Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བཅུ་པ།


   
   
ཡེ་ཤེས་མགོན་པོ་ཐུགས་བསྐྱེད་པའི་ལོ་རྒྱུས་མེ་ཏྲིས་པས་ཁྱུང་པོ་རྣལ་འབྱོར་ལ་ཀོ་ས་མ་བྷིཀྵིའི་དུར་ཁྲོད་དུ་གསུངས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡེ་ཤེས་མགོན་པོ་ཐུགས་བསྐྱེད་པའི་ལོ་རྒྱུས་མེ་ཏྲིས་པས་ཁྱུང་པོ་རྣལ་འབྱོར་ལ་ཀོ་ས་མ་བྷིཀྵིའི་དུར་ཁྲོད་དུ་གསུངས་པ།next

ཡེ་ཤེས་མགོན་པོ་ཐུགས་བསྐྱེད་པའི་ལོ་རྒྱུས་མེ་ཏྲིས་པས་ཁྱུང་པོ་རྣལ་འབྱོར་ལ་ཀོ་ས་མ་བྷིཀྵིའི་དུར་ཁྲོད་དུ་གསུངས་པ།


PS011_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་མགོན་པོ་ཐུགས་བསྐྱེད་པའི་ལོ་རྒྱུས་མེ་ཏྲིས་པས་ཁྱུང་པོ་རྣལ་འབྱོར་ལ་ཀོ་ས་མ་བྷིཀྵིའི་དུར་ཁྲོད་དུ་གསུངས་པ་བཞུགས་སོ།། ༼ཁ༽ ༈ བླ་མ་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་གུས་པས་ཕྱག་འཚལ་ལོ། །ཡེ་ཤེས་ཀྱི་མགོན་པོ་ཐུགས་བསྐྱེད་པའི་ཚུལ་ནི། མངའ་བདག་རྒྱལ་བ་མི་ཏྲི་པ་ཆེན་པོ་ཀོ་ས་ལ་བྷིཀྵའི་དུར་ཁྲོད་བཞུགས་པའི་དུས་སུ། བདག་


PS011_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱུང་པོ་རྣལ་འབྱོར་པས་གསེར་སྲང་བདུན་ཕུལ་ནས། བདེ་ལོངས་སྤྱོད་ཆུང་སྒྲུབ་ལོང་མེད་པར་བར་ཆད་ཀྱི་དབང་དུ་འགྲོ་བས། ནོར་སྒྲུབ་མྱུར་ལ་རྟགས་མཚན་ཆེ་བ་གཅིག་ཞུ་འཚལ་བྱས་པས། མཻ་ཏྲི་པའི་ཞལ་ནས་ཡིད་བཞིན་གྱི་མགོན་པོ་ཞེས་ཀྱང་བྱ། ཐུགས་རྗེ་ཆེན་པོ་ནག་པོ་ཞེས་ཀྱང་བྱ། མགོན་པོ་ཤིང་ཕུང་ཅན་ཞེས་ཀྱང་བྱ། ཙནྡན་གྱི་མགོན་པོ་ཞེས་ཀྱང་བྱ། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་ཞེས་ཀྱང་བྱ། འདིས་དང་པོར་བར་དོའི་འཇིགས་པ་ལས་སྐྱོབ། ལྷ་འདྲེ་མི་གསུམ་དབང་དུ་བསྡུད། མི་ནོར་ཟས་གསུམ་ཤུགས་ལས་འབྱུང་། དགྲ་བགེགས་ཐམས་ཅད་རྩད་ནས་བརླག་པར་བྱེད། །གཞན་གྱི་བཟློག་པས་མི་ཚུགས་པ། མཆོག་མཐུན་མོང་


PS011_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལོ་ཟླ་ཙམ་གྱི་འགྲུབ་པ། མཆོག་སྒྲུབས་པས་ཐུན་མོང་ཞར་ལ་འབྱུང་བ། ཐུན་མོང་སྒྲུབ་པས་མཆོག་ཞར་ལ་འབྱུང་བ་གཅིག་ཡོད་པས་དེ་སྦྱིན་གསུང་ངོ་། །དེ་སུ་ལ་ཞུས་པ་ལགས་བྱས་པས། སྔོན་གྱི་དུས་ན་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྱན་སྔར་ཐུགས་རྗེ་ཆེན་པོ་སེམས་བསྐྱེད་དེ། འཁོར་བའི་རྒྱ་མཚོ་ཆེན་པོ་འདི་ཉིད་སྟོང་པར་མ་གྱུར་གྱི་བར་དུ། བདག་ཚང་རྒྱ་བར་མ་གྱུར་ཅིག །གལ་ཏེ་སེམས་སྐྱེད་པ་འདི་ལས་ཉམས་པར་གྱུར་ན། མགོ་བོ་འཚལ་པ་སྟོང་དུ་གས་པར་གྱུར་ཅིག །ཅེས་གདམས་ཏེ། རི་བོ་པོ་ཏ་ལར་ཉིན་ཚན་དུས་དྲུག་ཏུ་སེམས་ཅན་རྣམས་ལ་ཡེ་ཤེས་ཀྱི་གཟིགས་པ་འཇུག་ཅིང་གང་ལ་གང་འདུལ་གྱི་དོན་


PS011_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པར་གྱུར་ཏེ། དེ་ནས་ལོ་དཔག་ཏུ་མེད་པའི་བར་དུ་སེམས་ཅན་གྱི་དོན་བྱས་པས་སེམས་ཅན་མང་པོ་ཐར་གྲོལ་བྱུང་ལས་ཆེ་སྙམ་ནས་པོ་ཏ་ལ་ནས་ཡེ་ཤེས་ཀྱི་སྤྱན་གྱི་གཟིགས་པས། སེམས་ཅན་གྱི་ཁམས་ལ་འཕེལ་གྲིབ་མི་མངོན་པའི་སྟེང་དུ། སྙིགས་མར་སོང་བས་ཉོན་མོངས་པ་རགས་ལ་གདུག་པ་ཆེར་སོང་འདུག་པས། ད་ནི་སེམས་ཅན་འགའ་ཙམ་ཡང་སྒྲོལ་བར་མི་ནུས་པར་འདུག་སྙམ་ནས་སེམས་བསྐྱེད་པ་སྒྱིད་པར་གྱུར་པས། དབུ་ཚལ་པ་སྟོང་དུ་གས་པར་གྱུར་ཏེ། དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་བྱོན་ནས། རིགས་ཀྱི་བུ་དེ་ལྟ་བུའི་སེམས་བསྐྱེད་ལས་གཞོལ་བ་ནི་ཤིན་ཏུ་མ་ལེགས་པས། དེའི་བཤགས་པ་ལ་སླར་སེམས་བསྐྱེད་དེ་ལས་རྒྱ་ཆེ་བ་སྦྱོར་ཅིག་


PS011_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ནས། དབུ་སྟོང་དུ་གས་པ་དེ་དབུ་བཅུ་གཅིག་ཏུ་བྱིན་གྱིས་བརླབས་སོ། །དེ་ནས་སྔར་གྱི་སེམས་བསྐྱེད་དེ་བས་རྒྱ་ཆེ་བ་མེད་ཅིང་། དེ་དོན་ཆ་ཙམ་ཡང་མ་ནུས་པས་དེ་བས་རྒྱ་ཆེ་བའི་ཐབས་ནི་གང་ཡང་མེད་དོ་སྙམ་ནས་ཞག་བདུན་གྱི་བར་དུ་བརྒྱལ་བར་གྱུར་ཏེ། དེ་ནས་བརྒྱལ་བ་དེ་སངས་པ་དང་། ད་ནི་སྙིགས་མའི་སེམས་ཅན་ཚེ་ཐུང་བ། བར་ཆད་མང་བས་རྐྱེན་དབང་འགའ་ཤིག་ཏུ་འགྲོ་བ། ལོངས་སྤྱོད་ཆུང་ཞིང་འཚེ་བ་དམན་པ་སྒྲུབ་ལོང་མེད་པར་བར་ཆད་ཀྱི་དབང་དུ་འགྲོ་བ། དམ་ཚིག་མི་བསྲུང་བར་བཟློག་པ་དང་ནང་རྨེ་བྱེད་པ། ཆོས་བྱེད་ཕལ་ཆེར་ཀྱང་བར་དོའི་འཇིགས་པ་ལས་མི་ཐར་གཟིགས་ནས། ཡུན་རིང་པོར་


PS011_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་མི་དགོས་པར་ཞལ་མཐོང་བ། གསོལ་བ་བཏབ་པ་ཙམ་གྱི་འདི་ཕྱིའི་འཇིགས་པ་ཐམས་ཅད་ལས་སྐྱོབ་པ། མི་ནོར་ཟས་གསུམ་ཤུགས་ལ་འབྱུང་བ། བར་དུ་གཅོད་པའི་དགྲ་བགེགས་ཐམས་ཅད་སྐད་ཅིག་ཙམ་གྱིས་རླག་པར་བྱེད་པ། མཆོག་མཐུན་མོང་གི་དངོས་གྲུབ་ཐམས་ཅད་ལོ་ཟླ་ཙམ་གྱི་འབྱུང་བའི་དབང་གི་རྒྱལ་པོ་ལྟ་བུའི་ཁྲོ་བོར་གྱུར་ཏེ་སེམས་ཅན་གྱི་དོན་བྱའོ་སྙམ་དུ་དགོངས་ནས་ཐུགས་ཀ་ན་ཧཱུྃ་མཐིང་ནག་གཅིག་ཕྱུང་བ་ལས། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་སྐྱེ་འགྲོའི་རེ་བ་ཚུལ་བཞིན་དུ་བསྐོང་བའི་ཡིད་བཞིན་གྱི་ནོར་བུ་ལྟ་བུར་གྱུར་པ་དང་། ས་རྣམ་པ་དྲུག་ཏུ་གཡོས་སོ། །དེ་ནས་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་


PS011_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མགྲིན་གཅིག་ཏུ་རིགས་ཀྱི་བུ་སེམས་ཅན་གྱི་རེ་བ་ཡིད་བཞིན་དུ་བསྐོང་བའི་སྤྱོད་པ་འདི་ལྟ་བུ་ནི་ཤིན་ཏུ་ལེགས་སོ། །སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་ལས་བྱུང་བ་བཅོམ་ལྡན་འདས་གཤིན་རྗེ་གཤེད་པོ་འདི་ཉིད་ཀྱི་ཕྲིན་ལས་ཀྱི་ནུས་པ་དང་ལྡན་པར་བྱའོ། །གསང་བའི་མཁའ་འགྲོ་མ་དབང་གི་རང་བཞིན་ཅན་རྣམས་ཀྱིས་དབང་དང་ལྡན་པར་བྱའོ། །དེ་ཉིད་ཀྱིས་ཞི་བ་དང་རྒྱས་པར་ཡང་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་སུ་དབང་བསྐུར་བའི་སྤྲུལ་པ་ལས་བྱུང་བའི་གནོད་སྦྱིན་དང་གཤིན་རྗེ་དང་། སྲིན་པོ་དང་བདུད་དང་མ་མོ་རྣམས་ཀྱིས་ཀྱང་ལས་སྣ་ཚོགས་སྒྲུབ་པར་འགྱུར་རོ། །དེ་ཉིད་ཚུལ་བཞིན་དུ་སྒྲུབ་པ་དང་། མཆོད་པ་དང་དྲན་


PS011_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཀྱང་དངོས་གྲུབ་མ་ལུས་པ་སྟེར་བར་འགྱུར་རོ། །མ་གྲུབ་པ་ཉིད་ན་ཡང་བྱིན་གྱིས་བརློབས་པ་དང་དེ་ཉིད་ཀྱི་ཞལ་མངོན་སུམ་དུ་སྟོན་པར་འགྱུར་རོ། །ཞེས་བྱའོ། །དེ་ནས་དཔལ་ཤ་བ་རི་པ་ཞེས་པ་བྲམ་ཟེའི་རིགས་སུ་གྱུར་པ་དཔལ་ལྡན་འབྲས་སྤུངས་ཀྱི་ཉེ་བ་ན་གྲོང་ཁྱེར་ཆེན་པོ་སུམ་བཅུ་རྩ་གཅིག་ཡོད་པའི་དབུས་ན། ཏྲི་ས་ལ་ཞེས་བྱ་བའི་རོལ་མོ་མཁན་མཁས་པའི་མཆོག་གྱུར་ནས་སྔོན་སངས་རྒྱས་ལ་གླུ་དང་རོལ་མོས་མཉེས་པར་བྱས་པ་དེ། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་གྱི་འཇག་མའི་སྤྱིལ་པོ་གཅིག་ཏུ་སྒྲུབ་པ་མཛད་ཅིང་བཞུགས་པའི་ཚེ། །མཚན་མོ་ནམ་མཁའ་ཌཱ་མ་རུ་དང་དྲིལ་བུ་གཡེར་ཁའི་སྒྲ་ཆེན་པོ་གྲགས་ནས་གཟིགས་པ་དང་། ཡེ་ཤེས་མགོན་པོ་འདི་


PS011_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་དུ་བྱོན་ཏེ། རིགས་ཀྱི་བུ་ངའི་སྒྲུབ་ཐབས་འདི་ཟུངས་ཤིག་གསུངས་ནས་སྒྲུབ་པའི་ཐབས་གསུང་སྟེ། ཤ་བ་རི་པའི་སྒྲུབ་ཐབས་སོགས་ཡི་རེ་བཀོད་དེ། ཡང་རྗེ་བཙུན་མ་དང་། ཐུགས་རྗེ་ཆེན་པོ་དང་། སྒྲོལ་མ་གསུམ་བྱོན་ནས་སྒྲུབ་པའི་ཐབས་གསུང་སྟེ་ཡི་རེ་མ་བཀོད། ངས་ནི་ལྷོ་ཕྱོགས་དཔལ་གྱི་རི་ལ་ཕྱག་རྒྱ་ཆེན་པོའི་རྒྱུད་དང་གདམ་ངག་རྣམས་ཞུ་དུས་མགོན་པོ་འདི་ཡང་གནང་ནས་ཞག་ཉི་ཤུ་རྩ་གཅིག་ལ་ཞལ་མཐོང་ངོ་། །ཁྱོད་ཀྱིས་ཀྱང་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་འདི་ལ་ནས་རྗེན་བཏགས་ཀྱི་གཏོར་མ་དང་། སྤོས་སྦྱོར་མ་ཆད་པར་གྱིས། བྱ་རོག་དང་ཁྱི་ནག་པོ་ལ་རྡོ་མ་རྡེག །ཡིད་ཆེས་པར་གྱིས་ལ་བླ་མ་དང་


PS011_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་དབྱེར་མེད་དུ་ལྟོས། དེ་ལྟར་བྱས་ན་རི་ལ་སོགས་པ་སྒྲུབ་གནས་ཐམས་ཅད་དུ་འཚོ་བ་སྦྱོར་བར་འགྱུར་རོ། །ཞག་ཉི་ཤུ་རྩ་གཅིག་གམ་བཅུ་གསུམ་གྱི་སློབ་མ་དང་བཅས་པ་ལ་ཞལ་མངོན་སུམ་དུ་སྟོན་པར་འགྱུར་རོ། །ཡིད་ལ་འདོད་པའི་དངོས་གྲུབ་ཐམས་ཅད་ཚུལ་བཞིན་དུ་སྟེར་བར་བྱེད་དེ། ཞེས་གསུངས་ནས་ལུང་བསྟན་ཏེ་བཀའ་སྒོ་ལན་གསུམ་མཛད་དེ། ཡེ་ཤེས་མགོན་པོ་ཐུགས་བསྐྱེད་པའི་ལོ་རྒྱུས་མངའ་བདག་མེ་ཏྲི་པས་ཁྱུང་པོ་རྣལ་འབྱོར་ལ་གསུངས་པའོ། །ས་མ་ཡ་གུ་ཧྱ། འདི་ཁོ་ན་གཙོ་བོར་ཡིད་ཆེས་ཀྱི་གནས་སུ་བཟུང་ངོ་ཞེས། བླ་མ་དམ་པ་བདག་བཞེད་ལ། །བདག་ཀྱང་དེ་ལྟར་སྨྲའོ། །


previousཡེ་ཤེས་མགོན་པོ་ཐུགས་བསྐྱེད་པའི་ལོ་རྒྱུས་མེ་ཏྲིས་པས་ཁྱུང་པོ་རྣལ་འབྱོར་ལ་ཀོ་ས་མ་བྷིཀྵིའི་དུར་ཁྲོད་དུ་གསུངས་པ།next