Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཞུས་ལན་རིན་ཆེན་སྒྲོན་མེ།
   
   


 
previousཞུས་ལན་རིན་ཆེན་སྒྲོན་མེ། next

ཞུས་ལན་རིན་ཆེན་སྒྲོན་མེ།


PS010_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་ལན་རིན་ཆེན་སྒྲོན་མེ་བཞུགས་སོ། །


PS010_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་ཤེས་བྱའི་དཀྱིལ་འཁོར་མ་ལུས་ཀུན། །སྒྲིབ་པ་མེད་པར་ཐམས་ཅད་མཁྱེན་གྱུར་པའི། །བདེ་སྟོང་དབྱེར་མེད་འོད་གསལ་འདུས་མ་བྱས། །སངས་རྒྱས་གཉན་སྟོན་རིན་ཆེན་ཞབས་ལ་འདུད། །དལ་འབྱོར་རྙེད་དཀའ་དོན་ཡོད་བྱེད་པ་ལ། །བརྩེ་ཆེན་ཁྱེད་མིན་སྐྱབས་མགོན་མ་མཆིས་པས། །དུས་འདིར་བྱང་ཆུབ་


PS010_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་ཕྱིར་ཞུ་བའི་དོན། །འདི་རྣམས་གཞན་ལ་ཕན་ཕྱིར་བཀའ་སྩལ་འཚལ། །ཉིན་པར་གྱི་དུས་སུ་སྒྱུ་མ་རང་ཤར་དུ་འབྱུང་བ་དེ་དམིགས་པ་གང་ལ་བརྟེན་ནས་འབྱུང་བ་ལགས།། ༈ ཆོས་རྗེའི་ཞལ་ནས་ལྟེ་འོག་ཏུ་ཆོས་འབྱུང་བསྒོམས་པས་སྒྱུ་མ་རང་ཤར་འབྱུང་སྟེ། །དེ་བས་ཀྱང་བླ་མའི་མོས་གུས་གནད་དུ་ཆེ་གསུང་ངོ་། །


PS010_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

རྨི་ལམ་འཛིན་ཐབས་མང་པོ་གསུང་མོད་ཀྱང་། །དེ་རྣམས་ཀྱི་ནང་ནས་གང་ལ་ཟབ་པར་བགྱིས། བླ་མ་སངས་རྒྱས་ཀྱིས་ཞལ་ནས། སྙིང་ཁར་ཐིག་ལེ་འཁོར་བ་དང་དྲན་འདུན་དྲག་ལ་ཡུན་རིང་བ་གཉིས་ཀྱིས་ཐེ་ཚོམ་མེད་པར་ཟིན་གསུང་། །རྨི་ལམ་བཟུང་ནས་རླུང་ནི་རོ་སྟོད་འཚང་། །སད་འབྱམས་བྱུང་ན་དེ་ལ་ཅི་ལྟར་བྱ། །བླ་མ་རིན་ཆེན་ཞལ་སྔ་ནས། །དེའི་དུས་སུ་འོག་རླུང་ཡར་ལ་དྲག་ཏུ་འཐེན་ནས། མིག་མི་འབྱེད་པར་དྲན་འདུན་དྲག་པོ་བཏང་པས། །རྨི་ལམ་འཁོར་མར་ཟིན་གསུང་། །འཁོར་བར་བཟློག་པར་བྱེད་པའི་དུས་ཚོད་དེ། །དགེ་སྦྱོར་གང་གི་དུས་སུ་འབྱུང་བ་ལགས།། ༈ མཚུངས་མེད་བླ་མའི་ཞལ་སྔ་ནས། །སྤྱིར་ལས་དང་པོ་པ་ནས་


PS010_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་མཆོག་མན་ཆད་དུ་འཁོར་བར་ལྡོག་པ་དང་། ཡེ་ཤེས་ཀྱི་སླེབས་པའི་ཚད་གཉིས་ཀ་ཆ་མཐུན་རེ་རྩིར་ཡོད་ལ། ཁྱད་པར་དུ་འཁོར་བར་བཟློག་པའི་དུས་ནི། སྣང་བ་མི་བདེན་པར་བུན་ལོང་སོང་བ་དེ་ཡིན། །འཁོར་བར་བཟློག་པར་བྱེད་པ་ནི། འདོད་ཆགས་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་དྲག་པོ་བཟོད་ཐབས་མེད་པ་སྐྱེས་པ་དེ་ཡིན་པས། དེའི་དུས་སུ་ཨ་ཙ་མ་འདི་རྣམས་ཐམས་ཅད་རྨི་ལམ་ཡིན་སྙམ་པ་ལ་སོགས་པ་དྲན་འདུན་དྲག་པོ་ལ་བརྟེན་ནས། ཉོན་མོངས་པ་རང་གྲོལ་དུ་སོང་བ་དེ་ཡེ་ཤེས་ཀྱིས་སླེབ་པའི་ཚད་ཡིན་ནོ། །དེ་ཡང་སྣང་བ་མི་བདེན་པར་ཤེས་པའི་དུས་དེར། སྔོན་གྱིས་ལས་ངན་ཐམས་ཅད་སློངས་ནས། །ནད་དྲག་པོ་དང་།


PS010_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་མེད་ཀྱི་བསྐུར་པ་ལ་སོགས་པའི་གཏམ་ངན་སྣ་ཚོགས་འོང་བས། དེ་ལ་དགའ་བ་བསྒོམ་ཞིང་སྒྱུ་མ་རྨི་ལམ་དུ་ཁྱེར་བས། ནད་གདོན་དང་གཏམ་ངན་ཐམས་ཅད་རང་སར་དག་ནས་མཆོད་པའི་གནས་སུ་འགྱུར་རོ། །དེ་ཡང་དགེ་སྦྱོར་བ་ཀུན་འདི་དུས་སུ་བཟློག་པ་མང་དུ་འབྱུང་བས། རང་སྣང་སྒྱུ་མར་ཆོད་པ་གལ་ཆེ་བ་འདུག་གསུང་ངོ་། །བསྐྱེད་རིམ་མི་རྟོག་དྲན་འདུན་གསུམ། །རྨི་ལམ་མྱུར་དུ་གང་གིས་འབྱོང་པར་བྱེད།། ༈ དཔལ་ལྡན་བླ་མའི་ཞལ་སྔ་ནས། དེ་རྣམས་གང་བས་ཀྱང་སྣང་གྲགས་དང་དྲན་རྟོག་ཐམས་ཅད་སྒྱུ་མ་རྨི་ལམ་དུ་མ་ཡེངས་བྱས་པས། རྨི་ལམ་མྱུར་དུ་འབྱོངས་ཏེ་འདུན་པའི་གནད་ཡིན་པས་གསུང་ངོ་། །རྩ་རླུང་བླ་མ་ལྟེ་བར་


PS010_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་པ་བསྒོམ་པ་ཡུལ་སྣང་གང་གིས་གཏན་ལ་ཕེབས། མཚན་ལྡན་བླ་མའི་ཞལ་སྔ་ནས། ཡུལ་སྣང་ཨེན་ཙམ་གང་གིས་ཀྱང་མཐོང་སྟེ། སངས་རྒྱས་ཀྱི་ཞིང་ཁམས་བལྟ་བ་ལ་སོགས་པ་འབྱུང་བ་སྟེ། ལྟེ་འོག་ཏུ་ཨ་གསལ་ལ་ཡུན་རིང་དུ་བསྒོམ་པས། ཕྱི་ནང་ཇེ་གསལ་ཇེ་གསལ་ཡུལ་སྣང་ཇི་ལྟ་བ་བཞིན་གཏན་ལ་ཕེབ་གསུང་རྨི་ལམ་འབྱོངས་ནས་འོད་གསལ་རྟོག་མེད་ཀྱིས། འོན་ཀྱང་བླ་མ་ལ་སོགས་གང་ལ་བགྱིས། །མཉམ་མེད་རིན་ཆེན་ཞལ་སྔ་ནས། དམིགས་པ་དེ་རྣམས་གང་གིས་ཀྱང་འོད་གསལ་རྟོག་མེད་དེ་གསང་གནས་སུ་ཨ་བསྒོམ་པས་ཐེ་ཚོམ་མེད་པར་རྟོགས་པ་ཡིན་ནོ། །མདོར་ན་སྒྱུ་མ་རང་ཤར་དང་། རྨི་ལམ་འཁོར་མར་ཟིན་པ་དང་།


PS010_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་སྣང་གཏན་ལ་ཕེབས་ཤིང་འོད་གསལ་རྟོགས་པ་ལ་སོགས་པ་ཐམས་ཅད་ལ། བླ་མ་ལ་མོས་གུས་གནད་དུ་མ་སོང་ན། དམིགས་པ་མཐར་ཐུག་སྐྱེ་དཀའ་བས། བླ་མ་ལ་སྙིང་ཁོང་རུས་པའི་གཏིང་ནས་མོས་གུས་མ་ཡེངས་པར་གྱིས་དང་། ཉམས་རྟོགས་མཐར་ཕྱིན་པར་འདུག་ངེས་ཀྱིས་གསུང་། ཉམས་དང་རྟོགས་པའི་འོད་གསལ་གཉིས་ཀྱི་ཁྱད་པར་གང་། གཉིད་སོང་མ་སོང་ཡོན་ཏན་ཁྱད་པར་ཅི། འགྲོ་མགོན་བླ་མའི་ཞལ་སྔ་ནས། རྟོགས་པའི་འོད་གསལ་དེ་རྩ་མདུད་གྲོལ་བ་ལ་བརྟེན་ནས་གསལ་སྟོང་གཉིས་སུ་མེད་པར་རྟོགས་ཏེ། དུས་གསུམ་སངས་རྒྱས་བྱོན་ཀྱང་འདི་ཀར་འདུག་སྙམ་ནས་ཁོ་ཐག་ཆོད་ཅིང་ངེས་ཤེས་ལྕགས་སྐྱེས་པ་དེ་ཡིན་


PS010_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཉམས་ནི་ཐག་མ་ཆོད་ཅིང་གསལ་བ་ཙམ་མམ། ཡང་ན་གཉིད་དུ་སོང་བྱས་པས། མདུན་གྱིས་བྱ་བྱེད་ཐམས་ཅད་མཐོང་བ། མ་སོང་བྱས་པས་གཉིད་སད་རྒྱུ་གཅིག་འོང་སྟེ། །ཡལ་ཅིང་ཞིག་ནས་འགྲོ་བས་ཉམས་སོ། །མདོར་ན་ཉམས་རྟོགས་གང་ཡིན་ཡང་གཉིད་དེ་སྟོབས་ཆེ་གསུང་ངོ། །མདུན་དང་རང་ལུས་བར་སྣང་སྤྱི་གཙུག་བཞིར། གང་དུ་བསྒོམ་པས་ལྷ་སྐུ་རང་ཤར་འབྱུང་། །བདེ་སྐྱིད་འབྱུང་གནས་བླ་མའི་ཞལ་སྔ་ནས། །སྤྱི་གང་དུ་གསལ་ཀྱང་མཆོག་སྟེ། ཁྱད་པར་དུ་རང་ལུས་དང་སྣང་བ་ཐམས་ཅད་ལྷར་བསྒོམ་ཞིང་གསལ་བ་ལ་འབྱུང་ངོ། །བསྐྱེད་རིམས་ཐུན་གྲངས་མང་པོར་གསལ་བ་དང་། གཅིག་ལ་གསལ་བ་ཡོན་ཏན་


PS010_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཆེ་ལགས། བདེ་ཆེན་རྒྱལ་པོ་བླ་མའི་ཞལ་སྔ་ནས། །དཀྱིལ་འཁོར་ཡོངས་སུ་རྫོགས་པ་དང་། །ཐུན་གྲངས་མང་པོར་གསལ་བ་ལ་ཡང་ཡོད། །དེ་བས་གཅིག་ལ་ཉམས་ལེན་བྱས་པས། དེ་མྱུར་དུ་གྲུབ་ནས་ཐམས་ཅད་ཀྱི་ཡོན་ཏན་འཆར་ཏེ། །གཅིག་ཤེས་ཀུན་ལ་མཁས་པ་འབྱུང་གསུང་ངོ་། །བསྐྱེད་རིམ་བཟླས་དང་སྦྱིན་བསྲེག་མི་རྟོག་བསྒོམ། །སྡིག་སྒྲིབ་མྱུར་འཛད་ཡི་དམ་གང་གིས་མཐོང་། །འཇིག་རྟེན་གསུམ་མགོན་ཞལ་སྔ་ནས། དེ་རྣམས་ཀྱི་ཞལ་འཇུག་ཏུ་མཐོང་སྟེ། མྱུར་དུ་མཐོང་བར་བྱེད་ན་ལྷ་སྐུ་སྣང་ལ་རང་བཞིན་མ་གྲུབ་པ་ལ་རྟོག་མེད་དུ་མ་ཡེངས་པར་བཞག་གོ ། དེས་སྡིག་སྒྲིབ་མྱུར་དུ་ཟད་ནས་ཡི་དམ་ལོ་ཟླ་ཙམ་གྱིས་མཐོང་བར་འགྱུར་


PS010_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ངོ། །ཡི་དམ་ལྷ་ནི་དངོས་ཀྱི་ཞལ་མཐོང་དང་། །ཉམས་སྣང་མཐོང་སྣང་ཁྱད་པར་གང་གིས་འབྱེད། །ཀུན་མཁྱེན་བླ་མའི་ཞལ་སྔ་ནས། །ཡི་དམ་དངོས་དེ་སྣང་སྟོང་ཞེན་བྲལ་མཁྱེན་པའི་ཡེ་ཤེས་དང་ལྡན་ཞིང་རང་གི་རྒྱུད་ལ། ཡོན་ཏན་དང་ངེས་ཤེས་གཤའ་མར་སྐྱེ་བ་དུས་ཅིག་ལ་འཆར་ལ། དེ་མིན་གཉིས་ནི་གོང་དང་མི་འདྲ་ཁོ་ཐག་མ་ཆོད་ཅིང་གསལ་བ་དེ་ཡང་འོད་གསལ་ཙམ་དུ་འཆར་རོ། །དེ་ཡང་ཡི་དམ་དངོས་ལ་མཐོང་ལུགས་གསུམ་འབྱུང་སྟེ། །ཐ་མས་ཞལ་མཐོང་ཙམ། འབྲིང་གི་གཏམ་འདྲེས་པ། རབ་ལ་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་གཏེར་བར་བྱེད་དོ། །དེ་ལ་བླ་མ་དམ་པ་མཚན་ཉིད་དང་ལྡན་པས་མ་ཟིན་ཅིང་། སྒྲོ་


PS010_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

འདོགས་མ་ཆོད་པར་ཉམས་ལེན་བྱས་པ་ལ། འདྲེ་དང་ཉམས་སྣང་ལ་སོགས་པ་ཐམས་ཅད་ཡི་དམ་དུ་བྱེད་དེ། ཡི་དམ་མཐོང་ནས་འདུག་སྙམ་པ་རང་ཡང་ལན་བརྒྱར་འཆར་བས། གོང་གི་གནད་དག་གལ་ཆེ་གསུང་ངོ། །ཡི་དམ་ཌཱ་ཀིའི་ལུང་སྟོན་དངོས་གྲུབ་དང་། བདུད་ཀྱི་བར་ཆད་ཁྱད་པར་ཇི་ལྟར་འབྱུང་། རྐང་གཉིས་གཙོ་བོའི་ཞལ་སྔ་ནས། དངོས་གྲུབ་ལུང་བསྟན་དངོས་ནི་གོང་བཞིན་འབྱུང་ལ། བདུད་ནི་དང་པོ་དགའ་བར་འདུག་ཀྱང་། ཕྱི་ནང་དུ་ཡོན་ཏན་མི་འཆར་ཞིང་རྗེས་ཤེས་སྙིང་མི་དགའ་བ་འབྱུང་གསུང་ངོ། །ཉམས་ལེན་བྱེད་པའི་གང་ཟག་དག་ལ་ནི། །བདུད་ཀྱིས་བར་ཆད་བྱུང་ན་ཇི་ལྟར་གསལ། །བདུད་དཔུང་འཇམས་མཛད་བླ་མའི་ཞལ་སྔ་ནས། བསླུ་


PS010_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད་ལུང་བསྟན་ལ་སོགས་པའི་དགའ་བ་སྣ་ཚོགས་དང་། མི་སྡུག་པའི་མཐོ་མཚམས་ཅི་བྱུང་ཡང་། དེར་འཛིན་མེད་པར་ཐམས་ཅད་བདེན་མེད་དུ་ཁྱེར་བས། བདུད་ཀྱི་བར་ཆད་ཡོན་ཏན་གྱིས་ཚོགས་སུ་འཆར་རོ། །བདུད་པས་ཡི་དམ་ལྷ་མཐོང་བ་ལ་ཡང་ཆགས་ན་འཆིང་བས། དགའ་ངན་གྱི་བློ་ཐམས་ཅད་སྤོངས་དགོས་གསུང་ངོ་། །ཉོན་མོངས་དུག་ལྔའི་རྟོག་པ་སྐྱེས་ཚད་ལ། །སྨིན་དཀའ་བརྩལ་ན་ཐམས་ཅད་མཁྱེན་མི་འབྱུང་། །ནང་དུ་ཉམས་དང་རྟོག་པ་གང་སྐྱེས་ཚེ། །ཕྱི་རུ་སྨིན་ཁ་ཚོལ་བའི་དུས་གནད་ལགས། །བླ་མ་རིན་པོ་ཆེའི་ཞལ་ནས། །སྤྱི་གོང་བཞིན་དུ་སྒྱུ་མ་མཐར་ཐུག་མ་གཏོགས་པའི་སྣང་བ་བདེན་མེད་དུ་བུན་ནེ་འོང་བའི་དུས་


PS010_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡིན་ལ། །ཁྱད་པར་དུ་བཟང་ངན་གྱི་རྟོག་པ་མ་བསམ་པར་བཟང་ངན་དུ་ཐོལ་ཐོལ་རང་ཤར་དུ་འབྱུང་བ་དེ་གང་ཤར་བ་དེ་ལ་འདུན་པ་དྲག་པོ་སོང་བ་གཉིས་ཀྱི་སྟོབས་ལ་སྨིན་ཁ་ཚོལ་བས། དེའི་དུས་སུ་ཐམས་ཅད་མཁྱེན་པ་མ་གཏོགས་པ་གང་ཡང་ཡིད་ལ་བྱར་མི་བཏུབ་གསུང་། །རྨི་ལམ་གྱི་ལྷ་སྐུ་རང་ཤར་དང་མཐར་ཐུག་གཉིས་ལ་ཁྱད་པར་ཅི་ཞིག་བདོག།དཔལ་ལྡན་བླ་མའི་ཞལ་སྔ་ནས། རྨི་ལམ་དུས་ཀྱིས་ལྷ་སྐུ་རང་ཤར་དང་། མཐར་ཐུག་ལོངས་སྤྱོད་རྫོགས་པའི་སྐུ་གཉིས་ལ་ངོ་བོའི་སྒོ་ནས་ཁྱད་པར་ཅིག་ཀྱང་མེད་གསུང་། །ཉམས་མྱོང་བརྗོད་དང་གཞན་དོན་བྱེད་པ་ནི། །དགེ་སྦྱོར་གང་གི་དུས་སུ་བྱས་པས་མཆོག །འགྲོ་མགོན་རིན་ཆེན་ཞལ་སྔ་ནས། །


PS010_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་མྱོང་བཤད་ཀྱང་རང་གི་མི་འགྲིབ་ཅིང་གཞན་ལ་ཕན་པའི་དུས་སུ་ནམ་སོང་བ་དང་། གཞན་ལ་བརྗོད་ཀྱིས། དེ་མ་གཏོགས་པ་གསང་བ་གལ་ཆེའོ། །གཞན་དོན་ཡང་རང་གི་དགེ་སྦྱོར་ལ་མི་གནོད་ཅིང་། དེ་ཡར་ལྡན་དུ་སོང་ནས་ལུས་ངག་ཡིད་གསུམ་ཀྱིས་ཅི་བྱས་ཐམས་ཅད་ལ་གཞན་རྣམས་དག་སྣང་འགའ་ཞིག་ཤར་ཏེ། སེམས་ཅན་སྨིན་ཅིང་གྲོལ་བར་ནུས་པའི་དུས་སུ། གཞན་དོན་ལྷུན་གྲུབ་དཔག་མེད་བྱ་ཡང་བྱ་འབྱུང་ཡང་འབྱུང་གསུང་ངོ་། །བདེ་སྐྱིད་འབྱུང་གནས་རི་གོང་ཡང་དགོན་དུ། །ཆོས་རྗེ་རིན་ཆེན་དྷརྨ་པྲ་ཛྙཱ་ལ། །གུས་པས་མཆོག་ཐོབ་བིརྱ་སིང་ཧ་ཡིས། །ཞུས་ལན་གེགས་སེལ་རིན་ཆེན་སྒྲོན་མེ་


PS010_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས། །དགེ་བ་འདི་ཡིས་མཁའ་མཉམ་སེམས་ཅན་ཀུན། །བླ་མེད་བྱང་ཆུབ་མཆོག་ལ་འགོད་པར་ཤོག །ཞུས་ལེན་གེགས་སེལ་སྒྲོན་མེ་ཞེས་བྱ་བ། །གཞན་ཕན་གྱིས་བློ་ཁོ་ནས་ཡི་གེར་བཀོད་པ་འདི་ཡོངས་སུ་རྫོགས་སོ། །ཨྀྠི། །


previousཞུས་ལན་རིན་ཆེན་སྒྲོན་མེ། next