Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བཅུ་པ།

1 occurrence of འབེན་ར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
མགོན་པོ་རྒྱན་ཅན་ལ་རྟེན་པས་རླུང་བསྒྲུབ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འབེན་ར་
[Clear Hits]

 
previousམགོན་པོ་རྒྱན་ཅན་ལ་རྟེན་པས་རླུང་བསྒྲུབ།next

མགོན་པོ་རྒྱན་ཅན་ལ་རྟེན་པས་རླུང་བསྒྲུབ།


PS011_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཤོག་སྦྲེལ་ལྔ་པ་ལ་རྒྱུད་ཀྱི་ལེའུ་བཅུ་གཉིས་པ་ནས་གསུངས་པའི་མགོན་པོ་རྒྱན་ཅན་ལ་རྟེན་པས་རླུང་བསྒྲུབ་ཤིན་ཏུ་ཟབ་པ་


PS011_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་སྒྲུབ་པའི་མན་ངག་ཡོད་དོ། ཉེ༽ ༈ མ་ཧཱ་ཀཱ་ལ་ན་མོ། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་སྒོ་ནས་རླུང་བསྒྲུབ་ཀྱི་མན་ངག་ནི། རྒྱུད་ཀྱི་ལེའུ་བཅུ་གཉིས་པ་ནས་གསུངས་ཏེ། དེ་ལ་མཆོག་བསྒྲུབ་པའི་རླུང་སྦྱོར་དང་རྡོ་རྗེའི་བཟླས་པ། དགྲ་བོ་ཚར་བཅད་པའི་རླུང་སྦྱོར་གསུམ་ལས། དང་པོ་མགོན་པོའི་སྐུ་དངོས་ལ་རྟེན་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པའི་མན་ངག་འདི་ལ་གསུམ། སྔོན་འགྲོ་རྒྱུད་དག་པར་བྱེད་པ་དང་། དངོས་གཞི་ལམ་བསྒོམ་པ་རྗེས་ལྟ་བ་བསྐྱང་ཞིང་སྤྱོད་པ་བྱའོ། །དང་པོ་ནི། ཡིད་དང་མཐུན་པའི་གནས་དུར་ཁྲོད་དམ། བས་མཐའི་ཤིང་རྐང་གཅིག་པའི་དྲུང་ལ་སོགས་པ་རིག་པ་དྭངས་ཤིང་དཔའ་མོ་མཁའ་འགྲོ་འདུ་བའི་གནས་སུ་རང་ཉིད་སྟན་བདེ་བ་ལ་འདུག་སྟེ་ལུས་གནད་ལེགས་པར་བཅས་ལ། སེམས་ཅན་ལ་དམིགས་པའི་ཚད་མེད་བཞི་བསྒོམ། བདག་སོགས་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བླ་མ་ལ་སྐྱབས་སུ་མཆིའོ། །ཅེས་སོགས་


PS011_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང་། ཁྱད་པར་དུ་བླ་མ་མགོན་པོ་དབྱེར་མེད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །སྐད་ཅིག་ཉིད་ལ་ཡང་དག་ལམ་སྟོན་པའི། །བླ་མ་རྣམས་དང་རྗེ་བཙུན་སྤྱན་རས་གཟིགས། །མགོན་པོ་དབྱེར་མེད་སྐུ་ལ་གསོལ་བ་འདེབས། །སྒྲིབ་བཞི་དག་ནས་དབང་བཞི་ཐོབ་པར་བྱིན་གྱིས་བརློབས། །ཅེས་སྐྱབས་འགྲོ་སེམས་བསྐྱེད་མང་དུ་བྱེད་པ་གནད་ཡིན། དེ་ནས་རང་གི་སྤྱི་བོ་མགོན་པོ་བཞུགས་བཞིན་བསྐྱེད། དེའི་སྤྱི་བོ་སྤྱན་རས་གཟིགས་ཁ་སར་པཱ་ི། དེའི་སྤྱི་བོར་བླ་མ་རྡོ་རྗེ་འཆང་གི་རྣམ་པ་ཅན། དེའི་སྤྱི་བོར་བརྒྱུད་པའི་བླ་མ་རྣམས་རིམ་བཞིན་བསྐྱེད། བླ་མ་མགོན་པོ་དབྱེར་མེད། མགོན་པོ་བླ་མ་དབྱེར་མེད། མྱུར་མཛད་སྤྱན་རས་གཟིགས་དབང་ཐུགས་རྗེ་ཅན། བདག་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། སྐད་ཅིག་ཉིད་ལ་ཡང་དག་ལམ་སྟོན་པའི། །ཅེས་སོགས་གསོལ་བ་བཏབ་པས་བླ་མ་གོང་མ་རྣམས་འོད་དུ་ཞུ་ནས་འོག་མ་རྣམས་ལ་ཐིམ་པས། བླ་མ་སྤྱན་རས་གཟིགས་


PS011_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐིམ། དེ་མགོན་པོ་ལ་ཐིམ་པས་མགོན་པོ་འོད་དང་བདེ་བའི་རང་བཞིན་དུ་འབར། འུར་འུར་སིལ་སིལ་གར་མཛད་ཅིང་འོད་དུ་མེར་གྱིས་ཞུ་བས་རང་གི་སྤྱི་བོར་ནས་མར་ཐིམ་པས། ལུས་ཀྱི་སྨིན་མཚམས་ཡན་འོད་ཀྱི་གང་། སྐུའི་བྱིན་རླབས་ཞུགས། ལུས་ཀྱི་སྒྲིབ་པ་དག །བུམ་དབང་ཐོབ། འོད་དམར་བབས། མགྲིན་པ་ཡན་གང་། གསུང་གི་བྱིན་རླབས་ཞུགས། ངག་གི་སྒྲིབ་པ་དག །གསང་བའི་དབང་ཐོབ། འོད་དམར་བབས། སྙིང་ག་ཡན་གང་། ཐུགས་ཀྱི་བྱིན་རླབས་ཞུགས། ཡིད་ཀྱི་དྲི་མ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། འོད་དམར་བབས། རྐང་མཐིལ་སོར་མོ་ཡན་ཆད་ལུས་ཀྱི་ནང་ཐམས་ཅད་འོད་ཟེར་གྱིས་ཁེངས། ཡོན་ཏན་འཕྲིན་ལས་ཀྱིས་བྱིན་རླབས་ཞུགས། རང་གཞན་ཀུན་གྱི་སྡིག་སྒྲིབ་དང་། རང་གི་རྣམ་སྨིན་ལས་གྲུབ་པའི་ཤ་རུས་སོགས་ཀྱི་ཕུང་པོ་དག་ནས་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་མི་རྟོག་པ་ཕྱག་རྒྱ་ཆེན་པོའི་ངང་ལ་འཇོག །དེའི་ལུས་ངག་ཡིད་གསུམ་སྡིག་སྒྲིབ་བག་ཆགས་དང་བཅས་པ་


PS011_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ནས་དབང་བཞི་པ་ཐོབ། དེའི་སྟོང་ཉིད་འོད་གསལ་གྱི་ངང་ལས། རང་ཉིད་སྐད་ཅིག་གིས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོར་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱོངས། ཐམས་ཅད་མགོན་པོའི་གོ་འཕང་ལ་བཀོད། སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ངོ་བོར་སངས་རྒྱས་པར་གྱུར། གཉིས་པ་དངོས་གཞི་བསྒོམ་པ་ནི། རང་གི་སྙིང་གར་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་ལྟེ་བར་གྲི་གུག་རྡོ་རྗེ་མཚན་པའི་ལྟེ་བར་ཧཱུྃ་གིས་མཚན་པ་དེ་ལས་འོད་འཕྲོས་འཕགས་པ་མཆོད་སེམས་ཅན་གྱིས་སྡིག་སྒྲིབ་སྦྱོངས། ཚུར་འདུས་ཡོངས་སུ་གྱུར་པ་ལས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་དྲུག་པ། དང་པོ་གཉིས་ཀྱི་གྲི་གུག་དང་ཐོད་ཁྲག་འཛིན་པས་ཡུམ་རྡོ་རྗེ་གཅིག་ཤོས་མ་ལ་འཁྱུད་པ་གཡས་བར་པས་ཕྲེང་བ། ཐ་མས་ཌཱ་མ་རུ་འཁྲོལ་བ། གཡོན་གྱི་བར་པས་རྩེ་གསུམ། ཐ་མས་ཞགས་པ་བསྣམས་པ། སྤྱན་གསུམ་དམར་ཞིང་ཟླུམ་པ། མཆེ་


PS011_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

བ་གཙིགས་པ། སྨིན་མ་དང་། སྨ་ར་དང་། དབུ་སྐྲ་ཁམ་སེར་གྱེན་དུ་མཁྱིལ་བ། ཐོད་སྐམ་ལྔས་དབུ་རྒྱན་ཅིང་། ཐོད་རློན་ལྔ་བཅུའི་དོ་ཤལ་བྱས་པ། དཔྲལ་བར་སིནྡྷུ་རའི་བྱུགས་ཤིང་། སྤྱི་བོར་མི་བསྐྱོད་པའི་རྒྱས་བཏབ་པ། སྦྲུལ་དཀར་པོའི་མགུལ་རྒྱན། དམར་པོའི་སྙན་ཤལ། ལྗང་གུས་ཕྱག་གདུབ་དང་དོ་ཤལ་བྱས་པ། ནག་པོའི་སྐ་རགས་དང་ཞབས་གདུབ་བྱས་པ། དྲིལ་བུས་གཡེར་ཁས་མཛེས་པ། སྟག་གི་པགས་པ་རློན་པའི་ཤམ་ཐབས་བྱས་པ། དེའི་པང་ན་ཡུམ་རྡོ་རྗེ་གཅིག་ཤོས་མ་ནག་མོ་གཡས་གྲི་གུག་བཟུང་ནས་ཡབ་ལ་འཁྱུད་པ། གཡོན་ཐོད་ཁྲག་ཡབ་ཀྱི་ཞལ་དུ་སྟོབས་པ། ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་པས་ཡབ་ལ་འཁྱུད་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་འཕྲོས་ཤར་ལྷོ་མཚམས་ནས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། དེ་བཞིན་གཤེགས་


PS011_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱི་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱི་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་སྤྱི་བོ་ནས་དབུ་མར་བབས་བདུད་རྩིས་ཆུས་གང་དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པའི་དབུ་བརྒྱན་པར་གྱུར། དེ་ནས་ཡབ་ཀྱི་ཐུགས་ཀར་ཉི་མ་ལ་སྙིང་པོ་དང་། ཡུམ་གྱི་ཐུགས་ཀར་ཉི་གདན་ལ་ཨོཾ་ཨཱཿསྭཱ་ཧཱ། ཅེས་པས་བསྐོར་བ་ལ་དམིགས་ནས་བཟླས་པ་བྱའོ། །དེ་ནས་རང་གི་སྤྱི་བོ་ནས་གསང་གནས་ཀྱི་བར་ལ་རྩ་དབུ་མ་སྦ་ལྕགས་ཙམ་པ། དམར་ལ་སྣུམ་པ་གསལ་ཞིང་དྭངས་བ་ཅིག་བསམ། དེའི་གཡས་ནས་རོ་མ་དམར་མོ་དང་། གཡོན་ནས་བརྐྱང་མ་དཀར་པོས་འཁྱུད་པ། མར་སྣེའི་སུམ་མདོར་རླུང་གི་དཀྱིལ་འཁོར་སྔོན་པོ། ལྟེ་བར་ཉི་གདན་ལ་རཾ་མེ་འབར་བ། ཡར་སྣེ་ཧཾ་དཀར་པོས་བཀག་པ། སྙིང་གར་ཧཱུྃ་སྔོན་པོ་རྣམས་བཀོད་ལ། རླུང་རོ་ལན་གསུམ་བུས་ལ། ལུས་


PS011_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་གཡོན་དུ་བསྒུལ་སྤྱོད་བྱས་པས་རོ་བརྐྱང་གཉིས་ལྷོད་ཤིགས་སོ་སོང་ནས་གཡས་གཡོན་གཉིས་ནས་རླུང་རྔུབས་པས་དབུ་མའི་ནང་དུ་སོང་སྟེ། དབུ་མ་སྦོམ་ཞིང་དྭངས་པར་གྱུར། དེ་ནས་རླུང་བཟུང་བས་གསུམ་མདོར་རླུང་གི་དཀྱིལ་འཁོར་གཡོས། ལྟེ་བའི་རཾ་ལ་བུས་པའི་མེ་འབར་བའི་མེ་ལྕེ་དབུ་མའི་ནང་ལ་ཡར་སོང་། སྤྱི་བོའི་ཧཾ་ལ་ཕོག་པས། བྱང་སེམས་ཞུ་བའི་རྒྱུན་མར་བབས། ནོར་བུའི་རྩེར་སླེབས་པ་དང་། བྱང་སེམས་ཀྱི་ལུས་ཐམས་ཅད་སྐྱ་ཆིལ་གྱིས་གང་བ་དང་། ལུས་ཐམས་ཅད་བདེ་བ་ཆེན་པོ་རྒྱས་ཤིང་བདེ་སྟོང་དབྱེར་མེད་ཕྱག་རྒྱ་ཆེན་པོའི་ངང་ལ་རླུང་བཟུང་། ཡིད་མཉམ་པར་གནས་མི་རྟོག་པའི་ངང་ལ་གནད་ཚད་དུ་མཉམ་པར་ཞོག །བྱང་སེམས་ཕྱིར་འཆོར་བྱུང་ན་ནོར་བུའི་རྩེ་མོའི་ནང་དུ་ཧཱུྃ་དཀར་ལ་དྭངས་པ་གཅིག་གིས་བཀག་པར་བསམ་ལ་སྙིང་གའི་ཧཱུྃ་སྔོན་པོ་ལས་ཧཱུྃ་གཅིག་ཆད་ནས་མར་བྱུང་ཧཱུྃ་དཀར་པོ་འཁྱུད་པར་བསམ། འོག་རླུང་གྱེན་དུ་དྲངས་ལ་


PS011_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་བར་བྱ། སྔོན་པོས་དཀར་པོ་འཐེན་པའི་ཚུལ་གྱིས་སྤྱི་བོར་སླེབས་པ་ལ་སེམས་གཏོད། མཐོ་བའི་སྐྱོན་བྱུང་ན་ལྟེ་བའི་མེ་ལྕེ་བྱང་སེམས་ཅུང་ཟད་མར་ཕབས་པ་ལ་སེམས་བཟུང་བས་བགེགས་སེལ་ལོ། །དེ་ནས་རང་གི་སྙིང་གའི་ཧཱུྃ་ལས་ཀྵེ་ཏྲ་པཱ་ལ། ཛི་ན་མི་ཏྲ། ཌཀྐི་རཱ་ཛ། ཏྲགྴད་ནག་པོ་ལ་སོགས་པ་དཀར་དམར་མཐིང་གསུམ། སྐུ་ནས་རེ་རེ་ཙམ་གྲི་གུག་དང་ཐོད་ཁྲག་འཛིན་པ་མང་པོ་སྤྱི་བོ་ནས། རྐང་མཐིལ་གྱི་བར་དུ་ལུས་ཀྱི་གར་སྣ་ཚོགས་བསྒྱུར། དེ་དག་གིས་སྐད་སྣ་ཚོགས་སྒྲོགས་གིན་འདུག་པ་ལ་སེམས་གཏད་ནས་བསྒོམ་པར་བྱའོ། །དེ་ནས་ལྷ་དེ་རྣམས་ཡབ་ཀྱི་རྩ་དབུ་མའི་ནང་དུ་ཞུགས་ནས་གར་སྣ་ཚོགས་བསྒྱུར་ཅིང་། སྐད་སྣ་ཚོགས་སྒྲོགས་པ་ཡབ་ཀྱི་ཤངས་གཡས་ནས་ཐོན། ཡུམ་གྱི་ཤངས་གཡོན་ནས་ཞུགས། རྩ་དབུ་མའི་ནང་དུ་ཞུགས་པས་ཡུམ་གྱི་བྱང་སེམས་དམར་པོ་རྣམས་ཀྱིས་བསྡུས་ཏེ། བདེ་བ་ཆེན་པོའི་རང་བཞིན་དུ་གྱུར་པ་རྣམས། ཡུམ་གྱི་གསང་གནས་ནས་ཐོན། ཡབ་ཀྱི་གསང་གནས་ནས་ཡར་ཞུགས། ཐུགས་


PS011_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་ཧཱུྃ་ལ་ཐིམ། ཡུམ་ཡབ་ལ་ཐིམ། ཡབ་ཀྱང་ཧཱུྃ་ལ་ཐིམ། ཧཱུྃ་ཞབས་ཀྱུ་ཧ་ལ། ཧ་མགོ་བོ་ལ། མགོ་བོ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ་ལ། ཐིག་ལེ་ནཱ་ད་ལ། ནཱ་ད་ཡང་འོད་གསལ་དུ་ཐིམ་ནས་མི་དམིགས་པའི་ངང་ལ་རིག་སྟོང་དབྱེར་མེད་འགག་མེད་རང་ཤར་ཕྱག་རྒྱ་ཆེན་པོའི་ངང་ལ་གནས་པར་བྱའོ། །དེ་ནས་དངོས་གཞི་ལམ་བསྒོམ་པའི་ཞལ་ཤེས་སོ། །གསུམ་པ་རྗེས་བལྟ་བ་བསྐྱང་ཞིང་སྤྱོད་པ་བྱ་བ་ནི། རྫོགས་རིམ་དེའི་ངང་ལས་སྐད་ཅིག་དྲན་རྫོགས་ཀྱི་མགོན་པོའི་སྐུར་ལངས་ལ། འགྲོ་འཆག་ཉལ་འདུག་ལ་སོགས་པའི་སྤྱོད་ལམ་ཐམས་ཅད། རིག་སྟོང་དབྱེར་མེད་ཀྱི་ངང་དུ་མ་ཡེངས་པར་བྱས་ལ། སྣང་བ་གཟུགས་སུ་གྲུབ་ཚད་མགོན་པོའི་སྐུ། སྒྲ་ཐམས་ཅད་སྙིང་པོའི་རང་སྒྲ། དྲན་རྟོག་ཐམས་ཅད་འོད་གསལ་ཕྱག་རྒྱ་ཆེན་པོའི་ངང་ལས་མ་གཡོས་པར་སྤྱོད་པ་ནི་མགོན་པོའི་སྤྱོད་པ་སྟེ། དེ་ལྟར་བསྒོམ་པས་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། ཞེས་གྲུབ་ཆེན་རཱ་ཧུ་ལ་གསུངས་སོ། །ཞལ་གདམས་ཁྱད་པར་
ཅན་འདི་ཁྱུང་པོ་རྣལ་འབྱོར་པས་གསེར་སྲང་བརྒྱ་ཕུལ་ནས་ཞུས་པ། རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་ལ་ཆིག་བརྒྱུད་ལས་མི་སྤེལ་བར་གདམས་ནས་གནང་ངོ་། །མང་ཐོས་དགེ་ལེགས་དཔལ་བཟང་གིས། །མཁས་གྲུབ་གོང་མའི་མན་ངག་ལ། །ལྷད་ཞུགས་གསལ་ནས་དག་པར་བྱས། །གུ་ཧྱ་ས་མ་ཡ།འདི་ནི་མཆོག་གྲུབ་ཀྱི་ཤོག་སྦྲེལ་ལོ།


previousམགོན་པོ་རྒྱན་ཅན་ལ་རྟེན་པས་རླུང་བསྒྲུབ།next