔོན་པོ་ལ་བློ་གཏད་དྲན་འདུན། བྱ། །གཉིད་དུ་མ་སོང་བར་རྣམ་རྟོག་རགས་པ་འགགས། ཕྲ་བ་མ་འགགས་པའི་བར་དེར་རྣམ་རྟོག་གང་བྱུང་ལ་རྨི་ལམ་གྱི་དྲན་འདུན་དང་། སྦྱོང་སྤེལ་གྱི་འདུན་པ་བཅུག་ནས་ཉལ་བས། རྨི་ལམ་ཟིན་པར་འགྱུར། རྨི་ལམ་འདུན་པའི་གནད་ཡིན་པས། ཅི་ཡིན་ལ་ཨ་མ་འཐས་པར་སྦྱངས། གང་དགོས་སུ་སྤེལ་ཅི་འཁོ་རུ་སྤྲུལ། མ་ངེས་པ་སྣ་ཚོགས་སུ་བསྒྱུར། ཞིང་ཁམས་སྣ་ཚོགས་སུ་བལྟ་བ་ལ་འདུན་ཁ་བསྒྱུར། །འོད་གསལ་ལ། བདག་འཛིན༴ དགོས་མེད༴ འོད་གསལ་ཕྱག་རྒྱ་ཆེན་པོ་མངོན་དུ་འགྱུར་བར་མཛད༴ གསོལ་བ་བཏབ་རང་གི་ལུས་ནང་རྩ་དབུ་མ་ཚངས་བུ་དང་གསང་


PS010_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་སླེབ་པའི་ལྟེ་འོག་སོར་བཞིའི་ནང་གི་བར་སྣང་དུ་ཨ་དཀར་པོ་ལས་འོད་འཕྲོས་པས་ཕྱི་ནང་ཐམས་ཅད་གསལ་སིང་ངེ་བ་ལ་མ་ཡེངས་ཙམ་དང་། སྙིང་གར་བླ་མ་བསྒོམས་པས་ཐུགས་ཀར་ཧཱུཾ་དཀར་པོ་ལས་འོད་འཕྲོ་བ་ལ་འོད་གསལ་བཟུང་། ཐོད་པའི་འོག་ཀླད་རྒྱས་ཀྱི་སྟེང་དུ་བདག་མེད་མ་མཚོན་གང་པའི་ཐུགས་ཀར་ཨ་དཀར་པོ་ལས་འོད་བྱུང་བས་ཀྱང་ཀླད་པ་སྦྱངས། ཐོད་པ་དཀར་ཁྲོལ་ལེ་བ་ལ་འདུན་པ་གཏད། འཕོ་བ་སྦྱོང་དུས་རང་ཡི་དམ་གྱི་སྤྱི་བོར་བླ་མ་བསྒོམས་ཏེ། ལྟེ་བར་ཆོས་འབྱུང་གྲུ་གསུམ་གྱི་གདེངས་ཀ་གྱེན་བསྟན་གྱིས་བདེ་འགྲོ་གསུམ་དང་། རྩ་བ་ཟུར་གསུམ་འཐུར་བསྟན་གྱིས་ངན་སོང་གི་སྐྱེ་སྒོ་བཅད་པའི་ནང་དུ། རྩ་དབུ་མ་ཡར་སྣ་ཚངས་བུག་ལ་ཟུག་ཅིང་བུ་ག་


PS010_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བར་བསམ། མར་སྣ་ཆོས་འབྱུང་གི་ནང་གི་དོག་མཚམས་ལ་ཟུག་པའི་ནང་གི་ལྟེ་འོག་སོར་བཞི་རང་སེམས་ཨ་དཀར་པོ་འོད་འཕྲོ་བ་འཕིར་ལ་ཁད་པ་ཞིག་བསམས་ལ། བདག་འཛིན༴ དགོས་མེད༴ ལམ་མཆོག་འཕོ་བ་འབྱོངས་པར་བྱིན༴ གསོལ་བ་བཏབ་ལྟོ་བ་གྱེན་དུ་བསྐྱོད་པས་ཨ་དབུ་མ་ནས་རྒྱངས་ཀྱིས་ཐོན། ནམ་མཁའ་ལ་ཡེར་རེ་རེ་སོང་ནས་འོད་དུ་གསལ་བར་བསམ། ཡང་རེ་ཞིག་ནས་ཨ་ནམ་མཁར་བྱུང་བ། དལ་པོས་བབས་ལྟེ་འོག་ཏུ་སྔར་ལམ་དུ་སླེབས་པར་བསམ་ལ་ཡང་ཡང་སྦྱངས། མཐར་ཚངས་བུག་རྡོ་རྗེ་རྒྱ་གྲམ་གྱིས་བཀག་ནས་སེམས་མི་འཆུག་པར་བསམ། ལས་སྦྱོར་འཕོ་བ་ཐེབས་པར་གསོལ་བ་བཏབ། དམིགས་པ་ཨ་ནམ་མཁར་ཡལ་བ་ལ་ཡིད་གཏད་ལ་མར་མི་


PS010_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

འབེབས་པ་གནད་ཡིན། །བར་དོའི་ཉམས་ལེན་ལ། བདག་འཛིན༴ དགོས་མེད༴ བར་དོ་ལོངས་སྐུར་འཚང་རྒྱ་བར་གསོལ་བ་བཏབ། སྣང་བ་ལྷ། གྲགས་པ་སྔགས། རྨི་ལམ་སྒྱུ་མར་ཐག་ཆད། དབང་པོ་ཐ་མ་རང་གི་མདུན་དུ་ཆོས་འབྱུང་མཐིང་གའི་ནང་དུ་རང་སེམས་ཧཱུཾ། ཕྱི་གཡས་གཡོན་དུ་ཕོ་མོར་སྣང་བ་ཡི་དམ་ཡབ་ཡུམ་རྐྱང་རྐྱང་རི་གསལ་བཏབ། ཧཱུཾ་ལས་འོད་འཕྲོས་སྐྱེ་གནས་ལྔའི་བག་ཆགས་སྦྱངས། མངལ་སྒོ་བཀག་པར་བསམ། བླ་མ་ཡི་དམ་སྒྱུ་ལུས་གསུམ་འབྲལ་མེད་ཉམས་སུ་བླངས་པས། མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཆོས་དྲུག་དམིགས་རིམ་མ་ལུས་པ། །ཐུན་བཞིར་ཉམས་སུ་ལེན་པའི་ཚུལ། །བླ་མའི་གསུང་བཞིན་ཡི་གེར་བཀོད། །དགེ་བས་འགྲོ་ཀུན་སྒྲིབ་སྦྱང་ནས། །ཟབ་མོའི་


PS010_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་མཆོག་འདིར་ཞུགས་ཏེ། །བདེ་ཆེན་བཅུ་བཞིའི་ས་ཐོབ་ཤོག །ཅེས་པ་འདི་ངག་གི་དབང་པོས་སྡེབ། །༅། ཤངས་པའི་རླུང་བུམ་པ་ཅན་བཞུགས་སོ། །བླ་མ་དམ་པ་རྣམས་ལ་གུས་བཏུད་ནས། །ཐབས་ལམ་ཟབ་དོན་བྲི་བར་བྱ། །བླ་མ་རཱ་ཧུ་ལའི་རླུང་བུམ་པ་ཅན་འདི་ལ་གསུམ་སྟེ། སྣང་བ་བུམ་པ། དབྱིབས་བུམ་པ། དམིགས་རྟེན་བུམ་པའོ། །དང་པོ་ནི་ནམ་མཁའ་སྟོང་པ་འདིའོ། །སེམས་བསྐྱེད་སྔོན་དུ་འགྲོ་བས་ལུས་ལྷར་བསྐྱེད་ལ། རྐང་པ་རེ་མིག་བསྣོལ། ལག་པ་གཉིས་པུས་མོ་ལ་བསྡམས། སྒལ་ཚིགས་དྲང་པོར་བསྲང་། མགྲིན་པ་ཅུང་ཟད་དགུག་གོ ། དེ་ལྟར་བྱས་པས་ལུས་ཀྱི་དབྱིབས་བུམ་པ་ཅན་ལྟར་དུ་གནས་པའོ། །གསུམ་པ་ནི། རང་གི་ལྟེ་བར་བུམ་པ་ཆེ་ཆུང་ཅི་


PS010_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པ་བསམ་མོ། །རྩ་ཨ་ཝ་དྷུ་ཏི། ལ་ལ་ན་ད་ར་ས་ན་དང་གསུམ་བུམ་པའི་ནང་དུ་ཚུད་པར་བསྒོམས་ནས་རླུང་རོ་ལན་གསུམ་ཕྱིར་བུས་ལ། སྣ་ནས་རླུང་དལ་བུས་རྡུབས་ལ། སྟེང་འོག་གཉིས་ཀྱི་རླུང་དྲག་པོས་བཟུང་བ་དང་། ལ་ལ་ན་ད་དང་། ར་ས་ན་གཉིས་ན་མར་རླུང་སྔོ་ན་ར་ར་བུམ་པའི་ནང་དུ་སོང་བ་དང་། བུམ་པ་ཇེ་ཆེ་ཇེ་ཆེ་ལ་མཐར་ལུས་དང་བཅས་པ་འོད་དུ་ཡལ་ནས་སྟོང་སང་ངེ་བའི་ངང་དུ་བཞག་གོ ། དེ་འདྲ་བ་ཅི་ནུས་སུ་བསྒོམས་ལ། སྐབས་སུ་ལུས་གཡས་གཡོན་དུ་གཅུ་བ་དང་། ཡར་ལ་དྲག་པོས་ཐེན་པ་གཉིས་ཐེབས་འགའ་བྱའོ། །འཕོ་བ་བྱེད་ན་ཨ་ཡར་ལ་འཕང་ངོ། །ཞེས་པའི་དོན་ནི། བུམ་པའི་ཁར་ཨ་དཀར་པོ་གཅིག་བསམས་ནས། སྟེང་འོག་གི་རླུང་བཟུང་ནས་རྐེད་པ་ཉག་ཉག་བྱས་པ་


PS010_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཨ་དེ་རང་དབང་མེད་པའི་དབུ་མའི་ནང་ནས་ཚངས་བུག་ཏུ་ཡར་རྒྱངས་ཀྱིས་སོང་བ་དང་། ཕྱག་རྒྱ་ཆེན་པོའི་ངང་དུ་བཞག །དེ་ནུས་ཚད་དུ་སྒོམ་མོ། །རྗེས་ལ་སྤྱི་བོར་ཨ་བསམ་ནས། དེ་ལྟེ་བའི་བུམ་པའི་ནང་དུ་དབབ་པར་བྱའོ། །རླུང་བུམ་པ་ཅན་གྱི་གདམས་པ་རྫོགས་སོ།། །།ན་མོ་གུ་རུ། དམིགས་རྟེན་བུམ་པ་ནི། ལྟེ་བར་བུམ་པ་སྔོན་པོ་མཐེབ་གང་པ་གཅིག་གི་ནང་དུ། ཧཱུཾ་སྔོན་པོ་གཅིག་བསམས་ལ། དེ་ནས་བསུས་པ་སྒལ་པ་ལ་བཅར་བྱས་ནས། རླུང་མས་ཡར་འཐེན་པ་དང་། བུམ་པའི་བུ་ག་ལྔ་ན་ཡར་ལ་རླུང་ཁ་དོག་ལྔ་བས་རླུང་གི་བུམ་པའི་ནང་གི་ཧཱུཾ་དེ་སྤྱི་བོར་རྒྱངས་ཀྱིས་ཕུལ་བ་དང་། སྟོང་སང་སྟེ་ཕྱག་རྒྱ་ཆེན་པོའི་ངང་ལ་བཞག་པར་བྱའོ། །རླུང་བུམ་པ་ཅན་གྱི་གདམས་པ་ཨྀིྠ། །


PS010_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། སེམས་བསྐྱེད་སྔོན་དུ་སོང་བས། ལུས་གནད་བུམ་པ་ཅན་དང་འདྲ་བ་ལ། རང་གི་གསང་བའི་རྡོ་རྗེའི་རྩེ་མོར་ཧཱུཾ་དཀར་པོ་གཅིག་བསམ། རྩ་ཨ་ཝ་དྷུ་ཏི་ཀ་བ་བཞིན་དུ་ནང་ན་ཡར་ཐད་ཀར་ཏིག་གེ་སྒོམ། དེ་ནས་གསུས་པ་ལ་བཅར་བྱས་ཏེ། འོག་རླུང་ནར་ཏེ་དྲངས་པ་དང་། ཧཱུཾ་གིས་རྡོ་རྗེ་ནོར་བུ་རྒྱུ་མ་བཟློག་པ་བཞིན་དུ་བྱུང་སྟེ། སྤྱི་བོ་ཚངས་བུག་ནས་ནར་ཏེ་དྲངས་པ་དང་། མགོ་ཕྱིར་དགྱེད་བྱས་པས། ཧཱུཾ་དེ་ཚངས་བུག་ནས་དྲངས་ཏེ་སོང་བ་དང་། ཕྱག་རྒྱ་ཆེན་པོའི་ངང་ལ་ལྷན་ནེ་བཞག་གོ ། ནུས་ཚད་སྒོམ་མོ། །འཇོག་དུས་རླུང་ལྟེ་བར་དབབ། རྗེས་ལ་བསྔོ་བ་སྨོན་ལམ་བྱའོ། །བླ་མ་ཤངས་པའི་ཁོག་སྟོང་གི་སྦྱར་བ་ཞེས་བྱའོ།། །།ན་མོ་གུ་རུ། སྔོན་འགྲོ་ལུས་གནད་གོང་དང་འདྲ། །གསུས་པ་


PS010_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

སྒལ་པ་ལ་སྦྱར་བས། །རྡོ་རྗེ་ནོར་བུ་མས་ཡར་རྒྱུ་མ་བཞིན་དུ་ལྡོག་ནས་བྱུང་བ་དང་། དེས་སྙིང་གར་སླེབས་པས་ཐིག་ལེ་དཀར་པོར་གྱུར། དེ་ལ་སེམས་དར་གཅིག་གཏད་ལ་སྒོམ། དེ་ནས་ཡང་ཐིག་ལེ་དང་བཅས་ཏེ་ཡར་དྲངས་པས། ཚངས་བུག་ཏུ་ལྷན་གྱིས་བྱུང་བ་དང་། ཐིག་ལེ་ཚངས་བུག་ནས་ཕྱིར་དོན་ཏེ། སྤྱི་བོའི་ཧཱུཾ་དཀར་པོ་གཅིག་ཏུ་གྱུར་པར་བསམ་ལ། དེ་ལས་སེམས་དར་གཅིག་གཏད་ལ་སྒོམ་པར་བྱའོ། །འཇོག་ཙ་ན་སྤྱི་བོའི་ཧཱུཾ་མར་འབབས་ཏེ་ལྟེ་བར་བྱུང་བ་དང་། བདེ་སིང་ངེ་བ་ལ་སེམས་གཏད་ལ་བཞག་གོ། དགེ་བ་བྱང་ཆུབ་ཆེན་པོར་བསྔོའོ། །རླུང་བུམ་པ་ཅན་གྱི་ཆ་ལག།བླ་མ་རཱ་ཧུ་ལའི་གདམས་པ། །བླ་མ་ཁྱུང་པོས་ཉམས་སུ་བླངས་པ་ཨྀིྠ། །ཤུ་བྷཾ། །


previousནི་གུའི་ཉམས་ལེན་གནད་དུ་དྲིལ་བ་ངག་དབང་ཉི་ཟླ་བཟང་པོས་མཛད་པ། next