Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྒྱུ་ལུས་འཛིན་པ་རང་གྲོལ།
   
   
   


 
previousསྒྱུ་ལུས་འཛིན་པ་རང་གྲོལ། next

སྒྱུ་ལུས་འཛིན་པ་རང་གྲོལ།


PS010_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་ལུས་འཛིན་པ་རང་གྲོལ་བཞུགས་སོ། །


PS010_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། ཡེ་ཤེས་ཀྱི་མཁའ་འགྲོ་མ་ནཻ་གུ་མས་སྒྱུ་མ་ལ་གསུམ་དུ་འདོད་དོ། །ངོ་བོ། རང་བཞིན། མཚན་ཉིད་དོ། །དང་པོ་ངོ་བོ་བརྗོད་བྲལ་བློ་འདས་སོ། །བློ་གྲོས་རབ་བརྟན་གྱིས་ཞུས་པའི་མདོ་ལས། བློ་གྲོས་རབ་བརྟན་གྱིས་གསོལ་པ། བཅོམ་ལྡན་འདས་སྒྱུ་མའི་ངོ་བོ་གང་ལགས། མཚན་ཉིད་གང་ལགས། རང་བཞིན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།


PS010_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

བློ་གྲོས་རབ་བརྟན་གང་དེ་ལ་སྒྱུ་མའི་ངོ་བོ་ལ་ངོ་བོའི་མཚན་གཞི་མ་གྲུབ་པ་ནི་སྒྱུ་མའི་ངོ་བོའོ། །སྒྱུ་མའི་ངོ་བོ་ལ་སྒྱུ་མའི་རང་བཞིན་མ་གྲུབ་པ་ནི་སྒྱུ་མའི་ངོ་བོའོ། །སྒྱུ་མའི་ངོ་བོ་ལ་ངོ་བོའི་མཚན་ཉིད་མ་གྲུབ་པ་ནི་སྒྱུ་མའི་ངོ་བོའོ། །གཉིས་པ་རང་བཞིན་བདེན་མེད་དམ། དབྱེར་མེད་མཐའ་བྲལ་ལོ། །བློ་གྲོས་རབ་བརྟན། གང་དེ་ལ་སྒྱུ་མའི་རང་བཞིན་ལ་རང་བཞིན་གྱི་མཚན་ཉིད་མ་གྲུབ་པ་ནི་སྒྱུ་མའི་རང་བཞིན་ནོ། །སྒྱུ་


PS010_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

མའི་རང་བཞིན་ལ་རང་བཞིན་གྱི་ངོ་བོ་མ་གྲུབ་པ་ནི་སྒྱུ་མའི་རང་བཞིན་ནོ། །སྒྱུ་མའི་རང་བཞིན་ལ་རང་བཞིན་གྱི་མཚན་ཉིད་མ་གྲུབ་པ་ནི་སྒྱུ་མའི་རང་བཞིན་ནོ། །གསུམ་པ་མཚན་ཉིད་ཆགས་སྡང་རང་གྲོལ་ལོ། །སྒྱུ་མའི་མཚན་ཉིད་ལ་མཚན་ཉིད་ཀྱི་མཚན་གཞི་མ་གྲུབ་པ་ནི་སྒྱུ་མའི་མཚན་ཉིད་དོ། །སྒྱུ་མའི་མཚན་ཉིད་ལ་མཚན་ཉིད་ཀྱི་ངོ་བོ་མ་གྲུབ་པ་ནི་སྒྱུ་མའི་མཚན་ཉིད་དོ། །སྒྱུ་མའི་མཚན་ཉིད་ལ་མཚན་ཉིད་ཀྱི་རང་བཞིན་མ་གྲུབ་པ་ནི། སྒྱུ་མའི་མཚན་ཉིད་དོ། །མདོར་ན་ཆོས་ཐམས་ཅད་ཀྱི་ངོ་བོ་ལ་ངོ་བོ་མ་གྲུབ་པ་ནི་སྒྱུ་མའི་ངོ་བོའོ། །ཆོས་ཐམས་ཅད་ཀྱི་རང་བཞིན་ལ་རང་བཞིན་མ་གྲུབ་པ་ནི་སྒྱུ་མའི་རང་བཞིན་ནོ། །ཆོས་ཐམས་ཅད་ཀྱི་མཚན་ཉིད་ལ་མཚན་ཉིད་མ་གྲུབ་པ་ནི་སྒྱུ་མའི་མཚན་ཉིད་དོ། །བླ་མ་ཤངས་པ་ཆེན་པོ་དྲུག་ཏུ་འདོད་དེ། རང་བཞིན་གནས་པའི་སྒྱུ་མ་དང་། །གོ་བའི་སྒྱུ་མ་དང་། །བརྟགས་ཤིང་དཔྱད་པའི་སྒྱུ་


PS010_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང་། །ཉམས་ཀྱི་སྒྱུ་མ་དང་། །སྒྱུ་མ་རང་ཤར་དང་། །རྟོགས་པའི་སྒྱུ་མའོ། །དེ་ཡང་ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། །གདོད་ནས་ཆོས་རྣམས་མ་གྲུབ་པ། །རང་བཞིན་གནས་པའི་སྒྱུ་མ་སྟེ། །གོ་དང་བརྟག་དཔྱད་ཉམས་དང་ནི། །རང་ཤར་རྟོགས་པའི་སྒྱུ་མའོ། །ཞེས་གསུངས་པས། དང་པོ་ནི། གཞི་གདོད་མ་ནས་ཡེ་ནས་ཆོས་ཐམས་ཅད་ངོ་བོ་རང་བཞིན་གང་དུའང་མ་གྲུབ་པར་གནས་པ་ནི། །རང་བཞིན་གནས་པའི་སྒྱུ་མའོ། །གཉིས་པ་ནི། ཆོས་ཐམས་ཅད་བདེན་མེད་དུ་སྟོན་པའི་མདོ་རྒྱུད་མ། བླ་མའི་གསུང་ཐོས་པའམ། སྣང་བ་འགྱུར་བ་མཐོང་བ་ལ་བརྟེན་ནས། མི་བདེན་པ་དོན་སྤྱིའི་རྣམ་པ་ཙམ་ཅིག་གོ་བ་ནི། གོ་བའི་སྒྱུ་མའོ། །གསུམ་པ་ནི། །


PS010_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པས། ས་བོན། མྱུ་གུ། འབྲས་བུ་དང་། མི་རྟག་པ་ཕྲ་རགས་ལ་སོགས་འདུས་བྱས་ཀྱི་ཆོས་ཐམས་ཅད་མི་བདེན་པ། སྐད་ཅིག་མར་བརྟགས་ཤིང་དཔྱད་པས། སྣང་བའི་བདེན་འཛིན་ཨེན་ཙམ་ཞིག་པ་དེ་ནི། བརྟགས་ཤིང་དཔྱད་པའི་སྒྱུ་མའོ། །བཞི་པ་ནི། གདམས་ངག་ཉམས་སུ་བླངས་པའི་སྟོབས་ཀྱིས། སྣང་བ་ལ་བདེན་འཛིན་རང་ཀ་མར་འཛིན་པ་དེ་ཞིག་ནས། སྣང་བ་ཐམས་ཅད་བདེན་མེད་དུ་བུན་གྱིས་སོང་པ་ནི། ཉམས་ཀྱི་སྒྱུ་མའོ། །ལྔ་པ་ནི། སྣང་བ་དང་སྟོང་པ་གང་ལ་ཡང་རང་བཞིན་མ་གྲུབ་པ། མཐའ་བྲལ་དབྱེར་མེད་རང་ཤར་ཤས་ཆེར་འབྱུང་བ་ནི། སྒྱུ་མ་རང་ཤར་རོ། །དྲུག་པ་ནི། སྣང་སྟོང་དབྱེར་མེད་མཐའ་བྲལ་རང་ཤར་བརྗོད་བྲལ་བློ་འདས་རྒྱུན་ཆད་མེད་པར་འབྱུང་


PS010_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི། །རྟོགས་པའི་སྒྱུ་མ་མཐའ་བྲལ་ལོ། །རྗེ་བཙུན་རཏྣ་བིརྱ་བཞིར་འདོད་དོ། །དེ་ཡང་ལས་ཀྱི་སྤྲུལ་པའི་སྒྱུ་མ། རྐྱེན་གྱིས་སྤྲུལ་པའི་སྒྱུ་མ། ཆོས་ཀྱི་སྤྲུལ་པའི་སྒྱུ་མ། ཡེ་ཤེས་ཀྱི་སྤྲུལ་པའི་སྒྱུ་མའོ། །དེ་ཡང་། སྒྱུ་མ་མཁན་བཟང་པོས་ཞུས་པའི་མདོ་ལས། ལས་ཀྱི་སྤྲུལ་པའི་སྒྱུ་མ་ནི། །འགྲོ་དྲུག་སེམས་ཅན་ཐམས་ཅད་དོ། །རྐྱེན་གྱིས་སྤྲུལ་པའི་སྒྱུ་མ་ནི། །མེ་ལོང་གཟུགས་བརྙན་ལ་སོགས་སོ། །ཆོས་ཀྱི་སྤྲུལ་པའི་སྒྱུ་མ་ནི། །ང་ཡི་འཁོར་གྱི་དགེ་སློང་ངོ། །ང་ནི་ཡང་དག་རྫོགས་སངས་རྒྱས། །ཡེ་ཤེས་སྤྲུལ་པའི་སྒྱུ་མའོ། །ཞེས་གསུངས་པས། །དང་པོ་ལས་དཀར་ནག་འདྲེས་མ་གསུམ་སྤྱད་པས། འགྲོ་བ་རིགས་དྲུག་རྣམས་ལ་སོ་སོའི་སྣང་བ་ཤར་


PS010_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

བ་དེ་ནི་ལས་ཀྱི་སྒྱུ་མའོ། །གཉིས་པ་ནི། ནམ་ཟླ་དུས་བཞི་འམ། མེ་ལོང་གཟུགས་བརྙན་ནམ། རས་སྣ་ཚོགས་ཀྱིས་སྟེང་དུ་ཤེལ་སྒོང་བཞག་པས་སྣ་ཚོགས་སུ་སྣང་བ་ནི། །རྐྱེན་གྱིས་སྒྱུ་མའོ། །གསུམ་པ་ནི། ཆོས་ཉན་པར་འདུས་པ་ཐམས་ཅད་དགེ་སློང་གི་དགེ་འདུན་གྱི་ཆོས་ཀྱི་སྤྲུལ་པའི་སྒྱུ་མར་འདོད་པའོ། །བཞི་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། ཡེ་ཤེས་ཀྱི་སྤྲུལ་པའི་སྒྱུ་མའོ། །བླ་མ་སྐྱེར་སྒང་པ་ནི། གསུམ་དུ་འདོད་དེ། །སེམས་ཅན་ལ་ལས་དང་ཉོན་མོངས་པའི་སྒྱུ་མ། རྣལ་འབྱོར་པ་ལ་ཉམས་སྣ་ཚོགས་ཀྱི་སྒྱུ་མ། དེ་བཞིན་གཤེགས་པ་ལ་ཕྲིན་ལས་དག་པའི་སྒྱུ་མའོ། །དེ་ཡང་གཉིས་མེད་རྣམ་རྒྱལ་ལས། སྣ་ཚོགས་སྒྱུ་མའི་ཆོ་འཕྲུལ་གྱིས། །རང་བྱུང་


PS010_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་འཆར་བ་ནི། །རྣལ་འབྱོར་ཉམས་ལ་དངོས་གྲུབ་ཀྱི། །འབྲས་བུ་ཉམས་སྣང་སྣ་ཚོགས་པའོ། །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །ལས་དང་ཉོན་མོངས་སྡུག་བསྔལ་འབྱུང་། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས། །གསང་བ་བསམ་གྱིས་མི་ཁྱབ་པ། །ཕྲིན་ལས་དག་པའི་སྟོབས་སུ་འཆར། །ཞེས་གསུངས་པས། དང་པོ་ནི། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཉོན་མོངས་པའི་འཆིང་བ་མཐའ་དག་དང་བཅས་པས་སྡུག་བསྔལ་ལས་སྣང་སོ་སོར་སྣང་བའི་སྒྱུ་མའོ། །རྣལ་འབྱོར་པ་ལམ་ཉམས་སུ་ལེན་པའི་དུས་ན། ཉམས་སྣ་ཚོགས་འགག་མེད་དུ་འཆར་བའི་སྒྱུ་མའོ། །དེ་བཞིན་


PS010_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ཐམས་ཅད་ལ་སྐུ་གསུང་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་ཕྲིན་ལས་དག་པ་ལྷུན་གྲུབ་རང་ཤར་གྱི་སྒྱུ་མའོ། །དེ་ཡང་སྒྱུ་ལུས་ལ་གཉིས་ཏེ། མ་དག་པའི་སྒྱུ་ལུས་དང་། དག་པའི་སྒྱུ་ལུས་སོ། །དང་པོ་མ་དག་པའི་སྒྱུ་ལུས་ལ་གསུམ་ནི། །ཉིན་པར་རྣམ་སྨིན་གྱི་ལུས་གདམས་པས་མ་ཟིན་པས་ཆགས་སྡང་རྨོངས་གསུམ་འབའ་ཞིག་གི་དབང་དུ་སོང་སྟེ། ཉིན་པར་མ་དག་པའི་འཁོར་བ་དང་། རྨི་ལམ་བག་ཆགས་ཀྱི་ལུས་གདམས་པས་མ་ཟིན་པས་རྨི་ལམ་མ་དག་པ་དང་། བར་དོ་ཡིད་ལུས་གདམས་པས་མ་ཟིན་པས། བར་དོ་མ་དག་པའི་འཁོར་མོར་སོང་པའོ། །གཉིས་པ་དག་པའི་ལུས་གསུམ་མམ། སྐུ་གསུམ་ནི། དབང་པོའི་བྱེ་བྲག་


PS010_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

གི། རབ་རྣམ་སྨིན་གྱི་ལུས་ལ་སངས་རྒྱས། འབྲིང་བག་ཆགས། ཐ་མ་བར་དོ། རྣམ་སྨིན་གྱི་ལུས་ལ། ལྷ་སྐུ་སྒྱུ་མ་ལྟ་བུ་བསྒོམས་པས། རྨི་ལམ་དུ་རང་ཤར་འབྱུང་། དེ་འབྱུང་བས་བར་དོ་རང་གྲོལ་དུ་སོང་བ་ནི་དག་པའི་ལུས་གསུམ་མོ། །དེ་ཡང་ལུས་གསུམ་གྱི་གནས་ལུགས། ལྷ་སྐུ་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུ་དེ་གསུམ་སྟེ། ངོ་བོ། རང་བཞིན། མཚན་ཉིད་དོ། །དང་པོ་ངོ་བོ་བརྗོད་བྲལ་བློ་འདས། གཉིས་པ་རང་བཞིན་དབྱེར་མེད་དམ། མཐའ་བྲལ། གསུམ་པ་མཚན་ཉིད་མ་འདྲེས་ཡོངས་སུ་རྫོགས་པ་ཡིན་ཏེ། །ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། ལྷ་སྐུ་སྣ་སྟོང་སྒྱུ་མ་ཡི། །ངོ་བོ་བརྗོད་བྲལ་བློ་ལས་འདས། །རང་བཞིན་དབྱེར་མེད་


PS010_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དང་བྲལ། །མཚན་ཉིད་མ་འདྲེས་ཡོངས་སུ་རྫོགས། །དེ་ལྟར་ཆོས་རྣམས་ཐམས་ཅད་ཀུན། །མཁས་པས་ཡོངས་སུ་ཤེས་པར་བྱ། །ཞེས་གསུངས་སོ། །དེ་ལ་དང་པོ་ངོ་བོ་བརྗོད་བྲལ་བློ་འདས་ཡིན་ཏེ། །མཐའ་དབུས་དང་དབྱིབས་དང་ཁ་དོག་གང་དུའང་མ་གྲུབ་ཅིང་། བརྗོད་བྱ་བརྗོད་བྱེད་ཀྱི་བློ་ཡུལ་ཐམས་ཅད་ལས་འདས་པའོ། །གཉིས་པ་ལྷ་སྐུ་དེའི་རང་བཞིན་དབྱེར་མེད་མཐའ་བྲལ་ཡིན་ཏེ། ལྷ་སྐུའི་སྣང་བ་དེ་ཡང་རང་བཞིན་མེད་པས་སྟོང་པ་དེ་ལ་རང་བཞིན་མེད་པས་སྣང་བ། སྣང་བ་ལས་ཀྱང་སྟོང་པ་གཞན་མ་ཡིན། སྟོང་པ་ལས་ཀྱང་སྣང་བ་གཞན་མ་ཡིན་པས་དབྱེར་མེད་མཐའ་བྲལ་ལོ། །ཡང་ན་སྣང་བའི་མཐའ་དང་བྲལ་བས་སྟོང་པ། སྟོང་པའི་


PS010_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དང་བྲལ་བས་སྣང་བ་ཡིན་ནོ། །དེ་གཉིས་ཀྱང་དབྱེར་མི་ཕྱེད་པས་མཐའ་དང་བྲལ། མཐའ་དང་བྲལ་བས་དབྱེར་མི་ཕྱེད་དོ། །གསུམ་པ་ལྷ་སྐུ་དེའི་མཚན་ཉིད་མ་འདྲེས་ཡོངས་སུ་རྫོགས་པ་ཡིན་ཏེ། སྐུ་མདོག་དང་ཕྱག་མཚན། རྒྱན་དང་ཆ་ལུགས། རྣམ་པ་བཞུགས་ཚུལ་ཐམས་ཅད་མ་འདྲེས་ཡོངས་སུ་རྫོགས་པར་བྱའོ། །དེ་ཡང་ལྷ་སྐུ་དེ་ལ། སྣང་བའམ་གསལ་བའི་ཆ་གཅིག་འདུག་པ་དེ་བསྐྱེད་རིམས། སྟོང་པའམ་འཛིན་མེད་ཀྱི་ཆ་གཅིག་འདུག་པ་དེ་རྫོགས་རིམས། སྣང་བ་ལས་རྫོགས་རིམས་གཞན་མ་ཡིན། སྟོང་པ་ལས་བསྐྱེད་རིམས་གཞན་མ་ཡིན་པས་བསྐྱེད་རྫོགས་དབྱེར་མེད་མཐའ་བྲལ་ལོ། །ཡང་ལྷ་སྐུ་སྐྱེ་བ་མེད་པས་ཆོས་སྐུ།


PS010_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

འགག་པ་མེད་པས་ལོངས་སྐུ། གནས་པ་མེད་པས་སྤྲུལ་སྐུ། དེ་གསུམ་དབྱེར་མི་ཕྱེད་པས་ཟུང་འཇུག་མཐའ་བྲལ་ཡིན་ཏེ། གཉིས་མེད་རྣམ་རྒྱལ་ལས། སྐྱེ་བ་མེད་པ་ཆོས་ཀྱི་སྐུ། །འགག་པ་མེད་པ་ལོངས་སྤྱོད་རྫོགས། །གནས་པ་མེད་པ་སྤྲུལ་པའི་སྐུ། །དབྱེར་མེད་ཚུལ་འདི་བསྟན་པའོ། །ཞེས་གསུངས་སོ། །དེ་ལྟར་སྐུ་གསུམ་མམ། ལུས་ལྷའི་འདུ་ཤེས། ངག་སྔགས། སེམས་ཆོས་ཉིད་དང་གསུམ་པོ་དེ་སྐྱེ་འགག་གནས་གསུམ་དང་བྲལ་བའི་དོན་ཡིན་ཏེ། །ལྷ་སྐུ་དེ་སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། སྐྱེས་ཙམ་ཉིད་ན་ཡང་སྐྱེ་བ་མེད་པས་སྐྱེ་མེད་ཀྱི་ཟུང་འཇུག་གོ། སྐྱེ་མེད་ལས་སྐྱེ་བ་གཞན་མ་ཡིན། སྐྱེ་བ་ལས་སྐྱེ་མེད་གཞན་མ་ཡིན། །ལྷ་སྐུ་དེ། འགག་པ་མེད་ལས་ཐམས་ཅད་འགག །འགག་ཙམ་ཉིད་ན་ཡང་འགག་


PS010_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི་ཟུང་འཇུག་གོ ། ལྷ་སྐུ་དེ། གནས་པ་མེད་པ་ལས་ཐམས་ཅད་གནས། གནས་ཙམ་ཉིད་ན་ཡང་གནས་པ་མེད་པས། འགག་པ་ལས་འགག་མེད་གཞན་མ་ཡིན། འགག་མེད་ལས་འགག་པ་གཞན་མ་ཡིན། གནས་པས་གནས་པ་མེད་པའི་ཟུང་འཇུག་དབྱེར་མེད་མཐའ་བྲལ་ལོ། །དེ་ལྟར་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་དེ་བཞིན་དུ་རྟོགས་པའམ། ཤེས་པས་སངས་རྒྱས་ཀྱི་གནས་པ་ལས་གནས་མེད་གཞན་མ་ཡིན། གནས་མེད་ལས་གནས་པ་གཞན་མ་ཡིན། ཆོས་ཐམས་ཅད་ཁོང་དུ་ཆུད་པའོ། །དེ་ལྟར་ཆོས་ཐམས་ཅད་སྐྱེ་འགག་གནས་གསུམ་དང་བྲལ་བས། གང་ལ་ཡང་རང་བཞིན་མ་གྲུབ་སྟེ། བདེ་མཆོག་ལས། ཨེ་མ་སངས་རྒྱས་ཀུན་གྱི་གསང་། །རྫོགས་པའི་སངས་རྒྱས་


PS010_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་མེད། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ནས་སྐྱེ་བ་མེད། །ཅེས་པ་ལ་སོགས་པ་གསུངས་པས། ཆོས་ཐམས་ཅད་མ་གྲུབ་པས་རང་བཞིན་མེད་ཅིང་མི་གནས་ཏེ། །རབ་རྩལ་གྱིས་ཞུས་པ་ལས། རབ་རྩལ་གྱི་རྣམ་པར་གནོན་པ། ཆོས་ཐམས་ཅད་ཡོངས་སུ་མ་གྲུབ་སྟེ་རང་བཞིན་མེད་པའོ། །ཆོས་གང་ཡང་མེད་ཅིང་མ་གྲུབ་པས། ཆོས་རྣམས་ནི་གང་དུའང་མི་གནས་ཏེ། དེའི་ཅིའི་ཕྱིར་ཞེས་ན། ཆོས་ཐམས་ཅད་མི་གནས་པ་ཞེས་བྱའོ། །ཞེས་གསུངས་སོ། །དེ་བས་ན་ཆོས་ཐམས་ཅད་རང་བཞིན་པ་དང་། མེད། ཡོངས་སུ་མ་གྲུབ་པ་དང་། སྒྱུ་མ་ལས་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །སྒྱུ་མ་ནི། །ཕྱག་


PS010_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེ་ཆུང་དང་། རྫོགས་པ་ཆེ་ཆུང་དང་། དབུས་མཐའ་དང་ཡོད་མེད་ཐམས་ཅད་ལས་འདས་པ་ཡིན་ཏེ། །གཉིས་མེད་རྣམ་རྒྱལ་ལས། སྒྱུ་མ་འདི་ནི་ཡོད་མེད་ལས་འདས་ཤིང་། །དབུ་མ་ཙམ་དུའང་མི་གནས་ཀུན་རྫོབ་སྟེ། །ཆོས་རྣམས་ཐམས་ཅད་སྒྱུ་མའི་སྣང་བ་ལ། །འགག་པ་མེད་པའི་རོལ་པ་རང་བྱུང་བའོ། །ཞེས་གསུངས་སོ། །དེ་ཡང་སེམས་ཅན་ཐམས་ཅད་དང་། སངས་རྒྱས་ཐམས་ཅད་ཀྱང་སྒྱུ་མ་རྨི་ལམ། ཕྱི་རོལ་པ་དང་། དབུ་མ། རྫོགས་ཆེན། ཕྱག་རྒྱ་ཆེན་པོ་ལ་སོགས་པ་གྲུབ་མཐའ་ཐམས་ཅད་ཀྱང་སྒྱུ་མ་རྨི་ལམ། དེ་བས་ལྷག་པའི་གྲུབ་མཐའ་གཅིག་ཡོད་ཀྱང་དེ་ཡང་སྒྱུ་མ་རྨི་ལམ་ཡིན་པས། སྒྱུ་མ་ལས་


PS010_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

ལོགས་སུ་གྲུབ་པའི་ཆོས་གང་ཡང་མེད་ཅིང་སྒྱུ་མ་ལས་མཐོ་བ་གང་ཡང་མེད་དེ། བརྒྱ་བྱིན་གྱི་ལེའུ་ལས། ལྷའི་བུ་དག་གིས། རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་རབ་འབྱོར། ཅི་སེམས་ཅན་དེ་དག་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་ནམ། རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་སེམས་ཅན་ནི་སྒྱུ་མ་ལྟ་བུ། སེམས་ཅན་ནི་རྨི་ལམ་ལྟ་བུ་ཡིན་ཏེ། ལྷའི་བུ་དག།དེ་ལྟར་སྒྱུ་མ་དང་སེམས་ཅན་དེ་དག་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད། དེ་ལྟར་རྨི་ལམ་དང་སེམས་ཅན་དེ་དག་ནི། གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ལྷའི་བུ་དག་ཆོས་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །དེ་ནས་ལྷའི་བུ་དེ་དག་གིས་འཕགས་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་རབ་


PS010_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་ཞེས་ཟེར་རམ། འཕགས་པ་རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་མྱ་ངན་ལས་འདས་པ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ་ཞེས་སྨྲ་ན། ཆོས་གཞན་ལྟ་ཅི་སྨོས། ལྷའི་བུ་དག་གིས་སྨྲས་པ། འཕགས་པ་རབ་འབྱོར། མྱ་ངན་ལས་འདས་པ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་ཞེས་ཟེར་རམ། རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་ཁོ་བོ་ནི། གལ་ཏེ་མྱ་ངན་ལས་འདས་པ་ལས་ཁྱད་པར་དུ་འཕགས་པའི་ཆོས་གཞན་ཞིག་ཡོད་ཀྱང་། དེ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་ཞེས་སྨྲའོ། །དེ་ནི་འདི་ལྟར་སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུ་དང་། མྱ་ངན་ལས་འདས་པ་འདི་དག་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །


PS010_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ། །དེས་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་རང་བཞིན་མེད་པའམ། ངོ་བོ་མ་གྲུབ་པས་ན་སྒྱུ་མ། སྒྱུ་མ་ལས་ལོགས་སུ་གྲུབ་པའི་ཆོས་གང་ཡང་མེད་ཅིང་གོང་ན་མེད་པས། ཁྱད་འཕགས་གོང་ན་མེད་པས། ཁྱད་འཕགས་གོང་ན་མེད་ཀྱི་སྒྱུ་མ་རྨི་ལམ་མོ། །སྒྱུ་མ་ཡོད་མེད་ལས་འདས་ཤིང་། །གང་དུའང་འཛིན་པ་ཀུན་བྲལ་ཞིང་། །ཆོས་རྣམས་རང་བཞིན་མ་གྲུབ་པས། །ཐམས་ཅད་མཁྱེན་པས་སྒྱུ་མ་གསུང་། །སྒྱུ་ལུས་འཛིན་པ་རང་གྲོལ་ཞེས་བྱ་བ་རྫོགས་སོ། །ཆོས་རྗེ་སྟོན་པས་མཛད་པའོ། །མངྒ་ལཾ། ཤུ་བྷཾ།། །།གང་དུའང་མེད་པས་ས་ཉིད་དུ་བ་


previousསྒྱུ་ལུས་འཛིན་པ་རང་གྲོལ། next