Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནས་ཁང་བསིལ་བའི་ཚལ་གྱི་དུར་ཁྲོད་ལྟར་བྱ་བའི་མན་ངག་ཐུན་མོང་མ་ཡིན་པའི་རྟེན་བཅའ་ཐབས་ཆིག་བརྒྱུད་མ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནས་ཁང་བསིལ་བའི་ཚལ་གྱི་དུར་ཁྲོད་ལྟར་བྱ་བའི་མན་ངག་ཐུན་མོང་མ་ཡིན་པའི་རྟེན་བཅའ་ཐབས་ཆིག་བརྒྱུད་མ།next

གནས་ཁང་བསིལ་བའི་ཚལ་གྱི་དུར་ཁྲོད་ལྟར་བྱ་བའི་མན་ངག་ཐུན་མོང་མ་ཡིན་པའི་རྟེན་བཅའ་ཐབས་ཆིག་བརྒྱུད་མ།


PS011_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཁང་བསིལ་བའི་ཚལ་གྱི་དུར་ཁྲོད་ལྟར་བྱ་བའི་མན་ངག་ཐུན་མོང་མ་ཡིན་པའི་རྟེན་བཅའ་ཐབས་ཆིག་བརྒྱུད་མ་བཞུགས་སོ།། ཟུ༽ ན་མོ་མ་ཧཱ་ཀཱ་ལ། །ཐུན་མོང་མ་ཡིན་པའི་རྟེན་བཅའ་བ་ནི། རོ་རས་སམ། རོ་ལ་བཀབ་པའི་དར་ལ་མགོན་པོ་འཁོར་དང་བཅས་པའི་མན་ངག་ལོགས་ན་ཡོད་པ་བཞིན་ལེགས་པར་བྲིས་ནས། རབ་གནས་མན་ངག་ལོགས་ན་ཡོད་པ་ལྟར་བྱས། མིས་མ་མཐོང་བའི་ས་དབེན་པར་བཞུགས་པའི་མདུན་དུ་བརྟེན་གཏོར་ལ་ནང་བརྟེན་གྱི་མདའ་དར་གཙུགས་པ་བཞག །སྐྱེས་པ་དར་མ་གྲིར་བསད་པའི་སྙིང་གི་རྩ་གསུམ་དུ་རྩ་སྔགས་དང་སྔགས་རིངས་གྲི་ཁྲག་གི་བྲིས་པ་དང་། རིན་པོ་ཆེ་སྣ་ལྔ་ལ་སོགས་པ་བཙུགས།


PS011_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་རཀྴ་གདོང་གསུམ་མིག་མ་ཕུབ་པ་ལ་གྲི་ཁྲག་གིས་བྲིས་པ་བཅུག །དེ་དང་བྱ་རོག་གི་སྙིང་། ལུག་ནག་གི་སྙིང་གསུམ་ལྷན་ཅིག་ཏུ་དར་ནག་པོས་དྲིལ་ཏེ། གྲི་ཐོད་དམ་མེད་ན་ཐོད་པ་མཚན་ལྡན་གས་ཆག་མེད་པ། ནང་གྲི་ཁྲག་གིས་བྱུགས་པ་གཉིས་མེ་ཏོག་ནག་པོ་བཀང་། ནང་ནས་མདུན་རྒྱབ་ཐད་དཀར་འོང་བར་བྱས་ནས་ཁ་སྦྱར་བའི་ནང་དུ་བཅུག །དེ་དར་དམར་པོས་མི་ཆུག་པར་བསྡམས་ལ། དེ་མགོན་པོར་བསྐྱེད། ཡེ་ཤེས་པ་བཅུག །བརྟན་བཞུགས་བྱས་ནས། ཐད་ཀ་དང་གཏོར་མའི་བར་དུ་སྟེགས་བུ་བསྟན་པོ་ལ་བཞག །སྟེང་ནས་དར་ནག་གི་གུར་ཕུབ། གྲི་ལྕགས་ལས་གྲི་གུག་རྡོ་རྗེ་ཕྱེད་


PS011_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཡུ་བ་བྱས་ནས། ཡུ་བའི་ལྟེ་བ་ལྟ་གྲི་ཁྲག་གིས་ཧཱུྃ་བྲི། སོ་ལ་སྔགས་ཐུང་དགྲ་བགེགས་མཱ་ར་ཡའི་སྤེལ་ཚིག་དང་བཅས་པ་བྲི། སོ་དང་ཡུ་བའི་མཚམས་སུ་དར་ནག་པོའི་ལྕེའུ་ཆུང་གསུམ་གདགས། དེ་མགོན་པོར་བསྐྱེད་ལ་རབ་གནས་བྱས་ཏེ་དྲི་བཟང་པོས་བགོས་པའི་ཤུབས་སུ་བཅུག་ནས་ཐོད་པའི་གའུ་དང་ལྷན་ཅིག་བཞག །ཡང་མགོན་པོའི་སྐུ་ཙཀ་ལི་གསེར་གྱི་བྲིས་པའམ། ཡང་ན་རིན་པོ་ཆེ་ལས་བཞེངས་པའི་སྐུ་ལུགས་མ་སོགས་རྒྱས་པའི་སྤེལ་ཚིག་དང་བཅས་པའི་སྔགས་ཆུང་གང་ཆུང་གི་གཟུངས་དང་བཅས་པ་ལ་རབ་གནས་མན་ངག་ལྟར་བྱས་ཏེ་བྱང་ཆུབ་ཆེན་པོའི་མཆོད་རྟེན་སེར་


PS011_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བྱས་པའི་བུམ་པ་མེ་ཏོག་སེར་པོས་བཀང་བའི་ནང་དུ་བཞུགས་སུ་བཅུག །དར་སེར་པོ་གསར་པ་ལ་སྔགས་ཐུང་རྒྱས་པའི་སྤེལ་ཚིག་དང་བཅས་པ་མང་དུ་བྲིས་པས་གདུགས་བྱ། གདུགས་དེ་ལ་མེ་ཏོག་སེར་པོའི་ཕྲེང་བ་བཏགས། མཆོད་རྟེན་དེ་བྲིས་སྐུའི་གཡས་ངོས་སུ་བཞུགས། རྟེན་དེ་དག་གི་མདུན་དུ་མཆོད་གཏོར་ནུབ་རེ་བཞིན་འབུལ་བ་མ་ཆད་པར་བྱའོ། །དེ་ལྟར་བྱས་ན་གནས་དེ་བསིལ་བའི་ཚལ་གྱི་དུར་ཁྲོད་དང་འདྲ་བར་མགོན་པོ་འཁོར་བཅས་རྒྱུན་དུ་གནས་ནས་ལས་ཐམས་ཅད་མ་བཅོལ་ཡང་བྱེད་པར་འགྱུར་རོ། །གནད་འདི་ཆིག་བརྒྱུད་མིན་པ་སྟེར་བའི་ལུགས་མེད་གསུངས་ནས་ཆེས་དམ་པར་མཛད།
གཞན་སུ་ལ་ཡང་མི་འདུག་གོ། གུ་ཧྱ་ས་མ་ཡ། ཨིྀྛཿ


previousགནས་ཁང་བསིལ་བའི་ཚལ་གྱི་དུར་ཁྲོད་ལྟར་བྱ་བའི་མན་ངག་ཐུན་མོང་མ་ཡིན་པའི་རྟེན་བཅའ་ཐབས་ཆིག་བརྒྱུད་མ།next