Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བཅུ་པ།

1 occurrence of འབེན་ར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
མགོན་པོ་རྒྱན་ཅན་གྱི་སྒྲུབ་སྐོར།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འབེན་ར་
[Clear Hits]

 
previousམགོན་པོ་རྒྱན་ཅན་གྱི་སྒྲུབ་སྐོར།next

མགོན་པོ་རྒྱན་ཅན་གྱི་སྒྲུབ་སྐོར།


PS011_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་རྒྱན་ཅན་གྱི་སྒྲུབ་སྐོར་བཞུགས་སོ། །ཡུམ་ཅན་ཡང་ཟེར། ས༽ རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་མཱ་ལ་ས་དྷ་ནཱ་མཿབོད་སྐད་དུ། དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །དབང་ཐོབ་དམ་ཚིག་ལྡན་པ་ཡི། །ཡིད་དང་མཐུན་པའི་གནས་དག་ཏུ། །མཐུན་པའི་རྐྱེན་རྣམས་ཚོགས་བྱས་ནས། །བདེ་བའི་སྟན་ལ་འདུག་ནས་ནི། །སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བསྒོམ། །སྭ་བྷཱ་ཝ་ཡི་སྟོང་པར་སྒོམས། །ཨེ་ལས་ཆོས་འབྱུང་ནག་པོ་ནི། །ཡངས་པའི་ནང་དུ་པད་ཉིད་དང་། །བི་ནཱ་ཡ་ཀའི་གདན་སྟེངས་སུ། །ཧཱུཾ་དང་ཨ་ལས་རྡོ་རྗེ་དང་། །གྲི་གུག་ནག་


PS011_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ལྟེ་བ་ལ། །ཧཱུྃ་དང་ཨཱཿཡིས་མཚན་པ་ཡིས། །འོད་ཟེར་འཕྲོ་འདུས་དོན་གཉིས་བྱས། །ཡོངས་སུ་གྱུར་པས་ནག་པོ་ནི། །དུས་མཐའི་སྤྲིན་མཚུངས་ཞལ་གཅིག་པ། །ཕྱག་དྲུག་དང་པོ་གཉིས་ཀྱི་ནི། །གྲི་ཐོད་གཟུངས་ནས་ཡུམ་ལ་འཁྱུད། །ཌཱ་མ་རུ་དང་རྩེ་གསུམ་དང་། །བར་པ་གཉིས་ན་བསྣམས་པའོ། །ཐ་མ་ཐོད་ཕྲེང་ཞགས་པ་འཛིན། །སྤྱན་གསུམ་དམར་ལ་མཆེ་བ་གཙིགས། །སྨིན་མ་སྨ་ར་དབུ་སྐྲ་ནི། །ཁམ་ནག་གྱེན་དུ་འཁྱིལ་བ་ལ། །ཐོད་སྐམ་ལྔ་ཡི་དབུ་ལ་བརྒྱན། །ཐོད་རློན་ལྔ་བཅུའི་དོ་ཤལ་ཅན། །དཔྲལ་བ་སིནྡྷུ་ར་ཡིས་བྱུགས། །མི་བསྐྱོད་པ་ཡིས་དབུ་ལ་བརྒྱན། །དཀར་ཁྲ་སྦྲུལ་གྱི་དབུ་སྐྲ་བཅིངས། །སྙན་ལ་དམར་


PS011_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲ་མགུལ་ལ་སེར། །ཕྱག་དང་ག་ཤ་དག་ལ་ལྗང་། །ནག་ཁྲས་སྐུ་རགས་ཞབས་གཉིས་བརྒྱན། །དྲིལ་བུ་གཡེར་ཁས་ཞབས་གཉིས་མཛེས། །དུར་ཁྲོད་ཆས་ལྡན་སྟག་ལྤགས་ཅན། །མེ་དཔུང་དབུས་ན་དོར་སྟབས་བཞུགས། །ཤིང་ལས་བྱོན་ནས་གཏོར་མ་ལེན་པར་བསམ། །ཡུམ་མཆོག་རྡོ་རྗེ་གཅིག་ཤོས་སྐུ་མདོག་ནག །ཕྱག་གཉིས་གྲི་ཐོད་ཡབ་ལ་སྟོབས། །ཕྱག་རྒྱ་ལྔ་ལྡན་བརྐྱང་བསྐུམ་མཛེས། །མདུན་དུ་ཛ་ལས་ཛ་ལི་མ། །ནག་མོ་གྲི་གུག་ཐོད་པ་འཛིན། །གཡས་སུ་ཀྵེ་ལས་ཀྵེ་ཏྲ་མ། །དུད་ཁ་ཅང་ཏིའུ་སྡིགས་མཛུབ་མཛད།། །རྒྱབ་ཀྱི་ཕྱོགས་སུ་མ་ལས་ནི། །བྱུང་བའི་མ་ཧཱ་ཀ་ལ་ནི། །དམར་ནག་


PS011_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་གུག་ཐོད་པ་འཛིན། །ཐམས་ཅད་ཁྲོ་མོའི་ཆས་ཀྱི་བརྒྱན། །ཡེ་ཤེས་མེ་དཔུང་དབུས་ན་བཞུགས། །གཡོན་ནས་ཏྲ་ལས་བྱུང་བ་ཡིས། །ཌཀྐི་རཱ་ཛ་སེར་མོ་ནི། །རྩེ་གསུམ་དང་ནི་སྡིགས་མཛུབ་མཛད། །དམ་ཅན་རྒྱ་མཚོས་བསྐོར་བར་དམིགས། །དེ་རྣམས་ཀུན་གྱི་གནས་གསུམ་དུ། །ཡི་གེ་གསུམ་དངོས་ཧཱུྃ་གི་ནི། །འོད་ཀྱིས་ཡེ་ཤེས་སྤྱན་དྲངས་ལ། །ཛཿཧཱུྃ་བྃ་ཧོཿདགུག་གཞུག་ཅིང་། །མཉེས་པར་བཞུགས་པའི་ས་བོན་ལས། །འོད་འཕྲོས་དབང་གིས་ལྷ་ཚོགས་བསྐུལ། །མཆོད་བསྟོད་གསོལ་བཏབ་དབང་བསྐུར་བས། །རང་རང་རིགས་བདག་དབུ་ལ་བྱོན། །ཡབ་ཡུམ་ཐུགས་ཀར་ཉི་སྟེང་ན། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵེཾ་ཀྵེ་ཏྲ་བིག་ནན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ།


PS011_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་དང་། ཡུམ་ལ། ཨོཾ་སྭཱ་ཧཱ། ཞེས་པ་དང་། འཕྲིན་ལས་འགལ་མེའི་འཁོར་ལོ་བཞིན་དུ་བསམ། །ཞག་བདུན་རྒྱུན་ཆད་མེད་པར་བཟླས། །དངོས་སམ་རྨི་ལམ་ཞལ་སྟོན་པ། །འདི་ལ་ཐེ་ཚོམ་མ་བྱེད་ཅིག །ཐུན་མཚམས་མཆོད་པ་བཞི་རྫོགས་དང་། །སྤོས་སྦྱོར་བཞི་ལྡན་གཏོར་མས་མཆོད། །བསྟོད་དང་བསྐུལ་བ་དེ་ཉིད་དོ། །ཧཱུྃ་ཆོས་སྐུ་སྐྱེ་བ་མེད་པ་ལ། །བདུད་འདུལ་ཆེན་པོར་སྐུ་སྤྲུལ་ནས། །ནག་པོ་ཆེན་པོར་ཁྲོས་པའི་སྐུ། །མཐུ་རྩལ་ཅན་ལ་ཕྱག་འཚལ་བསྟོད། །ཛ་ལས་སྐྱེས་པའི་ཁྲོ་མོ་ནི། །མདོག་ནག་ཤིན་ཏུ་འཇིགས་པའི་གཟུགས། །གཡས་པ་གྲི་གུག་ཐོད་ཁྲག་གཡོན། །


PS011_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་འདུལ་མ་ལ་ཕྱག་འཚལ་བསྟོད། །ཀྵེ་ལས་སྐྱེས་པའི་ཁྲོ་མོ་ནི། །ཀྵེ་ཏྲ་པ་ལ་དུ་བའི་མདོག །ཌཱ་མ་རུ་དང་སྡིག་མཛུབ་ཅན། །བགེགས་འདུལ་མ་ལ་ཕྱག་འཚལ་ལོ།། །།ཌ་ལས་སྐྱེས་པའི་ཁྲོ་མོ་ནི། །ཌཀྐི་རཱ་ཛ་གསེར་གྱི་མདོག །གཡས་པ་རྩེ་གསུམ་སྡིགས་མཛུབ་གཡོན། །བགེགས་འཇོམས་མ་ལ་ཕྱག་འཚལ་ལོ། །མ་ལས་སྐྱེས་པའི་ཁྲོ་མོ་ནི། །སྐུ་མདོག་དམར་ན་འཇིགས་པའི་གཟུགས། །གཡས་པ་གྲི་གུག་གཡོན་པ་ན། །ཐོད་ཁྲག་འཛིན་ལ་ཕྱག་འཚལ་ལོ། །ཨ་ལས་སྐྱེས་པའི་བཅོམ་ལྡན་འདས། །སྐུ་མདོག་ནག་མོ་གྲི་གུག་འཛིན། །གཡས་བསྐུམ་གཡོན་བརྐྱང་ཡབ་ལ་འཁྲིལ། །རྡོ་རྗེ་གཅིག་ཤོས་ལ་ཕྱག་འཚལ་ལོ། །ནག་པོ་


PS011_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་འཁོར་བཅས་རྣམས། །འདིར་གཤེགས་བརྒྱན་གྱི་གཏོར་མ་འདི་བཞེས་ཤིག །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ཤིག །འཛམ་བུ་ཏི་བའི་ཞལ་ཟས་འདི་བཞེས་ཤིག །ཛ་གད་དཔའ་བོའི་སྨན་ཕུད་འདི་བཞེས་ཤིག །མཆོད་གཏོར་འདི་བཞེས་འཕྲིན་ལས་གཉན་པོ་མཛོད། །སྔར་བཅོལ་ལས་ཀྱི་གཏང་རགས་གཉན་པོར་ཕུལ། །ད་བཅོལ་ལས་ཀྱི་འཕྲིན་ལས་གཉན་པོར་བཞེས། །འཁོར་རྣམས་བསྲུང་ཞིང་རྐྱེན་རྣམས་བཟློག་པ་དང་། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །བདུད་དང་བར་དུ་གཅོད་པ་རྣམ་མང་པོ། །ཐམས་ཅད་རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །བསྟན་པ་རྒྱས་པའི་ལས་འདི་ཁྱེད་ཀྱི་
སྒྲུབས། །རྣལ་འབྱོར་བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །ཡི་གེ་བརྒྱ་པ་བཟླས་ནས་ནི། །ལྷག་ཆད་ཁ་བསྐང་བཤགས་པ་བྱ། །དགེ་བ་བསྔོ་ཞིང་སྨོན་ལམ་གདབ། །འདི་ནི་མགོན་པའི་སྲོག་ཡིན་པས། །དམ་ཉམས་དག་ལ་བྱིན་པ་ན། །རང་སྲོག་བྲལ་བ་ཐེ་ཚོམ་མེད། །གསང་ནས་སྒྲུབ་ན་ཞག་བདུན་གྱིས། །འཁོར་དང་བཅས་པའི་ཞལ་མཐོང་འགྱུར། །གཞན་ལ་སྤེལ་ན་འགྲིབ་པར་ངེས། །དེ་བས་ཤིནྟུ་གསང་བར་བྱ། །དཔལ་མགོན་པོའི་གསང་སྒྲུབ་ཐུན་མོང་མ་ཡིན་པ་འདི། །བླ་མ་རཱ་ཧུ་ལས་རྡོ་རྗེ་འཆང་ལ་དངོས་སུ་གསན་ནས་ཞལ་དངོས་སུ་གཟིགས་ཤིང་གྲུབ་པ་བརྙེད་པ་ལ། བདག་ཁྱུང་པོ་རྣལ་འབྱོར་པས་གསེར་ཕྱེ་འཕངས་མེད་ཕུལ་ནས་


PS011_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་པ་འདི་དམ་ཚིག་དང་མི་ལྡན་པ་ལ་སྟེར་དུ་མི་རུང་ངོ་།། །།ཨིྀྛཿ


previousམགོན་པོ་རྒྱན་ཅན་གྱི་སྒྲུབ་སྐོར།next