Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གྲུབ་པའི་དབང་ཕྱུག་ཆེན་པོ་ཐང་སྟོང་རྒྱལ་པོས་་རྡོ་རྗེ་འཆང་ལ་དངོས་སུ་གསན་པའི་བླ་མའི་རྣལ་འབྱོར།
   
   
   
   
   
   


 
previousགྲུབ་པའི་དབང་ཕྱུག་ཆེན་པོ་ཐང་སྟོང་རྒྱལ་པོས་་རྡོ་རྗེ་འཆང་ལ་དངོས་སུ་གསན་པའི་བླ་མའི་རྣལ་འབྱོར། next

གྲུབ་པའི་དབང་ཕྱུག་ཆེན་པོ་ཐང་སྟོང་རྒྱལ་པོས་་རྡོ་རྗེ་འཆང་ལ་དངོས་སུ་གསན་པའི་བླ་མའི་རྣལ་འབྱོར།


PS010_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་དབང་ཕྱུག་ཆེན་པོ་ཐང་སྟོང་རྒྱལ་པོས་་རྡོ་རྗེ་འཆང་ལ་དངོས་སུ་གསན་པའི་བླ་མའི་རྣལ་འབྱོར་བཞུགས། །ཨོཾ་ཨཱཿཧཱུྃ། འདིར་གྲུབ་ཐོབ་ཆེན་པོས་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ལ་དངོས་སུ་གསན། ལས་ཅན་གྱི་གདུལ་བྱ་སངས་རྒྱས་ཀྱི་ཉེ་ལམ་ལ་བཀོད་པའི་ལམ་ཟབ་མོ་བླ་མའི་སྒྲུབ་པ་ལ། སྔོན་འགྲོ། མ་ནམ་མཁའ་མའི་གསོལ་འདེབས་ཡིད་རྩེ་གཅིག་པས་བརྒྱ་སྟོང་མང་དུ་བྱས་རྗེས། ཚོགས་དྲུག་སྒྱུ་མའི་ལམ་ཆད་པའི་རང་རིག་རྗེན་པའི་མདངས་དེར། སྐད་ཅིག་ཡིད་འགྱུས་ལ་རང་གང་དུ་འདུག་པའི་གནས་ཁང་བླ་མ་མངོན་པར་རྫོགས་པར་སངས་རྒྱས་པའི་ཞིང་ཁམས་འོག་མིན་སྟུག་པོ་བཀོད་པའི་གནས་མཆོག་ཏུ་ཤར་བའི་མདུན་གྱི་ནམ་མཁར་སེང་ཁྲི་པདྨ་ཉི་ཟླ་བརྩེགས་


PS010_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྟེང་དུ། ཆོས་ཐམས་ཅད་རྩ་བ་གཅིག་ཏུ་འདུས་པའི་བརྡར། དྲིན་ཅན་རྩ་བའི་བླ་མ་ཉིད་ཆོས་སྐུ་རྡོ་རྗེ་འཆང་ཆེན་པོ་ཡབ་ཡུམ་ནམ་མཁའ་སྤྲིན་གྱིས་མ་གོས་པ་ལྟར་སྔོ་ལ་དྭངས་པ། རྡོ་རྗེ་དང་དྲིལ་བུ་བསྣོལ་མར་འཛིན་པ། རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། མཚན་དང་དཔེ་བྱད་གཟི་འོད་འབར་བ། ཡབ་རྡོ་རྗེ་སྐྱིལ་ཀྲུང་དང་། ཡུམ་པདྨའི་འདུག་སྟངས་ཀྱིས་འཁྱུད་པ། སྐུའི་བ་སྤུའི་ཁུང་བུ་ཅིག་ཏུ་ཡང་སངས་རྒྱས་ཀྱི་ཞིང་རབ་བཀྲམ་སྣང་ཞིང་། སྐུ་ལས་སྤྲོས་པའི་འོད་ཟེར་གཅིག་གིས་ཀྱང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་ཁྱབ་པ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་བདག་ཉིད་ཅན་དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་


PS010_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་ཉི་མ་ལ་ཧཱུྃ་སྔོན་པོ། དེ་དག་ལས་འོད་འཕྲོས། དབང་བསྐུར། སེམས་ངོ་སྤྲད་པ་མན་ཆད་ནས། ཀ་ཁ་ཡིག་ངོ་བསྟན་པ་ཡན་ཆད་ཀྱི་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་ཞི་ཁྲོ་རབ་འབྱམས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ། འཕགས་པ་ཉན་ཐོས་དང་རང་སངས་རྒྱས། དཔལ་མགོན་ཆོས་སྐྱོང་སྲུང་མ། གནོད་སྦྱིན་ནོར་ལྷ་དཔའ་བོ་མཁའ་འགྲོ། སྐྱབས་ཡུལ་ཁྱད་པར་ཅན་ཐམས་ཅད་སྤྱན་དྲངས་ནས་ཐིམ་པས་བླ་མ་ཀུན་འདུས། ཡི་དམ་ཀུན་འདུས། མཁའ་འགྲོ་ཀུན་འདུས། ཆོས་སྐྱོང་ཀུན་འདུས། གསོལ་བ་བཏབ་ན་སྨོས་ཅི། མཚན་ཙམ་ཐོས་པས་ཀྱང་ངན་འགྲོའི་སྒོ་ཁེགས་ཤིང་། ཕྱིར་མི་ལྡོག་པའི་ས་ལ་འགོད་པར་


PS010_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའི་བདག་ཉིད་ཅན་དུ་སྙིང་ནས་ངེས་ཤེས་བསྐྱེད་ཅིང་མོས་གུས་གདུང་གདུང་བྱས་ལ། སྐུ་བཞིའི་དབང་ཕྱུག་དཔལ་ལྡན་བླ་མ་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་བ་འདེབས་སོ། །བདག་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་དབང་བཞིའི་རྟོགས་པ་ཆིག་ཆོད་དུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། །ལྟོས་མེད་བཞི་ལ་རང་རྒྱུད་འབྱོངས་པར་བྱིན་གྱིས་བརླབ་ཏུ་གསོལ། །སྐུ་བཞིའི་རྟེན་འབྲེལ་ཚེ་འདིར་འགྲིགས་པར་བྱིན་གྱིས་བརླབ་ཏུ་གསོལ། །ཕྲིན་ལས་རྣམ་བཞི་ཐོགས་མེད་དུ་འགྲུབ་པར༴ །དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་སུམ་དུ་རྟོགས་པར༴ །ད་ལྟ་ཉིད་དུ། མྱུར་བ་ཉིད་དུ། འདུག་ས་དེ་ཉིད་དུ། བསྟན་ཐོག་འདི་ཉིད་དུ། ཕྱི་དུས་ལ་མ་ལྟོས་པར་མངོན་སུམ་


PS010_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་ཕུར་ཚུགས་སུ་བཏབ་པས་བླ་མའི་དཔྲལ་མགྲིན་སྙིང་ག་ནས། ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་བྱོན། རང་གི་གནས་གསུམ་དུ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས། དབང་གོང་མ་གསུམ་ཐོབ་པར་མོས། །དཔལ་ལྡན་རྩ་བ་བླ་མ་རིན་པོ་ཆེ། །བདག་ཅག་མོས་པ་དག་པའི་གདུལ་བྱ་ལ། །ལུས་ངག་ཡིད་ལ་སྐུ་གསུང་ཐུགས་བཞུགས་ཏེ། །མྱུར་དུ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །བླ་མ་རང་ལ་ཐིམ་པས། དབང་བཞི་པ་ཐོབ། །དམ་ཚིག་ཉམས་ཆག་ཐམས་ཅད་གསོས་པར་མོས། །དེ་ནས་འཕོ་བ་ཐར་པའི་སྒོ་འབྱེད་སྒོམ་སྟེ།


PS010_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལུས་བུམ་ནང་ལྟ་བུའི་ནང་ནས་རང་སེམས་བླ་མར་ཤར་བ་བྱ་འཕུར་གྱིས་སྤྱི་གཙུག་ཚངས་སྒོའི་རྒྱ་དཀར་ནས་རྒྱངས་ཏེ་ཐོན། དག་པའི་ཞིང་དུ་གཤེགས་པར་བསམ། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་སོགས་བྱ། །རྒྱུད་རིམ་གོང་བཞིན་ནོ། །ཨྀིྠ། །


previousགྲུབ་པའི་དབང་ཕྱུག་ཆེན་པོ་ཐང་སྟོང་རྒྱལ་པོས་་རྡོ་རྗེ་འཆང་ལ་དངོས་སུ་གསན་པའི་བླ་མའི་རྣལ་འབྱོར། next