Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ནི་གུ་ཆོས་དྲུག་གི་སྒོས་བཀའ་སོ་སོའི་ཕྱག་ལེན་བཀླགས་ཆོག་གསལ་བའི་མེ་ལོང་། ངག་དབང་ཆོས་གྲགས།
   
   
   
   
   
   
   
   


 
previousནི་གུ་ཆོས་དྲུག་གི་སྒོས་བཀའ་སོ་སོའི་ཕྱག་ལེན་བཀླགས་ཆོག་གསལ་བའི་མེ་ལོང་། ངག་དབང་ཆོས་གྲགས། next

ནི་གུ་ཆོས་དྲུག་གི་སྒོས་བཀའ་སོ་སོའི་ཕྱག་ལེན་བཀླགས་ཆོག་གསལ་བའི་མེ་ལོང་། ངག་དབང་ཆོས་གྲགས།


PS010_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གུ་ཆོས་དྲུག་གི་སྒོས་བཀའ་སོ་སོའི་ཕྱག་ལེན་བཀླགས་ཆོག་གསལ་བའི་མེ་ལོང་བཞུགས་སོ། །


PS010_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཡི་དམ་ཆོས་སྐྱོང་ལ། །གུས་བཏུད་མཆོད་པས་མཉེས་བྱས་ནས། །གང་ཞིག་སྣོད་ལྡན་བརྒྱུད་བཅས་དོན། །བྱིན་རླབས་ཆོ་གའི་གསལ་བྱེད་བྲི། །དེ་ལ་འདིར་སྒྱུ་ལུས་དབང་མོ་ཆེར་གྲགས་པ་ནི་ཀུན་མཁྱེན་གང་ཁྲོད་པའི་ཡི་གེ་སོར་བཞག་མཛད། དེ་ནས་ཐབས་ལམ་གྱི་དབང་བསྐུར་ནི། རྡུལ་ཚོན་གྱི་མཎྜལ་པདྨ་འདབ་བཞི་ལྟེ་བ་སེར། འདབ་མ་ཕྱོགས་ཚོན་


PS010_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་ཚོན་སྤུངས་སྔོན་པོ། མཐར་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ་དང་གཏོར་མ་བཤམས། བགེགས་གཏོར་གཅིག་ཀྱང་ལོགས་སུ་བཤམས། དེ་ནས་སློབ་དཔོན་གྱིས་སྐྱབས་སེམས་སྔོན་དུ་འགྲོ་བས་རང་ཉིད་བདེ་མཆོག་ལྷ་བསྐྱེད་ཆོག་གཞུང་བཞིན་བྱ། གནས་གསུམ་བྱིན་གྱིས་རླབས། ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ། བདག་བསྐྱེད་འདི་བྱིན་རླབས་གཞན་ཕལ་ཆེར་ལ་ཡང་རིགས་འགྲེ། མདུན་གྱི་མཎྜལ་ལ་


PS010_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་ཏེ། སུམ་བྷ་ནི་ས་བགེགས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པའི་གཞལ་ཡས་ཁང་གི་དབུས་སུ་སེང་ཁྲི་པདྨ་ཟླ་ཉི་འཇིགས་བྱེད་དུས་མཚན་དང་བཅས་པའི་སྟེང་དུ་བླ་མ་དང་གཉིས་སུ་མེད་པའི་བདེ་མཆོག་ལྷན་སྐྱེས་ཡབ་ཡུམ་ལ་སྙིང་པོའི་རྣལ་འབྱོར་མ་བཞིས་བསྐོར་བ་སྒྱུ་ལུས་དབང་མོ་ཆེའི་སྐབས་བཞིན་བསྐྱེད། གནས་གསུམ་བྱིན་རླབས། ཡེ་ཤེས་ཀྱི་ལྷ་སྤྱན་དྲངས་ནས་བསྟིམ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་ས་མ་བྷ་ར་མཎྜལ་ས་པཱ་རི་ཝ་ར་ཨརྒྷཾ་སྭཱ་ཧཱ། །དེ་བཞིན་དུ་མཚན་སྔགས་རེ་རེའི་མཐར། པདྱཾ། པཥྤེ་སོགས་སྦྱར་ཏེ་མཆོད། མཚན་སྔགས་སྔོན་འགྲོའི་མཐར། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད། ཆོས་དབྱིངས་རྣམ་དག་དབྱིངས་ལས་ཞེས་པ་ནས། ཀུན་བཟང་ཧེ་རུ་ཀའི་ཚོགས་ལ་ཕྱག་འཚལ་ལོ། །ཞེས་


PS010_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

པས་བསྟོད། གཏོར་མ་ལ་དམིགས་ཏེ། ཨོཾ་ཨཱཿཧཱུཾ་གིས་བདུད་རྩིར་བྱིན་གྱིས་བརླབས་ལ། མཚན་སྔགས་ཀྱི་མཐར། ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོཿཞེས་སོགས་ལན་གསུམ་གྱིས་གཏོར་མ་ཕུལ། ཕྱི་ནང་གིས་མཆོད། བསྟོད་པས་བསྟོད། དཔལ་འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་རྣམས་མཆོད་སྦྱིན་གྱི་གཏོར་མ་འདི་བཞེས་ལ་བདག་ཅག་སློབ་མར་བཅས་པ་རྣམས་ཀྱི་རྒྱུད་བྱིན་གྱིས་བརླབས་ཏེ་རྟོགས་པ་ཁྱད་པར་ཅན་སྐྱེ་བར་མཛད་དུ་གསོལ། །སྤྱི་བོར་བདེ་མཆོག་ལྷ་ལྔ་བསྐྱེད་པ་ནས་དབང་བཞི་པའི་བར་སློབ་མ་ལ་ཇི་ལྟར་བྱ་བ་བཞིན་རང་ཉིད་ཀྱིས་ཀྱང་བླངས། དེ་ནས་སློབ་མ་མདུན་དུ་འཁོད་པ་ལ་དམིགས་ནས། སརྦ་བིགྷྣན་ནམཿསརྦ་སོགས་ལན་གསུམ་གྱིས་བགེགས་ལ་གཏོར་མ་བསྔོས་ལ་རྡོ་རྗེ་གསོར། དྲིལ་བུ་བསིལ་ཞིང་། འདིར་བྱིན་རླབས་ཀྱི་བཀའ་


PS010_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པ་ལ་བར་དུ་གཅོད་པའི་བགེགས་དང་ལོག་འདྲེན་རྣམས་གཏོར་མ་འདི་ཁྱེར་ལ་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག །ཅེས་བརྗོད་ལ་གཏོར་མ་ཕྱིར་དོར། སུམ་བྷ་ནི་བརྗོད། འདི་བྱིན་རླབས་གཞན་ཀུན་ལའང་རིགས་འགྲེ། དེ་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ། ཅེས་སོགས་སེམས་བསྐྱེད་བརྡ་སྤྲད། ཐབས་ལམ་གྱི་སྒོས་བཀའ་ཞུ་བའི་ཡོན་དུ་མཎྜལ་འབུལ་དུ་གཞུག །དགའ་ཆེན་ཁྱོད་བདག་སོགས་ལན་གསུམ་གྱིས་གསོལ་བ་བཏབ། དེ་ནས་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་མངོན་སུམ་ལྟ་བར་བཞུགས་པའི་སྤྱན་སྔ་ན་ཡར་ལ་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་


PS010_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་རྣམས་མཐོལ་ཞིང་བཤགས་པ་སྙམ་པ་དང་། རང་གཞན་གྱི་དགེ་རྩ་ལ་རྗེས་སུ་ཡི་རང་སྙམ་པའི་དགའ་བ་བསྒོམ་པ་དང་། དུས་ད་ནས་བཟུང་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་གནས་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སེམས་ཅན་གྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་སྙམ་པའི་སྨོན་པ་སེམས་བསྐྱེད་པ་དང་། སངས་རྒྱས་ཐོབ་པའི་ཕྱིར་དུ་ལམ་ལ་སློབ་སྙམ་པ་འཇུག་པ་སེམས་བསྐྱེད་པ། དགེ་བའི་རྩ་བ་ཅི་བྱས་ཐམས་ཅད་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པའི་རྒྱུར་གྱུར་ཅིག་སྙམ་པའི་བསྔོ་བ་སྟེ་དེ་རྣམས་གསལ་བཏབ་པའི་སྒོ་ནས་འདིའི་རྗེས་ཟློས་གསུང་བ་ཞུ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་


PS010_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་སྐུ་ལུས་ལ་ཕོག་པས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་དག །རྣམ་སྨིན་གདོས་བཅས་ཀྱི་ཕུང་པོ་གཙང་སིང་སྦྱངས་ཏེ་འོད་ཀྱི་རང་བཞིན་དུ་གྱུར། དེ་ལ་དམིགས་ཏེ། ཨོཾ་སྭ་བྷཱ་ཝ་སོགས་བརྗོད་པས་ཕུང་ཁམས་སྐྱེ་མཆེད་ལ་སོགས་པ་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་ཁྱེད་རང་རྣམས་སྐད་ཅིག་གིས་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་ཞེས་སོགས་ཡུམ་དང་བཅས་པའི་བསྐྱེད་ཆོག་དཀྱུས་བཞིན། དེའི་དཔྲལ་བར་ཨོཾ་སོགས་གནས་གསུམ་བྱིན་གྱིས་བརླབས། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་


PS010_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བདེ་མཆོག་ལྷ་ལྔའི་རྣམ་པར་བྱོན་ནས་ཁྱེད་རང་རྣམས་ཀྱི་སྐུ་ལུས་ལ་སིབ་སིབ་ཐིམ་པས་ཐུགས་རྒྱུད་བྱིན་གྱིས་རླབས་པའི་མོས་པ་མཛོད། །ཌཱ་དྲིལ་ལམ་དྲིལ་བསིལ་དང་བསྟུན་ལ་ཡི་གེ་བདུན་པའི་མཐར། ཨ་བྷྱཿཤ་ཡ་ཨ་ཨ་ཨ་བཏགས་པ་ཚར་ཅི་རིགས་བརྗོད། ཡེ་ཤེས་དབབ་པ་འདི་ཡང་བྱིན་རླབས་ཀུན་ལ་རིགས་འགྲེ། དབང་དངོས་གཞིའི་སླད་དུ་ཐུགས་འདུན་འདི་བཞིན་གནང་བ་ཞུ། ཁྱེད་རང་རྣམས་ཀྱི་སྤྱི་བོར་པད་ཟླའི་སྟེང་དུ་བླ་མ་དང་གཉིས་སུ་མེད་པའི་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ་ཡུམ་བཅས་སྙིང་པོའི་རྣལ་འབྱོར་མ་བཞིས་བསྐོར་བ་བསྐྱེད་ཆོག་བཞིན་གསལ་བཏབ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སངས་རྒྱས་བྱང་སེམས་ཐམས་


PS010_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་འོད་དང་འོད་ཟེར་གྱི་རྣམ་པར་བྱོན་ནས་སྤྱི་བོའི་བླ་མ་ལ་ཐིམ། བླ་མ་དེ་ལ་རང་གི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་རྩ་ཐམས་ཅད་ཕྱི་ནང་གསང་བའི་མཆོད་པའི་རྣམ་པར་བསྒྱུར་ནས་ཕུལ་བས་ཐུགས་མཉེས་པར་བྱས་པའི་མོས་པ་གནང་། གསོལ་བ་བཏབ་པ་འདི་ཡང་གསུང་བ་ཞུ། བླ་མ་རིན་པོ་ཆེ་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། ལན་གསུམ། སྤྱི་བོའི་བླ་མའི་སྐུ་ལས་བདུད་རྩིའི་རྒྱུན་སྐྱ་ནར་ནར་བྱུང་། སྤྱི་བོར་ཐིམ་པས་སྨིན་མཚམས་ཡན་ཆད། གང་། ལུས་ཀྱི་སྡིག་སྒྲིབ་ཐམས་ཅད་དག །བུམ་པའི་དབང་ཐོབ་སྙམ་པའི་མོས་པ་གནང་བ་ཞུ། ཌཱ་དྲིལ་དང་ཡི་གེ་བདུན་པའི་མཐར། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །ད་ལྟ་ཉིད་དུ༴ །མྱུར་


PS010_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཉིད་དུ༴ །འདུག་ས་འདི་ཉིད་དུ་བྱིན་གྱིས་རློབས་ཤིགཅེས་བརྗོད། ཡང་སྔར་གྱི་བདུད་རྩིའི་རྒྱུན་དེ་མགྲིན་པར་སླེབས་ཏེ། མགྲིན་པའི་རྩ་འཁོར་ཐམས་ཅད་གང་། ངག་གི་སྒྲིབ་པ་དག །གསང་བའི་དབང་ཐོབ་སྙམ་པའི་མོས་པ་གནང་བ་ཞུ། ཌཱ་དྲིལ་ཡི་གེ་བདུན་པ་སོགས་སྔར་བཞིན། ཡང་བདུད་རྩིའི་རྒྱུན་དེ་སྙིང་གར་སླེབས་ཏེ། དེའི་རྩ་འཁོར་ཐམས་ཅད་གང་། ཡིད་ཀྱི་སྒྲིབ་པ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་སྙམ་པ་སོགས་འདྲ། ཡང་བདུད་རྩིའི་རྒྱུན་དེ་ལྟེ་བར་སླེབ་སྟེ་དེའི་རྩ་འཁོར་ཐམས་ཅད་གང་བས་སྒོ་གསུམ་ཀའི་སྒྲིབ་པ་བག་ཆགས་དང་བཅས་པ་དག །དབང་བཞི་པ་ཐོབ་སྙམ་པ་སོགས་འདྲ། རྗེས། གཙོ་བོས་སོགས་སྤྱི་དང་འདྲ། སླར་སློབ་དཔོན་གྱིས་མདུན་བསྐྱེད་ལ་མཆོད་བསྟོད་བྱས་ལ་


PS010_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་བརྒྱ་ཚར་གསུམ། མ་འབྱོར་བ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། རྡུལ་ཚོན་གྱི་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་བདག་ལ་ཛཿཧཱུཾ་བཾ་ཧོཿས་བསྟིམ། རས་བྲིས་ཡིན་ན་བརྟན་བཞུགས་བྱ། དགེ་བ་བསྔོ། །༈སྒྱུ་ལུས་ཀྱི་དབང་བསྐུར་བའི་ཚེ། མཎྜལ་པདྨ་འདབ་བཞིའི་འདབ་བརྒྱད་གང་རུང་གསུང་ཀྱང་འདབ་བརྒྱད་ཕྱག་ལེན་མཛད། ལྟེ་བ་དང་ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། མཚམས་བཞི་མཛེས་ཚོན། མཆོད་གཏོར་སོགས་སྔར་བཞིན། སློབ་དཔོན་རང་གི་སྐྱབས་སེམས་སྔོན་དུ་འགྲོ་བས། སྐད་ཅིག་གིས་པད་ཉིའི་སྟེང་དུ་ཀྱེ་རྡོར་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཡུམ་བདག་མེད་མ་སྔོན་མོ་གྲི་ཐོད་ཅན་དང་མཉམ་པར་སྦྱོར་བའི་གནས་གསུམ་བྱིན་གྱིས་བརླབས་ལ་ཡེ་ཤེས་པ་བསྟིམ། དེ་ཝ་པི་ཙུ་ཉེར་གཅིག་ལ་སོགས་པ་ཇི་ལྟར་རིགས་


PS010_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཟླ། མདུན་བསྐྱེད་ཀྱི་མཎྜལ་བསང་སྦྱངས། སྟོང་པའི་ངང་ལས་ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་གི་དབུས་པདྨ་འདབ་བརྒྱད་ཀྱི་ལྟེ་བར་སེང་ཁྲི་པད་ཉི་ཚངས་པ་བརྒྱ་བྱིན་གྱི་སྟེང་དུ་ཀྱེ་རྡོར་གོང་བཞིན། འདབ་མ་བརྒྱད་ལ་ཤར་དུ་གཽ་རི། ལྷོར་ཙཽ་རི། ནུབ་ཏུ་བེཏྟ་ལི། བྱང་དུ་གསྨ་རི། བྱང་ཤར་དུ་པུཀྐ་སི། ཤར་ལྷོར་རི་ཁྲོད་མ། ལྷོ་ནུབ་ཏུ་གདོལ་པ་མོ། ནུབ་བྱང་དུ་གཡུང་མོ་རྣམས་བསྐྱེད་ཆོག་ཇི་ལྟ་བ་བཞིན་ནམ། མཚན་ཙམ་བརྗོད་པས་ཀྱང་ཆོག །ཤྲཱི་ཧེ་བཛྲ་མཎྜལ་ས་པཱ་རི་ཝ་ར་ཞེས་པའི་མཚན་སྔགས། ཨརྒྷཾ་སོགས་རེ་རེའི་དབུར་སྦྱར་ཏེ་མཆོད། ཤཔྟ་ནས་དྲིལ་བསིལ་བྱ་ཞིང་། དྷརྨཱ་ར་ཎི་ཏ་བརྗོད། མཚན་སྔགས་ཀྱི་མཐར། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད། ཐམས་ཅད་དངོས་པོའི་རང་བཞིན་སོགས་ཀྱི་བསྟོད།


PS010_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་འབུལ་ཚུལ་ཐབས་ལམ་གྱི་སྐབས་ཀྱི་འགྲོས་སྦྱར་བས་ཤེས། དེ་ནས་རང་གི་སྤྱི་བོར་པད་མ་འདབ་བརྒྱད་པད་ཉི་དང་བཅས་པའི་སྟེང་དུ་ཀྱཻ་རྡོར་ལྷ་དགུ་གསལ་བཏབ་པ་ནས་བཟུང་དབང་བཞི་པའི་བར་འོག་ཏུ་སློབ་མ་ལ་ཇི་ལྟར་བྱ་བ་བཞིན་བླངས། དེ་ནས་བགེགས་གཏོར་དཀྱུས་བཞིན། མཎྜལ། གསོལ་བཏབ། རྒྱུན་བཤགས། སློབ་མ་ཀྱེ་རྡོར་དུ་བསྐྱེད་པ་ལ་ཡེ་ཤེས་དབབ་པ་རྣམས་སྔར་གྱི་འགྲོས་སྦྱར་བས་ཤེས། དངོས་གཞི་ལ་ཐུགས་འདུན་དམིགས་པ་འདི་བཞིན་དུ་གནང་བ་ཞུ། ཁྱེད་རང་རྣམས་ཀྱི་སྤྱི་བོར་པད་ཉིའི་སྟེང་དུ་བླ་མ་དང་ཐ་མི་དད་པའི་ཀྱེ་རྡོར་ཡབ་ཡུམ་བཞུགས་པའི་མོས་པ་གནང་། ལུས་ཀྱི་གསང་གནས་ནས་བཟུང་དབུས་དྲང་པོར་རྩ་དབུ་མ་དཀར་གསལ་ཡས་སྣེ་ཚངས་བུག་ཏུ་ཁ་ཤག་སྟེ་ཕྱེ་བ། དབུ་མའི་མས་སྣེར་ཡི་གེ་


PS010_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

རཾ་གཅིག་གསལ་བཏབ། སྤྱི་བོའི་བླ་མ་ལ་ཕྱི་ནང་གསང་གསུམ་གྱི་མཆོད་པ་ཕུལ་ལ། བླ་མ་རིན་པོ་ཆེ་བདག་ལ་ཞེས་སོགས་སྔར་གྱི་གསལ་བཏབ་དེ་ལན་གསུམ། དབུ་མའི་མས་སྣེའི་རཾ་ལས་ཡེ་ཤེས་ཀྱི་མེ་སྦར་ནས་དབུ་མའི་ནང་ནས་ཡར་སོང་། སྤྱི་བོའི་བླ་མ་ཀྱེ་རྡོར་ལ་རེག་པས་དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས། སྤྱི་བོའི་བླ་མའི་ཐུགས་ཀར་ཞུགས་པ་དང་སྐུ་ལུས་ལས་བདུད་རྩིའི་རྒྱུན་བབས། རང་གི་སྤྱི་བོའི་དབུ་མ་ན་མར་སོང་བས་བདེ་བ་སྐྱེས། ལུས་ཀྱི་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ་སོགས་འདྲ། ཌཱ་དྲིལ་དང་དེ་ཝ་པི་ཙུ། རྩ་བ་དང་བརྒྱུད་པར་བཅས་པའི་སོགས་


PS010_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་བཞིན། ཡང་ཐུགས་འདུན་འདི་བཞིན་དུ་གནང་བ་ཞུ། སྤྱི་བོའི་བླ་མ་ཡབ་ཡུམ་སྙོམས་འཇུག་བྱས་པའི་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་བབས། སྤྱི་བོ་ནས་སོགས། མགྲིན་པའི་དབུ་མ་གང་སྟེ་བདེ་བ་སྐྱེས། གསང་བའི་དབང་ཐོབ་སྙམ་པ་དང་ཌཱ་དྲིལ་སོགས་འདྲ། ཡང་སྤྱི་བོའི་ལྷ་ལ་ཡིད་ཀྱིས་མཆོད་པ་ཕུལ་བས་ཡུམ་གྱི་ཐུགས་ཀ་ནས་ཡུམ་གཅིག་བྱུང་སྟེ་ཁྱེད་རང་ཀྱེ་རྡོར་དུ་གསལ་བ་དང་སྙོམས་འཇུག་བྱས་པས་ཡུམ་དང་རང་བདེ་བ་རྒྱས་ཤིང་འོད་ཀྱི་རྣམ་པར་གྱུར་པས་ཟག་མེད་ཀྱི་བདེ་བ་སྐྱེས་ཏེ་ཡིད་ཀྱི་སྡིག་སྒྲིབ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་སྙམ་པ་དང་ཌཱ་དྲིལ་སོགས་འདྲ། ཡང་ཐུགས་འདུན་འདི་བཞིན་དུ་གནང་བ་ཞུ། ཁྱེད་རང་ཀྱེ་རྡོར་ཡབ་ཡུམ་དུ་གསལ་བའི་ཡུམ་


PS010_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལ་ཐིམ། རང་ཉིད་འོད་དུ་ཡལ་སོང་སྟེ་སེམས་མ་བཅོས་པའི་ངང་ལ་དར་ཅིག་འཇོག་པ་ཞུ་ཌཱ་དྲིལ་སོགས་འདྲ། དེས་དབང་བཞི་པ་ཐོབ་པ་ཡིན་རྗེས། གཙོ་བོས་སོགས་དང་། མདུན་བསྐྱེད་ལ་མཆོད་བསྟོད་སོགས་འདྲ། །༈རྨི་ལམ་གྱི་དབང་བསྐུར་ནི། གནས་དབེན་པར་མཎྜལ་པདྨ་འདབ་བཞི། ལྟེ་བ་དང་ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། མཆོད་གཏོར་སོགས་དཀྱུས་བཞིན། སློབ་དཔོན་གྱིས་བདག་བསྐྱེད་བདེ་མཆོག་ལྷན་སྐྱེས་ཡབ་ཡུམ་དང་། ཡི་གེ་བདུན་པ་བཟླས་པ་དཀྱུས་བཞིན། མདུན་གྱི་མཎྜལ་བསང་སྦྱངས། སྟོང་པའི་ངང་ལས། ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་གི་དབུས་དང་ཕྱོགས་བཞིར་པདྨ་དང་ཉི་མའི་གདན་རེ་རེ། དབུས་ཀྱི་གདན་གྱི་སྟེང་དུ་བླ་མ་དང་གཉིས་སུ་མེད་པའི་


PS010_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་མཆོག་ལྷན་སྐྱེས་ཡབ་ཡུམ། ཤར་དུ་དགྱེས་མཛད་རྡོ་རྗེ། ལྷོར་གསང་བ་འདུས་པ། ནུབ་ཏུ་མ་ཧཱ་མ་ཡ། བྱང་དུ་རྡོ་རྗེ་འཇིགས་བྱེད་རྣམས། ཡུམ་དང་བཅས་པ་སྒྱུ་ལུས་དབང་མོ་ཆེའི་སྐབས་བཞིན་བསྐྱེད། གནས་གསུམ་བྱིན་རླབས། ཡེ་ཤེས་པ་བཅུག །ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜལ་ས་པཱ་རི་ཝ་ར་སྔོན་དུ་འགྲོ་བའི། ཨརྒྷཾ་སོགས་ཀྱིས་མཆོད། མཚན་སྔགས་ཀྱི་མཐར། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད། ཆོས་དབྱིངས་རྣམ་དག་དབྱིངས་ལས་སོགས་སམ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་སོགས་ཀྱིས་བསྟོད། གཏོར་མ་བྱིན་རླབས་ལ་མཚན་སྔགས་ཀྱི་མཐར། ཨི་དཾ་བ་ལིང་བཏགས་པ་སོགས་ཀྱིས་ཕུལ། དེ་ནས་སློབ་དཔོན་རང་གི་སྤྱི་བོ་ལོགས་གནས་བཞིར་ཧཱུྃ་དང་ཧྲཱིཿལ་སོགས་པའི་ས་གཞི་བསམ་སྟེ་དེ་ཞུ་བ་ལས་སྤྱི་བོར་བདེ་མཆོག་ལྷ་ལྔ་གསལ་བཏབ་པ་ནས་བཟུང་དབང་བཞི་པའི་བར་འོག་ཏུ་སློབ་མ་ལ་ཇི་


PS010_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བྱ་བ་བཞིན་བླངས། དེ་ནས་སློབ་མ་ལ་བགེགས་གཏོར་ཕྱིར་དོར། མཎྜལ་གསོལ་བཏབ་ནས་བཟུང་སློབ་མ་བདེ་མཆོག་ཏུ་བསྐྱེད་པ་ལ་ཡེ་ཤེས་དབབ་པའི་བར་སྔར་བཞིན། དངོས་གཞིའི་སླད་དུ་ཐུགས་འདུན་འདི་བཞིན་དུ་གནང་བ་ཞུ། །ཁྱེད་རང་གི་སྤྱི་བོ། མགྲིན་པ། སྙིང་ག །ལྟེ་བ་རྣམས་སུ་པདྨ་དང་ཉི་མའི་གདན་རེ་རེ་བསམ་པའི་སྟེང་དུ་སྤྱི་བོར་ཧཱུྃ། མགྲིན་པར་ཧྲཱིཿསྙིང་ཁར་ཧཱུྃ་རྣམས་སྔོན་པོ། ལྟེ་བར་ལམ་དམར་སེར། སྤྱི་བོའི་ཧཱུྃ་འོད་དུ་ཞུ་བ་ལས་བདེ་མཆོག་ལྷ་ལྔ། མགྲིན་པའི་ཧྲཱིཿཞུ་བ་ལས་མ་ཧཱ་མ་ཡ་ལྷ་ལྔ། སྙིང་གའི་ཧཱུྃ་ཞུ་བ་ལས་དགྱེས་མཛད་རྡོ་རྗེ་ལྷ་དགུ་བསྐྱེད་ཆོག་བཞིན། འཁོར་རྣམས་མཚན་ཙམ་བརྗོད་པས་ཀྱང་ཆོག །ལྟེ་བའི་ལམ་ཞུ་བ་ལས་འཇམ་པའི་རྡོ་རྗེ་དམར་སེར་ཞལ་གསུམ་ཕྱག་དྲུག་པ་ཡུམ་


PS010_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་པའི་རྡོ་རྗེ་མ་དང་བཅས་པ། དེའི་འཁོར་དུ་རྣམ་སྣང་ལ་སོགས་པའི་རིགས་བཞི། སྤྱན་མ་ལ་སོགས་པའི་ཡུམ་བཞི། གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་དྲུག །གཤིན་རྗེའི་གཤེད་ལ་སོགས་པའི་ཁྲོ་བོ་བཞི་སྟེ་ལྷ་བཅུ་དགུ་ཅེས་པའི་ཚིག་ཙམ་མམ་བསྐྱེད་ཆོག་རྒྱས་པ་བརྗོད་ནའང་རུང་། དེ་ནས། སྤྱི་བོའི་ལྷ་ཚོགས་ལ་ཡིད་ཀྱིས་མཆོད་པ་ཕུལ། སྐུ་ལས་འོད་ཟེར་འཕྲོས་པས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་འོད་ཀྱིས་ཁྱབ། དེ་ལ་བརྟེན་ནས་ལུས་ཀྱི་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ་སྙམ་པ་དང་ཌཱ་དྲིལ་སོགས་འདྲ། ཡང་མགྲིན་པའི་ལྷ་ལ་ཡིད་ཀྱིས་མཆོད་པ་ཕུལ། སྐུ་ལས་འོད་ཟེར་འཕྲོས་པས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་འོད་ཟེར་གྱིས་ཁྱབ། ངག་གི་དྲི་མ་དག །གསང་བའི་དབང་ཐོབ་སྙམ་པ་དང་ཌཱ་དྲིལ།


PS010_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧྲཱིཿཧཱུྃ་སྭཱ་ཧཱ་བྱིན་རླབས་འདྲ། ཡང་སྙིང་གའི་ལྷ་ལ་ཡིད་ཀྱིས་མཆོད་པ་ཕུལ། སྐུ་ལས་འོད་ཟེར་འཕྲོས་པས་སྙིང་ཁ་ཆོས་ཀྱི་འཁོར་ལོ་ཁྱབ། ཡིད་ཀྱི་སྒྲིབ་པ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་སྙམ་པ་དང་ཌཱ་དྲིལ། དེ་བ་པི་ཙུ་བཟླ་བ་སོགས་འདྲ། ཡང་ལྟེ་བའི་ལྷ་ལ་ཡིད་ཀྱིས་མཆོད། སྐུ་ལས་འོད་ཟེར་འཕྲོས། སྤྲུལ་པའི་འཁོར་ལོ་འོད་ཟེར་གྱིས་ཁྱབ། ལུས་ངག་ཡིད་གསུམ་ཐ་དད་དུ་འཛིན་པ་དག །དབང་བཞི་པ་ཐོབ་སྙམ་པ་ཌཱ་དྲིལ། ཨོཾ་བཛྲ་དྷྲིཀ་ཧཱུཾ་བྱིན་རླབས་འདྲ། དེ་ནི་བསྐྱེད་རིམ་གྱི་དབང་བཞི་ཡིན། ཞུ་བདེའི་དབང་ལ་ཐུགས་འདུན་འདི་བཞིན་གནང་བ་ཞུ། ཁྱེད་རང་གི་སྤྱི་བོའི་ལྷ་ཚོགས་འོད་དུ་ཞུ་ནས་སྤྱི་བོའི་ནང་ཐམས་ཅད་གང་བར་བསམ། དེ་བུམ་དབང་ཡིན། སྤྱི་བོའི་འོད་དེ་


PS010_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པའི་ལྷ་ལ་ཐིམ་པས་མགྲིན་པ་གང་བར་བསམ། དེ་གསང་དབང་ཡིན། ཡང་མགྲིན་པའི་ལྷ་ཚོགས་ཞུ་ནས་སྙིང་གའི་ལྷ་ལ་ཐིམ། ཡང་ལྟེ་བའི་ལྷ་ཚོགས་ཞུ་ནས་ལྟེ་བ་མན་ཆད་འོད་ཀྱིས་གང་སྟེ་སླར་སྙིང་གར་ཐིམ་པ་དང་། དེས་སྙིང་གའི་ལྷ་ཚོགས་རྣམས་འོད་དུ་ཞུ་ཞིང་འདྲེས་པས་ཟག་མེད་ཀྱི་བདེ་བ་རྒྱས་ཏེ་ཡིད་ཀྱི་སྒྲིབ་པ་དག་པར་མོས་པ་གནང་། དེ་ཤེར་དབང་ཡིན། དེ་ལྟར་བདེ་བ་སྐྱེས་པ་དེ་འཛིན་མེད་ཀྱི་ངང་དུ་བཤིག་ནས་སེམས་མ་བཅོས་པར་དར་ཅིག་འཇོག་པ་ཞུ། དེ་དབང་བཞི་པ་ཡིན། རྨི་ལམ་གྱི་ཁྱད་པར་གྱི་བྱིན་བརླབས་ནི། ཁྱེད་རང་རྣམས་བདེ་མཆོག་ཏུ་གསལ་བའི་སྨིན་མཚམས་སུ་ཐིག་ལེ་དཀར་པོ་སྲན་མ་ཙམ་ཞིག་གི་ནང་དུ་ཡི་གེ་བདུན་པ་ཁ་དོག་སྔོན་པོ་འོད་ཀྱི་རང་བཞིན་ཁྲུག་ཁྲུག་པ་ལ་སེམས་གཏད་


PS010_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདི་རྨི་ལམ་ཡིན་སྙམ་པའི་དྲན་འདུན་རེ་གནང་བ་ཞུ། རྗེས། གཙོ་བོས་སོགས་ནས་ཡིག་བརྒྱའི་བར་སོགས་འདྲ། ༈འོད་གསལ་གྱི་དབང་བསྐུར་བའི་ཚེ། མཎྜལ་པདྨ་འདབ་བཞི་ལྟེ་བ་སེར། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། མཆོད་གཏོར་སྔར་བཞིན་བཤམས། དེ་ནས་སློབ་དཔོན་བདེ་མཆོག་ལྷན་སྐྱེས་སུ་བསྐྱེད་པ་དང་བཟླས་པ་དཀྱུས་བཞིན། མདུན་གྱི་མཎྜལ་བསང་སྦྱངས། སྟོང་པའི་ངང་ལས་བདེ་མཆོག་ལྷ་ལྔ་བསྐྱེད་པ་དང་གཏོར་མའི་བར་རིགས་འགྲེ། མཚན་སྔགས། ཙཀྲ་སཾ་བྷ་ར་མཎྜལ་ས་པཱ་རི་ཝ་ར་སོགས་འདྲ། སློབ་དཔོན་རང་གི་སྤྱི་བོར་པདྨ་འདབ་བཞི་ལྟེ་བ་དང་བཅས་པར་བླ་མ་དང་གཉིས་སུ་མེད་པའི་བདེ་མཆོག་ཡབ་ཡུམ་ལ་སྙིང་པོའི་རྣལ་འབྱོར་མ་བཞིས་བསྐོར་བར་གསལ་བཏབ་པ་ནས་དབང་བཞི་པའི་བར་འོག་ནས་འབྱུང་བ་


PS010_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བླངས། དེ་ནས་སློབ་མ་ལ་བགེགས་གཏོར་ནས་བཟུང་བདེ་མཆོག་ཏུ་བསྐྱེད་ལ་ཡེ་ཤེས་དབབ་པའི་བར་སྔར་བཞིན། དབང་གི་དངོས་གཞིའི་སླད་དུ་ཁྱེད་རང་རྣམས་ཀྱི་སྤྱི་བོར་པདྨ་འདབ་མ་བཞི་པའི་ལྟེ་བར་བླ་མ་དང་གཉིས་སུ་མེད་པའི་བདེ་མཆོག་ཡབ་ཡུམ་དང་། འདབ་མ་བཞི་ལ་རྣལ་འབྱོར་མ་བཞི། དེ་དག་གི་མཐའ་བསྐོར་དུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་བཞུགས་པའི་མོས་པ་གནང་ལ་རང་གི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་རྩ་ཐམས་ཅད་རིན་ཆེན་སྣ་བདུན་དང་། ཕྱི་ནང་གསང་གསུམ་གྱི་མཆོད་པའི་རྣམ་པར་བསྒྱུར་ནས་དེ་དག་གྱི་སྤྱན་སྔ་ན་ཡར་ཕུལ་བས་ཐུགས་མཉེས་པར་བསམ། བླ་མ་རིན་པོ་ཆེ་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། །ལན་གསུམ། སྤྱི་བོའི་བླ་མ་


PS010_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་མཆོག་གི་སྐུ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་ཕོག་པས་དེ་རྣམས་ཀྱི་སྨིན་མཚམས་ནས་ཡེ་ཤེས་ཀྱི་བདུད་རྩི་དཀར་པོ་བྱུང་སྟེ་བླ་མའི་སྤྱི་བོར་ཐིམ། བླ་མའི་སྐུ་ལས་བདུད་རྩི་དཀར་པོ་བྱུང་སྟེ་བདག་གི་སྤྱི་བོར་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་ཐམས་ཅད་དག་ནས་བདེ་བ་སྐྱེས། བུམ་པའི་དབང་ཐོབ་སྙམ་པའི་ཌཱ་དྲིལ་དང་ཡི་གེ་བདུན་པ་སོགས་འདྲ། ཡང་སྔར་ལྟར་མཆོད་པས་བླ་མའི་ལྗགས་སྟེང་ནས་འོད་ཟེར་པདྨ་རཱ་ག་ལྟ་བུ་བྱུང་སྟེ། རང་གི་ལྕེ་ཐོག་ཏུ་ཐིམ་པས་ངག་གི་སྡིག་སྒྲིབ་ཐམས་ཅད་དག་ནས་བདེ་བ་སྐྱེས། གསང་བའི་དབང་ཐོབ་སྙམ་པའི་སོགས་འདྲ། ཡང་སྔར་ལྟར་མཆོད་པས་བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་བཻ་ཌཱུར་ཡའི་མདོག་


PS010_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་བྱུང་ནས་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ཡིད་ཀྱི་སྡིག་སྒྲིབ་དག་ནས་ཟག་མེད་ཀྱི་བདེ་བ་སྐྱེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་སྙམ་པ་སོགས་འདྲ། ཡང་ཐུགས་འདུན་འདི་བཞིན་དུ་གནང་བ་ཞུ། ཁྱེད་རང་གི་སྤྱི་བོའི་བླ་མ་འཁོར་བཅས་འོད་དུ་ཞུ་རང་ལ་ཐིམ་པས། རང་ལུས་འོད་དུ་ཡལ་སོང་སྟེ། རང་སེམས་འོད་གསལ་ཕྱག་རྒྱ་ཆེན་པོ་ཅིར་ཡང་མི་རྟོག་པའི་ངང་ལ་དར་ཅིག་འཇོག་པ་ཞུ། དེས་ནི་དབང་བཞི་པ་ཐོབ་པ་ཡིན་ཌཱ་དྲིལ་འདྲ། རྗེས་གཙོ་བོས་སོགས་དང་། མདུན་བསྐྱེད་ལ་མཆོད་བསྟོད་སོགས་འདྲ། ༈འཕོ་བའི་དབང་བསྐུར་བའི་ཚེ། མཎྜལ་ཟླུམ་སྐོར་ལ་ཆོས་འབྱུང་དམར་པོ་ཉིས་བརྩེགས་ཀྱི་གོང་རས་ལྗང་གུ་མུ་ཁྱུད་ནག་པོ་བྱ། ཆོས་འབྱུང་གི་དབུས་སུ་རྡོ་རྗེ་སྔོན་པོ་གཅིག་བྲིས། དེའི་སྟེང་མཉྫིའི་ཁར་མེ་ལོང་ལ་སིན་དྷུ་རའི་ཆོས་འབྱུང་ཉིས་


PS010_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས། དབུས་སུ་བྃ་ལ་ཨོཾ་ཨཱཿཧཱུྃ་ཚན་པ་གསུམ་གྱིས་བསྐོར། དེའི་ཕྱི་མར་ཨ་དགུ་བྲིས། ཟུར་དྲུག་ལ་གོ་ཆའི་སྔགས་ཨོཾ་བྃ་ཧཾ་ཡྃ། ཧྲིཾ་མཾ། ཧྲིཾ་ཧྲིཾ། ཧཱུཾ་ཧཱུཾ། ཕཊ་ཕཊ་བྲི། གོང་རས་དྲུག་ལ་གཡུང་དྲུང་འཁྱིལ་བ་རེ་བྲིས་ཏེ་བཞག །མཆོད་གཏོར་དཀྱུས་བཞིན། སློབ་དཔོན་གྱི་བདག་བསྐྱེད་བདེ་མཆོག་ལྷན་སྐྱེས་དང་། ཡི་གེ་བདུན་པ་བཟླ། མདུན་གྱི་མཎྜལ་བསང་སྦྱངས། སྟོང་པའི་ངང་ལས་ཆོས་འབྱུང་ཉིས་བརྩེགས་ཕྱི་དཀར་ལ་ནང་དམར་བ་བདེ་བར་རྒྱུ་ཞིང་བདེ་བར་འཆར་བ་འོད་ཀྱི་རང་བཞིན་ཅན། དེའི་ནང་དུ་མི་རོ་དཀར་པོ་མགོ་གཡས་སུ་བསྟན་པའི་སྟེང་ན། མཁའ་སྤྱོད་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ་གཡས་རྡོ་རྗེ། གཡོན་ཐོད་པ་ཁ་ཊྭཱཾ་ག་དང་བཅས་པ། ཞབས་གཉིས་བསྒྲད་པ། ཌཱ་ཀི་མའི་འཁོར་གྱིས་བསྐོར་བ་དེའི་གནས་


PS010_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བྱིན་གྱིས་བརླབས། འོག་མིན་ནས་མཁའ་སྤྱོད་མ་སྤྱན་དྲངས་ལ་བསྟིམ། ཨོཾ་བཛྲ་ཡོ་གི་ནི་ས་པཱ་རི་ཝ་ར་རེ་རེའི་དབུར་སྦྱར་བའི་ཨརྒྷཾ་སོགས་ཀྱིས་མཆོད། མཚན་སྔགས་སྔོན་འགྲོའི། ཨོཾ་ཨཱཿཧཱུཾ་གིས་ནང་མཆོད། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་བརྙེས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། གཏོར་མ་བྱིན་རླབས་ལ་མཚན་སྔགས་ཀྱི་མཐར། ཨི་དཾ་བ་ལིཾང་སོགས་ལན་གསུམ། ཕྱི་མཆོད་ནང་མཆོད་བསྟོད་པ་སོགས་བྱ། དེ་ནས་རང་གི་སྤྱི་བོར་ཆོས་འབྱུང་ཉིས་བརྩེགས་ཕྱི་དཀར་ལ་ནང་དམར་བ་བདེ་བར་རྒྱུ་ཞིང་ཞེས་པ་ནས་དབང་བཞི་པའི་བར་དང་། འཕོ་བའི་ཁྱད་པར་གྱི་བྱིན་རླབས་རྣམས་འོག་ཏུ་སློབ་མ་ལ་ཇི་ལྟར་བྱ་བ་བཞིན་བླངས། དེ་ནས་སློབ་མ་འཁོད་པ་ལ་མེ་ཏོག་བཀྱེ་བསྡུ་དང་བགེགས་


PS010_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་དཀྱུས་བཞིན། མཎྜལ་གསོལ་བཏབ་རྒྱུན་བཤགས་སློབ་མ་བདེ་མཆོག་ཏུ་བསྐྱེད་པ་ལ་ཡེ་ཤེས་དབབ་པ་རྣམས་སྔ་མ་དག་གི་རིགས་འགྲེས་སྦྱར་བས་ཤེས། དངོས་གཞི་ལ་ཐུགས་འདུན་དམིགས་པ་འདི་བཞིན་དུ་གནང་བ་ཞུ། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཆོས་འབྱུང་ཉིས་བརྩེགས་ཅེས་པ་ནས། ཌཱ་ཀི་མས་བསྐོར་ཅེས་པའི་བར། མདུན་བསྐྱེད་བཞིན་གསལ་བཏབ། དེ་ལ་གུས་པ་དང་བཅས་ཏེ་དུས་གསུམ་གྱི་དགེ་རྩ་ལུས་ལོངས་སྤྱོད་ཐམས་ཅད་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པའི་རྣམ་པར་བསྒྱུར་ནས་སྤྱི་བོའི་མཁའ་སྤྱོད་མ་ལ་ཡིད་ཀྱིས་མཆོད་པ་ཕུལ། བླ་མ་རིན་པོ་ཆེ་བདག་ལ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། །ལན་གསུམ་གྱི་གསོལ་བ་བཏབ། དེ་ནས་བླ་མ་དང་དབྱེར་མེད་པའི་སྤྱི་བོའི་མཁའ་


PS010_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་མའི་གསང་གནས་ནས་བྱང་སེམས་དཀར་ལ་དམར་བའི་མདངས་ཆགས་པ་བྱུང་ནས་སྤྱི་བོར་ཐིམ་པས་ལུས་ཀྱི་ནང་ཐམས་ཅད་གང་། ལུས་ཀྱི་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ་སྙམ་པའི་མོས་པ་གནང་བ་ཞུ། ཌཱ་དྲིལ་བྱ་ཞིང་ཨོཾ་གསུམ་མ་བརྗོད། ཡང་ཡིད་ཀྱིས་མཆོད་པ་ཕུལ་ལ། མཁའ་སྤྱོད་མའི་གསང་གནས་ནས་བྱང་སེམས་དཀར་དམར་ཁྱེད་རང་གི་ལྕེ་ཐོག་ཏུ་བབས་པས་མགྲིན་པ་གང་སྟེ་ངག་གི་སྡིག་སྒྲིབ་དག །གསང་དབང་ཐོབ་སྙམ་པའི་མོས་པ་དང་ཌཱ་དྲིལ་སོགས་འདྲ། ཡང་ཡིད་ཀྱིས་མཆོད་དེ། གསང་གནས་ནས་བྱང་སེམས་དཀར་དམར་ཁྱེད་རང་གི་སྙིང་ག་ཆོས་ཀྱི་འཁོར་ལོ་གང་སྟེ་ཡིད་ཀྱི་སྡིག་སྒྲིབ་དག །ལུས་སེམས་ལ་ཟག་མེད་ཀྱི་བདེ་བ་སྐྱེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་


PS010_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མོས་པ་སོགས་འདྲ། ཡང་མཁའ་སྤྱོད་མ་ལ་ཡིད་ཀྱིས་མཆོད་པ་ཕུལ་བས་མཁའ་སྤྱོད་མ་ཁྱེད་རང་གི་སྤྱི་བོར་ཐིམ་ནས་ལྟེ་བར་སླེབ་པ་དང་བདེ་བ་ལ་སྟོང་པས་ཁྱབ་སྟེ་བདེ་སྟོང་གཉིས་སུ་མེད་པའི་ངང་ལ་སེམས་མ་བཅོས་པར་དར་ཅིག་འཇོག་པ་ཞུ། དེས་ནི་དབང་བཞི་པ་ཐོབ་པ་ཡིན། ཌཱ་དྲིལ་སོགས་འདྲ། འཕོ་བའི་ཁྱད་པར་གྱི་བྱིན་རླབས་ཀྱི་སླད་དུ་དམིགས་པ་འདི་བཞིན་དུ་གནང་བ་ཞུ། ཁྱེད་རང་རྣམས་བདེ་མཆོག་དུ་གསལ་བའི་དཔུང་པ་གཉིས་ཀྱི་སྟེང་དུ་རྡོ་རྗེ་རྣལ་འབྱོར་མའི་ཞབས་བཞག །དེའི་གསང་གནས་པདྨ་དམར་པོ་ཁ་བྱེ་བ་ལྟ་བུ་རང་གི་ཚངས་བུག་དང་སྤྲད་པའི་རྣམ་པར་གསལ་བཏབ། ལྟེ་བར་རང་སེམས་ཨཱཿདཀར་པོ་འཕུར་ལ་ཁད་པ་རྒོད་ཀྱི་ཐེ་ཐུང་ལྟ་བུ་རང་རླུང་གིས་ཡེམ་ཡེམ་


PS010_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོད་བཞིན་པ་དེས་གྱེན་དུ་བལྟས་པས་ཚངས་བུག་སྐྱ་ཧར་རེ་བ་དེ་ནས་རྡོ་རྗེ་རྣལ་འབྱོར་མའི་གསང་གནས་མཐོང་དེར་འགྲོ་བའི་འདུན་པ་དྲག་པོས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་བདག་དག་པ་མཁའ་སྤྱོད་ཀྱི་གནས་སུ་འཁྲིད་དུ་གསོལ། ལན་གསུམ། རྣལ་འབྱོར་མའི་ཐུགས་ཀ་ནས་འོད་ཟེར་དཀར་པོ་བ་ཐག་བརྐྱང་བ་ལྟ་བུ་ནར་བྱོན། རང་གི་སྤྱི་བོ་ནས་ཞུགས། ལྟེ་བའི་ཨ་ལ་རེག་པས་ཁ་བ་ལེན་ལ་ལྕགས་འཇུ་བ་ལྟར་འཐེན་ནས་ལུས་ཀྱི་དབུ་ན་ཡར་ཡེ་རེ་རེ་སོང་། ཚངས་བུག་ནས་ཐོན། བྷ་ག་ནས་ཞུགས། ཐུགས་ཀར་སླེབ་པ་ཙམ་ལ་ཏོག་ཟེར་བའང་འདུག་ཏོག་སྒྲ་དང་བཅས་རྡོ་རྗེ་རྣལ་འབྱོར་མ་ནམ་མཁའ་ལ་ཡེད་ཀྱིས་བྱོན། བློས་འཁྱུད་ཚད་དུ་བྱོན་པ་དང་དག་པ་མཁའ་སྤྱོད་དུ་ཕེབས་པར་བསམ། རྣལ་འབྱོར་མ་འཇའ་ཡལ་བ་ལྟར་བསམ་ལ་རིག་པ་བརྗོད་མེད་དུ་འཇོག་


PS010_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞུ། ཌཱ་དྲིལ་དང་ཨོཾ་གསུམ་མ་བྱ། ཡང་ནམ་མཁའ་ལ་སྤྲིན་རྡོལ་བ་བཞིན་རྡོ་རྗེ་རྣལ་འབྱོར་མ་ལམ་གྱིས་བྱོན། མར་བབས་དཔུང་པའི་སྟེང་དུ་ཞབས་བཞག་པའི་ཐུགས་ཀ་ནས་རང་སེམས་ཨ་ཆད་ལྟེ་བར་སླེབ། ཡང་གསོལ་འདེབས་སོགས་གོང་བཞིན་ཏེ་དྲིལ་བས་ཚར་གསུམ་མཛད། མཐར་རྡོ་རྗེ་རྣལ་འབྱོར་མ་ནམ་མཁའ་ནས་ལམ་གྱིས་བྱོན་པ་འོད་དུ་ཞུ་སྤྱི་བོ་ནས་ཐིམ་པས་སྤྱི་བོ་སྲ་ཞིང་མཁྲེགས་པ་རྡོ་རྗེའི་རང་བཞིན་དུ་བསམ། རྗེས་གཙོ་བོས་སོགས་སྤྱི་དང་འདྲ། འོག་ཏུ་མེ་ཏོག་མཁའ་སྤྱོད་དཀར་དམར་ཞེས་འབྱུང་བའི་མཁའ་སྤྱོད་དམར་མོ་དེ་དང་འདི་གཅིག་ཡིན་གསུངས། ཁྱུང་པོ་རང་གིས་མཛད་པའི་འཕོ་བའི་སྒོས་བཀའ་ལ་འདི་ཀ་གསུངས་འདུག །ཡང་ཡིག་རྙིང་འགའ་ཞིག་ཏུ་འཕོ་བའི་སྒོས་བཀའ་ལ་བདེ་མཆོག་ལྷ་ལྔ་ལ་བརྟེན་པའི་དབང་བཞི་དང་སློབ་མ་བདེ་མཆོག་ཏུ་བསྒོམ་པའི་ལྟེ་བའི་


PS010_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འབྱུང་གི་ནང་དུ་ཡི་གེ་ཨ་བསམ་ནས་སྤྱི་བོའི་སྟེང་གི་ཁྲུ་གང་ཙམ་གྱི་ནམ་མཁའ་ལ་པད་ཉིའི་སྟེང་དུ་བླ་མ་དམ་པ་བསྒོམ་པའི་ཐུགས་ཀར་ཨ་དེ་བསྟིམ་པའི་དམིགས་པའི་ཁྱད་པར་དང་བཅས་པ་བཤད་སྣང་ངོ་། །༈དྲུག་པ་བར་དོའི་དབང་བསྐུར་ནི། མཎྜལ་པདྨ་འདབ་བརྒྱད་ཕྱོགས་བཞི་དམར་པོ། མེ་རླུང་སེར་པོ། བདེན་བྲལ་ལྗང་གུ། དབང་ལྡན་སྔོན་པོ། ལྟེ་བ་དང་འདབ་མ་བརྒྱད་ལ་ཚོན་སྤུངས་སྔོན་པོ་རེ་འགོད། མཐར་མཆོད་གཏོར་སོགས་བཤམས། སློབ་དཔོན་གྱིས་སྐྱབས་སེམས་སྔོན་དུ་འགྲོ་བས། སྭ་བྷཱ་ཝ་སོགས་བརྗོད། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་རང་སྐད་ཅིག་གིས་ཧེ་བཛྲ་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡབ་རྐྱང་བསྐྱེད་བྱིན་རླབས། ཡེ་ཤེས་པ་བཅུགདེ་ཝ་པི་ཙུ་བཟླ། མདུན་བསྐྱེད་ལ་དམིགས་ཏེ། སྭ་བྷཱ་ཝ་བརྗོད། སྟོང་པའི་ངང་ལས་ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་གི་ཕྱི་


PS010_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་རྡོ་རྭ་མེ་རིས་བསྐོར་བ། ནང་འདབ་མ་བརྒྱད་དང་ལྡན་པའི་དབུས་པད་ཉིའི་སྟེང་དུ་ཧེ་བཛྲ་ཡབ་རྐྱང་། འདབ་མ་བརྒྱད་ལ་བདག་མེད་མ་གྲི་ཐོད་ཅན་གཞོན་ཞིང་སྒེག་པ་བདེ་བ་རྒྱས་པ་བརྒྱད་བསམ། གནས་གསུམ་བྱིན་རླབས་ཡེ་ཤེས་པ་ལྷ་དགུ་སྤྱན་དྲངས་ནས་བསྟིམ། མཚན་སྔགས་སྔོན་དུ་འགྲོ་བས་ཕྱི་མཆོད་ནང་མཆོད་ཕུལ། ཐམས་ཅད་དངོས་པོའི་སོགས་ཀྱིས་བསྟོད། གཏོར་མ་བྱིན་རླབས་མཚན་སྔགས་ཀྱི་མཐར། ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ལན་གསུམ་གྱིས་ཕུལ། ཕྱི་ནང་གི་མཆོད་པ་དང་། བསྟོད་པ་བྱ། རང་གི་སྤྱི་བོར་པད་འདབ་ལྟེ་བ་དང་བཅས་པར་ལྷ་དགུ་བསྐྱེད་པ་ནས་དབང་བཞི་པའི་བར་སློབ་དཔོན་རང་ཉིད་ཀྱིས་བླངས། དེ་ནས་སློབ་མ་བོས་ལ་བགེགས་གཏོར་དཀྱུས་བཞིན། སློབ་མ་དགྱེས་རྡོར་བསྐྱེད་པ་ལ་ཡེ་ཤེས་དབབ་པའི་བར་འདྲ། དངོས་


PS010_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ནི། སློབ་མའི་སྤྱི་བོར་པདྨ་འདབ་བརྒྱད་ཁ་ཕྱེ་བའི་ལྟེ་བ་ལ་ཧེ་བཛྲ་དང་། འདབ་མ་བརྒྱད་ལ་བདག་མེད་མ་བརྒྱད་སྔར་བཞིན་གསལ་བཏབ། དེ་ལ་ཡིད་ཀྱིས་སྤྲུལ་པའི་མཆོད་པ་འབུལ་དུ་གཞུག །བླ་མ་རིན་པོ་ཆེ་བདག་ལ་ཞེས་སོགས་ཀྱིས་གསོལ་བ་ལན་གསུམ། དེ་ནས་སྤྱི་བོའི་ལྷ་ཚོགས་རྣམས་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་བྱུང་བས། ཁྱེད་རང་རྣམས་ཀྱི་ལུས་ཀྱི་ཕྱི་ནང་ཐམས་ཅད་ཁྱབ་པས་ལས་དང་ཉོན་མོངས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག །ལུས་སྣང་ལ་རང་བཞིན་མེད་པ་འོད་ཀྱི་རང་བཞིན་དུ་གྱུར། དེའི་ངང་ལས་ཁྱེད་རང་ཧེ་བཛྲ་དཔའ་བོ་གཅིག་པར་ལམ་གྱིས་གྱུར། དེས་བུམ་པའི་དབང་ཐོབ་པ་ཡིན་ཞེས་བརྡའ་སྦྱར་ལ། དེ་ཝ་པི་ཙུ་དང་ཌཱ་དྲིལ། ཡང་ཡིད་ཀྱིས་མཆོད་པ་ཕུལ་བས། སྤྱི་བོའི་


PS010_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མེད་མ་བརྒྱད་གཅིག་ཏུ་གྱུར་ནས་ཡབ་ལ་འཁྱུད་པས་ཡབ་ཡུམ་བདེ་བ་རྒྱས་ཏེ་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་བདེ་ཁྲི་ལི་ལི་བྱུང་ནས་རང་གི་ལྕེ་ཐོག་ཏུ་བབས་པས་ངག་གི་སྡིག་སྒྲིབ་དག་བདེ་བ་སྐྱེས་གསང་བའི་དབང་ཐོབ་སྙམ་པའི་མོས་པ་བྱེད་དུ་གཞུག་སྔགས་དང་ཌཱ་དྲིལ། ཡང་མཆོད་པས་ཡུམ་དེ་ལས་བདག་མེད་མ་བདེ་བ་རྒྱས་པ་གཅིག་ཆད་ནས་བྱུང་སྟེ་བདག་ཉིད་ཡབ་ཏུ་གསལ་བ་ལ་འཁྱུད་ནས་སྦྱོར་བ་བྱས་པས་ལུས་སེམས་ལ་ཟག་མེད་ཀྱི་བདེ་བ་སྐྱེས། སེམས་ཀྱི་སྡིག་སྒྲིབ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་སྔགས་དང་ཌཱ་དྲིལ། ཡང་སྤྱི་བོའི་ཡབ་ཡུམ་ལ་ཡིད་ཀྱིས་མཆོད་པ་ཕུལ་བས་ལྷ་ཡབ་ཡུམ་གདན་དང་བཅས་པ་འོད་དུ་ཞུ། ཁྱེད་རང་རྣམས་ཀྱི་སྤྱི་གཙུག་ནས་ཐིམ་པས་རང་


PS010_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལྷ་སྐུ་སྔར་བས་ཀྱང་གསལ་བར་གྱུར་ཏེ་ལུས་ལྷ་སྐུ་གསལ་ལ་རྟོགས་པ་མེད་པའི་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ངང་ལ་འཇོག །དེས་དབང་བཞི་པ་ཐོབ་པ་ཡིན། སྔགས་དང་ཌཱ་དྲིལ་བྱ། ཡང་ཁྱད་པར་གྱི་བྱིན་རླབས་ཀྱི་སླད་དུ་ཐུགས་འདུན་འདི་བཞིན་དུ་གནང་བ་ཞུ། ཁྱེད་རང་རྣམས་ཀྱི་མདུན་དུ་ཆོས་འབྱུང་སྔོན་པོ་སྤང་རྒྱན་མེ་ཏོག་ཁ་བྱེ་བ་ལྟ་བུའི་ནང་དུ་རང་སེམས་ཧཱུྃ་སྔོན་པོ་གཅིག་ཏུ་བསྒོམ་མཛོད། །དེ་ལས་འོད་ཟེར་འཕྲོས་པས་འདས་མ་འོང་ད་ལྟར་གྱི་མངལ་གྱི་ལན་ཆགས་བག་ཆགས་དྲི་མ་ཐམས་ཅད་སྦྱངས། སྣང་སྲིད་ཐམས་ཅད་དགྱེས་རྡོར་ཡབ་ཡུམ་དུ་ལམ་མེར་གསལ་བ་ལ་རྨི་ལམ་སྒྱུ་མ་བར་དོའི་དྲན་འདུན་རེ་གནང་བ་དང་། མཐར་འཛིན་མེད་དུ་ཆམ་གྱིས་འཇོག་པ་ཞུ། རྗེས། གཙོ་བོས་སོགས་འདྲ།


PS010_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

སྒོས་བཀའ་འདི་དག་ཁྲིད་ཀྱི་གནས་སྐབས་གང་དང་གང་དུ་བྱ་བ་ནི། དག་བྱེད་ཨའི་དམིགས་པ་གསུམ་སོང་ཚར་ནས་ཐབས་ལམ་གྱི་ཁྲིད་འཛུགས་པའི་ཉམས་ལེན་མདུན་གྱི་གཤོམས་རྣམས་གྲུབ་པ་དང་བསྔུན་་སློབ་མས་ཡིག་བརྒྱ་དང་བརྒྱུད་འདེབས་བྱ་རིན་སློབ་དཔོན་གྱིས་ཐུགས་དམ་བསྒྲུབ་པའི་རིམ་པ་རྣམས་བྱ། དེ་ནས་སྒོས་བཀའ་བསྐུར་ནས་ཁྲིད་འཛུགས། དེ་བཞིན་དུ་སྒྱུ་ལུས་སོགས་འོག་མ་རྣམས་ལ་ཡང་རིགས་འགྲེའོ། །འདི་དག་ཁྱུང་པོའི་ཡིག་རྙིང་གཞིར་བཞག་ལ། ཚར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི། གསུང་གི་གསང་བ་ཟབ་མོས་བརྒྱན་ཏེ་བཀོད། །དང་པོའི་ལས་ཅན་རྣམས་ལ་ཕན་གྱུར་ཅིག །དེ་ལྟར་ཡེ་ཤེས་མཁའ་འགྲོའི་ཞལ་རླངས་ནི་གུ་ཆོས་དྲུག་གི་སྒོས་བཀའ་སོ་སོའི་ཕྱག་ལེན་འདི་ནི་རྗེ་བཙུན་བླ་མ་རྣམས་ཀྱི་བྲན་དུ་གྱུར་པ་དགེ་སློང་ངག་དབང་ཆོས་གྲགས་ཀྱིས་ཆུ་མོ་བྱའི་ལོ་སྤུ་དཀར་བླ་བྲང་རྫོང་དུ་གོ་བདེ་བཀླགས་


PS010_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་ཏུ་བཀོད་པའི་ཡི་གེ་པ་ནི་ཆོས་གྲགས་བཟང་པོའོ། །འདིས་ཀྱང་ཚར་ཆེན་ཡབ་སྲས་ཀྱི་བསྟན་པ་དྲི་མ་མེད་པ་ཡུལ་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། །།


previousནི་གུ་ཆོས་དྲུག་གི་སྒོས་བཀའ་སོ་སོའི་ཕྱག་ལེན་བཀླགས་ཆོག་གསལ་བའི་མེ་ལོང་། ངག་དབང་ཆོས་གྲགས། next