Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ནཻ་གུ་ཆོས་དྲུག་གི་རྩ་བའི་ཆོས་བཞིའི་སྙིང་པོ། ཏཱ་ར་ནཱ་ཐ།
   
   
   
   
   
   
   
   
   
   


 
previousནཻ་གུ་ཆོས་དྲུག་གི་རྩ་བའི་ཆོས་བཞིའི་སྙིང་པོ། ཏཱ་ར་ནཱ་ཐ། next

ནཻ་གུ་ཆོས་དྲུག་གི་རྩ་བའི་ཆོས་བཞིའི་སྙིང་པོ། ཏཱ་ར་ནཱ་ཐ།


PS010_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ནཻ་གུ་ཆོས་དྲུག་གི་རྩ་བའི་ཆོས་བཞིའི་སྙིང་པོ་བཞུགས་སོ།། །།


PS010_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་ར་བེ། །འདིར་ནཻ་གུ་ཆོས་དྲུག་གི་རྩ་བའི་སྙིང་པོ་ནི་འདི་ཡིན་ཏེ། རང་རྡོ་རྗེ་ཕག་མོ་རྩ་གསུམ་ཧཾ་དང་བླ་མའི་ངོ་བོ་རཾ་དང་བཅས་པ་སྤྱི་བོར་བླ་མ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས་བསྐོར་བ་རླུང་ཁ་སྦྱོར་བཟུང་། རཾ་འབར་སྤྱི་བོའི་བླ་མ་སོགས་ལ་བདེ་དྲོད་ཀྱིས་མཆོད། །ཐམས་ཅད་བྱང་སེམས་བདུད་རྩིའི་རྣམ་པར་ཞུ། དབུ་མའི་ནང་


PS010_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

གི། སྤྱི་མགྲིན། སྙིང་ལྟེ་རྣམས་གང་། དབང་བཞི་ཐོབ། རང་དང་བླ་མ་དབྱེར་མེད་གྱུར། །བདུད་རྩི་ལྟེ་བའི་རཾ་ལ་ཕོག །ཡང་མེ་ཕྲ་མོ་དྲག་ཏུ་འབར། །ཧཾ་ལས་བྱང་སེམས་ཕྲ་མོའི་རྒྱུན་བབས་པའི་འབར་འཛག་དང་། །མེ་ལྕེས་ལུས་གང་བར་བསྒོམ། །༡ ཡང་སྐབས་འགར་རླུང་བཟུང་བས། དབུ་མ་ཇེ་ཆེ་ལ་ནམ་མཁའི་མཐའ་ཀླས་པར་བསམ། །


PS010_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

༢འདི་ལ་མེ་ཐབས་དྲུག་བཅིངས་སམ། ལག་མཐིལ་པུས་མོར་བཀབ་པའི་ཚུལ་གྱི་ཆོས་བདུན་བྱ། འོག་མ་ཀུན་ལ་སྤྱི་དང་འདྲ། རང་བདེ་མཆོག་སྤྱི་བོར་རྡོ་རྗེ་འཆང་། དེ་ལ་མོས་གུས་དྲག་པོས་གསོལ་བ་གདབ། ཕ་བླ་མ་ཕ་བླ་མ་བླ་མ་རང་མཁྱེན་སྙམ་ཅིང་བརྗོད། །ད་ལྟའི་སྣང་བ་གཡས་མེད་བཀྲ་ལམ་མེ་བ་ཚུགས་མི་ཐུབ་པ་འདིས་འཆར་སྒོ་མ་འགགས་པ་ལ་རྩེན་ནི་འཇོག །ཨ་འཐས་བཤིག་སྟེ། སྒྱུ་མ་ལྟ་བུར་སེམས་ཀྱི་ཆོ་འཕྲུལ་ལོ་ཞེས་ཕྱོགས་མེད་དུ་འདུན་པ་བྱ། ལྟེ་བར་ཆོས་འབྱུང་ནང་དུ་འགྲོ་དྲུག་ཏུ་སྣང་བ་འདི་རྣམས་རང་བཞིན་སྒྱུ་མའི་ཆོ་འཕྲུལ་དུ་མ་གཏོགས་པ་སྙིང་རེ་རྗེ། དེ་ཀུན་ཡལ་བ་དང་རང་སེམས་ལྷོད་དེ་ཤིགས་སེ་བའི་ངང་བསྐྱངས། །འདིར་རྨི་ལམ་གྱི་འདུན་པ་བསྣན་


PS010_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ན་རང་ཟིན་འོང་། འཛིན་མེད་དུ་སྐྱང་ན་འོད་གསལ་ཟིན། བར་དོའི་འདུན་པ་དང་སྦྲེལ་ན་བར་དོ་རང་གྲོལ་ཡིན་ནོ། །མོས་གུས་དང་བདེན་མེད་ཀྱིས་འཆུན་རྩ་བའི་ལྷ་སྐུ་སྣང་སྟོང་དམིགས་པའི་མཐིལ་ཡིན་ནོ། །༣ སྤྱི་བོའི་ཧཾ་ལས་ཐིག་ལེ་དཀར་པོ་གསང་བའི་ཧཱུཾ་ལས་ཐིག་ལེ་དམར་པོ་ཆད་པ། དྷཱུ་ཏིའི་ནང་སྙིང་གར་འཁོར་བ་ལ་རྨི་ལམ་གྱི་འདུན་པ་དང་། རེག་པས་བདེ་ཆིལ་བ་དང་། མཐར་ཡར་བ་ལ་ཅི་ཡང་མི་བསམ་པར་བཞག །ཡང་སྣང་གྲགས་ཐམས་ཅད་རྨི་ལམ་མོ་སྙམ་འདུན་པ་དྲག་ཏུ་བྱ། །དེས་མ་ཟིན་ན་སྙིང་གར་བླ་མ་རྡོ་རྗེ་འཆང་དཀར་པོའི་ཐུགས་ཀར་ཧཱུྃ་མཐིང་ག་དྭངས་གསལ་ཤེལ་སྔོན་གྱི་ཐིག་པ་ལྟ་བུ། དེ་ལ་དྲན་འདུན་དྲག་ཏུ་བྱ། །མཐའ་ནས་རིམ་པས་


PS010_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ཡལ་བ་དང་ཧད་དེ་སྐྱངས། ཡང་འདུན་པ་བྱ། ༤དེས་ཀྱང་མ་ཟིན་ན། དེ་མགྲིན་པར་སྒོམ་འདུན་པ་དྲིལ། ད་ལྟའི་སྣང་བ་དང་གཉིད་ཀྱི་བར་གྱི་རྣམ་རྟོག་ངོས་བཟུང་ན་འཆུག་པ་མི་སྲིད་དོ། །ཟིན་ནས་སྦྱང་བ་ནི། རླུང་གི་གནད་དང་ལྡན་པས་དྲན་འདུན་དྲག་པོས་རྨི་ལམ་དང་ཡིད་ལུས་འདི་ལ་ཅི་བསམ་བསམ་བྱས་པས་ཆོག་སྙམ་པས་ཐོགས་བཅས་ལ་ཕར་ཐལ་ཚུར་ཐལ། གཡང་ས། མེ་ཆུ། དགྲ་གཉེན་སོགས་ཆགས་སྡང་། ཡ་ང་། ངོ་ཚ། སྐྱུགས་བྲོ་སོགས། སྐྱེ་བའི་ཡུལ་ཀུན་ལ་བདེན་མེད་ཀྱི་འདུན་པས་ཐོག་རྫིས་སུ་སྦྱངས་བའི་དམིགས་པ་དང་། གང་སྣང་ཐམས་ཅད་ལ་མང་ཉུང་ཆེ་ཆུང་དངོས་པོ་ཐམས་ཅད་དུ་སྒྱུར། རང་སྣང་དེར་སྤྲུལ་པ་དང་། སངས་རྒྱས་


PS010_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཞིང་ཁམས་སོགས་སྐད་ཅིག་གིས་བགྲོད་ནས། ཆོས་ཉན་པ་སོགས་དམིགས། མོས་གུས་དང་དྲན་འདུན་གྱི་ཤུགས་ཀྱི་རྒྱབ་ཕུལ། ཕྱོགས་གཅིག་ལ་ཨ་མ་མཐས་པའི་འཕྲུལ་ཆགས་པར་བྱའོ། །དེ་ནས་འོད་གསལ་ནི། སྙིང་ཁའི་རྩ་འདབ་བཞི་པའི་ལྟེ་བར་བླ་མའི་ཐུགས་ཀར་ཧཱུྃ་དཀར་པོའམ། དབུ་མའི་ནང་གསང་གནས་ཀྱི་རྩེ་མོར། ཨ་ཐུང་དཀར་པོ་ལ་མ་ཡེངས་པར་ཆམ་ལ་བཞག །ཡི་གེའི་འོད་ཀྱི་སྣང་བ་ཐམས་ཅད་གསལ་ལེ་གསལ་བའང་སྐབས་སྐབས་སུ་བསྒོམ། རླུང་བུམ་ཅན་ཅི་རིགས་སྦྱངས་ངོ། །དམིགས་རྟེན་སྤྱི་བོ་རུ། །དབུ་མའི་ལམ་ནས་དབྱིངས་སུ་སྤར་ནས་འཕོ་བའང་ཆོག།གཉིད་དུ་འགྲོ་ཁར་དམིགས་པ་རྩེ་གཅིག་ཏུ་


PS010_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ། ༩ ། སྣང་ཆ་ཅི་རིགས་བརྟན་པོར་ཤར་ནས་ཡི་གེའི་འོད་ཟེར་གྱིས་སྣང་བ་ཐམས་ཅད་མཐའ་ནས་སྙིང་ཁར་བསྡུ། ཡལ་བ་ན་མི་རྟོག་པ་སྒོམ་པ་ཉིན་མཚན་གཉིས་སུ་ཉམས་ལེན་མཐིལ་དུ་བྱེད། །རྨི་ལམ་འབྱོངས་ནས་ཀྱང་འདི་སྒོམ་ན། འོད་གསལ་ཟིན་པར་ཐེ་ཚོམ་མེད། ༡༠ ། སྒྱུ་ལུས་ལ་བདེན་མེད། རྨི་ལམ་ལ་རྨི་ལམ། འོད་གསལ་སྣང་བ་རྟོག་མེད་ཀྱི་དྲན་འདུན་རྣམས་ཐུན་དང་སྤྱོད་ལམ་ཐམས་ཅད་དུ་སྦྱང་བླ་མའི་མོས་གུས། མི་རྟག་འཁོར་བའི་སྐྱོ་ཤས། བྱམས་སྙིང་རྗེ། རང་དང་སྣང་བ་ལ་ཞེན་པ་ཨ་འཐས་བྲལ་བ་ཀུན་ལ་གཅེས། སོ་སོ་ལ་མྱོང་བ་ཅི་རིགས་སུ་ཐོན་པ་ན། ཐོ་རངས་གཏུམ་མོ། །སྔ་དྲོ་སྒྱུ་ལུས། ཕྱི་དྲོ་རྨི་ལམ། སྲོད་ལ་འོད་གསལ་


PS010_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས་བ་སོགས་དང་། ཡང་ཁྲིད་ཆགས་མེད་པའང་མཛད། འོད་གསལ་ལ་གཏུམ་མོ་དང་། གཏུམ་མོ་ལ་སྒྱུ་ལུས། སྒྱུ་ལུས་ལ་འོད་གསལ་རྨི་ལམ། རྨི་ལམ་ལ་འོད་གསལ་སྒྱུ་ལུས་ཀུན་ལ་འདུན་པ་མོས་གུས་སྐྱོ་ཤས་སྙིང་རྗེ་གནད་དུ་ཆེ། འཇིག་རྟེན་གྱི་བྱ་བཞག་ཕྲ་མོ་མི་བྱེད་ཁ་མེད་བྱུང་བ་ཀུན་དང་། བྱ་བྱེད་སྤྱོད་ལམ་ཐམས་ཅད་ལྟ་བ་ཕྱག་རྒྱ་ཆེན་པོ་དང་། ཐབས་ལམ་སོ་སོའི་དགེ་སྦྱོར་གྱི་ཟིན་ན་ཅི་བྱས་ཆོས་ཡིན་ཏེ། མི་ཚེ་དོན་ལྡན་བྱ་བ་སངས་རྒྱས་ལག་པའི་མཐིལ་ན་ཡོད་པ་ལགས། ལར་ཆོས་ལ་ཆིག་འདྲིལ་རང་དགོས་སོ། །མཁའ་འགྲོའི་ཐུགས་བཅུད་སྟན་ཐོག་གཅིག་མའི་ཉམས་ལེན་སློབ་མ་འགའི་དོན་དུ་གསལ་ལ་འདྲིལ་བ་ཀུན་དགའ་སྙིང་པོ་ཏཱ་ར་ནཱ་ཐས་དབེན་གནས་དམ་པ་བསམ་


PS010_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་སྟེང་དུ་སྨྲས་པའོ། །སརྦ་མངྒ་ལཾ། །ཤུ་བྷཾ།། །།


previousནཻ་གུ་ཆོས་དྲུག་གི་རྩ་བའི་ཆོས་བཞིའི་སྙིང་པོ། ཏཱ་ར་ནཱ་ཐ། next