Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཻ་ཏྲི་པའི་ལུགས་ཀྱི་ལྷ་མོ་ཕྱག་གཉིས་མའི་སྲོག་སྒྲུབ་རྒྱས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཻ་ཏྲི་པའི་ལུགས་ཀྱི་ལྷ་མོ་ཕྱག་གཉིས་མའི་སྲོག་སྒྲུབ་རྒྱས་པ།next

མཻ་ཏྲི་པའི་ལུགས་ཀྱི་ལྷ་མོ་ཕྱག་གཉིས་མའི་སྲོག་སྒྲུབ་རྒྱས་པ།


PS011_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

༈ མཻ་ཏྲི་པའི་ལུགས་ཀྱི་ལྷ་མོ་ཕྱག་གཉིས་མའི་སྲོག་སྒྲུབ་རྒྱས་པ་བཞུགས་སོ། །དུ་རྡོ་རྗེ་ལྷ་མོ་ལ་ཕྱག་འཚལ་ལོ། །བླ་མ་མཻ་ཏྲིའི་ལུགས་ཀྱི་ལྷ་མོ་ཕྱག་གཉིས་མའི་སྲོག་སྒྲུབ་རྒྱས་པ་འདི་ལ་གསུམ། སྔོན་འགྲོ་རྫས་དང་བཅའ་གཞི་བྱ་བ། དངོས་གཞི་སྒྲུབ་པ་བྱ་ཞིང་ལས་ལ་སྦྱར་བ། རྒྱུན་གྱི་རྟེན་བཅའ་ཞིང་བཀའ་བསྲུང་དུ་མཆོད་པའོ། །དང་པོ་ནི། ཡེ་ཤེས་མགོན་པོའི་བསྙེན་པ་ཚད་ཐེངས་ཤིང་། ལྷ་མོ་འདིའི་བསྙེན་པ། མ་མོ་ནག་མོ་བེ་ཏ་ལི་སོགས་


PS011_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་ཕྲག་ལ་སོགས་པ་སོང་ཞིང་། ལྷ་མོ་རང་ལ་འཁོར་བའི་མཚན་ལ་རྙེད་མའི་རྣལ་འབྱོར་པས། བྲག་ཕུག་ཁ་བྱང་ལ་བལྟས་པའི་གནས་སུ་ཕྱིན་ལ། ས་སྟེགས་མདའ་གང་གྲུ་བཞི་པ་གཅིག་རིགས། དེའི་དབུས་སུ་འབྲུབ་ཁུང་གྲུ་གསུམ་ཐུར་དུ་བྲུ། དེའི་ལོག་རེ་ལ་ཁྲུ་རེ་ཡོད་པ། རྒྱ་ཚད་དང་དཔང་སུ་མཐོ་གང་། རྩེ་མོ་དགྲ་ཕྱོགས་སུ་བསྟན་པར་བྱའོ། །འབྲུབ་ཁུང་གི་ནང་ཁྲག་སྣ་དུག་སྣ། རོ་སོལ་གསུམ་གྱི་བྱུགས། དགྲ་བོའི་དྲི་ཆེན་རྙེད་ན་རབ། །མ་རྙེད་ན་རྐང་རྗེས་ཀྱི་ས་དང་། གྲོགས་པོ་ཕུ་གདུགས་ཀྱི་འཛག་མ་དང་། བག་ཟན་རྣམས་བསྲེས་ལ། ལིངྒ་མཐོ་གང་པ་གཅིག་བྱས་པའི་སྙིང་གར་


PS011_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་གསུམ་བྲིས་པའི་ནང་དུ་ཤོག་བུ་ལ་ལིངྒ་མིང་རུས་བྲིས་པ་གཅིག་གཞུག །ལིངྒ་དེ་རང་གི་མདུན་དུ་བཞག །རང་གི་གཡོན་ངོས་ཀྱི་ས་སྟེགས་ཀྱི་ཟུར་དུ་ནལ་བུའི་ཐོད་པའམ་གྲི་ཐོད་ཀྱི་ནང་དུ་ཉུང་ཀར། ཉུང་ནག །སྐེ་ཚེ། ཤངས་ཚེ། ལྕགས་ཕྱེ་རྡོ་རང་མའི་ཕྱེ་མ། མཛེ་ཕོ་མ་གཏོགས་པའི་ཁྲག་སྣ་སྙིང་ཚད། བོང་དུག་པ་མ་གཏོགས་པའི་དུག་སྣ་རྙེད་ཚད་རྣམས་བླུག་པ་བཞག་པར་བྱ་སྟེ་ཐུན་རྫས། གྲི་ལྕགས་ཀྱི་ཕུར་པ་སོར་བརྒྱད་པ་ལྷ་མོར་བསྐྱེད་ཅིང་ཡེ་ཤེས་པ་བསྟིམ་ནས་འབྲུབ་ཁུང་གི་མདུན་དུ་དཀྱིལ་འཁོར་གྱི་ཁར་བཙུགས། དཀྱིལ་འཁོར་ས་སྟེགས་གྲུ་བཞི། དེའི་སྟེང་གི་རང་གི་གཡས་ཀྱི་ཟུར་དུ་ཚིལ་ཆེན་གྱི་


PS011_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

དུད་པ་རྒྱུན་མི་ཆད་པ་བྱ། གཞན་ཟུར་གཉིས་སུ་དཀར་གཏོར་རེ་བཞག །དེ་གཉིས་ཨཱ་ལས་ཐོད་པའི་ནང་དུ་དགྲ་བོའི་ཤ་ཁྲག་ཏུ་བསམ། ཡེ་ཤེས་གསུམ་གྱིས་བྱིན་བརླབས་ལ། བསྒྲུབ་པ་བྱེད་པའི་དུས་སྲོད་ཀྱི་ཐུན་མཐར་གཅིག་ཕུལ་ནས་ཐོག་ཁར་བཏང་། གཅིག་ཐོ་རངས་ཕུལ་ནས་ཐོག་ཁར་བཏོང་། ༈ གཉིས་པ་བསྒྲུབ་པ་ལ་གསུམ། ཐུན་སྒྲུབ་པ། ལིངྒ་སྒྲུབ་ཅིང་ལྷ་དབྱེ་བ། བསད་ལས་བྱ་བའོ། །དང་པོ་ནི། སྒྲུབ་པ་ལ་འཛུག་པའི་སྔོན་དུ་ཐོག་ཁའམ། སྒོ་ཕྱི་ནས་ནས། འཇིག་རྟེན་གྱི་ལྷ་འདྲེ་སྡེ་བརྒྱད་རྣམས་ལ་གཏོར་མ་བྱིན། ཕུད་གཏོར་ནས་བདེན་པ་བདར། རང་གི་མ་ཉེས་པའི་སྤང་གཟུ་བྱ། བར་


PS011_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་མ་བྱེད་པར་གྲོགས་བགྱི་ཤིག །ཅེས་སྒོ། དེ་ནས་ནང་དུ་སྟན་ལ་འདུག་སྟེ་བསྲུང་བར་བསྒོམ་ཞིང་། རང་ཉིད་ཕྱག་རྡོར་རམ་གཤིན་རྗེ་གང་རུང་དུ་བསྐྱེད་པའི་ང་རྒྱལ་བརྟན་པ་ལ་གནས་ནས། མདུན་དུ་ལྷ་མོ་སྐུ་མདོག་དམར་མོ། ཁ་གདངས་ཤིང་མཆེ་བ་གཙིགས་པ། ཕྱག་གཡས་ཟངས་གྲི་དམར་པོས་དགྲ་བོའི་སྲོག་རྩ་གཅོད་པ། གཡོན་གྱིས་ནད་ཀྱི་རྐྱལ་པ་ཁ་ཕྱེ་ནས་དགྲ་བོའི་རྣམ་ཤེས་དུག་དང་ཁྲག་གི་མྱོས་ཏེ་འཆི་བར་བྱེད་པ། དྲིའུ་ཁམ་པའི་སྟེང་ན་ཞབས་ཕྱེད་སྐྱིལ་གྱི་བཞུགས་པ། འཁོར་ཤ་ཟ་མ་མོ་ཁ་དོག་སྣ་ཚོགས་པས་ལག་ན་ཞགས་པ་དང་ནད་རྐྱལ་ཐོགས་པ་དཔག་ཏུ་མེད་པས་དགྲ་བོ་མྱུར་དུ་བརླག་པར་བྱེད་པར་


PS011_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་བྱའོ། །ཡང་ན་རང་ཉིད་ཀྱང་ལྷ་མོར་བསྐྱེད་པས་མཆོག་སྟེ། འོན་ཀྱང་ཤིན་ཏུ་རྩུབ་བོ། །ལྕགས་ཕུར་ཡང་ལྷ་མོ་དེ་འདྲ་བར་བསྐྱེད། དེ་ནས་རང་དང་མདུན་བསྐྱེད་ཀྱི་ལྷ་མོའི་ཐུགས་ཀ་ནས་འོད་འཕྲོས། བྱང་ཤར་མཚམས་ནས་ལྷ་མོ་དངོས་བཞུགས་པའི་ཐུགས་ཀར་ཕོག་ཐུགས་རྒྱུད་བསྐུལ་འཁོར་ཤ་ཟ་མོ་བྱེ་བ་ས་ཡའི་ཚོགས་དང་བཅས་པ་ནམ་མཁའ་ནས་ཚུར་བྱོན། མདུན་བསྐྱེད་དང་ཕུར་པ་ལ་བསྟིམ། ཞིང་ཆེན་གྱི་དུད་པ་བཏང་། དེ་ནས་རང་གི་ཧི་ཧི་མ་མ་ཐུན་བྷྱོ་ལ་སོགས་པའི་སྔགས་དྲག་ཏུ་བཟླས་པས་ལྷ་མོའི་འཁོར་མ་མོ་བྱེ་བ་ས་ཡ་རྣམས་ནི་ལ་ལ་སྟེང་འོག་ཏུ་རྒྱུག །ལ་ལ་ཕྱོགས་ཀུན་


PS011_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་འཁོར་དུ་རྒྱུག་པས་ཁེངས་ཏེ། དཔེར་ན་བུང་བ་ཚང་རྡོལ་ལྟར་རྔམས་ཤིང་གཏུམ་པའི་སེམས་ཀྱི་དམོད་པའི་དྲག་སྔགས་འབྲུག་གི་ངར་སྒྲ་ལྟར་རང་དང་ཁྱད་མེད་དུ་བཟླས་པར་བསམ་ལ། སྔགས་བརྒྱའམ་སྟོང་ལ་སོགས་པའི་མཚམས་སུ་ལག་གཡོན་པས་ལྕགས་ཕུར་བཟུང་ལ། ཐོད་པའི་ནང་གི་ཐུན་ལན་གསུམ་གཡོན་བསྐོར་དུ་དཀྲུགས་ཤིང་སྔགས་བཟླས་པའི་འཁོར་མ་མོ་དཔག་ཏུ་མེད་པ་ཐུན་ལ་སིབ་སིབ་ཐིམ་པས་ཐུན་ཐམས་ཅད་མ་མོར་དངོས་སུ་སོང་སྟེ། རྔམས་ཤིང་གཏུམ་པའི་སེམས་ཀྱི་སྔགས་ཀྱི་སྒྲ་དི་རི་རི་སྒྲོགས་པར་བསམ། ཡང་ཕུར་པ་བཞག་ནས་སྔར་ལྟར་རྒྱུན་དུ་བཟླས་སོ། །དེ་ལྟར་ཞག་བདུན་བྱས་པས་རབ་དངོས་དང་།


PS011_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་ཉམས་སྣང་རྨི་ལམ་དུ་ཞལ་མཐོང་བ་དང་། བུད་མེད་མང་པོས་གྲོགས་བྱེད་པ་ལ་སོགས་པའི་མཚན་མ་དུ་མ་འབྱུང་ངོ། །གཉིས་པ་ལིངྒ་སྒྲུབ་ཅིང་ལྷ་དང་དབྱེ་བ་ནི། ལིངྒ་འབྲུབ་ཁུང་གི་ནང་དུ་བཞག །ཐུན་མགོ་ལ་བདག་བསྐྱེད་མདུན་བསྐྱེད། ཕུར་པའི་བསྐྱེད་ཆོག །དེ་དག་ལ་ཡེ་ཤེས་པ་དགུག་གཞུག་སོགས་སྔར་ལྟར་བྱས་ནས། དེ་ནས་དགྲ་བོའི་ཕྱོགས་སུ་ཁ་བལྟས་ཏེ་སྔགས་བཟླས་པས། རང་དང་མདུན་བསྐྱེད་ཀྱི་ལྷ་མོའི་ཐུགས་ཀ་ནས་འོད་འཕྲོས། འཁོར་གྱི་མ་མོ་ཐམས་ཅད་ལ་ཕོག་པས་མ་མོ་རྣམས་ཀྱི་ཐུགས་རང་དབང་མེད་པར་བསྐུལ་ཏེ། ཁྲོ་བ་དང་། རྔམས་པ་དང་། གཏུམ་


PS011_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སེམས་སྨེ་སྔགས་ཀྱི་འོ་དོད་སྣ་ཚོགས་འབོད་ཅིང་། ཤིནྟུ་རིངས་པའི་ཚུལ་གྱིས་ས་གཞི་བར་སྣང་ཐམས་ཅད་ཁེངས་པར་གྱུར་ཏེ། ཐོགས་པ་མེད་པར་རྒྱུགས་ནས་ཐམས་ཅད་དགྲ་བོ་གང་ན་འདུག་པའི་གནས་སུ་སོང་སྟེ། དེ་ཐམས་ཅད་དགྲ་བོའི་ལུས་ལ་སྲིབ་ཀྱི་རྔུབ་ནས་དགྲ་བོའི་ཤ་ཟོས། ཁྲག་འཐུངས། རུས་པ་འཆོས། སྙིང་གི་དཀྱིལ་ན་རྣམ་ཤེས་ཀྱི་རྟེན་སྲོག་གི་དངས་མ་མར་མེ་ལྟར་གསལ་བ་ཁོག་དམར་པོ་ཚལ་ལྕོག་ལ་མ་ལྟ་བུ་འདུག་པ་དེ་སྟོན་ནས་མགྱོགས་པར་ཁྱེར་འོངས་ཏེ། འབྲུབ་ཁུང་གི་ལིངྒའི་སྙིང་གར་བཅུག་ཅིང་བསྟིམ་པས། ལིངྒ་འདི་དགྲ་བོ་དངོས་སུ་བསམ། དེ་ནས་ལྷ་མོ་གཙོ་འཁོར་ཐམས་ཅད་ཀྱི་ཕྱག་གཡོན་པའི་


PS011_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ནད་ཀྱི་རྐྱལ་པ་ཁ་ཕྱེ་ནས་བུས་པས། དགྲ་བོ་སྐྱོབ་པ་དང་། བསྟེན་པའི་ལྷ་དང་བསྲུང་མ་ཐམས་ཅད་ནད་དང་དུག་གི་མྱོས་ཤིང་ཕྱོགས་བཅུར་གྱེས་ཏེ། སྐྱོབ་པའི་ལྷ་གཅིག་ཀྱང་མེད་པར་བསམ་མོ། །དེ་ལྟ་བུ་ཐུན་བཞིར་བཅད་ཐུན་རེ་རེའི་ནང་དུ་ཡང་ལེན་ཉེར་གཅིག་གི་གྲངས་ལ་སོགས་པ་བྱེད་པ་ཞག་བདུན་བྱས་པས་དགྲ་བོའི་བླ་ཁུག་པའི་མཚན་མ་དངོས་སམ། ཉམས་སྣང་རྨི་ལམ་དུ་འབྱུང་བར་འགྱུར་རོ། །གསུམ་པ་བསད་པའི་ལས་ནི། ཐུན་མགོ་ལ་དགུག་གཞུག་སྔར་ལྟར་བྱས་ལ། ལིངྒ་དགྲ་བོ་དངོས་སུ་གསལ་བ། ལིངྒ་འབྲུབ་ཁུང་དུ་གལ་རྐྱལ་དུ་བཞག་པའི་སྙིང་གར། ལྕགས་ཕུར་ལྷ་མོར་བསྐྱེད་ཅིང་གསལ་བ་དེ་གཙུགས་


PS011_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་རྣམས་མ་མོའི་ཚོགས་དངོས་སུ་བསམ་ནས། ཐུན་སྔགས་ཧི་ཧི་ལ་སོགས་པ་དྲག་ཏུ་བརྗོད་ཅིང་ཁྲོས་པའི་སེམས་ཀྱིས་བྲབས་པས་མ་མོའི་ཚོགས་རྣམས་ཀྱི་མཚོན་དང་དུག་གི་ཆར་ལུས་ལ་ཕབ་ཅིང་ནད་ཀྱི་ན་བུན་སྤྲོས་པས། དགྲ་བོའི་ལུས་མྱགས་ཤིང་བུ་ག་དགུ་དང་བ་སྤུའི་ཁུང་བུ་རྣམས་ཀྱང་ཁྲག་དང་ཆུ་སེར་ན་ར་ར་འབབ་ཅིང་། སྙིང་གའི་རྣམ་ཤེས་ཀྱི་རྟེན་སྲོག་གི་དངས་མ་མེ་ལྟ་བུ་དེ་ནག་ཐུམ་ཐུམ་སོང་། བཞིན་གྱི་མདངས་ཡལ་ནས་སེར་ཉལ་ཉལ་ཤི་བར་བསམ་ལ་ཐུན་གྱི་ལིངྒ་ལ་བྲའོ། །དེ་ལྟར་ཞག་བདུན་བྱས་པས་བུ་མེད་ནག་མོས་སྙིང་དང་མགོ་ལ་སོགས་སྟེར་བ་དང་། སྲོག་ཁ་ཁུང་འབྱེད་པ་ལ་སོགས་པ་འབྱུང་སྟེ། ཉམས་སམ་


PS011_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

རྨི་ལམ་དུ་དེ་ལྟ་བུ་བྱུང་ནས་ལས་འགྲུབ་པར་འགྱུར་རོ། །འདིའི་དུས་མཚམས་དམ་པར་བཅད། ལུས་ངག་ཡིད་གསུམ་གྱི་ཞུད་ལེགས་པར་བསྲུངས་ནས། ཉིན་མཚན་དུ་སྒྲུབ་ནས་ལས་ལ་སྦྱར་བས་མི་འགྲུབ་མི་སྲིད་པར་འདུག་ཅེས་བླ་མ་ཤངས་པས་གསུངས་སོ། །དམ་ཚིག་ཏུ་དྲིའུའི་ཤ་མི་ཟ་བླ་མ་དང་ཆོས་སྐྱོང་ལ་ཡིད་ཆེས་ཤིང་གུས་པར་བྱའོ། །བསྒྲུབ་ཀྱི་བར་དུ་ཡུག་ས་མོ་ལ་མི་རེག་འདི་ནི་དུག་དང་འདྲ་བས་གཞན་ལ་མི་སྦྱིན། ལས་དང་སྐལ་བར་ལྡན་པ་གཅིག་ལ་སྦྱིན་ནོ། །དེ་ནས་ལིངྒ་ལྕགས་ཕུར་གྱིས་གཏུབས་པའི་དུམ་བུ་རེ་དང་འཐེབ་ཀྱུ་རེ་སྤེལ་ནས་གཏོར་མ་གསོས་ནས་རྒྱས་པར་ཕུལ། །ནང་


PS011_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་གཏོར། བསྟོད་པ་བྱ། གཏོར་མ་དགྲ་ཕྱོགས་སུ་འཕངས་ལྷ་མོ་འཁོར་བཅས་མདུན་གྱི་ནམ་མཁའ་ལ་བཞུགས་པ་དེ། རང་གནས་སུ་གཤེགས་སུ་གསོལ། བཀྲ་ཤིས་བྱ། བསྲུང་འཁོར་བསྒོམ། ལྕགས་ཕུར་དར་ནག་ལ་ལྷ་མོའི་སྐུ་བྲིས་པའམ། ཙཀ་ལིས་དྲིལ་ཏེ་ཐོད་ནང་གི་ཐུན་ལྷག་ལ་བཙུགས། དེ་ཉིད་ཐོད་པ་དང་བཅས་པ་དར་ནག་གི་དྲིལ་རྟེན་སྒྲོམ་ལ་སོགས་པའི་ནང་དུ་བཅུག་སྟེ། ལྷ་མོའི་ཕོ་བྲང་དུ་བསམ་ལ་སྒྲུབ་ཁང་གི་བྱང་ཤར་མཚམས་སུ་གཞུག །ནུབ་རེ་བཞིན་གཏོར་མ་དང་ཕུད་ཀྱི་མཆོད་དོ། །བཞི་པ་རྟེན་བཅའ་བ་ནི། གཟའ་སྐར་བཟང་པོ་ལ་གྲི་ལྕགས་ལས་ཕུར་སོར་བརྒྱད་པ་བྱས་ལ། མགར་


PS011_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལག་ནས་མི་ལག་མི་འགྲིམ་པར་བླངས་ཏེ། དབེན་པའི་གནས་སུ་ཁྱེར་ལ། ཕུར་པ་ལྷ་མོར་བསྐྱེད། བྱང་ཤར་མཚམས་ནས་ཡེ་ཤེས་པ་བཀུག་ལ་བསྟིམ། སྐུ་གསུང་ཐུགས་བྱིན་གྱིས་རླབས། ནང་མཆོད་དང་དམར་གཏོར་བྱིན་གྱིས་རླབས་པས་མཆོད་ཅིང་བསྟོད་དོ། །སྔགས་བཟླས་པའི་མེ་ཏོག་ནག་པོ་གཏོར། སྤོས་བསྲེས་པས་བདུག་ལ། དྲག་སྔགས་ཀྱི་བདག་མོར་མངའ་གསོལ་ནས། འཁོར་བ་མ་སྟོང་གི་བར་དུ་བར་ཆད་བར་ཆད་སེལ་ཞིང་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་གསོལ་བ་གདབ། ཐང་ཀའི་རབ་གནས་ཀྱང་དེ་དང་འདྲའོ། །དེ་ནས་ལྕགས་ཕུར་དེ་ཉིད་མི་མཐོང་བར་


PS011_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཁང་གི་བྱང་ཤར་མཚམས་སུ་བཞུགས་ནས་རྒྱུན་དུ་མཆེད་མཆེད་པ་དང་གཏོར་མ་བྱའོ། །བླ་མ་མཻ་ཏྲི་པའི་ལུགས་ཀྱི་ལྷ་མོ་ཕྱག་གཉིས་མའི་སྲོག་སྒྲུབ་རྒྱས་པ་རྫོགས་སོ།། །།སྲོག་སྒྲུབ་ཀྱི་ཡི་གེ་འདི་བླ་མ་རི་གོང་པས་མཛད་པ་ཡིན་གསུངས། འགའ་ཞིག་སྐྱེར་སྒང་པས་མཛད་ནས་ལྕགས་པོ་རིའི་བྲག་ལ་སྦས་པ་རི་གོང་པས་སྟོན་པ་ཡིན་ཟེར་བའང་ཡོད་དོ། །གཏོར་སྣོད་ཉི་མའི་དཀྱིལ་འཁོར་དུ་གྱུར་པའི་དབུས་སུ་གཏོར་མ་ར་ལས་ཁྲག་གི་རྒྱ་མཚོར་གྱུར་པའི་ནང་ན་སྙིང་སྡུག་གེ་བར་བསམ་ནས་ཕུལ་བ་ཞལ་ཤེས་ཆིག་བརྒྱུད་དུ་བྱས་ནས་ཕལ་ཆེར་ལ་མི་བསྟན་ནོ། །གུ་ཧྱ་ས་མ་ཡ། །སྤོས་ནི། བུ་རམ། ཉུངས་


PS011_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

ཀར། བོང་ང་། གླ་བ། གུ་གུལ། གྲི་ཤ། གྲི་ཁྲག་རྣམས་མ་ཉམས་པར་བྱ་ཨིྀྛཿ ༈ སློབ་དཔོན་དྷ་ན་སཾ་ཀྲི་ཏས་གནོད་སྦྱིན་བཞི་དམ་ལ་བཏགས་ནས་མགོན་པོ་གཙོ་འཁོར་གྱི་ཚུལ་དུ་ལྷན་ཅིག་སྒྲུབ་པའི་སྦྲགས་སྒྲུབ་དུག་ལྟ་བུའི་མན་ངག་ཡོད་པ་ས་མ་ཡ་ཨིྀྛཿཅུ་ན་མོ་མ་ཧཱ་ཀཱ་ལ་ཡ། སྔོན་བྱུང་བ་འདས་པའི་དུས་ན་དུར་ཁྲོད་ཆེན་པོ་མུན་པ་མི་བཟད་པ་ཞེས་བྱ་བར་སློབ་དཔོན་ཆེན་པོ་དྷ་ན་སཾ་སྐྲི་ཏ་ཞེས་བྱ་བས་བསྒྲུབ་པ་ལ་བཞུགས་པས། གནོད་སྦྱིན་གྱི་བདག་པོ་ཡིད་འགུལ་གྱི་བུ་ཀྵེ་ཏྲ་པཱ་ལ་དང་། བདུད་ལེགས་ལྡན་གྱི་བུ་ཏྲག་ཤད་དང་། ལྷ་ཁྱབ་འཇུག་གི་བུ་ཛི་ན་མི་ཏྲ་དང་། གཤིན་རྗེ་འདོད་རྒྱལ་གྱི་བུ་ཌཀྐི་རཱ་ཛ་དང་བཞི་པོས་བར་ཆད་བརྩམ་པ་ལ།


PS011_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་གྱིས་ཕྱག་རྒྱས་བཏབ་སྟེ་རེངས་པར་བྱས་ལ། བར་ཆད་བཞི་པོས་སློབ་དཔོན་ལ་སྨྲས་པ། སློབ་དཔོན་ཆེན་པོ་ལ་སྔར་བར་ཆད་བྱས་པ་བཟོད་པར་གསོལ། ད་ཕྱིན་ཆད་མི་བྱེད་པར་དམ་བཅའ་བས་ཕྱག་རྒྱ་དཀྲོལ་དུ་གསོལ་ཞེས་ཞུས་པས། སློབ་དཔོན་གྱི་གསུངས་པ། ཁྱེད་རྣམས་ལ་རིགས་དང་ཐུན་པ་དུ་ཡོད། དངོས་གྲུབ་ཇི་ལྟར་སྟེར་བར་ནུས། སྲོག་གི་སྙིང་པོ་དང་། ཇི་ལྟར་སྒྲུབ་པ་དང་། ལས་མྱུར་དུ་འགྲུབ་པ་སྨྲོས་ཤིག །ཅེས་གསུངས་ཏེ་ཕྱག་རྒྱ་དཀྲོལ་བས། གནོད་སྦྱིན་དེ་རྣམས་མཆི་མ་ཁྲག་ཏུ་ཟུགས་ཏེ་བ་སྤུ་ལངས་ནས། བདག་ཅག་རྣམས་ནི་གོང་དུ་བཤད་པ་དེ་དང་འདྲ་བའི་བུ་


PS011_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་ཏེ། ཡེ་ཤེས་མགོན་པོའི་བཀའ་སྡོད་བགྱིད་ཅིང་འཕྲིན་ལས་ཐམས་ཅད་སྒྲུབ་པར་བགྱིད། ཞེས་ཟེར་ནས་རང་གི་སྲོག་གི་སྙིང་པོ་དང་། ཇི་ལྟར་སྒྲུབ་ཅིང་ལས་ལ་སྦྱར་བ་རྣམས་སྨྲས་ནས་མི་སྣང་བར་གྱུར་ཏེ། སློབ་དཔོན་དྷ་ན་སཾ་སྐྲི་ཏ་དེས་བླ་མ་རཱ་ཧུ་ལ་ལ་གནང་། གྲུབ་ཆེན་དེས་ཁྱུང་པོ་རྣལ་འབྱོར་ཕན་ཡུལ་ཇོག་པའི་རི་ལ་སྒྲུབ་མཛད་པའི་ཚེ། རྒྱ་གར་ནས་ད་ནང་ཉི་མ་ཤར་བ་ཙམ་ལ་འོངས་བ་ཡིན་ཏེ་བོད་རོངས་དོགས་པས་ད་དུང་ཉི་མ་མ་ཤར་བ་འདུག་གསུངས་ནས་ནམ་ལངས་རྗེས་ཙམ་མ་ཕེབ་པར་བྱོན་ཏེ། བོད་དུ་ཟླ་བ་དྲུག་བཞུགས་ནས་ཁྱུང་པོ་ལ་མན་ངག་ཟབ་ལ་རྒྱ་ཆེ་བ་དུ་མ་གནང་བའི་དུས་སུ།


PS011_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

ཙནྡན་མགོན་པོ་འདི་རྒྱ་གར་ན་ཡང་ང་དང་མི་ཏྲི་པ་རང་ཟབ་པ་ཡིན་པ་ལ། ཁོང་ལས་མཁན་ལྷ་མོ་གཅིག་གིས་བྱེད། ང་གནོད་སྦྱིན་བཞི་པོ་འདིས་བྱེད་པ་ཡིན་ནོ། །གསུངས་ནས་ཐུན་མོང་མ་ཡིན་པའི་སྒྲུབ་པ་ཟབ་མོ་འདི་དག་གནང་ངོ་། །རཱ་ཧུ་ལ་ནི་རི་ནག་པོའི་གཙུག་ལག་ཁང་ནས་བཞུགས་པའི་གྲུབ་ཆེན་ཇོ་བོ་རྗེའི་ཡང་བླ་མའི་གཙོ་བོ་རིག་འཛིན་བརྙེས་ནས་ད་ལྟ་ཡང་བཞུགས་པ་དེ་ཉིད་ཡིན་ཏེ་ལོ་རྒྱུས་སོ།། །།མངྒ་ལཾ།། ༈ ན་མོ་མ་ཧཱ་ཀཱ་ལ་ཡ། འདི་བསྒྲུབ་པར་འདོད་པས་མགོན་པོའི་བསྙེན་པ་ཚད་དུ་ཐེམས་པའི་སྒྲུབ་པ་པོས་གནས་དུར་ཁྲོད་ལ་སོགས་པ་ཡ་ང་བར་དགུན་ཟླ་ཐ་ཆུང་གི་ཟླ་བ་ནག་པོའི་མར་ངོ་དང་། སྐར་མ་དང་གཟའ་


PS011_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱང་དྲག་པོ་སྟེ་ནག་པོ་གསུམ་ལ་བབ་པའི་དུས་སུ། མཐུན་པའི་རྫས་བསགས་པ་ནི། རབས་ཆད་གྲི་ཤི། མཛེ་ཕོའི་ཐོད་པ་སྟེ་ཐོད་པ་གསུམ། དུར་ཁྲོད་ཀྱི་སོལ་བ། གྲི་ཁྲག །དུག་ཆུ་སྟེ་རྫས་གསུམ་ཁྱི་དང་ཕག་པ་སྤྱང་ཀིའི་བྲུན་ཏེ་དྲི་ལ་གསུམ། མི་རྟ་ཁྱིའི་རྐང་སྟེ་རྐང་གསུམ་ལ་སོགས་པ་དགོས་པའི་ཡོ་བྱད་རྣམས་ཚོགས་པར་བྱས། མཚམས་དམ་པར་བཅད། ནང་དུ་དུར་ཁྲོད་ཀྱི་ས་ལ་དཀྱིལ་འཁོར་གྱི་སྟེགས་བུ་གྲུ་བཞི་དཔངས་སུ་ཁྲུ་གང་། ལོག་རེ་ལ་ཁྲུ་དོ་དོ་ཡོད་པ་བྱས་ལ། རྫས་གསུམ་གྱི་ཁུ་བས་བྱུགས། དེའི་དབུས་སུ་འབྲུབ་ཁུང་གྲུ་གསུམ་རྩེ་མོ་ཕར་བསྟན་པ། ལོག་རེ་ལ་ཁྲུ་


PS011_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

རེ་རེ་ཡོད་པ། ནང་གི་ཐབས་སུ་ཁྲུ་ཕྱེད་ཡོད་པ་གཅིག་བརྐོས་ནས། དེའི་ནང་ལའང་རྫས་གསུམ་གྱི་བྱུག་པ་བྱ། རྐང་གསུམ་ལས་བྱས་པའི་ཕུར་པ་སོར་བཞི་པས་འབྲུབ་ཁུང་གི་ཁའི་མཐའ་ནས་བསྐོར་ཏེ་གཙུགས། སྟེགས་བུའི་སྟེངས་འབྲུབ་ཁུང་དང་རང་གཉིས་ཀའི་བར་གྱི་གཞི་ལ་ཁྲག་གི་མཆོད་ཡོན། མེ་ཏོག་ནག་པོ། ཚིལ་ཆེན་གྱི་མར་མེ། བསུར་ཆེན་གྱི་དུད་པ། དུག་ཁྲག་གི་དྲི་ཆབ། ཞལ་ཟས་ཀྱི་བཤོས་བུ་དམར་ནག་རྣམས་བཤམས། ས་སྟེགས་ཀྱི་སྟེང་མ་ཡིན་པའི་མཆོད་སྟེགས་ལེགས་པ་གཅིག་ཏུ། ཡེ་ཤེས་མགོན་པོ་ལ་འབུལ་བའི་གཏོར་མ་བཟང་བ་གཉིས་བཤམས། ས་སྟེགས་ཀྱི་སྟེང་གི་ཟུར་བཞིར་གནོད་སྦྱིན་བཞི་པོ་རང་


PS011_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་གཏོར་མ་བཤམས། དེ་ནས་ཤོག་བུ་ལ་དུག་ཁྲག་གིས་དགྲ་བོའི་ལིངྒ་བྲིས། དེའི་དཔྲལ་བར་རུས། སྙིང་གང་མིང་བྲིས་ལ་གྲི་ཐོད་ཀྱི་ནང་གི་མཐིལ་དུ་བཞག་སྟེ། རང་ཡེ་ཤེས་མགོན་པོ་ང་རྒྱལ་ཤིན་ཏུ་བརྟན་པ་ལ་གནས་ནས། དགྲ་བོ་བཀུག་སྟེ་ལིངྒ་ལ་བསྟིམ་པའི་ཆོ་ག་ཡང་ཡང་བྱས་ལ། ཡིད་ཆེས་པ་ན་དེ་དགྲ་བོ་དངོས་སུ་བསམ་སྟེ། དགྲ་བོའི་རྐང་རྗེས་ཀྱི་ས་དང་དྲི་མ་གསུམ་བསྲེས་པས་ཐོད་པ་དེ་ཕྱུར་གྱིས་དགང་། ཐོད་པ་དེའི་ཚངས་བུག་ནས་བ་སུ་ཏའི་སྐུད་པ་དྲངས་ཏེ་རང་གི་ལག་པ་གཡས་པས་གཟུངས་ཐག་བྱ། དེའི་སྟེང་ནས་མཛེ་ཕོའི་ཐོད་པས་བཀབ་ནས་ཁ་སྦྱར་བ་དེ་མཚོན་སྣ་ལྔའི་སྐུད་པས་


PS011_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གྲམ་དུ་བཅིངས། དེ་ཉིད་འབྲུབ་ཁུང་གི་ནང་དུ་ཐོད་པའི་ལྟག་པ་དང་ལིངྒ་ཐོད་པའི་མཐིལ་ན་གན་རྐྱལ་དུ་ཡོད་དེའི་མགོན་པོ་དང་གཉིས་ཀ་འབྲུབ་ཁུང་གི་རྩེ་མོ་ཕྱོགས་སུ་ཕར་བསྟན་ནས་བཅུག་ལ་བཞག །དེ་ནས་བདག་གིད་ཆས་སུ་གཞུག་པ་ནི། ར་ཐོམ་གྱིས་གདོང་བྱུག །སྐྲ་རལ་པ་དངོས་སམ་བཅོས་མའི་ལྕང་ལོ་གྱེན་དུ་བརྫེས་པའི་ཐོར་ལྕོག་དར་ནག་པོས་བཅིངས། གོས་ནག་པོ་གྱོན། ཞག་པ་ནག་པོའི་སྐེ་རགས་བཅིངས། གདན་ནག་པོ་ལ་ཁ་ལྷོར་བལྟས་ལ་བསྡད། དེ་ནས་སེམས་བསྐྱེད་པ་ནི། བདག་གི་བླ་མ་དང་བསྟན་པའི་དགྲ་བོ་འདི་བསྒྲལ་ལ་སངས་རྒྱས་ཀྱི་ས་ལ་འགོད་པར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །དེ་ནས་རང་ཉིད་


PS011_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་མགོན་པོར་བསྐྱེད་པའི་མངོན་རྟོགས་རྒྱས་པར་སྒོམས་ཏེ། ཡེ་ཤེས་པ་སྤྱན་དྲངས་ལ་དགུག་གཞུག་ཅིང་གཉིས་སུ་མེད་པར་བྱ། མི་བསྐྱོན་པའི་དབུ་བརྒྱན་རང་ཆས་སུ་ཡོད་པར་བསྒོམ། ལྷ་མོ་ལ་སོགས་པ་གཞན་བསྒོམ་མི་དགོས། དེ་ནས་རང་མགོན་པོའི་ང་རྒྱལ་ཤིན་ཏུ་བརྟན་པ་ལ་གནས་པས་ཁྲོས་པའི་སེམས་དང་ལྡན་པར་བྱ་སྟེ། མགོན་པོའི་སྲོག་སྔགས་ཁྲི་ཕྲག་གཅིག་དང་། རྩ་སྔགས་སྟོང་གི་བཟླས་པ་བྱ། དེ་ནས་མགོན་པོའི་གཏོར་སྟེགས་ཀྱི་སྟེང་གི་ནམ་མཁའ་ལ་མགོན་པོ་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་གཉིས་སུ་མེད་པར་བྱས་ལ། གཏོར་མ་གཉིས་པོ་དེའི་གཅིག་བྱིན་གྱིས་བརླབ་ལ་དབུལ།


PS011_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་ཡང་གཙོ་བོ་དང་འཁོར་དམ་ཅན་རྒྱ་མཚོ་དཔག་ཏུ་མེད་པས་བསྐོར་བ་བསམ་པ་ཙམ་གྱི་ཆོག་གིས་ལྷ་མོ་དང་གནོད་སྦྱིན་སོགས་རེ་རེ་ནས་བསྐྱེད་མི་དགོས་ཤིང་། གཏོར་སྔགས་ལ་ཡང་གཙོ་བོ་དང་ཤཱ་ས་ནའི་གཏོར་སྔགས་གཞན་སོ་སོ་བ་བརྗོད་མི་དགོས། དེ་ནས་རྔམས་པ་སྒྲ་སྒྲོགས་དང་དམ་ཅན་སྤྱི་བསྐུལ་བྱ་ཞིང་འཕྲིན་ལས་གཞོལ་བར་བྱའོ། །དེ་ནས་འབྲུབ་ཁུང་ཡོད་པའི་ས་སྟེགས་ཀྱི་ནམ་མཁའ་ལ་ཡི་གེ་ཀཾ་ནག་པོ་ཡོངས་སུ་གྱུར་པ་ལས་ཐོད་པའི་གཞལ་ཡས་ཁང་ཤིན་ཏུ་ཡངས་ཤིང་རྒྱ་ཆེ་བ་མི་ལྤགས་ཀྱི་གཡང་གཞི་བླ་རེས་དང་རྒྱུ་རློན་གྱི་ལྷ་ལྡིང་ལ་སོགས་པས་སྤྲས་པའི་སྒོ་སྒྲུབ་པ་པོ་ལ་བསྟན་པ། ཙིཏྟའི་ཏོག་དང་། མི་མགོ་སྐམ་པོའི་


PS011_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

མདའ་ཡབ་དང་། མི་རུས་ཀྱི་ཤར་བུ་དང་། རྒྱུ་རློན་གྱི་དྲྭ་བ་དྲྭ་ཕྱེད་སོགས་བསྒོམ་ཟེར། རྟ་བབ་སོགས་མི་དགོས་སོ། །དེའི་ནང་གི་དབུས་སུ་སྣ་ཚོགས་པདྨ་དང་ཉི་མ་དང་རོའི་གདན་ཧཱུཾ་སྨུག་ནག་མེ་འོད་འཕྲོ་བ་ཡོངས་སུ་གྱུར་པ་ལས་གནོད་སྦྱིན་ཆེན་པོ་སྲོག་ཅོད་ཀྱི་བཤན་པ་ཀྵེ་ཏྲ་པཱ་ལ་སྐུ་མདོག་ཆར་སྤྲིན་གནག་པ། ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པ་གྲི་གུག་ནམ་མཁའ་ལ་གདེངས་པའི་ལྷ་མ་ཡིན་ཐམས་ཅད་སྐྲག་པར་བྱེད་པ། གཡོན་པ་དགྲ་བོའི་ཀླད་ཁྲག་དྲོན་མོས་གང་བའི་ཐོད་པ་ཐུགས་ཀར་བཟུང་ནས་ཞལ་དུ་གསོལ་བ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱངས་པ། དར་ནག་གི་ཨང་རགས་གསོལ་


PS011_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

བ། སྤྱན་གསུམ་དམར་ཞིང་ཟླུམ་པ་དགྲ་བགེགས་ལ་སྡང་མིག་ཏུ་བལྟ་བ། ཁྲོ་གཉེར་སྨིན་མཚམས་སུ་བསྡུས་ཤིང་ཞལ་རབ་ཏུ་གདངས་ནས་ལྗགས་གློག་ཕྲེང་ལྟར་བསྐྱེད་པ། མཆེ་བ་རྣོན་པོ་བཞི་གཙིགས་ཤིང་ཁྲག་གི་སྦུ་བ་མཆིལ་བ། ཤངས་ནས་དུས་མཐའི་རླུང་ཆེན་འཚུབ་པ། བོང་ཐུང་ལ། སྐུ་སྦོམ་པ། ལག་རགས་པ། བསུས་ཁྱིམ་ཆེ་བ། རལ་པ་ཁམ་ནག་གྱེན་དུ་གཟིངས་པ་ལ་སྦྲུལ་ནག་པོའི་ཅོད་པ་བཅིངས་པ། དེའི་གཡས་སུ་པདྨ་དང་ཉི་མ་དང་རོའི་གདན་ལ་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས་བདུད་མགོན་ཏྲག་ཤད་ནག་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་རུ་མཚོན་དམར་པོ་


PS011_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

འཕྱར་བ། གཡོན་ཙནྡན་གྱི་བེང་ཆེན་དཀུར་རྟེན་པ། ཞབས་ལ་སག་ལྷྭམ་ནག་པོ་དང་། སྐུ་ལ་མཐའ་བེར་སྔོ་ཁྲ་གསོལ་བ། རབ་ཏུ་ཁྲོས་ཤིང་རྔམས་པ། གཡས་བསྐུམ་ཞིང་གཡོན་བརྐྱང་བའི་སྟབས་ཀྱི་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པའོ། །གཙོ་མོའི་རྒྱབ་ཏུ་པདྨ་དང་ཉི་མ་རོའི་གདན་ལ་ཏྲ་ལྗང་ཁུ་ཡོངས་སུ་གྱུར་པ་ལས། དབང་ཕྱུག་ཛི་ན་མི་ཏྲ་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་ཌཱ་མ་རུ་དྲག་ཏུ་འཁྲོལ་ཞིང་གཡོན་སྡིགས་མཛུབ་རབ་ཏུ་བརྐྱང་པའི་རྩེ་ལ་བསྐལ་པའི་མེ་འབར་བ་གཅིག་ཞབས་གཡས་བསྐུམ་ཞིང་གཡོན་བརྐྱངས་བས་བཞུགས་པའོ། །གཙོ་བོའི་


PS011_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དུ་པདྨ་དང་ཉི་མ་དང་རོའི་གདན་ལ་ཛཿལས་གཤིན་རྗེ་གཤེད་ཌཀྐི་ར་ཛ་སྐུ་མདོག་དམར་སྨུག་ཞལ་གཅིག་ཕྱག་གཉིས་པ། གཡས་མིའི་རྒྱུ་མའི་ཞགས་པ་འཕེན་ཅིང་། གཡོན་སྡིག་མཛུབ་ནམ་མཁའ་ལ་གདེང་པ། ཁ་གདངས་ཤིང་མཆེ་བ་བཙིགས་ནས་ལྗགས་འདྲིལ་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་ཤིང་། སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཉིས་གྱད་ཀྱི་དོར་སྟབས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པའོ། །དེ་ལྟར་དམ་ཚིག་པ་བསྐྱེད་ནས་རང་ཡེ་ཤེས་མགོན་པོའི་ང་རྒྱལ་གྱིས་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། རང་རང་གི་གནས་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་རྣམས་སྤྱན་དྲངས།


PS011_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པ་ལྕགས་ཀྱུའི་ཕྱག་རྒྱ་བྱས་ལ། ཛཿཛཿཛཿཛཿཞེས་བརྗོད། དངོས་སུ་བྱོན་ནས་རང་རང་གི་དམ་ཚིག་པ་རྣམས་དང་གཉིས་སུ་མེད་པར་གྱུར་པའི་མོས་པ་བྱས་ལ། ཛཿཧཱུྃ་བཾ་ཧོཿཞེས་བརྗོད། མཆོད་པ་བསངས་སྦྱངས་བསྐྱེད་ལ་དབུལ། ནང་མཆོད་དབུལ། དེ་ནས་བདག་ཉིད་ཀྱིས་ལག་པ་གཡས་པས་བ་སུ་ཏའི་གཟུངས་ཐག་ནས་ཛཿཞེས་བརྗོད་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁྲོ་བོ་འཇིག་རྟེན་ལས་འདས་པ་དང་མ་འདས་པ་ཐམས་ཅད་ཀྱི་ནུས་པ་ཐམས་ཅད་འོད་ཟེར་ནག་པོ་དང་ཧཱུྃ་མཐིང་ཁ་མེ་འོད་འཕྲོ་བ་ནམ་མཁའི་ཁྱོན་གང་བ་བཀུག་སྟེ་གནོད་སྦྱིན་བཞི་ལ་ཐིམ་པས། གནོད་སྦྱིན་བཞི་ནུས་པ་ཐོགས་


PS011_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་ཅིང་གཟི་བརྗིད་དཔག་ཏུ་མེད་པ་དགྲ་བགེགས་ཐམས་ཅད་སྐད་ཅིག་ལ་བརླག་པར་བྱེད་པའི་སྟོབས་དང་ལྡན་པས་བཟོད་ཐབས་མེད་ཙམ་གྱི་ཐུགས་ཁྲོས་འཁྲུགས་རྔམས་པ་དང་ལྡན་པར་བསམ་ལ། དེ་ཉིད་ལ་དགྲ་བོའི་ཉེས་པ་སྒྲགས། བླ་མ་བརྒྱུད་པའི་མཚན་ནས་སྨོས་ལ་དམ་བརྡར། བསྲུང་མ་དམ་ཚིག་ཅན་ཁྱེད་རྣམས་ཀྱི་བླ་མའི་སྐུ་དགྲ། བསྟན་པའི་དགྲ་བོ་བསྒྲུབ་པ་པོ་བདག་ཅག་དཔོན་སློབ་རྣམས་ཀྱིས་ཐོས་བསམ་བསྒོམ་པའི་ཚེར་མར་གྱུར་པའི་དགྲ་བོ་གདུག་པ་ཅན་མིང་རུས་འདི་ཞེས་བྱ་བ་ལོ་དང་ཟླ་བར་མ་བཞག །དྲག་པོའི་འཕྲིན་ལས་སྣ་ཚོགས་པས་ད་ལྟ་ཉིད་དུ་ཉིད་དུ་ཚར་གཅོད་པའི་ཕྲིན་ལས་མཛོད་ཅིག །ཅེས་


PS011_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་ལ་བཟླས་པ་ལ་འཇུག་པར་བྱ་སྟེ། དེ་ཡང་ཡེ་ཤེས་མགོན་པོའི་ཐུགས་ཀའི་ཧཱུྃ་ལས་བཟླས་བྱའི་སྔགས་ཀྱིས་ཕྲེང་བ་སྒྲོའི་ཆུན་པོ་ལྟ་བུ་མེ་དྲག་ཅིང་རྩུབ་པ་འཕྲོ་བ་བྱུང་སྟེ་ཞལ་ནས་ཐོན། གཟུངས་ཐག་ལ་འཁྲིལ་ནས་སོང་བ་ཐོད་པའི་ནང་དུ་ཐོག་འབབ་པའི་གློག་ལྟར་ཁྱུག་ཁྱུག་སོང་ཞིང་། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་མེ་འོད་ལྟ་བུ་འཕྲོས་པའི་གནོད་སྦྱིན་བཞིའི་ཐུགས་ཀར་ཐིམ་ནས་བསྐུལ་བས། གནོད་སྦྱིན་བཞི་རང་དབང་མེད་པར་ཁྲོ་འཁྲུགས་ཁྲིཾ་དང་། ཀྵེ་ཏྲ་ལ་སོགས་པ་དང་ཧཱུྃ་དང་ཕཊ་ལ་སོགས་པའི་སྒྲ་དྲག་པོ་སྒྲོགས་ཤིང་གཞལ་ཡས་ཁང་གི་ནང་ནས་ཐོན་བྱུང་སྟེ་ཐོད་པའི་སྦྲུམ་བུའི་ཚང་


PS011_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

བུག་ནས་ཐོག་པ་མེད་པར་ཞུགས་ནས། ལིངྒ་དགྲ་བོ་དངོས་སུ་བསམ་པ་དེའི་སྙིང་ཕྱུང་ཁྲག་འཐུང་། ཤ་ཟོ། རུས་པ་ཆོམ། ཡན་ལག་བཅད་ཅིང་པགས་པ་བཤུ་བ་ལ་སོགས་པ་དྲག་པོའི་ཐམས་ཅད་བྱས་ནས་ཚར་བཅད་པར་བསམ་ལ། ཡིད་རྩེ་གཅིག་ཏུ་སྒྲིམ། ལག་པ་གཡས་པས་གཟུངས་ཐག་དང་གཡོན་པས་དུང་ཆེན་གྱིས་ཕྲེང་བ་བགྲང་ཞིང་། ཨོཾ་ཀྵེ་ཏྲ་པ་ལ་བིག་ནན་ཆྒཻ་མོ་མ་ར་ཡ་ཧཱུཾ་ཕཊ། ཨོཾ་དུ་ཡག་ཛཿམ་ཧཱ་ཀ་ལ་ཏྲག་ཤད་དུ་ཏྲི་ཛཿ ར་ཛཿཏྲི་ན། ཆྒཻ་མོ་མ་ར་ཡ་ཧཱུཾ་ཕཊ། ཨོཾ་ཛི་ན་མི་ཏྲ་ཝ་ཤཾ་ཀུ་རུ་ཆྒཻ་མོ་མཱ་ར་ཡ་ཧཱུྃ་ཕཊ། ཨོཾ་ཌཀྐི་རཱ་ཛ་ས་མ་ཡ་བྷྱོ་ཆྒཻ་མོ་མ་རཱ་ཡ་ཧཱུྃ་ཕཊཿ ཅེས་པ་དྲག་ཏུ་


PS011_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པར་བྱའོ། །དེ་ལྟར་ཐུན་དང་པོའི་བཟླས་པ་རྫོགས་པ་ན། གནོད་སྦྱིན་བཞི་དགྲ་བོ་ཚར་བཅད་ཟིན་ནས་ཡར་ལ་ཐོན་བྱུང་ནས། གཞལ་ཡས་ཁང་གི་ནང་དུ་རང་གི་གདན་ལ་སྔར་ལྟར་བཞུགས་པར་བསྒོམ། གཏོར་མ་བཞི་པོ་བྱིན་བརླབས་པ་དགྲ་བོའི་ཤ་ཁྲག་ཏུ་བསམ་ལ། གོང་སྔགས་རྣམས་ལ་ཧཱུྃ་ཕཊ་ཀྱི་འཇུག་ཏུ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཅེས་བཏགས་པ་བདུན་བདུན་གྱིས་འབུལ། ནང་མཆོད་དབུལ། བསྟོད་བསྐུལ་བྱ། སྔར་ལྟར་ཕྲིན་ལས་བཅོལ་ནས་ཐལ་མོ་བརྡབ། ཡིག་བརྒྱ་བཟླས། ནོངས་པ་བཟོད་པར་གསོལ། ཐུན་རྗེས་མ་རྣམས་ལ་མགོན་པོ་དང་གནོད་སྦྱིན་བཞིའི་


PS011_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་ཐམས་ཅད་གསོ། རང་མགོན་པོར་བསྐྱེད་པ་ལ་ཡེ་ཤེས་པ་གཞུག་པ་སོགས་སྔར་ལྟར་བྱས་ནས་སྔགས་ཐུང་བརྒྱ་རེ་དང་། སྔགས་རིངས་ཉེར་གཅིག་རེ་བཟླ། མགོན་པོ་མདུན་བསྐྱེད་སྔར་ཡོད་གསལ་བཏབ་པ་ལ་ཡེ་ཤེས་པ་བཅུག །མཆོད་ནས་ཐུན་དང་པོ་ལ་ཕུལ་བའི་གཏོར་མ་ཁ་གསོས་པ་དེ་ཉིད་སྔར་ལྟར་འབུལ། གཏོར་མ་གཅིག་བྱིན་གྱིས་བརླབས་ཏེ་ད་དུང་མི་དབུལ་བར་དེ་ཀ་ལ་འཇོག །བསྟོད་བསྐུལ་སོགས་སྔར་ལྟར་བྱེད། དེ་ནས་ཐོད་པའི་ནང་གི་ལིངྒ་བསྐྱེད་པ་དགུག་གཞུག་སྔར་ལྟར་ལན་མང་དུ་བྱས་ནས་དགྲ་བོ་དངོས་སམ། འོན་ཀྱང་ལིངྒ་ཐོད་པའི་ནང་ནས་ཕྱིར་མི་འདོན་པར་ཐོད་


PS011_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཁ་སྦྱར་མི་སྒུལ་བར་འཇོག་གོ། དེ་ནས་གནོད་སྦྱིན་བཞི་པོ་ས་བོན་ལས་གསར་དུ་བསྐྱེད་མི་དགོས་པར་སྔར་ཡོད་གསལ་བཏབ་ནས་ཡེ་ཤེས་པ་སྤྱན་དྲངས་ནས་འཇུག་པ་མན་ཆད་ཀྱི་ཆོ་ག་ཐམས་ཅད་སྔར་ཇི་ལྟར་བཤད་པ་ལྟར་བྱའོ། །དེ་ལྟར་ཉིན་ཞག་རེ་རེ་ལ་ཐུན་བཞི་བཞིར་བྱའོ། །དེ་ཡང་ཞག་བདུན། དགུ། བཅུ་གསུམ། ཉེར་གཅིག་ལ་སོགས་པ་རྟགས་རབ་འབྲིང་ཐ་མ་གང་ཡང་རུང་བ་མ་བྱུང་གི་བར་དུ་བྱ་སྟེ། རབ་ནི་མི་ནག་པོས་དངོས་སུ་སྙིང་སྟེར་བ་ལ་སོགས་པ་འོང་། འབྲིང་ཡང་ཐོད་སོད་པ་འཕར་བ་དང་། འཚོག་པ་དང་། མེ་འོད་འབྱུང་བ་དང་། ཤ་ཆེན་གྱི་དྲི་དང་།


PS011_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་འཚེག་འཆོམ་དང་། དེ་དག་གི་ཚེ་ཤིན་ཏུ་འཇིགས་ཤིང་སྤུ་ཟིང་ཞེས་བྱེད་པའི་ཟིལ་ཆེན་འབྱུང་སྟེ། རང་ཡེ་ཤེས་མགོན་པོའི་ང་རྒྱལ་བརྟན་པོ་བསྐྱེད་ནས་མ་འཇིགས་པ་གལ་ཆེའོ། །ཐ་མ་ཡང་རྨི་ལམ་དུ་མི་ནག་པོ་མིའི་སྙིང་དམར་རྩ་རེ་བ་དང་མགོ་དང་རོ་རངས་པོ་གསར་པ་སྟེར་བ་ལ་སོགས་པ་འབྱུང་སྟེ། དེ་ནས་སྲེག་པའི་ཆོ་ག་བྱའོ། །དེ་ཡང་ཤིང་སྐམ་པོ་ཚེར་མ་ཅན་དུག་ཁྲག་གིས་ཅུང་ཟད་བྲན་ནས་སྐམས་པས་འབྲུབ་ཁུང་གི་ནང་དང་ཐོད་པའི་སྟེང་དུ་ལེགས་པར་སྤུངས་ལ། བཤན་པའི་ཁྱིམ་ནས་མེ་བླངས་ཤིང་སྟག་ལོ་པ་གཅིག་གིས་སྦར་ཏེ། མེ་དེ་རཾ་ལས་དུས་མཐའི་མེ་ལྟ་བུར་བསྐྱེད། དེ་ནས་རང་མགོན་པོར་


PS011_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་དང་། གནོད་སྦྱིན་བཞིའི་སྐུ་ལས་དྲག་ཅིང་རྩུབ་ལ་ཚེག་སྒྲ་དང་བཅས་པའི་མེའི་ཕུང་པོ་དཔག་ཏུ་མེད་པ་ཆད་ནས་འབྲུབ་ཁུང་གི་ནང་དུ་སོང་སྟེ། ཐོད་པའི་སྒྲོམ་དང་དགྲ་བོའི་ཕུང་པོ་ལྷག་མ་མེད་པར་བསྲེགས་པར་བསམ་ལ། ཐམས་ཅད་བར་གྱུར་གྱི་བར་དུ་སྔགས་རྣམས་སྔར་ལྟར་དྲག་ཏུ་བཟླས་པར་བྱའོ། །གོང་གིས་རྫས་གསུམ་གྱིས་ཀྱང་ལན་མང་དུ་མེ་ནང་བྲབས་སོ། །མེ་མ་ཤི་བར་དུ་ལག་པ་སོགས་ཀྱི་མ་རེག་མི་སྒུལ། གཟུངས་ཐག་ཀྱང་ཚིག་པས་ཆོག །མེ་ལེགས་པར་ཤི་བ་དང་། འབྲུབ་ཁུང་ཐལ་བ་དང་བཅས་པའི་སྟེང་དུ་མཉྫི་ཆེན་པོ་གཙུགས་པའི་ཁར་མགོན་པོའི་གཏོར་མ་ཁ་སང་ནས་ཐུན་རེ་རེ་


PS011_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་གསོལ་བསངས་སྦྱངས་བྱིན་གྱིས་བརླབས་བྱས་ནས་སྔར་ལན་གཅིག་ཀྱང་མ་ཕུལ་བ་དེ་བཞག །སླར་ཡང་ནང་མཆོད་ཀྱི་བྲན་ཅིང་བྱིན་གྱིས་བརླབས་པ་གཏང་རག་གི་ཚུལ་དུ་ཡེ་ཤེས་མགོན་པོ་འཁོར་བཅས་ལ་འབུལ། འདིའི་སྐབས་སུ་གནོད་སྦྱིན་བཞིའི་གཏོར་སྔགས་ཀྱང་བརྗོད་མགོན་པོ་ལ་གསོལ་བ་དྲག་ཏུ་གདབ། ནང་མཆོད་གཏོར། བཤགས་པ་བསྟོད་པ་རྒྱས་པར་བྱའོ། །དེ་ནས་གཏོར་མ་ཐམས་ཅད་དགྲ་ཕྱོགས་སུ་བསྐུལ་བ་དྲག་ཏུ་བྱས་ནས་ཟོར་དུ་འཕངས། དེ་ནས་ཐོད་པའི་ལིངྒ་དང་བཅས་པ་ཚིག་པའི་ཐལ་བ་ཐམས་ཅད་ལྷག་མ་ཅུང་ཟད་མ་ལུས་པར་རབས་ཆད་ཀྱི་ཐོད་པ་དེའི་ནང་དུ་བླུག་སྟེ་རེ་བ་ནག་པོས་དྲིལ་སྤྲ་ཚིལ་གྱིས་


PS011_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

བསྡམས། ཡུག་ས་མོའི་སྐྲ་ལ་བཤན་པས་ཕྱིན་ཅི་ལོག་ཏུ་བཀལ་བའི་ཀུད་པས་རྒྱ་གྲམ་དུ་བཅིངས། ལྷ་ཁང་རྙིང་པ་བྱིན་རླབས་ཅན་གྱི་ཐེམ་འོག་གམ། དགེ་འདུན་གྱི་སྡེ་ཆེན་པོའི་འདུ་ཁང་དང་བརྒྱ་སྒོའི་ཐེམ་འོག་གམ། ལམ་པོ་ཆེ་རྒྱ་གྲམ་དུ་བསྣོལ་བའི་དབུས་སུ་འབྲུབ་ཁུང་གྲུ་གསུམ་གཏིང་དུ་འབྲུས་པའི་ནང་དུ་བཅུག་པས་ཐེམ་པར་བསྡམས། རོ་གཡམ་གྲུ་གསུམ་ལ་རོ་སོལ་གྱི་རྡོ་རྗེ་རྒྱ་གྲམ་བྲིས་པའི་ལྟེ་བ་གྲུ་བཞིའི་དབུས་སུ་ཡུང་བ་དང་གྲི་ཁྲག་བསྲེས་པས་ལམ་ཞེས་པའི་ཡི་གེ་ཆེན་མོ་བྲིས་པས་ཁ་དམ་པར་བཅད། དེའི་སྟེང་དུ་ས་རེ་བླུག་ཆུ་རེ་བླུག་པ་སྤེལ་མ་དགུ་བྱ། དེའི་སྟེང་དུ་རང་ཡེ་ཤེས་


PS011_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོར་གསལ་བའི་རྐང་མཐིལ་གཉིས་ཧཱུྃ་ལས་སྣ་ཚོགས་རྡོ་རྗེར་བསྐྱེད་དེ་རྫི་བཅགས་ལེགས་པར་བྱས་ནས་རྗེས་མི་མངོན་པར་བྱའོ། །དེ་ནས་ཕྱི་མིག་མི་ལྟ་བར་ནང་དུ་འོངས་ཏེ་བཀྲ་ཤིས་བརྗོད། བསྲུང་འཁོར་རྒྱས་པར་བསྒོམ། རང་གི་ལུས་ཀྱི་གནས་གསུམ་དུ་གོ་ཆའི་ལྷ་སྐྱེ་མཆེད་ལ་སོགས་པ་བཀོད་པས་སྲུངས། ལས་ཀྱི་རྗེས་མི་མངོན་པར་བྱའོ། །འདི་ལ་མངོན་དུ་ཡེ་ཤེས་མགོན་པོའི་བསྙེན་པ་ཚད་དུ་ཐེངས་པ་གཅིག་གིས་ལེགས་པར་སྒྲིམ་སྟེ་རྫས་རྣམས་མ་ཚང་བ་མེད་པར་བྱས་ཏེ་བསྒྲུབས་ན་གདོན་མི་ཟ་བར་དགྲ་བོ་དུས་ཤིན་ཏུ་མྱུར་བ་ལ་རབས་ཆད་པ་ལ་ཐེ་ཚོམ་མི་བར་འདུག་གསུངས། དེས་ན་དུག་ནག་པོ་དང་འདྲ་བས་སུ་ལའང་མི་བྱིན་གསུངས།


PS011_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བཞིའི་སྦྲགས་སྒྲུབ་ཡིན་ཟེར་བ་གཅིག་འདྲ་མིན་འགའ་རེ་ཡོང་གི་འདུག་ནའང་། ནོར་འཁྲུལ་མང་ཞིང་ཞལ་ཤེས་ལག་ལེན་གནད་གལ་ཆེ་ཤོས་རྣམས་གཅིག་ཀྱང་མེད་པ་ཤ་སྟག་ཏུ་འདུག །འདིར་ནོར་འཁྲུལ་དང་བར་སྐབས་སུ་ལྷད་བཙུག་པའི་དྲི་མས་དབེན་ཞིང་། ཞལ་ཤེས་ལག་ལེན་ཐམས་ཅད་བླ་མའི་གསུངས་བཞིན་བཏབ་ནས་མ་ཚངས་བ་མེད་པར་ཡི་གེ་ཤིན་ཏུ་གསལ་བ་བཀོད་པ་ཡིན་པས། འདི་ནི་སུ་ལ་ཡང་སྦྱིན་མི་ཉན། དེ་ཡང་མན་ངག་ལ་སེར་སྣ་ཆེ་བ་ག་ལ་ཡིན། མི་བསམ་ངན་གྱི་ལག་ཏུ་མན་ངག་དུག་དང་འདྲ་བ་དཔེ་ཁྱེར་གྱི་ཆོག་པ་འདི་ལྟ་བུ་ཤོར་ན་རང་གི་ལྷག་ལ་འཁོར། བསྟན་པ་དང་སེམས་


PS011_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་མང་པོ་ལ་གནོད་པ་ཆེན་པོ་བྱེད། སྡིག་ཆེན་པོའི་རྒྱུན་བྱེད། མི་དཔོན་སྡིག་ཅན་གྱི་ཁྱིམ་དུ་ཚེ་ཕྱི་མ་བློས་བཏང་ནས་ལས་སྦྱོར་དྲག་པོས་ལྟོ་ཚོལ་བ་རྣམས་ཀྱི་ལག་ཏུ་ཤོར་ཏེ་དགེ་འདུན་གྱི་སྡེ་དང་བསྟན་འཛིན་སྐྱེས་བུ་རྣམས་གཅོད། དཔེ་མཐོང་ན་བླ་མ་ལ་རགས་མ་ལས་པར་གོ་ནས་ལུང་མེད་པའི་མན་ངག་གི་གང་བ་གཅིག་མྱུར་དུ་འབྱུང་ངོ་། །དེའི་ཕྱིར་ཅི་ལ་ཐུག་ཀྱང་དཔེ་ཆ་མི་ལ་མི་བསྟན་ཅིང་། ལས་རྒྱུ་འབྲས་དང་བསྟན་པའི་མིག་གི་འབྲས་བུ་ལྟར་གཅེས་པར་འཛིན་པའི་སྣོད་ལྡན་རེ་རེ་ཙམ་ལ་ལུང་ནེས་བཀའ་རྒྱས་བཏབ་སྟེ་སྦྱིན་པར་བྱའོ། ཁ་སྦྱ་ང་དང་ནོར་ཕྱིར་མ་ཤོར་བ་གལ་ཆེའོ། །གལ་ཏེ་དེ་གཉིས་ཀྱི་ཕྱིར་སུ་རུང་ལ་སྟེར་ཞིང་དཔེ་ཆ་སྟོན་ན།


PS011_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

ཀྵེ་ཏྲ་པཱ་ལས་དེའི་སྙིང་ཕུགས་ཤིག །ས་མ་ཡ། རྒྱ་རྒྱ་རྒྱ། མངྒ་ལཾ།། །།


previousམཻ་ཏྲི་པའི་ལུགས་ཀྱི་ལྷ་མོ་ཕྱག་གཉིས་མའི་སྲོག་སྒྲུབ་རྒྱས་པ།next