Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་ལྡན་ཤངས་པའི་ཟབ་ཆོས་གསང་སྒྲུབ་སྐོར་ལྔ་ལས། ཐུགས་རྗེ་ཆེན་པོའི་གསང་སྒྲུབ་སྐྱེར་སྒང་ལུགས་ཀྱི་སྐོར།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་ལྡན་ཤངས་པའི་ཟབ་ཆོས་གསང་སྒྲུབ་སྐོར་ལྔ་ལས། ཐུགས་རྗེ་ཆེན་པོའི་གསང་སྒྲུབ་སྐྱེར་སྒང་ལུགས་ཀྱི་སྐོར། next

དཔལ་ལྡན་ཤངས་པའི་ཟབ་ཆོས་གསང་སྒྲུབ་སྐོར་ལྔ་ལས། ཐུགས་རྗེ་ཆེན་པོའི་གསང་སྒྲུབ་སྐྱེར་སྒང་ལུགས་ཀྱི་སྐོར།


PS010_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་ཤངས་པའི་ཟབ་ཆོས་གསང་སྒྲུབ་སྐོར་ལྔ་ལས། ཐུགས་རྗེ་ཆེན་པོའི་གསང་སྒྲུབ་སྐྱེར་སྒང་ལུགས་ཀྱི་སྐོར་བཞུགས་སོ།། །།


PS010_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། །མ་ལུས་འཇིག་རྟེན་ཐམས་ཅད་ལ། །ཐུགས་རྗེའི་སྤྱན་གྱིས་རབ་གཟིགས་ནས། །སྡུག་བསྔལ་ཉེར་ཞི་འཇིག་རྟེན་མགོན། །དེ་ལ་བཏུད་ནས་སྒྲུབ་ཐབས་བཤད། །དང་པོར་སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་བཅས་ལ། །སོགས་ལན་གསུམ། རང་སྤྱན་རས་གཟིགས་སུ་གསལ་བའི་སྙིང་གའི་ཧྲཱིཿལས་འོད་ཟེར་འཕྲོས། ཐུགས་


PS010_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆེན་པོ་གཙོ་འཁོར་གསུམ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས། ནཻ་བི་ཏའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་དུ་གསོལ། །ཨོཾ་ཨ་བྷི་ཥིཉྩ་ཏུ་མཾ་སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་པས། ལྷ་རྣམས་ཀྱི་ཕྱག་གཡས་པ་ལས་བདུད་རྩིའི་རྒྱུན་བྱུང་། སྤྱི་བོ་ནས་བརྩམས་ཏེ་ལུས་ཐམས་ཅད་


PS010_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲུས་པས་སྒྲིབ་གཉིས་དག་པར་གྱུར། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། བུམ་པའམ། དུང་ཆོས་ཀྱི་ཆུས་གདོང་དང་ཁ་ལན་གསུམ་དུ་བཀྲུས། གཙོ་བོ་འོད་དུ་ཞུ། རང་གི་སྤྱི་བོ་ནས་ཐིམ། བུམ་དབང་ཐོབ། ཡི་གེ་དྲུག་མ་ཡང་ཐིམ་པས་གསང་དབང་ཐོབ། ནོར་བུ་འཛིན་པའང་ཐིམ་པས། ཤེས་རབ་ཡེ་ཤེས་བཞི་པར་བཅས་པ་ཐོབ་སྟེ། ལྷ་སྐུ་སྣང་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ངང་དུ་གྱུར། ལག་པ་གཡས་གཡོན་གྱི་མཐིལ་དུ་ཨ་ལས་ཟླ་བ་ལ་ཧྲཱིཿདེ་ལ་བདུད་རྩིའི་ཆུ་བླུག་པས་ཧྲཱིཿཡིག་བཀྲུས་ཏེ་འོ་མའི་རྒྱུན་དུ་གྱུར་ནས། ཡི་དྭགས་རྣམས་ཀྱིས་འཐུངས་པས་ཚིམ་ཞིང་། ཆོས་སྐུའི་བདེ་བ་དང་ལྡན་པས་རང་གི་གནས་སུ་དེངས་པར་གྱུར། །ཧྲཱིཿབཟླ་ཞིང་ལག་


PS010_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཀྲུ། དེ་ནས་སྐྱབས་སེམས་ཚད་མེད་བཞི་རྣམས་སྤྱི་དང་འདྲ་བར་བྱ། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་བི་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་སྙིང་གའི་ཐད་ཙམ་གྱི་ནམ་མཁར་ཧྲཱིཿདཀར་པོ་ཞུ་བ་ལས་དབུས་སུ་ཐིག་ལེ་དཀར་པོ་ཆེན་པོ། གཡས་གཡོན་དུ་ཐིག་ལེ་དཀར་པོ་ཆུང་ངུ་རེ་རེ་དང་བཅས་པར་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས། གཙོ་འཁོར་གསུམ་དུ་གྱུར་པ་ནི། དབུས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་པོ་གངས་རི་ལ་ཉི་མ་ཤར་བ་ལྟ་བུ། སྟོན་ཟླ་འབུམ་གྱི་གཟི་བརྗིད་ཅན། ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྤུག་པོར་སྦྱར་བ། གཡས་འོག་མས་མུ་ཏིག་གི་འཕྲེང་བ་དང་། གཡོན་


PS010_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

འོག་མས་པདྨ་དཀར་པོ་འདབ་མ་བརྒྱད་པ་ཡུ་བ་དང་བཅས་པ་སྙན་གྱི་ཐད་ཀར་ཁ་བྱེ་བ་འཛིན་པ། ཞལ་གྱི་དཀྱིལ་འཁོར་རབ་ཏུ་ཞི་ཞིང་འཛུམ་པ། སྤྱན་གཉིས་སེམས་དཔའི་ལྟ་སྟངས་ཀྱིས་ས་ལ་འདོམ་གང་ཙམ་དུ་གཟིགས་པ། དབུ་སྐྲ་རལ་པའི་ཐོར་ཚུགས་སྤྱི་བོར་བཅིངས་པའི་ཕྱེད་དཔུང་པ་གཉིས་ཀྱི་སྟེང་དུ་འཁྱིལ་ཞིང་། རྩེ་མོ་རླུང་གིས་བསྐྱོད་པ། རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་པ། དར་སྣ་ཚོགས་པའི་སྟོད་གཡོགས་དང་། དམར་པོའི་སྨད་དཀྲིས་གསོལ་བ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུངས་ཀྱིས་བཞུགས་ཤིང་། འཁོར་ལོས་བསྒྱུར་བའི་ཆ་ལུགས་ཅན། མཚན་དཔེ་ཡོངས་སུ་རྫོགས་ཤིང་། འོད་དཔག་མེད་ཀྱིས་དབུ་


PS010_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པ། འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོ་ཞིང་པད་ཟླ་རྒྱས་པའི་གདན་ལ་རོལ་པའོ། །དེའི་གཡས་སུ་ནོར་བུ་འཛིན་པ་སྐུ་མདོག་སེར་པོ་ཕྱག་དང་པོ་གཉིས་ཐལ་མོ་སྦྱར་བ། གཡས་གཉིས་པའི་མཐེབ་མཛུབ་སྦྱར་བས་རིན་པོ་ཆེ་དབང་གི་རྒྱལ་པོ་ཡུ་བ་དང་བཅས་པ་འཛིན་ཅིང་། གཡོན་གཉིས་པས་རིན་པོ་ཆེའི་ལྕུག་ཕྲན་གྱི་ཡལ་ག་འབྲས་བུའི་སྙེ་མ་ལྷུང་བར་འགྱུར་བའི་ངང་ཚུལ་ཅན་བསྣམས་པ། གཡོན་དུ་ཡི་གེ་དྲུག་མ་གཙོ་བོ་དང་མཚུངས་པ་ལས་ལྷ་མོའི་ཆ་བྱད་འཇོ་སྒེག་གི་རྣམ་འགྱུར་དང་ལྡན་པ། འཁོར་གཉིས་ཀར་གཙོ་བོའི་ཞལ་རས་ལ་བལྟ་ཞིང་། པུས་མོ་ཕྱོགས་གཅིག་ལ་བཙུགས་པའོ། །ཡང་ན་པདྨ་དཀར་པོའི་ཚབ་ཏུ་ཨུཏྤལ་དཀར་པོ་འཛིན་པ་


PS010_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གཙོ་འཁོར་གསུམ་ཅར་གདན་ཅན་ནམ། གསུམ་ཀར་གདན་མེད་བྱས་ཀྱང་རུང་ངོ། །རང་གི་སྙིང་གར་ཨ་ལས་ཟླ་བ་ཉ་གང་བའི་སྟེང་དུ། ཧྲཱིཿདཀར་པོ། དེ་ལས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་གཙོ་འཁོར་གསུམ་བཛྲ་ས་མཱ་ཛཿ ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད་པ་ལན་གསུམ་བྱ། ཐུགས་རྗེ་ཆེན་པོས་བདག་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པར་མཛད་དུ་གསོལ། །ལན་གསུམ། ལྷ་གསུམ་པོ་དམ་ཚིག་པ་སོ་སོའི་སྤྱི་བོ་ནས་གཉིས་སུ་མེད་པར་ཐིམ། ཛཿཧཱུཾ་བཾ་ཧོཿསྙིང་གར་ཟླ་བ་ལ་ཧྲཱིཿཡིག་སྔགས་ཕྲེང་དང་བཅས་པར་གྱུར། །ཨོཾ་མ་ཎི་པདྨེ་ཧཱུཾ། །ཞེས་ཅི་ནུས་བཟླ་ཞིང་། སྐུ་སྣང་སྟོང་། ངག་


PS010_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་སྟོང་། སེམས་སྟོང་ཉིད་སྙིང་རྗེའི་རང་བཞིན་སྔགས་ཀྱི་སྒྲས་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་དག་པའི་ཕྲིན་ལས་རྣམས་ཡིད་ལ་བྱའོ། །ཐུན་འཇོག་ཁར་རང་གི་སྙིང་གའི་ཧྲཱིཿཡིག་གི་འོད་ཟེར་གྱིས། སྣོད་ཀྱི་འཇིག་རྟེན་འོད་དུ་ཞུ། བཅུད་ཀྱི་སེམས་ཅན་ལ་ཐིམ། དེ་རྣམས་གཙོ་འཁོར་གསུམ་ལ་ཐིམ། འཁོར་གཉིས་ཀྱང་བདག་ཉིད་ལ་ཐིམ། རང་ཡང་སྙིང་གའི་ཧྲཱིཿལ་ཐིམ། ཧྲཱིཿཐིག་ལེ་ལ་ཡུངས་འབྲུ་ཙམ་དུ་གྱུར། དེ་མཐའ་ནས་ཡལ་ཏེ་སྟོང་ཉིད་དུ་གྱུར། ཅུང་ཟད་མཉམ་པར་བཞག །སྟོང་པའི་ངང་ལས་ཐིག་ལེ་ལས་ཧྲཱིཿདེ་ལས་གཙོ་འཁོར་གསུམ། དེ་ལས་བཅུད་ལྷ་དང་། སྣོད་གཞལ་ཡས་ཁང་དུ་གྱུར། འཁོར་གཉིས་པོ་རང་ཉིད་ལ་ཐིམ། དགེ་བ་


PS010_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཏུ་བསྔོ། ཐུན་མཚམས་སུ་བྱམས་སྙིང་རྗེ་དང་མ་བྲལ་བར་བྱ་ཞིང་། འབུལ་གཏོར་ཅི་ནུས་གཏོང་། གཏོར་ཆོག་ནི། དཀར་གཏོར་ཆ་གཉིས་དང་། མཆོད་པ་གཙང་སྦྲ་ཅན་དུ་བཤམ། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱངས། རིན་པོ་ཆེའི་སྣོད་དུ་གཏོར་མ་འདོད་ཡོན་གྱི་རྒྱ་མཚོ་ཨོཾ་ཨཱཿཧཱུཾ་གིས་མཚན་པ། ཧཱུཾ་གིས་སྐྱོན་སྦྱངས། ཨཱཿས་བདུད་རྩིར་བྱས། ཨོཾ་གྱིས་མང་པོར་སྤེལ་བར་གྱུར། ཨོཾ་ཨཱཿཧཱུཾ་ལན་གསུམ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། པོ་ཊ་ལ་ནས་འཕགས་པ་སྤྱན་རས་གཟིགས་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿན་མ་སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། ལན་བདུན་དང་། ཡི་གེ་འབྲུ་གསུམ་ཉི་ཤུ་རྩ་གཅིག་བརྗོད་དེ་འབུལ། ཨརྒྷཾ་ནས་ཤབྡའི་བར་


PS010_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མཆོད། སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་དམ་པ་ཀུན་གྱི་གཞི། །སྤྱན་རས་གཟིགས་ཞེས་མཚན་གསོལ་བ། །རྟག་པར་བརྩེ་ལ་ཕྱག་འཚལ་ལོ། །སྐྱོན་གྱིས་མ་གོས་སོགས་དང་། །མཚན་དཔེ་ཆ་ཤས་ཡོངས་སུ་རྫོགས་པའི་སྐུར། །སྟོན་ཀའི་ཟླ་བ་འབུམ་ཕྲག་འཁྲིགས་པའི་གཟི། །རིན་ཆེན་བྱེ་བའི་རྒྱན་གྱིས་རྣམ་པར་བརྒྱན། །ཐུགས་རྗེ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །གཏོར་མ་གཉིས་པའང་སྔར་བཞིན་གྱིས་བྱིན་གྱིས་བརླབས། ཀླུ་སྨན་དང་། འབྲུ་ཆེན་བཏབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཕྱིའི་རྒྱ་མཚོ་ཆེན་པོ་ནས། ཀླུ་རྒྱལ་ཝ་རུ་་བཛྲ་ས་མཱ་ཛཿལྗགས་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་སྦུ་གུས་གཏོར་མ་གསོལ་བར་གྱུར། །ཨོཾ་ཝ་རུ་་ཡེ་


PS010_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་ཉེར་གཅིག་གིས་ཕུལ། ཨརྒྷཾ་ལ་སོགས་པས་མཆོད། གདེངས་ཀ་བདུན་ནི་ཕྱིར་བསྟན་སྦྲུལ་མཇུག་ཅན། །ཐུགས་ཀར་ཐལ་སྦྱར་སངས་རྒྱས་ཀུན་ལ་འདུད། །ལྷག་མའི་ཕྱག་གིས་རིན་ཆེན་དབང་རྒྱལ་གྱི། །ཆར་འབེབས་ཀླུ་རྒྱལ་ཁྱོད་ལ་བསྟོད་པ་འབུལ། །གསོལ་བཏབ་ལྷན་ཅིག་ཏུ་བྱ་སྟེ། འཁོར་ལོས་བསྒྱུར་རྒྱལ་སྤྱན་རས་གཟིགས། །སྲས་དང་བཙུན་མོར་བཅས་པ་ནི། །ཕྱུགས་བདག་ཆེན་པོས་ཞབས་བསྟེན་པ། །རྒྱ་ཆེན་གཏོར་མས་དགྱེས་པར་མཛོད། །རྣལ་འབྱོར་བདག་ཅག་ནས། ཀུན་འགྲུབ་ཤོག་གི་བར་བརྗོད། མ་འབྱོར་བ་དང་སོགས། ཁྱེད་ཀྱི་སེམས་ཅན་སོགས། བཛྲ་མུཿ གཤེགས་སུ་གསོལ། འདིའི་རྗེས་གནང་གི་བྱ་བ་ནི། པདྨ་འདབ་


PS010_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་སུམ་སྒྲིགས་ཤིག་རྡུལ་ཚོན་དཀར་པོས་བྲིས། དབུས་མའི་སྟེང་དུ་མཉྫི་ལ་བུམ་པ་བཅུད་དང་ཁ་རྒྱན་དང་བཅས་པ་འགོད། ཕྱིས་ཀྱི་ཕྱག་ལེན་ལྟར་ན། མཎྜལ་ཚོམ་བུ་གསུམ་པ་ཙམ་ལ་བརྟེན་ཀྱང་རུང་། གང་ལྟར་ཡང་མཆོད་གཏོར་རྒྱ་ཆེན་བཤམས། བདག་བསྐྱེད་གོང་བཞིན་བྱས་ནས། མཆོད་པ་སྤྱི་དང་མཐུན་པར་བྱིན་གྱིས་རླབས། མདུན་བསྐྱེད་བསང་སྦྱངས། སྟོང་པའི་ངང་ལས། བུམ་པ་མེད་ན་ཚོམ་བུའི་སྟེང་དུ་དང་། ཡོད་ན་བུམ་པའི་སྟེང་དུ་ཧྲཱིཿདཀར་པོ་ཞུ་བ་ལས། ཞེས་པ་ནས། ས་ལ་བཙུགས་པའོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཞེས་པ་ནས། ཛཿཧཱུཾ་བཾ་ཧོཿའི་བར་གོང་བཞིན་ལས། བདག་ལ་ཞེས་པ། སློབ་མ་འདི་རྣམས་ལ་


PS010_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་འདོན་པ་སྤོ། བར་འདིར་བཟླས་པ་ཅི་འགྲུབ་བྱ། གཏོར་མ་བསང་སྦྱངས་ནས་འདོད་དོན་གསོལ་གདབ་ཀྱི་བར་གོང་བཞིན། དེ་ནས་སློབ་མ་རྣམས་ཁྲུས་བྱས་གྲལ་ལ་འཁོད་པ་ལ། སེམས་བསྐྱེད་གསལ་བཏབ། ཆོས་བཤད་ལོ་རྒྱུས་དང་བཅས་པ་བཤད་ཅིང་། སློབ་མས་མཎྜལ་ཕུལ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་གཟུང་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡི་དམ་དུ་འཚལ་གྱི། སློབ་དཔོན་གྱིས་བདག་ལ་རྗེས་སུ་གནང་བ་སྩལ་དུ་གསོལ། ལན་གསུམ་གྱིས་གསོལ་བ་བཏབ། བཟང་སྤྱོད་ཀྱི་ཡན་ལག་བདུན་པ་ཚར་གསུམ་བྱ། །སྐྱབས་འགྲོ་སེམས་བསྐྱེད་རྒྱས་པ་འབོགས་པའམ། བསྡུ་ན་སངས་རྒྱས་


PS010_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཚོགས་མ་ཚར་གསུམ་བྱ། རྗེས་གནང་གི་དངོས་གཞི་མངོན་རྟོགས་བཞིན། སྐུའི་རྗེས་གནང་དང་། གསུང་ལ་བཟླས་ལུང་། དམ་བཅའ། བྱིན་གྱིས་བརླབས་པའི་ལུང་། ཐུགས་ཕྱག་མཚན་ཕྲེང་བ་དང་། པད་དཀར་བསྟིམ་པ་རྣམས་ཏེ་སྤྱི་དང་འདྲ་ཞིང་། བུམ་པ་བཅས་ན། ཇི་ལྟར་བལྟམས་པ་ནས། ཤྲཱི་ཡ་ཧཱུཾ་གི་བར་གྱི་བུམ་པ་མགོ་ཐོག་ཏུ་བཞག །ཡིག་དྲུག་བརྗོད་བཞིན་འཐུང་བ་དང་། ཁྲུས་བྱེད་དུ་འཇུག །རྗེས་ཀྱི་བྱ་བའང་སྤྱི་དང་འདྲའོ། །སྒྲུབ་ཐབས་འདི་ནི་ཨ་ཏི་ཤའི་བཞེད་པ། ནག་ཚོ་དང་། ཕྱག་སོར་བ་ནས་བརྒྱུད། སྐྱེར་སྒང་པ་ལ་བཀའ་བབ་པ་ཞལ་གཟིགས་ཁོ་ནའི་བརྒྱུད་པ་ཡིན་ལ། དེ་ལ་ཕྱི་སྒྲུབ་གསང་སྒྲུབ་གཉིས་ལས་ཕྱི་སྒྲུབ་བོ། །


PS010_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་དྲུག་ཀུན་ལ་གྲགས་མོད་ཀྱང་། །གཞན་པས་དགའ་བའི་ཉམས་ལེན་ནི། །གྲུབ་ཐོབ་རྣམས་ཀྱི་སྙིང་གི་བཅུད། །ལྷད་མེད་གསལ་པོར་བཀོད་པ་ཡིན། །སྤྱན་རས་གཟིགས་ཡི་གེ་དྲུག་པ་ཇོ་བོ་ལུགས་ཀྱི་སྒྲུབ་ཐབས་ཀྱི་ལེའུ་ཚན་ནོ། །ཞེས་སྒྲུབ་པའི་ཐབས་རིན་ཆེན་འབྱུང་གནས་ལས་བྱུང་བའོ།། ༈ སྐྱེར་སྒང་ལུགས་ཀྱི་ཡི་གེ་དྲུག་པའི་ཉེར་མཁོ་ཅུང་ཟད་ཅིག་བཞུགས་སོ། །ཨོཾ་སྭ་སྟི། །སྐྱེར་སྒང་པས་མཛད་པའི་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ལས་ཉེར་མཁོ་བཏུས་པ། ཐོག་མར་གཟུངས་ཆུ་བྱེད་པར་འདོད་ན། སྣོད་གས་ཆག་མེད་པ་རིན་པོ་ཆེ་ལ་སོགས་པའི་སྣོད་དུ། ཆུ་སྲོག་ཆགས་ཅན་ལ་སོགས་པ་མ་ཡིན་པ་གཙང་མ་བླུགས་ལ་མདུན་དུ་བཞག །རང་ཡི་གེ་དྲུག་པར་བསྒོམ། །མདུན་དུ་


PS010_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་རས་གཟིགས་ཞལ་བཅུ་གཅིག་པ་རང་གི་ཐུགས་ཀའི་ཧྲཱིཿའི་འོད་ཟེར་གྱིས་སྤྱན་དྲངས་ལ། ཇོ་བོ་ཡི་གེ་དྲུག་པའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་རྣམ་པ་ལྔ་འཕྲོས་པའི་སྣ་ལས་མེ་ཏོག་ལ་སོགས་པ་ཇོ་བོ་ལ་ཕུལ་བར་བསམས། ངག་ཏུ་སྔགས་འདི་བརྗོད་པར་བྱའོ། །ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་སྭཱ་ཧཱ། །ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུཾ་སྭཱ་ཧཱ། །ཨོཾ་བཛྲ་ཨ་ལོ་ཀེ་ཨཱཿཧཱུཾ་སྭཱ་ཧཱ། །ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ་སྭཱ་ཧཱ། །ཨོཾ་བཛྲ་ནཻ་བི་དྱེ་ཨཱཿཧཱུཾ་སྭཱ་ཧཱ། །ཨོཾ་བཛྲ་ཤབྡ་ཨཱཿཧཱུཾ་སྭཱ་ཧཱ། །ཞེས་བརྗོད་ལ་མཆོད་པ་འབུལ། དེ་ནས་རང་གིས་བྱེད་ན་རང་གི་མིང་གཞུག །གཞན་གྱི་བྱེད་ན་ཆེ་གེ་མོའི་ནད་དང་གདོན་དང་གནོད་པ་དང་བར་དུ་གཅོད་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། །ཞེས་གསོལ་བ་ལན་གསུམ་བཏབ་པས་རྗེ་བཙུན་སྤྱན་རས་གཟིགས་


PS010_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཡོན་གྱི་བུམ་པ་ན་རིལ་བ་སྤྱི་བླུགས་ཡོད་པ། དེ་ཡོ་བར་བྱས་ནས་དེའི་ནང་ནས་བདུད་རྩི་དཀར་མེ་རེ་རེ་ཆུའི་ནང་དུ་བླུགས་པར་བསམ་ཞིང་ཡི་གེ་དྲུག་པ་སུམ་བརྒྱའམ་བརྒྱ་རྩ་བརྒྱད་བཟླས། དེ་ནས་ཇོ་བོ་ལ་མཆོད་པ་རྣམས་སྔ་མ་བཞིན་ཕུལ་ལ་གཤེགས་སུ་གསོལ། །དེ་ནས་ཁྲུས་བྱེད་ཁར་རང་སྲུང་བ་ལ་ཡི་གེ་དྲུག་པ་ལན་བདུན་བཟླས་ལ། སྔར་གྱི་སྤྱན་རས་གཟིགས་སྤྱན་དྲངས་ལ་སྔར་གྱི་སྤྱི་བླུགས་ནས་བདུད་རྩི་བྱུང་བས་སྡིག་སྒྲིབ་དང་ནད་དང་གདོན་ལ་སོགས་པ་ཐམས་ཅད་ནག་ཉིལ་ཉིལ་སོང་བར་བསམ། གཞན་ལ་བླུགས་ནའང་དེ་བཞིན་དུ་བྱས་ལ་མགོ་ནས་མར་བླུགས། འཕར་བ་ལ་སོགས་པ་འོང་ན་རང་གི་སྙིང་གར། ཧཱུཾ་ལྗང་གུ་ལ་རྡོ་རྗེ་རྒྱ་གྲམ་ལྗང་གུ་བསྐྱེད་ལ། མི་དེའི་མགོ་ཐོག་ན་


PS010_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

མར་སོང་བར་བསམས་ལ། དེའི་སྟེང་དུ་བླུག་གོ ། དགེ་བ་བསྔོའོ། །སྲུང་སྐུད་བྱེད་ན། ཤི་བའི་བལ་མ་ཡིན་པ་ལ། བསྒྲིལ་དུས་སུ་འཇུར་བུ་མེད་པ་དང་། མ་ཆད་པ་དང་། མ་ཤོར་བ་བྱ། མདུད་པ་གསུམ་ལ། ཨོཾ་ཨཱཿཧཱུྃ་གསུམ་བསམ་མོ། །སྲུང་སྐུད་ལ་ཡི་གེ་དྲུག་པ་འཁྲིལ་བར་བསམ། དེ་ནས་སྲུང་སྐུད་སྙིམ་པར་བཅུག་ལ་སྔགས་བརྒྱ་རྩ་བརྒྱད་བརྗོད་པས་རྡོ་རྗེའི་ཐག་པ་གྱུར་པར་བསམ། རང་གི་བྱེད་ན་མདུད་པ་བྱེད་དུས་སུ་སྔགས་བདུན་བཟླས་སོ། །སྙིང་རྗེས་སྲུང་བ་ལ་གནད་བློ་སྦྱོང་དང་འདྲ་བར་འདུག །སྟོང་ཉིད་ཀྱིས་སྲུང་བ་ལ། རང་གི་ལུས་གྲུབ་ཕུང་པོའི་བདུད། །དེ་ལ་དབུགས་འགྲོ་འཆི་བདག་བདུད། །ཉོན་མོངས་གནས་པ་ཉོན་མོངས་བདུད། །ཡུལ་རྟེན་


PS010_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བསྐྱེད་ལྷ་བུའི་བདུད། །དེ་རྣམས་རང་སེམས་རྣམ་པ་ཙམ། །ལུས་གྲུབ་ན་ཡང་ཨ་ནས་གྲུབ། །ཞིག་པ་ན་ཡང་ཨ་ནས་འཇིག།རང་གི་ལྟེ་བར་ཨ་དཀར་བསམ། །དེ་ལས་འོད་བྱུང་ལུས་གང་ནས། །ཕྱིར་འཕྲོས་སྣོད་བཅུད་ཀུན་ལ་ཕོག།སྡིག་སྒྲིབ་སྦྱངས་ནས་འོད་དུ་ཡལ། །སྟོང་ཉིད་ངང་དུ་ཅི་གནས་བཞག།ལྡང་ན་ཨ་ནས་སྣོད་བཅུད་ཀུན། །ལྷ་ཡི་དཀྱིལ་འཁོར་ཉིད་དུའོ། །གནས་བསྲུང་བ་ནི། མལ་གྱི་ཟུར་བཞིར་ཧྲཱིཿབཞིར་བསམ། །འོག་ཏུ་ཧྲཱིཿམགོ་ཐུར་བསྟན་ཞིག།སྟེང་དུའང་འོག་གི་དེ་འདྲ་ཞིག།ཧྲཱིཿབཞི་འོད་དམར་ཕྲུགས་ཀྱིས་འདྲེས། །འོག་ཧྲཱིཿམེ་ནི་ཟུར་གསུམ་འབར། །སྟེང་དུའང་ཟུར་གསུམ་འབར་བར་བསམ། །སྟེང་མས་ལྷ་བུའི་བདུད་ལས་བསྲུང་། །ཕྱོགས་བཞིའི་མེས་


PS010_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྒྱལ་ཆེན་བཞིའོ། །འཁོར་དུ་གནས་པའི་གནོད་སྦྱིན་སྲུང་། །འོག་གི་དེས་ནི་གནོད་སྦྱིན་སྲུང་། །གཞི་ལ་སྡོད་དུས་མི་བསྡུ་བར། །སྲོད་ལ་གསལ་གདབ་འགྲོ་ན་བསྡུ། །དྲག་པོའི་སྲུང་བ་རྟ་མགྲིན་ནོ། །ས་གཉན་སར་སྡོད་ན་ཐུགས་ཀའི་ཧྲཱིཿའི་འོད་ཀྱིས་དམྱལ་བའི་བར་གྱི་ཉེས་སྐྱོན་སྦྱངས་པར་བསམས་ནས་བཟླས་པར་བྱའོ། །བསྡུས་པའོ། །གཏོར་མ་བརྒྱ་རྩ་དང་འབུལ་གཏོར་འདྲ། སྡིག་སྦྱོང་། སྡིག་པ་གང་ཡིད་ལ་གཅག་པ་དེའི་ནང་དུ་སྡིག་པ་ཐམས་ཅད་བསྡུས་ལ་ལྕེ་ཐོག་ཏུ་ནག་བུན་ནེ་བསམ། དེ་ནས་ཡི་གེ་དྲུག་པ་བཟླས་པས་ཕུ་ཆུ་དྲག་པོས་བྱེ་མ་ལ་རྒྱབ་པར་ལྟར་ཧར་ཧར་ཟད་པར་བསམ། འཇོག་ཁར་སངས་ཀྱིས་དག་པར་བསམ། སྟོང་པས་རྒྱས་བཏབ། དགེ་བ་བསྔོ། །


PS010_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་བཞི་སྦྱོར་ཚུལ་གཞུང་ན་གསལ། སཙྪ་ལ། འཇིམ་སྟེང་ཧྲཱིཿམཐར་ཡིག་དྲུག་བསམ། །དེ་ཞུ་ཤེལ་གྱི་ཕུང་པོར་མོས། །མ་ཎི་བརྗོད་ནས་ལས་ཀུན་བྱ། །རབ་གནས་རྒྱས་བསྡུས་སྐབས་དང་སྦྱར། །ཆུ་སྦྱིན་གཞན་འདྲ། །མདོར་བསྡུས་ནི། །སྙིང་རྗེས་མ་ཎི་བརྗོད་ཅིང་ཆུ་གཏོར་ཀྱང་ཆུ་མིག་འབབས་ཆུ་སོགས་བདུད་རྩིར་བྱིན་གྱིས་རླབས་པས་ཆོག།སྦྱིན་སྲེག་ཞི་རྒྱས་དབང་དྲག་ཐབ། །དབྱིབས་ནི་སྤྱི་དང་མཐུན་པར་བསམ། །ཟངས་གཞོང་ནང་དུ་མར་མེ་བཞག།ལྷར་བསྐྱེད་རྫས་ནི་འབྲུ་སྣ་ཚོགས། །ཤིང་བལ་མེ་ཏོག་གཟུགས་བྱས་པ། །འབུལ་སྔགས་ཡི་གེ་དྲུག་པ་ལ། །ཞི་བ་ལ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། །ཞེས་སྦྱར། དེ་བཞིན་དུ། རྒྱས་པ་ལ། པུཥྚིཾ་ཀུ་རུ་ཨོཾ། དབང་ལ། ཝཱ་ཤཾ་ཀུ་རུ་ཧོཿ དྲག་པོ་


PS010_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ལ། མཱ་ར་ཡ་ཕཊ། །སྡིག་སྦྱོང་སྦྱིན་སྲེག་ཆེན་མོ་ནི། །མེ་ཏོག་མང་བཏུས་གྲིབ་སྐམ་བྱ། །ལས་སྦྱོར་ས་དཀར་ཙནྡ་དཀར་པོའི་ཆུས་ཆག་ཆག་བཏབ། །དེའི་དཀྱིལ་དུ་དོང་ཟླུམ་པོ། ཟབས་སུ་ཁྲུ་གང་ཁ་སྐོར་ཁྲུ་ཕྱེད་བྲུས་ལ་དེའི་ཁ་རས་ཀྱིས་བཅད། དེའི་སྟེང་དུ་མཉྫི་བཞག །དེའི་ཁར་ཟངས་ལ་སོགས་པའི་སྣོད་ཀྱི་སྟེང་དུ་ཡི་གེ་དྲུག་པའི་སྐུ་རབ་གནས་ཅན་བཞུགས། མདུན་དུ་མཆོད་པ་བཤམ། གསོལ་བ་གདབ་པ་ནི། ཇོ་བོ་ཐུགས་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གི་སྡིག་པ་ཐམས་ཅད་སྦྱང་དུ་གསོལ། །སྡིག་པ་ལྕི་བ་ཡོད་ན་དེའི་མིང་འདོན། ལན་གསུམ། ལག་པ་གཡས་པས་མེ་ཏོག་བླངས་ནས་ཇོ་བོའི་ཐུགས་ཀར་དབུལ། གཡོན་པས་


PS010_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བ་བགྲང་། བསྙེན་པའི་གྲངས་ཀྱི་བཅུ་ཆ་ཕུལ། དགེ་རྩ་བསྔོ། རྟེན་ཕྱིར་གཤེགས། དོང་ཞབས་སུ་སྤྲ་བ་དཀར་པོ་བླུགས། དེ་ནས་མེ་ཏོག་རྣམས་བླུགས། དེའི་ཁར་ཤིང་ཤུག་པ་ཟླུམ་པོར་བརྩིག །དབུལ་བའི་རྫས་ནི་ཤུག་པ་ལེགས་པར་གཤག་པ་ཁྲི་ཚོ་གཅིག་ལ་སྣུམ་བྱུག་པ་གཡས་སུ་བཞག །དོང་གི་ཕྱོགས་བཞིར་མཆོད་པ་ཚར་རེ་རེ་བཤམ། ནང་དུ་ཧྲཱིཿལས་ཡི་གེ་དྲུག་པ་བསྐྱེད། སངས་རྒྱས་བྱང་སེམས་ཀྱིས་མདུན་གྱི་ནམ་མཁའ་གང་བར་བསམ། དེ་རྣམས་ལ་དམིགས་ལ་མདུན་གྱི་མཆོད་པ་ཕུལ། ཡན་ལག་བདུན་པ་བྱ། ཕྱོགས་བཅུ་ན་སོགས་ནས་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་སྡིག་པ་ཐམས་ཅད་མྱུར་དུ་ཟད་པར་མཛད་དུ་གསོལ། །ཚོགས་ཐམས་ཅད་མྱུར་དུ་


PS010_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་མཛད་དུ་གསོལ། །གསུམ། གཡོན་གྱི་མཆོད་པ་ཚར་གཅིག་ཡི་གེ་དྲུག་པ་ལ་དབུལ། གསོལ་བ་སྔར་ལྟར་རོ། །དེ་ནས་མེ་སྦར་ལ་ཤུག་པ་འགའ་རེ་ཇོ་བོའི་ཞལ་དུ་ཕུལ་བས་བདེ་སྟོང་གི་རང་བཞིན་དུ་ལྟེམ་ལྟེམ་སོང་བདག་གི་སྡིག་པ་ཐམས་ཅད་སངས་ཀྱིས་སོང་བར་བསམ། རྫས་རེ་རེའི་གཤམ་དུ་ཤཱནྟིཾ་ཀུ་རུ་བཏགས། རྫས་ཟད་ནས་རྒྱབ་ཀྱི་མཆོད་པ་ཕུལ། །གསོལ་བ་ལན་གསུམ་བཏབ། ཚོགས་ཡོད་ན་བཟའ། ཡང་གཡས་ཀྱི་མཆོད་པ་ཕུལ། ཨོཾ་མ་ཎི་པདྨེ་ཧཱུཾ་བདག་གི་སྡིག་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། །ཞེས་ཁྲི་ཚོ་གཅིག་བཟླས་སོ། །དེ་ནས་བསྲེག་སྤོས་ལག་ཏུ་ཐོགས་ལ་ཇོ་བོ་ལ་གསོལ་བ་གདབ་པ་ནི། ཇོ་བོ་ཐུགས་རྗེ་ཆེན་པོས་སེམས་ཅན་


PS010_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་དོན་དུ་བདག་གིས་དངོས་གྲུབ་མྱུར་དུ་ཐོབ་པར་མཛད་དུ་གསོལ། །གསུམ། དགེ་རྩ་བསྔོ། ཐལ་བ་རླུང་ལ་བསྐུར། བྲུལ་གཏོར་གཏོང་། བསྙེན་པ་བྱེད་ན་དགེ་འདུན་གྱི་ཚོགས་གསོག་དང་དཀོན་མཆོག་ལ་མཆོད། མེ་ཏོག་དཀར་པོ་སྤུངས་པའི་ཁར་ཇོ་བོའི་སྐུ་རབ་གནས་ཅན་བཞག་ལ་མེ་ཏོག་སྙིམ་པ་གསུམ་ཕུལ་ལ་གསོལ་བ་གདབ་པ་ནི། བདག་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །བར་ཆད་ཐམས་ཅད་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། །གསུམ། གྲངས་བསྙེན་འབུམ་ཚོ་སུམ་ཅུ་རྩ་གཉིས། འབྲིང་འབུམ་ཕྲག་བདུན། ཐ་མ་གསུམ། ཡང་ཇོ་བོ་ནས་བརྒྱུད་པའི་ཡིག་རྙིང་གཞན་ལས། དུས་བསྙེན་ཟླ་བ་གསུམ།


PS010_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་བསྙེན་འབུམ་ཚོ་བཅོ་བརྒྱད་ཅེས་གསུངས། ཡང་ཡི་གེ་ལ་ལར་འབུམ་ཕྲག་དྲུག་ཏུའང་བཤད་དོ། །བསྙེན་པ་མ་སོང་བར་ལས་སྦྱོར་མི་རུང་། །ཝ་རུ་འི་གཏོར་མ་གཞུང་དུའོ། །གཙང་སྦྲ་གཙོ་ཆེ། སྒྲུབ་ཐབས་ལ་རྒྱས་པ་གཙོ་འཁོར་གསུམ། བསྡུ་ན་གཙོ་བོ་གཅིག་པུ་བསྙེན་པ་ལ་བསྐྱེད་རིམ་གཙོ་ཆེ། རིགས་གཏད་གཞུང་ནའོ། །རྫོགས་རིམ་ནི་ལྷ་བསྡུ་བ་སོགས་སྟོང་ཉིད་བསྒོམ་པ་དེ་ཀའོ། །སྙིང་རྗེ་གཙོ་ཆེ། ཉལ་ལྡང་ཁྲུས་གསུམ་ཟས་གོས་སོགས་འདྲ། ཞེ་སྡང་སྐྱེས་ན་སྙིང་གི་དཀྱིལ་དུ་ཡི་གེ་མ་གཅིག་བསམ། དེ་ལས་འོད་འཕྲོས་ལུས་ཁེངས་པས་ཉོན་མོངས་ཞི་བར་བསམ། འོད་ཟེར་ཕྱིར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་ཞི་བར་བསམ་ལ། མ་ཎི་སྟོང་


PS010_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཚོ་རེ་རེ་བཟླས། འདོད་ཆགས་སྐྱེས་ན་ལྟེ་བར་འོད་དམར་པོ་བསམས་པ་སོགས་དང་། གཏི་མུག་སྐྱེས་ན་སྤྱི་བོར་ཏིལ་ནག་པོ་བསམ་པ་སོགས་གོང་གིས་རིགས་འགྲེ། དུག་གསུམ་ཤད་སྦྱངས་འདི་མ་ཆག་ན་ཉོན་མོངས་ཀྱིས་མི་གོས་ཚོགས་མྱུར་དུ་རྫོགས་སོ། །ཉལ་ཁར་བཅུ་གཅིག་ཞལ་གྱི་བྲིས་སྐུ་སོགས་ཡོད་ན་རབ། མེད་ཀྱང་བསམས་ལ། ངག་ཏུ། ཇོ་བོ་ཐུགས་རྗེ་ཆེན་པོ་ལ་བདག་ལུས་འབུལ་གྱིས་ཐམས་ཅད་དུ་རྣམ་པ་ཐམས་ཅད་སོ་སོར་བཞེས་སུ་གསོལ། །གསུམ། ཇོ་བོའི་ཐུགས་ཀར་བདག་ལུས་སིབ་ཀྱིས་ཐིམ་པར་བསམ། མཉམ་པར་བཞག །སྙིང་རྗེ་ཆེན་པོ་ལས་མི་འདའ་སྙམ་པས་ངག་ཏུ་ཇོ་བོ་ཐུགས་རྗེ་ཆེན་པོས་བདག་དམ་ཚིག་ཆེན་པོ་ལས་མི་འདའ་བའི་དངོས་གྲུབ་སྩལ་དུ་


PS010_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །གསུམ། དགེ་བ་བསྔོ། ཚོགས་འཁོར་བྱེད་ན་ཤ་ཁྲག་དང་ཆང་འདིར་མི་རུང་། དཀར་གསུམ་སོགས་དགོས་ཞིབ་པར་ཡི་གེ་རྙིང་པར་བཙལ་ལོ། །ཞེས་པ་འདི་བྱ་བྲལ་བ་སངས་རྒྱས་ཕུན་ཚོགས་ཀྱིས་ཨེ་ཝཾ་ཆོས་ལྡན་དུ་བྲིས་པའོ། །༈ཐུགས་རྗེ་ཆེན་པོའི་དམར་ཁྲིད་སྐྱེར་སྒང་ལུགས་ཀྱི་བརྒྱུད་འདེབས་བཞུགས་སོ། །སྣང་མཐའ་སྤྱན་རས་གཟིགས་དབང་ར་ཧུ་ལ། །མཉམ་མེད་ཇོ་བོ་ནག་ཚོ་ཕྱག་སོར་བ། །ཤེས་རབ་ཚུལ་ཁྲིམས་ཤེས་རབ་རྒྱལ་མཚན་དཔལ། །འཕགས་པ་ལྕེ་སྒོམ་རྣམས་ལ་གསོལ་བ་འདེབས། །གྲུབ་མཆོག་སྐྱེར་སྒང་པ་དང་གཉན་སྟོན་ཆེ། །སངས་རྒྱས་སྟོན་པ་ཤངས་སྟོན་རྒྱལ་མཚན་འབུམ། །བྱམས་དཔལ་སྨོན་ལམ་བསོད་ནམས་རྒྱལ་


PS010_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དཔལ། །ཤེས་རབ་བཟང་པོ་རྣམས་ལ་གསོལ་བ་འདེབས། །གཉུག་ལ་པ་ཆེན་ངག་དབང་གྲགས་པའི་ཞབས། །ཆོས་གྲགས་རྒྱལ་མཚན་ནམ་མཁའ་དབང་ཕྱུག་དང་། །སངས་རྒྱས་རྒྱལ་མཚན་ཀུན་དགའ་བསོད་ནམས་དཔལ། །བསོད་ནམས་དབང་ཕྱུག་རྣམས་ལ་གསོལ་བ་འདེབས། །བསོད་ནམས་མཆོག་གྲུབ་བློ་བཟང་རྒྱ་མཚོའི་སྡེ། །དགེ་འདུན་དོན་གྲུབ་བསྟན་འཛིན་ཕྲིན་ལས་དཔལ། །བློ་བཟང་ཆོས་འཛིན་ཕུན་ཚོགས་རྒྱ་མཚོ་དང་། །བློ་བཟང་དོན་གྲུབ་རྣམས་ལ་གསོལ་བ་འདེབས། །ངག་དབང་བློ་བཟང་སྐལ་བཟང་ཐུབ་བསྟན་རྗེ། །བློ་བཟང་བསྟན་འཛིན་དཀོན་མཆོག་རྒྱལ་མཚན་དཔལ། །འཇམ་པའི་དབྱངས་དངོས་བསྟན་པ་རབ་རྒྱས་དང་། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །
སྔོན་འགྲོའི་རིམ་པས་རང་རྒྱུད་ལེགས་སྦྱངས་ཤིང་། །སྒོ་གསུམ་ལྷ་སྔགས་གཉུག་མའི་ཡེ་ཤེས་དང་། །མཁའ་ཁྱབ་སྟོང་ཉིད་སྙིང་རྗེའི་རྣལ་འབྱོར་གྱིས། །འཕགས་པའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཞེས་པའང་འཇམ་མགོན་བླ་མ་དཀོན་མཆོག་བསྟན་པ་རབ་རྒྱས་དཔལ་བཟང་པོའི་ཞལ་སྔ་ནས་ཚུལ་འདིའི་བཀའ་དྲིན་ཐོབ་པ་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དགེའོ། །


previousདཔལ་ལྡན་ཤངས་པའི་ཟབ་ཆོས་གསང་སྒྲུབ་སྐོར་ལྔ་ལས། ཐུགས་རྗེ་ཆེན་པོའི་གསང་སྒྲུབ་སྐྱེར་སྒང་ལུགས་ཀྱི་སྐོར། next