Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ནག་པོ་ཆེན་པོ་ལ་བསྟོད་པ་རྔམས་པ་སྒྲ་སྒྲོགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousནག་པོ་ཆེན་པོ་ལ་བསྟོད་པ་རྔམས་པ་སྒྲ་སྒྲོགས།next

ནག་པོ་ཆེན་པོ་ལ་བསྟོད་པ་རྔམས་པ་སྒྲ་སྒྲོགས།


PS011_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

༈ རྒྱ་གར་སྐད་དུ། མ་ཧཱ་ཀཱ་ལ་ཨཀྵོ་བྷྱ་སྟོད་ཏ་ན་མ། བོད་སྐད་དུ། ནག་པོ་ཆེན་པོ་ལ་བསྟོད་པ་རྔམས་པ་སྒྲ་སྒྲོགས་ཞེས་བྱ་བ། མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཨོཾ་གྲུབ་པར་གྱུར་ཅིག །ཧཱུྃ། དུར་ཁྲོད་ཆེན་པོ་འཇིགས་སུ་རུང་བའི་གནས། །


PS011_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་ཚིང་འཁྲིགས་པ་ཙན་དན་ཆེན་པོའི་ཚལ། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །བགེགས་ཆེན་བསྣོལ་བའི་གདན་ལ་རབ་ཏུ་བཞུགས། །མ་ཧཱ་ཀཱ་ལ་ཕྱག་དྲུག་བརྗིད་པའི་སྐུ། །སྐུའི་ཆ་ལུགས་མི་ཟད་འབར་བ་ལ། །དུར་ཁྲོད་ཆས་ཀྱི་རབ་ཏུ་བརྒྱན་པ་པོ། །གསུང་གི་ང་རོ་མི་ཟད་འབར་བ་ལ། །ཧཱུྃ་དང་ཕཊ་ཀྱི་སྒྲ་ཡི་སྟོང་གསུམ་འགེངས། །རྣམ་དག་ཐུགས་ནི་མི་ཟད་འབར་བ་ལ། །སྤྲོས་དང་བྲལ་ཡང་མཚན་མ་ཅིར་ཡང་སྟོན། །སྐུ་གསུང་ཐུགས་ཀྱི་སྒོ་ནས་ཁྱོད་ལ་བསྟོད། །ཕྱག་དྲུག་གཡས་ཀྱི་དང་པོ་གྲི་གུག་གིས། །ཉོན་མོངས་རྩད་ནས་གཅད་ནས་དགྲ་ལ་འཕྱར། །འཕྲེང་བ་འཛིན་པས་འགྲོ་བ་རྩིས་ལ་


PS011_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། །ཌཱ་མ་རུ་ཡི་མཁའ་འགྲོ་དབང་དུ་བསྡུད། །འཇིག་རྟེན་འདས་པའི་གཙོ་ལ་ཕྱག་འཚལ་བསྟོད། །གཡོན་གྱི་དང་པོ་ཐོད་པ་བསྣམས་པ་ནི། །དགྲ་བགེགས་སྲོག་རྩ་ཞལ་དུ་གསོལ་བར་མཛད། །མདུང་རྩེ་གསུམ་པས་ཁམས་གསུམ་དབང་དུ་བསྡུད། །ཞིང་པས་དམ་ཉམས་མ་ལུས་འཆིང་བར་བྱེད། །བྱིན་རླབས་དངོས་གྲུབ་སྟེར་ལ་ཕྱག་འཚལ་བསྟོད། །ཧཱུྃ། ཆོས་ཀྱིས་དབྱིངས་ལས་འགྱུར་བ་མེད་རྟགས་སུ། །སྐུ་མདོག་མཐིང་ནག་རབ་ཏུ་འབར་བ་ལ། །ཁྲག་འཛག་ལྔ་བཅུ་རྩ་ལྔས་བརྒྱན་པ་པོ། །སྟག་གི་པགས་པ་སྦྲུལ་གྱིས་ཆུན་པོས་མཛེས། །མ་ཧཱ་ཀཱ་ལ་ཁྱོད་ལ་བདག་བསྟོད་དོ། །བི་ནཱ་ཡ་


PS011_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་མནོལ་བའི་གདན་སྟེང་ན། །དཀྲིག་དཀྲིག་ཞབས་ཀྱིས་དགྲ་བགེགས་ཐལ་བར་རློག །ཞལ་གདངས་མཆེ་བ་གཙིགས་ཤིང་རྔམས་པ་ཡིས། །དམ་ཉམས་ཁོང་ཁྲག་འདྲེན་ཅིང་ཞལ་དུ་གསོལ། །སྤྱན་གསུམ་མེ་ལྟར་འབར་ཞིང་བགྲད་པ་ནི། །ཁམས་གསུམ་དབང་དུ་བསྡུད་ཅིང་རྩིས་ལ་འདེབས། །དབུ་སྐྲ་འབར་བ་བརྫེས་པའི་སྤྱི་བོ་ན། །མི་བསྐྱོད་རྒྱལ་པོས་རབ་ཏུ་བརྒྱན་པ་པོ། །དབང་བཞི་ཡོངས་སུ་རྫོགས་ལ་ཕྱག་འཚལ་ལོ། །ཧཱུཾ། བཞེངས་ཤིག་བཞེངས་ཤིག་ཆོས་དབྱིངས་ནས་བཞེངས། །བསྐུལ་ལོ་བསྐུལ་ལོ་འགྲོ་བའི་དོན་དུ་བསྐུལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །མ་


PS011_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

གཡེལ་མ་གཡེལ་དཔལ་ལྡན་ནག་པོ་ཆེ། །སྐྱོབས་པ་ཤཱཀྱ་སེངྒེའི་སྤྱན་མངའ་རུ། །བསྟན་པ་བསྲུང་བར་ཁས་བླངས་དམ་བཅས་པའི། །ལས་འདི་རྣམས་ཀྱི་འབྲས་བུ་མཆིས་པར་མཛོད། །སྐྱེས་བུ་དམ་པ་བློ་དང་ལྡན་པ་ཡི། །བསྟོད་པ་འདི་ཡིས་ལན་གཅིག་བསྟོད་བྱས་ནས། །ཕ་མ་བུ་ཚ་རྣམས་ལ་བརྩེ་བ་བཞིན། །ནག་པོ་ཆེན་པོ་རྟག་ཏུ་བསྲུང་བར་མཛོད། །བྲམ་ཟེ་མཆོག་སྲིད་ཀྱིས་མཛད་པ་རྫོགས་སོ། །བྷྱོཿ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །རླུང་ནག་འཚུབས་མར་འཚུབས་པའི་ནང་ཤེད་ནས། །མ་གཅིག་འདོད་ཁམས་དབང་ཕྱུག་རེ་མ་ཏི། །སྐུ་མདོག་ནག་མོ་ཆར་སྤྲིན་ལྟ་བུ་ལ། །ཐོད་སྐམ་དབུ་རྒྱན་


PS011_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་གཡས་སེངྒེ་འཕྱོ། །སྙན་གཡོན་སྦྲུལ་འཁྲིལ་སྦྲུལ་གྱི་གདེངས་ཀ་ཅན། །སྤྱན་གསུམ་དམར་འཁྲུག་ཞལ་གདངས་མཆེ་བ་གཙིགས། །འཇིགས་བྱེད་ལྷ་མོ་ཁྱོད་ལ་བདག་བསྟོད་དོ། །གཡས་པས་རལ་གྲི་འབར་པས་དགྲ་སྲོག་གཅོད། །གཡོན་པ་ཐོད་རློན་རྒྱལ་ཚན་སྙིང་ཁྲག་གསོལ། །སྐུ་སྟོད་སྦྲུལ་ནག་ཞིང་པགས་སྐེ་རགས་བཅིང་། །སྐུ་སྨད་གླང་ཆེན་ཀོ་རློན་རེ་སྡེས་དཀྲིས། །སྟོང་གསུམ་སྒྲོད་ཕྱིར་དྲིའུ་རྟ་རྐང་གསུམ་ཆིབས། །སྲིན་པོའི་ཡ་འགལ་སྔ་རུ་ཁྲམ་བམ་བཏགས། །གོང་སྨེ་སྦྲུལ་ནག་ནད་སྐྱལ་དགྲ་ལ་གཏོང་། །མཆོད་གཏོར་འདི་བཞེས་དགྲ་བགེགས་སྒྲོལ་ལ་ཤོག །བཅོལ་བའི་ཕྲིན་ལས་མ་ལུས་གྲུབ་


PS011_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛོད། །ན་མོ། དཔལ་ལྡན་ལྷ་མོ་དཔག་པར་དཀའ་བ་ཁྱོད། །ཐབས་ཀྱི་ཆོས་ཚུལ་ནམ་མཁའི་མཐའ་ལ་སྤྱོད། །བྱང་ཆུབ་སེམས་དཔའི་སྤྲུལ་པ་ཁྱོད་ཉིད་ལ། །སྒོ་གསུམ་དང་བའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཁྱོད་ནི་བདག་གི་མཆོད་པས་མ་སྒྲིབ་ཀྱང་། །དཔལ་ལྡན་དངོས་གྲུབ་དམ་པ་ཐོབ་བྱའི་ཕྱིར། །འདོད་པའི་ཡོན་ཏན་མཁའ་ལ་ཆར་ཕབ་ནས། །མཆོད་པའི་ཚོགས་འདིས་དབང་པོ་རྒྱས་གྱུར་ཅིག །དཔལ་ལྡན་ཁྱོད་ནི་དགེ་སྡིག་སྤང་པོ་སྟེ། །བདག་གི་ལུས་ངག་ཡིད་ཀྱི་སྡིག་པའི་ཚོགས། ཁྱོད་ཀྱི་ཐད་དུ་འགྱོད་པས་རབ་བཤགས་ནས། །ཐུགས་རྗེའི་ཐུགས་ཀྱི་སྒྲིབ་པ་བྱང་བར་མཛོད། །ཁྱོད་


PS011_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཁྱད་པར་ཡོངས་སུ་འཕགས་པ་ནི། །འགྲོ་བའི་དོན་མཛད་བདག་དོན་ཕུན་སུམ་ཚོགས། །དགེ་འདུན་ཕྲོག་སྤོ་བ་འདི། །རྗེས་སུ་ཡི་རང་ཁྱོད་ཀྱི་རྒྱུད་ལ་འབུལ། །འདི་ལྟར་ཡོན་ཏན་ལྡན་པའི་སྐུ་མཆོག་ནི། །ནགས་མ་བཟང་མོ་འཇིགས་པའི་མཐུ་སྟོབས་ཀྱི། །ཕྱོགས་བཅུ་དུས་གསུམ་ཀུན་ལ་འགྲོ་དོན་ལ། །སྒྱུ་འཕྲུལ་དྲ་བའི་ཚུལ་དུ་བསྐུལ་བར་གསོལ། །ཡང་དག་ཡོན་ཏན་ཁྱོད་ཀྱི་སྐུ་མཆོག་ནི། །གདུག་པ་འདུལ་ཞིང་བསྟན་པ་བསྲུང་བའི་ཕྱིར། །སེམས་ཅན་ཟད་པར་མ་གྱུར་བར་དུ་ནི། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །འདི་ལྟར་ཕྱག་འཚལ་མཆོད་ཅིང་བཤགས་པ་དང་། །རྗེས་སུ་


PS011_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །དགེ་བ་འདི་ཡིས་ངན་སོང་སྟོངས་གྱུར་ཅིག །ཐམས་ཅད་ཚོགས་རྫོགས་བྱང་ཆུབ་ཆེན་པོར་བསྔོ། །དཔལ་ལྡན་ལྷ་མོ་ལ་ནམ་མཁའི་ལྡིང་གི་རྒྱལ་པོ་གསེར་མིག་ཅན་གྱི་ཡན་ལག་བདུན་པའི་སྒོ་ནས་བསྟོད་པའོ། །ཧཱུྃ། མགོན་པོའི་བཀའ་ཉན་ཀུན་གྱི་གཙོ་བོ་ཁྱོད། །མུན་པའི་མདོག་ཅན་སྲིན་པོ་ཁྲོས་པའི་ཞལ། །མེ་ལྕེ་བསྐྱེད་འདྲའི་སྐྲ་བརྫེས་མཆེ་བ་གཙིགས། །ཕྱག་གཡས་དགྲ་བགེགས་སྲོག་གཅོད་གྲི་གུག་འདེངས། །ཕྱག་གཡོན་གདུག་པའི་སྙིང་ཁྲག་གཙོ་ལ་སྟོབས། །སྟོང་གསུམ་སྒྲོད་ཕྱིར་དོམ་མྱོན་པ་ཆིབས། །བལྟས་པ་ཙམ་གྱིས་གསུམ་དངངས་བྱེད་པའི། །བདུད་རྒྱལ་ཆེན་པོ་ཀྵེ་ཏྲ་


PS011_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཁྱོད། །དམ་བྱིན་གྱིས་རླབས་པའི་གཏོར་མ་དང་། །བདུད་རྩི་ལྔ་ལྡན་བཏུང་བ་འདི་བཞེས་ལ། །རྡོ་རྗེ་འཆང་དབང་ངས་ལྡན་བླ་མ་དང་། །མྱུར་མཛད་ཡེ་ཤེས་མགོན་པོའི་བཀའ་བཞིན་དུ། །སངས་རྒྱས་བསྟན་པ་བསྲུང་བ་མ་གཡེལ་བར། །ཆོས་བཞིན་སྐྱོང་བའི་རྣལ་འབྱོར་བདག་སྐྱོང་། །བཤད་སྒྲུབ་མཐུན་རྐྱེན་ཡིད་བཞིན་སྒྲུབ་པ་དང་། །གདུག་པའི་དགྲ་བགེགས་མ་ལུས་ཚར་གཅོད་མཛོད། །ཧཱུཾ། དཔལ་ལྡན་མགོན་པོའི་བཀའ་ཉན་ཕོ་ཉའི་ཚོགས། །ཀྵེ་ཏྲ་པ་ལ་ཛི་ན་མི་ཏྲ་དང་། །ཌཀྐི་ར་ཛ་ཏྲག་ཤད་རེ་མ་ཏི། །ཕྱོགས་སྐྱོང་བཅུ་དང་གཙང་རིགས་མགོན་པོའི་ཚོགས། །དམ་ཅན་རྒྱ་མཚོའི་བསྲུང་མ་ཁྱེད་རྣམས་ཀྱིས། །


PS011_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་བརླབས་པའི་གཏོར་མ་འདི་བཞེས་ལ། །བླ་མ་མགོན་པོའི་བཀའ་ལས་མ་འདའ་བར། །སངས་རྒྱས་བསྟན་པ་བསྲུང་ཞིང་སྐྱོང་བ་དང་། །རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ལ། །སྡང་ཞིང་གདུག་པའི་སེམས་འཆང་དགྲ་བགེགས་ཀུན། །མ་ལུས་རྡུལ་ཕྲན་བཞིན་དུ་ཚར་ཆོད་ལ། །འཁོར་དང་ལོངས་སྤྱོད་བཤད་བསྒྲུབ་མཐུན་པའི་རྐྱེན། །ཐམས་ཅད་ཡར་ངོ་བཞིན་དུ་འཕེལ་བར་མཛོད། །ཅེས་འཁོར་སྤྱི་མ་ལས་བཅེས། །དེ་ནས་ཡིག་བརྒྱ་ཚར་གསུམ་འདོན། མེ་ཏོག་དང་བཅས་པས་ལག་པ་ཐལ་མོ་སྦྱོར་ལ།མ་རྙེད་ཡོངས་སུ་མ་ཤེས་དང་། །གང་ཡང་ནུས་པ་མ་མཆིས་པ། །འདིར་ནི་བྱ་བ་གང་བགྱིས་པ། །


PS011_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཀུན་ཁྱོད་ཀྱི་བཟོད་མཛད་རིགས། །ཅེས་པས་བཟོད་པར་གསོལ།བླ་མ་མགོན་པོ་དབྱེར་མེད་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །བདག་གི་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་སེལ་བར་ཤོག །ཅེས་རྩེ་གཅིག་པས་ལན་གསུམ་མམ་ལྔའམ་བདུན་བརྗོད། གཞན་ཡང་དགེ་བ་བསྔོ། སྨོན་ལམ་བྱ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུ།ཡེ་ཤེས་པ་རང་གི་གནས་སུ་གཤེགས། །མགོན་པོ་དམ་ཚིག་པ་རང་ཉིད་ཀྱི་སྙིང་གར་ཐིམ་པར་གྱུར། དེ་ནས་ཤིས་པ་བརྗོད་པར་བྱ། གཏོར་མ་ཁྱི་དང་སློང་མོ་པ་དང་དམ་ཚིག་གི་སེར་ཡོད་པ་ལ་མི་སྦྱིན་པ་གནད་ཆེའོ། །


PS011_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་འདི་ཡིས་ཚེ་རབས་ཀུན་ཏུ་བདག །རྒྱལ་བའི་དམ་ཆོས་མ་ལུས་འཛིན་པ་དང་། །དེའི་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་ཀུན། །མྱུར་མཛད་མགོན་པོ་དབྱེར་མེད་འགྲུབ་གྱུར་ཅིག །མྱུར་མཛད་ཡེ་ཤེས་མགོན་པོ་འཁོར་བཅས་སྒྲུབ་ཅིང་གཏོར་མ་འབུལ་བའི་རྒྱུན་གྱི་རྣལ་འབྱོར་ཉམས་སུ་ལེན་པའི་ཚུལ་མན་ངག་ཟབ་མོས་རྣལ་འབྱོར་བརྒྱན་ཅིང་རྒྱུད་སྡེ་དང་མི་མཐུན་པའི་ལོག་བཅོས་མང་པོས་མ་སླད་པར་མདོར་བསྡུས་ཤིང་ཆ་ཚང་བར་བཀོད་པ་འདི་ནས་མང་དུ་ཐོས་པའི་རྡོ་རྗེ་འཛིན་པ་དགེ་ལེགས་དཔལ་བཟང་པོས་གནོད་སྦྱིན་གང་བ་བཟང་པོའི་གངས་མགུལ་དཔེར་ནགས་རིག་འཛིན་འབར་བའི་བསྡིངས་ཁང་སུ་བྲིས་པའོ། །བསྟན་པ་རིན་པོ་ཆེ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག། །།རྟེན་གཞི་གནས་གསུམ་འདི་ཕལ་ཆེ་བ་ལ་ཡོད་པའི་མཐུན་མོང་བ་དེ་ལགས་སོ། །ལི་ཡེ་


PS011_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་མགོན་པོ་ཕྱག་དྲུག་པའི་རྟེན་བཅའ་ལ་གསུམ་སྟེ། ཕྱིའི་རྟེན་དང་། ནང་གི་རྟེན་དང་། གསང་བའི་རྟེན་དང་གསུམ་མོ། །དེ་ལ་ཕྱིའི་རྟེན་གཡག་རོག་དང་། ལུག་ནག་པོ་སོགས་གང་རུང་བརྟེན་དུ་བཟའ་པའི་ཚེ། །བྱང་བུ་གཅིག་ལ་སྔགས་འདི་བྲི་བར་བྱའོ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཁྲིཾ་ཁྲེ་ཏ་བིག་ནན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི། ཡང་ན། གཟའ་ཚོ་འཁོར་དང་བཅས་པ་ལ་དར་ཞིང་རྒྱས་པར་མཛད་དུ་གསོལ་སྭཱ་ཧཱ། ཅེས་པ་བྲིས་ལ་ཕྱིང་པའི་རས་ལ་དྲིལ་ལ་སྐོར། །གཉིས་པ་གྲི་སྙིང་ལ་བརྟེན་ནས་ནང་གི་བརྟེན་བཅའ་བ་ནི། རྩ་རོ་རྐྱང་གསུམ་བྱེ་མས་རྒྱངས་ལ་སྐམ་དུ་གཞུགས།


PS011_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཏ་ཏེ་ལ། ཨོཾ་ཨཱཿཧཱུྃ་བྲིས་ལ། དེ་ནས་ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཁྲིཾ་ཁྲེ་ཏ་བིག་ནན་བཱི་ན་ཡ་ཀ་ཧཱུྃ་ཧཱུྃ་བདག་ཅག་དཔོན་སློབ་བམ། ཡང་ན་གཟའ་ཚེ་འཁོར་དང་བཅས་པ་རང་བཞིན་རྒྱས་པར་མཛད་དུ་གསོལ། ཕཊ་སྭཱ་ཧཱ། ཅེས་བྲིས་པ་མཚོན་མནན་ལ་མགོན་པོའི་སྐུ་བཞེངས་ཏེ་རབ་གནས་ལེགས་པར་བྱའོ། །དེ་ནས་ལ་ཕྱོགས་པར་དྲིལ་ལ་རྩ་དབུ་མའི་ནང་དུ་གཞུག་གོ །དེ་ནས་ཤོག་བུའམ་རས་ལ། ཨོཾ་བཛྲ་ན་ར་ཀྲིཾ་ཀྲིཾ་དང་། ཤཱ་ས་ན་དང་། བཛྲ་མ་ཧཱ་ཀཱ་ལ་རྣམས་བྲིས་ལ། གོང་བཞིན་བྲིས་ལ། རྩ་རོ་མ་དང་རྐྱང་མ་གཉིས་སུ་གཞུག་གོ །དེ་ནས་རིན་པོ་ཆེ་དང་། དར་སྣ་དང་། འབྲུ་


PS011_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་དང་། དྲི་བཟང་ལ་སོགས་པ་རྩ་གསུམ་དུ་ཤོང་ཚད་བླུག་ལ་ཕྱིང་པའི་རས་ལ་དྲིལ་ཏེ། ལུས་ལ་བཅངས་ན་མགོན་པོ་འཁོར་བཅས་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པས་ཅི་དགོས་པ་ཐམས་ཅད་འགྲུབ་ཅིང་། རང་ལ་གནོད་པའི་དགྲ་བགེགས་ཐམས་ཅད་རླག་པར་བྱའོ། །གསང་བའི་རྟེན་ནི། དཀོན་མཆོག་དད་པ་གལ་ཆེ། ཁྱད་པར་བླ་མ་ལ་དད་པ་དཔག་ཏུ་མེད་པའི་སྒོ་ནས། སངས་རྒྱས་ཀྱི་སྐུར་མཐོང་བ་དང་། ཆོས་སྐྱོང་ལ་ཡིད་ཆེས་ནས་ངེས་ཤེས་བསྐྱེད་པ་གལ་ཆེའོ། །དེ་ནས་བསམ་པ་ཐམས་ཅད་འགྲུབ་བྱེད་དོ། །གནད་ཡིག་འདི་ཆིག་རྒྱུད་ཡིན་དམ་དུ་ཆོངས། །དངོས་གྲུབ་ཐམས་ཅད་འགྲུབ་


PS011_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ནས་བཀའ་རྒྱས་བཏབ་ནས་གཤེགས་སོ།། །།ཨིྀྛཿ དགྲ་བགེགས་གང་དམིགས་བརླག་མཛད་པའི། །ཕྱག་དྲུག་འཁོར་དང་བཅས་ལ་འདུད། །ཡེ་ཤེས་མགོན་པོ་ཕྱག་དྲུག་འདིའི་ཁྱད་པར་གྱི་མན་ངག་དཔྲལ་བའི་སིནྡྷུུ་ར་ལ་བརྟེན་ནས་མཁའ་འགྲོ་དབང་དུ་བསྡུ་བའི་གནད་ནི། མགོན་པོའི་དཔྲལ་བའི་སིནྡྷུ་ར་ལ་ཨོཾ་བཛྲ་ན་ར་ཀྲིཾ་ཀྲིཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་པའི་སྔགས་འདི་འཁོར་བར་བསམ་སྟེ། དག་སྦྱོར་བྱེད་པའི་སྔོན་འགྲོ་ལ་བརྒྱ་རྩ་བརྒྱད་རེ་མ་ཆག་པར་བཟླས་ན་མཁའ་འགྲོ་དབང་དུ་འདུས་ནས་ཅི་དགོས་པ་འགྲུབ་ཅིང་། མངོན་པར་ཤེས་པ་ཐོགས་པ་མེད་པར་འགྱུར་རོ། །


PS011_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་མཁའ་འགྲོ་དབང་དུ་བསྡུ་བའི་གནད་དོ། །སྤྱིའི་མི་བསྐྱོད་པ་ལ་རྟེན་ནས་རྒྱུད་འཇམ་དུ་གཏོང་བའི་གནད་ནི། མགོན་པོ་རང་གིས་སྤྱིའི་མི་བསྐྱོད་པའི་ཐུགས་ཀ་ནས་ཧཱུྃ་མང་པོ་སྣ་ཚོགས་པར་བྱུང་ནས། མགོན་པོའི་རྩ་དབུ་མ་གང་བར་བསྒོམས། རང་ཤེས་པ་འཚིག་ཏུ་བྱུང་ན་བྱ། རྒྱུད་འཇམ་དུ་གཏོང་བའི་གནད་དོ། །མགོན་པོ་ནུས་པ་ཆུང་དུ་སོང་ན་སྐུའི་སྒོ་ནས་གཟི་མདངས་བསྐྱེད་པའི་གནད་ནི། མགོན་པོའི་སྤྱི་བོ་རོ་ཧཱུྃ་བསམ། ཧཱུྃ་ལས་འོད་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་དང་། ནུས་མཐུ་དཔག་ཏུ་མེད་པ་བསྡུས་ནས་ཧཱུྃ་ལ་ཐིམ།


PS011_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་དེ་འོད་དུ་ཞུ་བས་མགོན་པོའི་ཐུགས་ཀར་སླེབ་པ་དང་འཇམ་དཔལ་གཤིན་རྗེ་གཤེད་གཅིག་ཏུ་གྱུར་པར་བསྒོམས་ནས། འཇིག་རྟེན་འདི་ན་ང་ལས་ནུས་པ་ཆེ་བ་མེད་པ་ཡིན་ཨང་སྙམ་དུ་བསམ་མོ། །དེས་ནུས་མཐུ་ཐོགས་མེད་དུ་འགྲོའོ། །འདི་ནི་གཟི་མདངས་བསྐྱེད་པའི་གནད་ཡིན་ནོ།། །།ཨིྀྛཿཿསྤོས་སྦྱོར་གྱི་མན་ངག་ནི་བཞུགས་སོ། །ཤི་མགོན་པོའི་སྤོས་སྦྱོར་ལ། བཙན་དུག །ཉུངས་ཀར། སྒོག་སྐྱ། མི་ཤ། གུ་གུལ་ནག་པོ་རྣམས་ཆ་མཉམ་དུ་སྦྱར་ལ་འབུལ་ལོ། །ཡང་ན་གུ་གུལ་དང་མི་ཤ་བསྲེས་པ་ཙམ་དབུལ་ལོ། །ཡང་ན་བཙན་དུག །ཉུངས་ཀར། སྒོག་སྐྱ། ཁྲག་ཆེན་བཞི་པོ་བསྲེས་པའི་


PS011_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

རིལ་བུ་དབུལ་བར་བྱའོ། །ཡང་ན་བཞི་པོ་དེ་དང་བུ་རམ། གླ་བ་ཅུང་ཟད་ཙམ་སྲེས་པའི་རིལ་བུ་དབུལ་བར་བྱའོ།། །།སྤོས་སྦྱོར་རྒྱས་པའི་མན་ངག་བཞུགས་སོ། །སི་ན་མོ་མ་ཧཱ་ཀཱ་ལ་ཡ། མགོན་པོའི་སྤོས་སྦྱོར་གྱི་མན་ངག་ནི། དྲི་བཟང་པོས་བྱུགས་པས་སྟེགས་བུའི་སྟེང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་བྲིས་ལ། དེའི་དབུས་སུ་ཞུན་ཆེན་གྱི་མར་མེ། ཤར་གྱི་འདབ་མར་ཉུངས་དཀར། ལྷོར་སྒོག་སྐྱ། ནུབ་ཏུ་པདྨ་རཀྟ། བྱང་དུ་བཙན་དུག །བྱང་ཤར་དུ་གྲི་ཁྲག །ཤར་ལྷོར་ཤ་ཆེན། ལྷོ་ནུབ་ཏུ་བུ་རམ། ནུབ་བྱང་དུ་གླ་ཙི་རྣམས་གས་ཆགས་མེད་པའི་རིན་པོ་ཆེའི་སྣོད་དུ་བཞག་ནས་བཀོད་དེ་བསངས་སྦྱངས། རང་


PS011_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་གདུག་པའི་རྫས་ནུས་པ་ཐོག་མེད་པ་ཐོད་པའི་ནང་ན་གནས་པར་བསྐྱེད་དེ། རྫས་དེ་དག་ཐམས་ཅད་ལ་ཧཱུྃ་ཡིག་གིས་མཚན་པར་བསམ་ལ། རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ས་བོན་དང་རྫས་རྣམས་ཀྱི་སྟེང་གི་ཧཱུཾ་ཡིག་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ། རྫས་བརྒྱད་པོ་ལ་ཐིམ་པ་རྒྱུན་མི་ཆད་པར་བསམ་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་དྷུ་པེ་ནི་སིདྡྷི་ཛཿཛཿཞེས་པ་བརྒྱ་རྩ་བརྒྱད་བཟླས་པའི་རྗེས་སུ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ། དུ་པྲ་ཏི་གྷི་ན་ནཾ།


PS011_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ཡུ་ཡ་པ་རི་ཀྲ་ཏི་པུ་ར་ནི་དུ་ཨ་ཏི་ཏ་ན་ཨ་ཏི་ཏི་དེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་བརྒྱ་ཕྲག་གཅིག་གམ། ལྔའམ། སྟོང་རྩ་བརྒྱད་བཟླས་པས་བྱིན་གྱིས་རླབས་པར་བྱའོ། །དེ་ནས་ཕྱོགས་མཚམས་ཀྱི་རྫས་བརྒྱད་བླངས་ཏེ། ཤཱ་ས་ན་དང་བཤད་མ་ཐག་པའི་སྔགས་གཉིས་བཟླ་ཞིང་བཏགས་ནས། བདུད་རྩི་རིལ་བུ་བཏབ་ཅིང་བྱིན་གྱིས་བརླབས་པའི་ནང་མཆོད་ཀྱིས་ཀྱང་ཁུ་བ་ཉུང་ངུ་ཙམ་བྱ་སྟེ། རིལ་བུ་སྲན་མ་ཙམ་བྱས་ནས། སྤྱེན་འདྲེན་པ་དང་བསྐང་བཤགས་དང་། བསྟོད་བསྐུལ་དང་། བྱིན་རླབས་དབབ་པ་ལ་སོགས་པའི་དུས་སུ་བསྲེགས་ན་བགེགས་འབྲོས། མགོན་པོ་འབྱོན་བྱིན་རླབས་འཇུག་པ་དངོས་གྲུབ་མྱུར་རོ། །སྤོས་སྦྱོར་གྱི་མན་ངག་
ཁྱད་པར་ཅན་གུ་ཧྱེ། སྔགས་ཀྱི་དཔེ་ལ་ལ་ན། རྫས་རྣམས་མགོན་པོར་བསྐྱེད་ནས་མཆོད་བསྟོད་བཟླས་པ་བྱས་ཏེ་ཞུས་ནས་སོ་སོར་བསྒོམ་པ་དང་། བུ་རཾ་དང་། གླ་ཙིའི་དང་པོ་དྲི་ཆེན་དང་པས་བྱས་པའང་སྣང་ལ། བྱིན་གྱིས་བརློབས་པའི་སྔགས་སྔ་མ་མ་ཚང་བ་མང་བར་ཡོད་དོ།། །།


previousནག་པོ་ཆེན་པོ་ལ་བསྟོད་པ་རྔམས་པ་སྒྲ་སྒྲོགས།next