Nitartha Digital Library
Tibetan
དཔལ་ལྡན་ཤངས་པའི་ཆོས་སྐོར་པོད་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཤོག་དྲེལ་བརྒྱད་པ་ལས་བྱིན་གྱིས་བརླབས་པ་ནག་པོ་ཆེན་པོའི་གནོད་སྦྱིན་བཞི་གནད་ནས་བསྐུལ་བའི་ཞལ་གདམས་ཆིག
   
   
   
   
   
   
   
   
   
   
   
   


 
previousཤོག་དྲེལ་བརྒྱད་པ་ལས་བྱིན་གྱིས་བརླབས་པ་ནག་པོ་ཆེན་པོའི་གནོད་སྦྱིན་བཞི་གནད་ནས་བསྐུལ་བའི་ཞལ་གདམས་ཆིགnext

ཤོག་དྲེལ་བརྒྱད་པ་ལས་བྱིན་གྱིས་བརླབས་པ་ནག་པོ་ཆེན་པོའི་གནོད་སྦྱིན་བཞི་གནད་ནས་བསྐུལ་བའི་ཞལ་གདམས་ཆིག


PS011_Page_0896
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཤོག་དྲེལ་བརྒྱད་པ་ལས་བྱིན་གྱིས་བརླབས་པ་ནག་པོ་ཆེན་པོའི་གནོད་སྦྱིན་བཞི་གནད་ནས་བསྐུལ་བའི་ཞལ་གདམས་ཆིག་བརྒྱུད་མ་བཞུགས་སོ།རེ། ༈ བླ་མ་མགོན་པོའི་ཞབས་བཏུད་ནས། །བྱིན་བརླབས་ནག་པོ་ཆེན་པོ་ཡི། །གནད་ནས་བསྐུལ་བའི་ཞལ་གདམས་བྲིས། །ཆིག་བརྒྱུད་དག་ལས་མ་སྤེལ་ཅིག །དབང་དུ་བསྡུད་ཅིང་གནད་ནས་བསྐུལ་བའི་དུས་གནོད་སྦྱིན་བཞི་བསྐྱེད་པ་ནི། གཙོ་


PS011_Page_0897
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་གཡོན་དུ་ཀྵེ་ཏྲ་པ་ལ། གཡས་སུ་ཛི་ན་མི་ཏྲ་དམར་ནག་གཡས་རྡོ་རྗེ་ཕ་ལཾ་གཡོན་འཁོར་ལོ་འཛིན་པ། གྱད་ཆོཾ་གྱི་གོམ་པས་སྟོང་གསུམ་ཉུལ་བ། རྒྱབ་ཏུ་ཌཀྐི་ར་ཛ་མཐིང་ནག་རྔམས་ཤིང་མི་སྡུག་པ། སྤུ་གྲི་དང་ཐོད་པ་འཛིན་པ། ལྷ་མོའི་རྒྱབ་གཙོ་བོའི་གཡོན་དུ་ཏྲགྴད་ནག་པོ་རྟ་ནག་ལ་བཞོན་པ་མདུང་རྩེ་གསུམ་པ་དང་ཐོད་ཁྲག་འཛིན་པ། དར་ནག་གི་བེར་སྐུ་ལ་གསོལ་བ། བཞི་ཀའང་མཁའ་འགྲོ་དང་། གཤིན་རྗེ་དང་། བདུད་ཀྱི་ཚོགས་དཔག་ཏུ་མེད་པས་བསྐོར་བ་བསམ། ཕྱོགས་སྐྱོངས་གཙང་རིགས་ཀུན་དུར་ཁྲོད་ཆེན་པོའི་གནས་སུ་བསྒོམ། དེ་ནས་དབང་བསྡུད་དང་གནས་ནས་བསྐུལ་བའི་དུས། མོས་གུས་དྲག་ཏུ་བྱ་ཞིང་གསོལ་བ་བཏབ་པ་དང་། ཡིད་གུས་པར་བྱེད་པ་གནད་ཡིན་ནོ། །ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁའ་འགྲོ་དང་ཁྲོ་མོའི་རྣམ་པར་གྱུར་ནས་སྐུ་ལ་ཐིམ་པས། སྐུ་དམར་སྨུག་ཡེ་ཤེས་ཀྱི་མེའི་ཕུང་པོ་བཞིན་དུ་འོད་ཟེར་དང་གཟི་


PS011_Page_0898
[མ་དཔེ་གཟིགས་ན་འདིར་གནོན།]

བརྗིད་ལྷག་ལྷག་ཡོད་པར་བསྒོམ་ཞིང་། སྐུ་ཡི་སྟོད་ནས་དཔའ་བོ་དཔག་ཏུ་མེད་པ་དང་། སྨད་ནས་དཔའ་མོ་དཔག་ཏུ་མེད་པ་སྐུ་མདོག་མཐིང་ཁ་བསམ་གྱིས་མི་ཁྱབ་པ་འཕྲོ་བར་བསམ། གནད་ལ་བབས་པའི་དུས་སུ་གནོད་བྱེད་ལ་སོགས་པ་མདུན་དུ་བཀུག་ལ། རང་ལ་རྒྱབ་བསྟན་གཏོར་མ་ལ་མདུན་བསྟན་ནས་སྙིང་འདར་ཡེད་ཡེད་ཡོད་པར་བསམ། སྡིག་ཆེན་འདི་བསྒྲལ་ལ་བསྟན་པ་སྐྱོང་སྙམ་དུ་བསམ་ལ་གསོལ་བ་དྲག་ཏུ་བཏབ། གསང་བའི་ལས་དྲུག་གི་དགྲ་བོའི་ཤ་ཁྲག་ཏུ་བསམ་ལ་ཕུལ་བས་མགོན་པོ་འཁོར་བཅུས་ཀྱི་ཞལ་དུ་དམར་ཅིལ་ཅིལ་གསོལ་བར་བསྒོམ། མགོན་པོའི་ཞལ་དུ་བཏབ་པར་བསམ། མ་ནོར་སྔགས་རྣམས་བསྐོར་བར་བསམ། ཞེས་པ་ནི་གཏོར་ཆེན་དང་སྦྱིན་སྲེག་ལ་སོགས་པའི་དུས་སུ་བྱས་ཀྱང་ལྡེག་མ་ཉན་ན། འཁོར་གྱི་གནོད་སྦྱིན་བཞི་པོ་གནད་ལ་དབབ་པ་ནི། རང་མགོན་པོ་གཟི་བརྗིད་བསྐྱེད་པ་དང་གསོལ་བ་འདེབས་པ་གཉིས་བྱས་ལ། རང་སྲིད་པ་གསུམ་ཟ་བར་ནུས་པའི་ང་རྒྱལ་བྱས་པའི་ཆེ་བ་བཞིའི་རྩེ་མོ་གཅིག །
སོ་གཉིས་ལ་ཡ་དང་དུ། མས་གཉིས་ལ་ཛཿ དང་བྷྱོ་བསམ་ལ་མགོན་པོ་ཚེམ་ཀྲིཾ་ཀྲིཾ་མཛད་པས་དྲག་ཏུ་གཟེར་བས་གནོད་སྦྱིན་བཞི་འདར་ཕྲི་ལི་ལི་མདུན་ན་རང་དབང་མེད་པར་ལས་བྱེད་པར་བསམ་མོ། །འདི་གར་ཐོད་དུ་བྱ་མི་རུང་ངོ་། །འོག་མའི་ཡཀྵེའི་འོག་ཏུ་སྲོག་སྔགས་གཞུག་གོ །འདི་ཐུན་མོང་མ་ཡིན་གདམས་པ་ཡིན་པས་ཤིན་ཏུ་གསང་བར་བྱའོ། །བླ་མའི་ཞལ་ནས་འདི་མེད་ན་འཁོར་བཞིའི་ལས་བྱེད་མི་ཉན་གསུངས།


previousཤོག་དྲེལ་བརྒྱད་པ་ལས་བྱིན་གྱིས་བརླབས་པ་ནག་པོ་ཆེན་པོའི་གནོད་སྦྱིན་བཞི་གནད་ནས་བསྐུལ་བའི་ཞལ་གདམས་ཆིགnext