Nitartha Digital Library
Tibetan
ཆོས་འབྱུང་མཁས་པའི་དགའ་སྟོན།


   
   
   
བོད་ཀྱི་རྒྱལ་རབས།
   
   
   
   
   
   
   
   
   
   


 
previousབོད་ཀྱི་རྒྱལ་རབས།next

བོད་ཀྱི་རྒྱལ་རབས།


PTT001_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བྱུང་མཁས་པའི་དགའ་སྟོན་གྱི་ཡན་ལག་གསུམ་པ་བོད་ཀྱི་སྐབས་ལ་ལེའུ་བཅུ་ལས་སྐབས་གཉིས་པ་བོད་ཀྱི་རྒྱལ་རབས་བཞུགས། །


PTT001_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀེ་ཤྭ་ར་ཡ། །དེ་ལྟར་རྒྱལ་དང་རྒྱལ་སྲས་མ་ལུས་ལས། །ཐུགས་རྗེ་རྨད་བྱུང་སྤྱན་རས་གཟིགས་དབང་དེས། །མཐའ་འཁོབ་བོད་ཁམས་འདུལ་བའི་ཁུར་བསྣམས་སྟེ། །ཁ་བ་ཅན་གྱི་རྒྱལ་ཁམས་འདིར་བྱོན་ཚེ། །སྟོད་ཀྱི་མངའ་རིས་བསྐོར་གསུམ་རྫིང་གི་ཚུལ། །བར་དུ་དབུས་གཙང་རུ་བཞི་ཡུར་བ་འདྲ། །སྨད་དུ་མདོ་ཁམས་སྒང་གསུམ་ཞིང་ལྟ་བུ། །ཀུན་ཀྱང་ཆུ་ཡི་རྒྱ་མཚོར་གྱུར་བའི་ནང༌། །མཐའ་ཡས་སྲོག་ཆགས་སྡུག་སྔལ་སྤྱོད་པར་གཟིགས། །ཀུན་ལ་ཡི་གེ་དྲུག་པའི་ཆོས་བསྟན་ནས། །མ་འོངས་གདུལ་བྱར་འགྱུར་བར་བྱིན་གྱིས་བརླབས། །དེ་ནས་ཁ་བ་ཅན་གྱི་ཡུལ་གྱི་དབུས། །དབུ་རུ་ཤོད་ཆེན་དམར་པོའི་རི་རྩེར་བྱོན། །མཐིལ་ཀུན་ཆུས་གང་ངན་སོང་འགྲོ་མང་གནས། །ལོགས་ཀུན་མུན་པ་སྲོས་འདྲའི་ནགས་ཚལ་སྟུག །ཁྲོ་གཏུམ་གཅན་གཟན་སྣ་ཚོགས་གསོད་གཅོད་བྱེད། །ཁྱད་པར་འོ་ཐང་མཚོ་ནི་མནར་མེད་ཀྱི། །དམྱལ་བའི་སྒོར་གཟིགས་སྡུག་བསྔལ་བཟོད་ཐབས་མེད། །རང་བྱས་ལས་ཀྱི་འབྲས་བུ་སྤྱོད་གཟིགས་པས། །ཐུགས་རྗེའི་ཤུགས་དྲག་མི་བཟོད་རབ་ཏུ་གཡོས། །པད་མ་ལྟ་བུའི་སྤྱན་རས་གཡས་གཡོན་ལས། །སྤྱན་ཆབ་བདུད་རྩིའི་ཐིགས་པ་རེ་རེ་ལྷགས། །ཇོ་མོ་ཁྲོ་གཉེར་ཅན་དང་སྒྲོལ་མར་གྱུར། །བུ་ཁྱོད་མཐའ་འཁོབ་འགྲོ་རྣམས་འདུལ་བ་ལ། །སྒྱིད་ལུག་སྡུག་བསྔལ་ལྡན་པར་མ་བྱེད་ཅིག །ཁོ་མོ་གཉིས་ཀྱིས་འགྲོ་དོན་གྲོགས་བྱེད་ཅེས། །(ཇ༢ན)


PTT001_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་སྟེ་སྤྱན་འབྲས་སོ་སོ་ཉིད་ལ་ཐིམ། །དེ་ནས་དམྱལ་མཚོའི་དབུས་སུ་བྱོན་ནས་ནི། །ཡི་གེ་དྲུག་པའི་ཆོས་བཤད་ཚད་མེད་པའི། །སྙིང་རྗེས་བདེན་ཚིག་སྨོན་ལམ་འདི་སྐད་བཏབ། །ཐོག་མེད་དུས་ནས་ལས་ངན་བསགས་པའི་མཐུས། །གཏིང་མཐའ་མེད་པའི་དམྱལ་བ་ཆེན་པོ་འདིར། །བཟོད་དཀའི་སྡུག་བསྔལ་བྱེ་བས་གཙེས་པ་རྣམས། །རྣམ་གྲོལ་ཐར་པའི་གླིང་ལ་འཁོད་པར་ཤོག །དུག་མཚོ་འཁོལ་མའི་ནང་དུ་འཚེད་བྱེད་ཅིང༌། །དམྱལ་བའི་མེ་ཡིས་རྟག་དུ་བསྲེགས་པ་ཡིས། །སྐྱབས་མེད་ཉམ་ཐག་སྨྲེ་སྔགས་འདོན་པ་རྣམས། །ཕན་བདེའི་ཆར་གྱིས་རྟག་དུ་བསིལ་བར་ཤོག །ཚ་གྲང་བཀྲེས་སྐོམ་དུ་ཁས་གཟིར་བ་ཡི། །ཁྲི་ཕྲག་དཔག་མེད་མཚོ་འདིར་གནས་པ་རྣམས། །ལུས་འདི་བོར་ནས་བདག་གི་ཞིང་ཁམས་སུ། །རིགས་བཟང་ཆོས་ལྡན་རྣམས་སུ་སྐྱེ་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་གསུངས་མཐའ་ཡས་འོད་ཟེར་བཀྱེ་བ་ཡིས། །དམྱལ་བའི་སེམས་ཅན་དེ་རྣམས་སྡུག་བསྔལ་ཞི། །བདེ་བས་རྒྱུད་བརླན་ཐར་པའི་ལམ་འཁོད་གྱུར། །མཚོ་དེ་འཁོལ་བ་ཞི་ཞིང་རབ་ཏུ་བསིལ། །ཀོང་གི་ཆུ་བརླག་ཞེས་བྱའི་ཟོམས་བྱེ་བས། །རུ་བཞི་ཆུ་ཡིས་གང་བ་དེ་རུ་ཐིམ། །ཆུ་གཞན་དག་ཀྱང་དེ་ལྟར་ཐིམ་པ་ཡིས། །བོད་ཁམས་ཡུལ་གྱི་རྣམ་པ་གསལ་པོར་དོད། །མངའ་རིས་སྐོར་གསུམ་ཤ་རྐྱང་རི་དྭགས་གླིང༌། །བར་གྱི་རུ་བཞི་སྟག་གཟིག་གཅན་གཟན་གླིང༌། །སྨད་ཀྱི་སྒང་དྲུག་འདབ་ཆགས་བྱ་ཡི་གླིང༌། །ཀུན་ལ་ཆོས་བསྟན་དཔག་མེད་སྨིན་གྲོལ་མཛད། །དེ་ལྟར་དུས་རིང་མཐའ་ཡས་རྒྱུན་མི་འཆད། །སྣ་ཚོགས་ཐབས་ཚུལ་བགྲང་བར་མི་ནུས་པས། །མཐའ་ཡས་འགྲོ་རྣམས་སྨིན་གྲོལ་མཛད་པ་ཡིས། །དུབ་པ་བསལ་ཕྱིར་འཛམ་གླིང་ལྷོ་ཡི་ཕྱོགས། །པོ་ཊ་ལ་ཞེས་གྲུ་འཛིན་རི་བོའི་སྤོར། །སེམས་ཉིད་ངལ་གསོའི་ཏིང་འཛིན་མཛད་པར་གྱུར། །དེ་ལས་བཞེངས་ནས་(ཇ༢བ)


PTT001_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་སེམས་ཅན་དང༌། །ཁྱད་པར་ཁ་བ་ཅན་པ་ལ་གཟིགས་པས། །སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི །ཆ་ཤས་ཙམ་ཡང་གྲོལ་བར་མ་གྱུར་ཞིང༌། །ཁྱད་པར་མ་རུངས་རྒྱུད་རྩུབ་གདུལ་དཀའ་བ། །རྙིགས་ལས་རབ་ཏུ་རྙིགས་མར་གྱུར་གཟིགས་ནས། །ཞི་བདེའི་བསམ་པ་སྐད་ཅིག་སྐྱེས་པའི་མོད། །སྔོན་གྱི་དམ་བཅས་དམོད་པ་བོར་བ་ཡིས། །དབུ་ནི་ཚལ་པ་བཅུ་རུ་གས་ཅིང་གྱེས། །སྐུ་ལུས་དུམ་བུ་སྟོང་དུ་བྱེ་བར་གྱུར། །འོད་དཔག་མེད་མགོན་སྐད་ཅིག་གིས་བྱོན་ནས། །དབུ་དང་སྐུ་ལུས་ཞིག་ཞིང་བྱེ་བ་རྣམས། །ཆུན་པོར་ཕྱག་གིས་བཅིངས་ནས་འདི་སྐད་གསུང༌། །ཆོས་རྣམས་ཐམས་ཅད་རྐྱེན་བཞིན་སྟེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་ནི་དེ་ལྟ་ཉིད་ཏུ་འགྱུར། །གང་གི་སྨོན་ལམ་མཐུ་བཙན་པས། །སངས་རྒྱས་ཀུན་གྱི་རབ་ཏུ་བསྔགས། །བདེན་པ་དེ་ཡིས་སྐད་ཅིག་ལ། །ངེས་པ་ཉིད་ཏུ་འབྱུང་བར་འགྱུར། །རིགས་ཀྱི་བུ་ཁྱོད་སྡུག་བསྔལ་མ་བྱེད་ཅིག །ཁྱོད་ཀྱི་དབུ་ནི་ཚལ་པ་བཅུར་གས་པ། །འདི་ནི་ཞལ་རས་བཅུ་རུ་བྱིན་གྱིས་བརླབ། །ཁྱོད་ལུས་རྣམ་པ་སྟོང་དུ་བྱེ་བ་ནི། །ཕྱག་སྟོང་སྤྱན་སྟོང་ལྡན་པར་བྱིན་གྱིས་བརླབ། །སླར་ཡང་འགྲོ་དོན་སྙིང་སྟོབས་སྐྱེད་ཅིག་གསུང༌། །དེ་ཚེ་ཕྱོགས་བཅུའི་རྒྱལ་སྲས་ཀུན་འདུས་ནས། །ཞལ་རས་བཅུ་པོ་ཕ་རོལ་ཕྱིན་པ་བཅུ། །བཅུ་གཅིག་དབུ་ལ་འོད་དཔག་མེད་པ་བཞུགས། །ཞི་རྒྱས་དབང་དྲག་ལས་རྣམས་ཀུན་མཛད་པ། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང༌། །སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང༌། །གང་ལ་གང་འདུལ་དེ་ལ་དེར་སྟོན་པའི། །བཙུན་པ་སྤྱན་རས་གཟིགས་ལ་ཕྱགས་འཚལ་ལོ། །དུས་གསུམ་སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །མཐའ་འཁོབ་འདུལ་བར་རྒྱལ་བས་ལུང་(ཇ༣ན)


PTT001_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ནས། །གང་ལ་གང་འདུལ་འགྲོ་བའི་དོན་མཛད་པ། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་བསྟོད་མཆོད་ཅིང་ཤིས་པ་མཛད་པར་གྱུར། །བོད་ཁམས་ཡུལ་དུ་རུང་བར་གྱུར་ནས་ཀྱང༌། །དང་པོར་མི་མ་ཡིན་གྱི་ཡུལ་དུ་གྱུར། །གནོད་སྦྱིན་ལ་སོགས་བཅུ་ཡིས་དབང་བྱས་སྐད། །ལོ་རྒྱུས་ཆེན་མོ་སོགས་ལས། དང་པོར་གནོད་སྦྱིན་ནག་པོས་དབང་བྱས་སྟེ། །ཡུལ་གྱི་མིང་ཡང་བཟང་ཡུལ་རྒྱན་མེད་ཟེར། །མཚོན་ཆ་མདའ་གཞུ་དེ་ཡི་དུས་སུ་བྱུང༌། །དེ་ནས་རེ་སྟེ་མགོ་གཡག་བདུད་ཀྱིས་བྱས། །མིང་ཡང་བདུད་ཡུལ་ཁ་རག་རོང་དགུར་བཏགས། །སྟ་རེ་དགྲ་སྟ་དེ་ཡི་དུས་སུ་བྱུང༌། །དེ་ནས་སྲིན་པོ་གཉའ་རེངས་ཁྲག་མིག་བྱས། །ཡུལ་མིང་སྲིན་པོ་ནག་པོ་དགུ་ཡུལ་ཟེར། །སྲིན་མོ་རྐང་དང་རྒྱོགས་གཉིས་ལག་ཆར་བྱུང༌། །བཞི་པ་དམར་འཇམ་ལྷ་ཡིས་དབང་བྱས་སྟེ། །ལྷ་ཡུལ་གུང་ཐང་ལག་ཆར་ཆུ་གྲི་བྱུང༌། །ལྔ་པར་རྨུ་རྒྱལ་ཁོ་རྗེ་ཞེས་བྱས་བཟུང༌། །ད་འཕྲང་ཅང་འཕྲང་ལག་ཆར་ཞགས་པ་འཕེན། །དྲུག་པར་ཀྲོག་ཀྲོག་འདྲེ་ཡིས་དབང་བྱས་སྟེ། །ལང་ཏང་ལིང་ཏང་བེར་ཁ་འུར་རྡོ་འཕེན། །བདུན་པ་མ་སངས་རུས་དགུས་དབང་བྱས་སྟེ། །གཉའ་གཡའ་སྤང་སྐྱེ། ༡ གར་ཏིང་ནམ་ཚ། ༢ གླེ་ངན་ལམ་ཙང་སྐྱེས། ༣ རུ་ཐོ་གར་སྐྱེས། ༤ ཤེ་དོ་ཀེར་ཏིང་ནས། ༥ མེ་པདྨ་སྐྱེས། ༦ གསང་གེ་འཕྲུལ་པོ་ཆེ། ༧ དྲང་བ་དྲངས་མ་མགུར། ༨ བཀོད་སྟོར་ནམ་ཚ། ༩ ཡུལ་གྱི་མིང་ནི་བོད་ཁ་ཉ་དྲུག་ཟེར། །ལག་ཆར་དོང་རལ་གོ་ཆ་ཕུབ་ཆུང་བྱུང༌། །བརྒྱད་པ་ཀླུས་བཟུང་བོད་ཁམས་གླིང་དགུ་བཏགས། །དགུ་པ་རྒྱལ་པོས་དབང་བྱས་ངམ་པོ་ཅེ། །བཅུ་པོ་འགོང་པོ་དཔུན་དགུས་དབང་བྱས་སྟེ། །ཡུལ་གྱི་མིང་ཡང་སྟོང་སྡེ་བཅོ་བརྒྱད་ཟེར། །ཞེས་གྲག་གོ །དེ་ནས་མི་ཡི་འགྲོ་བ་བྱུང་ཚུལ་ནི། །ཐུགས་རྗེའི་དབང་ཕྱུག་སྤྱན་རས་གཟིགས་དབང་དེས། །བོད་ཡུལ་ཡི་དྭགས་དུད་འགྲོའི་འགྲོ་བ་ཀུན། །མི་ལུས་ཐོབ་ཏུ་རུང་བའི་དུས་གཟིགས་ནས། །པོ་ཊ་ལ་ཡི་རི་ལ་གནས་པ་ཡི། །སྤྲེའུ་ཞིག་སྤྲུལ་ཡོངས་རྫོགས་དགེ་བསྙེན་བྱིན། །ཏིང་འཛིན་རྫུ་འཕྲུལ་ལྡན་པར་བྱིན་བརླབས་ནས། །ཁ་བ་ཅན་གྱི་ཡུལ་འདིར་སྒོམ་དུ་བཏང༌། །དེ་ཡིས་བྲག་རི་རོག་པོ་ཅིག་དུ་བསྒོམས། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་སྐྱེད་སྦྱངས། །སྟོང་པ་ཉིད་ལ་མོས་པས་སྤྱོད་པའི་ཚེ། །ལྷ་མོ་(ཇ༣བ)


PTT001_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་མས་སྤྲུལ་པ་བྱས་པ་ཡི། །བྲག་སྲིན་མོ་ཞིག་དེར་འོངས་ཆགས་པའི་བརྡ། །ཉིན་ཞག་འགའ་བྱས་སྤྲེའུའི་སེམས་མ་གཡོས། །ཕྱི་ནས་མི་མོ་མཛེས་མར་ལུས་བསྒྱུར་ནས། །བདག་གི་ཁྱིམ་ཐབ་མཛོད་ཅེས་གསོལ་བ་བཏབ། །སྤྲེའུས་ང་ནི་འཕགས་པའི་དགེ་བསྙེན་ཡིན། །དེ་ལྟར་མི་རུང་སོང་ཞིག་ཞེས་སྨྲས་པས། །ཐ་མར་སྙིང་རྗེར་ངུ་ཞིང་སྨྲེ་སྔགས་འདོན། །བདག་ནི་ལས་ཀྱིས་སྲིན་མོའི་རིགས་སུ་སྐྱེས། །ཁྱོད་ལ་ཆགས་ཤིང་ཞེན་པས་གསོལ་བ་འདེབས། །ཁྱོད་ཀྱིས་བདག་གི་ཁྱིམ་ཐབ་མི་བྱེད་ན། །ཐ་མར་སྲིན་པོ་ཅིག་དང་འགྲོགས་ནས་ནི། །ཉིན་ཞག་རེ་ལའང་སྲོག་ཆགས་ཁྲི་ཕྲག་གསོད། །སྲིན་པོའི་ཕྲུ་གུ་འཕེལ་བས་གང་གྱུར་སྟེ། །ཁ་བ་ཅན་འདི་སྲིན་པོའི་གླིང་དུ་འགྱུར། །འཛམ་གླིང་སྐྱེ་བོ་མ་ལུས་ཟ་བར་བྱེད། །དེ་བས་བདག་ལ་དགོངས་མཛོད་ཟེར་ཞིང་ངུས། །སྤྲེའུ་སྙིང་རྗེས་བརླན་གྱུར་ཅི་བྱ་སྙམ། །སྐད་ཅིག་ཙམ་གྱིས་པོ་ཊ་ལ་རུ་སོང༌། །བདག་གིས་དགེ་བསྙེན་སྡོམ་པ་སྲོག་བཞིན་བསྲུངས། །བདུད་རིས་སྲིན་མོས་བདག་ལ་འདི་ལྟར་གཙེས། །དེ་ལས་ཐབས་གང་གིས་ནི་སྲུང་བར་དགྱིད། །བྱམས་མགོན་ཐུགས་རྗེ་ཅན་གྱིས་གཟིགས་སུ་གསོལ། །འཕགས་པའི་ཞལ་ནས་དེ་ཡི་ཁྱིམ་ཐབ་གྱིས། །ཁྱོད་ཀྱི་གཞན་དོན་རླབས་ཆེན་འགྱུར་རོ་གསུང༌། །འཕགས་མ་ཁྲོ་གཉེར་ཅན་དང་སྒྲོལ་མ་ཡིས། །དེ་ནི་ཤིན་དུ་ལེགས་ཅེས་མཐུན་གྱུར་མཛད། །བོད་ཁམས་ཁ་བ་ཅན་གྱི་ཡུལ་འདི་རུ། །ཐུབ་བསྟན་དར་རྒྱས་ཡུན་རིང་གནས་པ་དང༌། །དགེ་བའི་བཤེས་གཉེན་རྒྱུན་མི་འཆད་པ་དང༌། །རིན་ཆེན་གཏེར་ཁ་དུ་མ་བྱེ་བ་སྟེ། །ཡོན་ཏན་གསུམ་དང་ལྡན་པར་བྱིན་གྱིས་བརླབས། །སྤྲུལ་པའི་སྤྲེའུ་བྲག་སྲིན་འདུས་པ་ལས། །རིས་དྲུག་ནས་འཕོས་སྤྲེའུ་ཕྲུག་དྲུག་ཞིག་བྱུང༌། །གཅིག་ནི་དམྱལ་བའི་གནས་ནས་ཚེ་འཕོས་པས། །ངོ་ནག་མི་སྡུག་སྡུག་(ཇ༤ན)


PTT001_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

སྲན་ཆེ་བར་སྣང༌། །ཡི་དྭགས་ནས་འཕོས་ཟས་སྲེད་སེར་སྣ་ཆེ། །དུད་འགྲོའི་སྐྱེ་བ་གླེན་ལ་གཟུགས་བྱད་ངན། །ལྷ་མིན་ནས་འཕོས་ཐུ་ལ་ཕྲག་དོག་ཆེ། །མི་ནས་འཕོས་དེ་སེམས་ཆུང་ཤེས་རིག་རྒྱས། །ལྷ་ལས་འཕོས་དེ་རྒྱུད་དགེ་བྱད་བཞིན་བཟང༌། །དེ་ཀུན་ཕ་ཡིས་ཤིང་ཏོག་གིས་གང་བ། །ནགས་མ་བྱ་ཚོགས་ཅན་ཞེས་བྱ་བར་བསྐྱལ། །ལོ་འགའ་ལོན་ནས་བལྟ་རུ་ཕྱིན་པའི་ཚེ། །དེ་ལས་མི་མིན་སྤྲེའུ་མིན་བཞི་བརྒྱར་འཕེལ། །ཤིང་ཐོག་ཟད་ཅིང་བཀྲེས་པས་འཐབ་ཅིང་རྩོད། །ཡི་དྭགས་ལྟ་བུ་སྙིང་རྗེའི་གནས་སུ་མཐོང༌། །རང་གིས་གསོས་པས་མ་སོས་རབ་ཏུ་ངལ། །ཀ་བཀོལ་མ་ལས་དང་པོ་ཕྲུ་གུ་གཅིག་དུ་བཤད་ལ་བཀའ་ཆེམས་སྤྱི་ལས་དྲུག་དུ་སྣང་ཞིང་གང་ནའང་ཕྱིས་མང་དུ་འཕེལ་བ་དུམ་བུ་བཞིར་ཆད་དེ་རྩོད་པས་བོད་ཀྱི་མི་བུ་རིགས་བཞི་ཞེས་སེ་དང་རྨུ་ལྡོང་དང་སྟོང་གི་རུས་ཚན་བཞི་བྱུང་བར་གྲགས་ཤིང་ཡང་དབྲ་དང་འདྲུ་བསྣན་ནས་མི་བུ་རིགས་དྲུག་དུའང་གྲག་གོ །རྫུ་འཕྲུལ་མཐུ་ཡིས་པོ་ཊ་ལ་རུ་སོང༌། །འཕགས་པའི་དྲུང་དུ་ཐལ་སྦྱར་གསོལ་བཏབ་པ། །ཀྱེ་མ་ཁྱིམ་ཐབ་འཁོར་བའི་བཙོན་ར་དང༌། །བུད་མེད་བདུད་ཀྱི་ཕོ་ཉར་མ་ཤེས་ལ། །འདོད་པ་དུག་གི་ལོ་མར་མ་རྟོགས་པས། །བུ་ཚ་འཁོར་བའི་འདམ་དུ་བདག་ཚུད་ཏོ། །སྙིང་རྗེས་ཆགས་པར་གྱུར་པས་བདག་བསླུས་སྟེ། །འདོད་པས་བསྡམས་ཅིང་སྡུག་བསྔལ་རི་ཡིས་ནོན། །ཉོན་མོངས་དུག་ཟོས་ལས་ངན་རིམས་ཀྱིས་བཏབ། །སྡུག་བསྔལ་ཕུང་པོས་བདག་ཉིད་བསླུས་པར་གྱུར། །ཀྱེ་ཧུད་ད་ནི་བུ་ཚ་ཇི་ལྟར་གསོ། །འཕགས་པའི་བཀའ་བསྒྲུབས་བདག་ནི་འདི་ལྟར་གྱུར། །ད་ལྟ་ཡི་དྭགས་གྲོང་ཁྱེར་དངོས་སུ་འདུག །ཕྱི་མ་དམྱལ་བར་སྐྱེ་བར་ཐེ་ཚོམ་མེད། །བྱམས་མགོན་བདག་ལ་སྐྱོབ་པར་མཛོད་ཅེས་གསོལ། །སྤྱན་རས་གཟིགས་དབང་ཞལ་ནས་རིགས་ཀྱི་བུ། །སྡུག་བསྔལ་མི་དགོས་ཁྱོད་ཀྱི་སྤྱོད་པ་ལེགས། །(ཇ༤བ)


PTT001_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱི་རིགས་བརྒྱུད་དེ་རྣམས་མིར་གྱུར་ནས། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་འགྱུར། །དེ་ཀུན་ང་ཡིས་ཆོས་དང་ཟང་ཟིང་གིས། །ཀུན་ནས་སྐྱོང་ཞེས་བཞེངས་སྟེ་བོད་ཡུལ་གཟིགས། །རི་རབ་ཟོམ་ནས་འབྲུ་སྣ་ལྔ་ནས་གྲོ་སྲན་བྲ་སོ་བླངས་སྟེ། །བོད་དུ་གཏོར་བས་མ་རྨོས་ལོ་ཏོག་བྱས། །རིན་ཆེན་སྣ་ལྔ་གསེར་དངུལ་ཟངས་ལྕགས་བཤའ་ཕྱག་གིས་བཅུས་ནས་གཏོར། །སྨོན་ལམ་མཛད་པས་མ་འོངས་སྐབས་སྐབས་སུ། །རིན་ཆེན་གཏེར་ཀུན་ས་ལས་རིམ་གྱིས་འབྱུང༌། །བྱང་ཆུབ་སེམས་དཔའས་རང་གི་རིགས་བརྒྱུད་རྣམས། །ཁྲིད་དེ་མ་རྨོས་པ་ཡི་ལོ་ཏོག་བསྟན། །འདི་ཟོ་དང་ཞེས་སྨྲས་པས་ཟོ་དང་གོང་པོ་རི་དང༌། འདིར་རྩེ་མོ་རྩེས་དང་བྱས་པས་རྩེད་དང་དུ་མིང་ཆགས་ཅེས་གྲག་གོ །ལོ་ཏོག་ཟོས་པས་དེ་ཀུན་མི་ཉིད་གྱུར། །མ་རྨོས་འབྲུ་ཟ་གོས་སུ་ཤིང་ལོ་གྱོན། །ནགས་ན་རི་དྭགས་ལྟ་བུར་གནས་པ་ཡི། །ཀློ་དང་མོན་ལྟར་སྤྱོད་པས་བོད་ཡུལ་གང༌། །ཀུན་ཀྱང་ཕ་རིགས་མ་རིགས་གཉིས་སུ་གནས། །སྤྲེ་འུ་བྱང་སེམས་ཕ་ཡི་རིགས་བྱུང་རྣམས། །དད་བརྩོན་བརྩེ་ལྡན་གཏོང་ཕོད་དག་ལ་དགའ། །རྒྱུད་འཇམ་ཚིག་བཙུན་སྨྲ་མཁས་ངང་ཚུལ་བཟང༌། །འོན་ཀྱང་སེམས་ཆུང་ལུས་སེམས་ཡང་བ་ཡིན། །བྲག་སྲིན་མ་ཡི་རིགས་གྱུར་གཙོ་ཆེ་རྣམས། །ཉོན་མོངས་ཆེ་ཞིང་འགྲན་སེམས་ཕྲག་དོག་རྒྱས། །ཟས་ནོར་ལ་སྲེད་ཁྲོ་གཏུམ་གཞན་སྐྱོན་སྒྲོག །འོན་ཀྱང་ལུས་ཤེད་སྙིང་སྟོབས་ཆེ་བ་ཡིན། །གཉིས་ག་སྤྲུལ་པ་ཡིན་པས་མི་ཀུན་ཀྱང༌། །ཆོས་ཀྱི་སྣོད་ཏུ་རུང་བ་མང་བ་ཡིན། །དེ་ལྟར་བོད་ཡུལ་མི་ཡི་འགྲོ་བ་དར། །དེ་ཚེ་རྒྱལ་ཕྲན་སིལ་མ་བཅུ་གཉིས་དང༌། །མཐའ་མར་རྒྱལ་ཕྲན་བཞི་བཅུས་མངའ་དབང་བྱས། །མཆིམས་ཡུལ་གྲུ་ཤུལ་ན། མཆིམས་རྗེ་ནི་གུ་ཡོད། བློན་པོ་སྣང་དང་དེང༌། ༡ ཞང་ཞུང་ཡུལ་ན་ནི། རྒྱལ་པོ་ལེགས་སྙ་ཤུར། རྨ་དང་ར་སངས་བློན། ༢ དེ་བཞིན་དུ་མྱང་རོ་ཕྱོང་དཀར་ན་གཙང་རྗེ་ཐོད་དཀར་བློན་པོ་གནང༌། ༣ གནུབས་ཡུལ་གླིང་དགུ་ན་སྣུབས་རྗེ་དམིགས་པ་བློན་པོ་རྨེའུ་དང་འབྲོ། ༤ ཉང་རོ་ཤམ་བོར་ལོ་རྔམ་རྗེ་འབྲོམ་བློན་པོ་ཤེ་སུག་གཉིས། ༥ ཀྱི་རི་ལྗོན་སྔོན་ན་ཀྱི་རྗེ་རྨད་པོ་བློན་པོ་ངམ་དང་འབྲོ། ༦ དམ་ཤོད་ཁྲ་སྣར་ཟིངས་རྗེ་ཁྲི་འཕྲང་གསུམ་བློན་པོ་(ཇ༥ན)


PTT001_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

མགར་དང་གཉན། ༧ འོལ་ཕུ་སྤང་མཁར་དུ་ཟིང་རྗེ་ཐོན་ཕྲེང་བློན་པོ་རྔོག་དང་སྦས། ༨ ཀྲྀཥྞ་རོལ་མོ་གོང་དུ་བྲང་རྗེ་གོང་ནམ་བློན་པོ་སྤྲད་དང་ཞུགས། ༩ ཀོང་ཡུལ་བྲེ་སྣ་ཀོང་རྗེ་ཀར་པོ་ཏུག་དང་མཁར་བ་བློན། ༡༠ ཉང་ཡུལ་རྣམ་གསུམ་ན་ཉང་བཙུན་གླང་རྒྱལ་བློན་པོ་བུག་དང་ངོ་རྗེ། ༡༡ དྭགས་ཡུལ་གྲུ་བཞི་ན་དགས་རྗེ་མང་པོ་རྒྱལ་བློན་པོ་རླངས་སྐམ་གཉིས། ༡༢ སིལ་མ་བཞི་བཅུ་ནི། ཡུལ་ནི་འབྲོག་མོ་རྣམ་གསུམ་ན། །རྒྱལ་པོ་སེ་མི་ར་ཁྲིད་བཞུགས། །དེ་ཡི་བློན་པོ་ཀ་རེ་ན། །ཞེས་སོགས་སྟེ། གཡེ་མོ་ཡུལ་དྲུག་ན་གཡེ་རྗེ་མཁར་བ་བློན་པོ་རྦ་དང་སྟུག །སེ་མོ་གྲུ་བཞི་ན་གཉགས་རྗེ་གྲུ་འཕྲང་སེ་དང་ཉང་གཉིས་བློན། །ཞེས་སོགས་གྲག་གོ །རྒྱལ་ཕྲན་དེ་རྣམས་འཐབ་རྩོད་གསོད་གཅོད་དགའ། །ལེགས་ཉེས་མི་རྩི་བཀྱོན་འབེབས་བཙོན་རར་འཛུད། །མཐའ་བཞིའི་རྒྱལ་པོས་རྟག་དུ་མནར་ཞིང་གཙེ། །རྒྱ་ནག་རྒྱལ་པོ་ཤིང་ལ་སྦྲུལ་ལྟར་འཁྲི། །རྒྱ་གར་རྒྱལ་པོ་ལུག་ལ་སྤྱང་ལྟར་འཇབ། །སྟག་གཟིག་རྒྱལ་པོ་བྱ་ཁྱུར་ཁྲ་ལྟར་རྒྱུག །གེ་སར་རྒྱལ་པོ་ཤིང་ལ་རྟ་ལྟར་འཚབ། །ཅེས་སྐད་ཏོ། །འཐབ་ཏུ་མི་ཐུབ་བོད་ལ་དམག་གྲངས་ཉུངས། །ཡུལ་གཞན་འགྲོ་རུ་རྒྱལ་ཕྲན་གྱིས་མི་སྟེར། །ཐང་ལ་མི་ཆགས་བྲག་རི་བཙན་པོ་འཛིན། །བཟའ་བཏུང་མི་རྙེད་བཀྲེས་སྐོམ་སྡུག་བསྔལ་ཆེ། །བོད་ཡུལ་མི་རྣམས་རབ་ཏུ་སྡུག་བསྔལ་ཆེ། །འཕགས་པའི་ཐུགས་རྗེས་བྱིན་གྱིས་བརླབས་པ་ཡིས། །གཉའ་ཁྲི་བཙན་པོ་བོད་ཡུལ་རྗེར་གཤེགས་ནས། །བོད་འབངས་བདེ་ཞིང་སྐྱིད་པར་མཛད་པ་ཡིན། །འདི་ཉིད་མི་ཡི་ཡུལ་དུ་བྱོན་ཚུལ་ནི། །གནམ་གྱི་རིམ་པ་བཅུ་གསུམ་སྟེང་ཞེས་པ། །གཟུགས་ཁམས་འོད་གསལ་གྱི་ནི་ལྷ་རིས་ནས། །སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས་པའི་མཐུས། །ཐུགས་རྗེས་ས་སྟེང་གཤེགས་སྟེ་མི་རྗེ་མཛད། །འདི་ལ་བསྒྲགས་པ་བོན་ལུགས་ཅེས་གྲགས་ཀྱང༌། །ཕྱྭ་དང་གནམ་ལ་དགའ་ཞིང་བླུན་པ་ཡི། །བོད་ཡུལ་གནའ་མི་སྤྱི་མཐུན་གཟུང་ཕྱིར་བསྟན། །སྤྱིར་ཡོ་ག་ལྷ་གྱེས་ཅན་གྱི་ལུགས་ལ་རྩིབས་ཀྱི་ལྷ་ཀརྨ་ཡོལ་སྡེས་སྤྱན་དྲངས་པ་དང༌། ལྷ་གླང་རུ་དཀར་སོགས་དཀོན་ནོར་བརྫངས་ཚུལ་སོགས་དང༌། སྲིད་པའི་ལྷ་ཕལ་(ཇ༥བ)


PTT001_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་གྱི་བྱུང་ཚུལ་དང་བཅས་པ་སྣང་ངོ༌། །མི་རྗེ་ལྷས་མཛད་འཛམ་གླིང་ཡུལ་གཞན་ལས། །ཁྱད་དུ་འཕགས་པར་འཆད་ཕྱིར་དམད་མི་བྱ། །ཡང་གསང་མི་མིན་ལུགས་ཞེས་ཟེར་བ་ནི། །མཐོང་སྣང་ཐ་དད་ཙམ་ལ་འགལ་བ་མེད། །གཞན་དུ་རིགས་མཐོན་རྣམས་ཀྱི་རིགས་མི་དམད། །གསང་བ་ཆོས་ལུགས་འཇམ་དཔལ་རྩ་རྒྱུད་ལས། །ལི་ཙྭ་ཝི་ཡི་རིགས་བྱུང་ཞེས་གསུངས་ཕྱིར། །རིགས་མཆོག་གཽ་ཏམ་ཤཱ་ཀྱའི་བརྒྱུད་པར་གསལ། །འདི་དག་དུ་ལི་ཙཱ་ཝིའི་བརྒྱུད་པ་གཟུགས་ཅན་སྙིང་པོ་དང་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ཡིན་བྱ་བ་དང༌། གཏུམ་པོ་རབ་སྣང་གི་བུ་ཤར་པ་ཞེས་བྲིས་པ་དང༌། སྟོན་པ་ཤཱ་ཀྱའི་རྒྱལ་པོ་བྱོན་པའི་འོག་དུ་སྐྱ་སེང་བུ་ལྔ་སོགས་བྱུང་བར་བྱས་ནས་རུ་པ་ཏི་ལུང་བསྟན་གྱིས་མདོ་ཡོད་བྱ་བ་དང༌། ཀུན་མཁྱེན་བུས་སྟོད་འགྲེལ་གྱི་ལུང་གིས་བོད་སྤྱི་མི་རྣམས་རུ་པ་ཏི་ལས་མཆེད་པ་དང༌། བོད་ས་ལའི་རྒྱལ་པོ་འཆར་བྱེད་དམ། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལམ། གཟུགས་ཅན་སྙིང་པོའི་སྲས་ཆུང་བ་སྟོབས་ཆུང་གི་སྲས་ལྔ་ཚིགས་ཅིག་སོར་མོ་དྲ་བས་འབྲེལ་པ་སོགས་མཚན་ལྡན་ཞིག་བྱུང་བ་ལྟས་ངན་དུ་དོགས་པས་ཟངས་སུ་བཅུག་ཆུར་བསྐྱུར་བ་ཞིང་པར་བརྙེད་ནས་གསོས་པ་ཕྱིས་སྐྱོ་བས་བྲོས་པ་བོད་ཀྱི་རྗེར་བཅོལ་ཞེས་སོགས་མང་དུ་སྣང་ཡང་དག་པར་མ་མཐོང་སྟེ་སྐྱ་སེང་བུ་ལྔ་ནི་སྟོན་པ་ལས་ཆེས་སྔ་སྟེ་སྟོན་པ་དགའ་ལྡན་ནས་གཤེགས་ཚེ་འཛམ་གླིང་གི་གང་དུ་སྐྱེ་བར་རིགས་ཞེས་ལྷ་རྣམས་འགྲོ་བ་ན་ལྷའི་བུ་ཁ་ཅིག་གིས་སྐྱ་སེང་གི་རྒྱུད་གླང་པོའི་གྲོང་གི་རྒྱལ་པོ་འདི་འོས་སོ་ཞེས་ཟེར་བ་ལ་གཞན་རྣམས་ཀྱིས་འདི་ནི་རྒྱུད་རྣམ་པར་འཁྲུགས་པ་ཡིན་སྟེ་འདི་ལྟར་གཡུལ་ངོར་བརྟན་པ་ཆོས་ཀྱི་བུ། འཇིག་སྡེ་ལ་རླུང་གི་བུ། སྲིད་སྒྲུབ་ལ་དབང་པོའི་བུ། རིས་མེད་དང་ལྷར་བཅས་ལ་ཐ་སྐར་གྱི་བུ་ཞེས་ཟེར་སྟེ་རྒྱུད་རྣམ་པར་འཁྲུགས་པས་ན་མི་རིགས་སོ་ཞེས་བསྒྲགས་པར་རྒྱ་རོལ་ལས་བཤད་ཏོ། །གཟུགས་ཅན་སྙིང་པོ་སོགས་ཀྱང་ཤཱཀྱའི་རིགས་སུ་མདོ་ལས་བཤད་པ་མ་མཐོང་ལ། སྤྱིར་གཟུགས་ཅན་སྙིང་པོ། གསལ་རྒྱལ། རབ་སྣང༌། ཤར་པ་བཞི་པོ་སྟོན་པའི་དགུང་མཉམ་བཞིའི་རེ་རེ་ཡིན་ཞིང་ཕལ་ཆེར་སྟོན་པའི་གོང་དུ་འདས་པར་འདུལ་བ་ལུང་ལས་གསུངས་པས་སྟོན་པ་འདས་ནས་བྱུང་བ་འདྲ་བའི་ལོ་རྒྱུས་དེ་རྣམས་མི་འགྲིག་ཅིང༌། སྤྱིར་རྒྱལ་པོ་དེ་རྣམས་ཀྱི་ཚེ་བྲམ་ཟེ་རིག་བྱེད་ཀྱི་སྨྲེང་དང་མཚན་བརྟག་པ་ལ་མཁས་པའི་མདུན་ན་འདོན་སོགས་མང་ཞིང་སྐྱེ་བོ་གྲམ་རྣམས་ཀྱང་སྒྱུ་རྩལ་དྲུག་བཅུ་རྩ་བཞི་པོ་སློབ་པའི་ཕྱིར་བུ་མཚན་དཔེ་(ཇ༦ན)


PTT001_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་བཙས་ན་ལྟས་ངན་དུ་དོགས་པ་ག་ལ་སྐྱེ། ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ་ཤེས་རབ་གོ་ཆས་མཛད་པར་སྔོན་སྐྱ་སེང་གི་བུ་ལྔ་དང་སྒྲ་ངན་དཔུང་ཚོགས་བཅུ་གཉིས་འཐབ་པ་ན་རྒྱལ་པོ་རུ་པ་ཏི་ཅེས་པ་འཁོར་བརྒྱ་དང་བཅས་ལ་བུད་མེད་ཀྱི་ཆས་སུ་ཞུགས་ནས་རི་ཁ་བ་ཅན་གྱི་ཁྲོད་དུ་བྲོས་པ་འཕེལ་བ་ལ་དེང་སང་ཡང་བོད་ཅེས་གྲགས་སོ། །ཞེས་བྱུང་བ་ཡང་བོད་མི་མཐའ་དག་གི་ཁུངས་ནི་མ་ཡིན་སྟེ་རུ་པ་ཏི་གཉའ་ཁྲི་བཙན་པོར་བྱེད་ན་དེའི་གོང་དུ་མི་མང་དུ་ཡོད་པར་གྲགས་པ་དང་འགལ་བའི་ཕྱིར་དང༌། མིན་ན་ཡང་བོད་ཡུལ་ན་ཤཱཀྱའི་རྒྱལ་བརྒྱུད་གཞན་ཡོད་པར་ཐལ་བའི་ཕྱིར་རོ། །དེས་ན་དེ་དག་ནི་བོད་དང་ཉེ་བ་མོན་ཡུལ་ཁ་ཅིག་ལ་བོད་ཀྱི་སྒྲར་བྱས་པ་དུ་མ་སྣང་བའི་དེ་ལྟ་བུ་ཞིག་དུ་ཟད་ཏོ། །ཡང་སྔོན་རབས་པ་མང་པོ་ཞིག་རྒྱལ་པོ་སྐྱབས་སེང་དང་དམག་བརྒྱ་པ་གཉིས་དུས་གཅིག་ལ་སྐྱེས་ཕྱིས་རྒྱལ་སྲིད་རྩོད་པ་ན་དམག་བརྒྱ་པ་ལ་བུ་བརྒྱ་ཡོད་པས་དམག་བརྒྱ་པར་གྲགས་ཤིང་སྐྱ་སེང་གིས་ལྷ་མཆོད་པས་དྲང་སྲོང་ཞིག་གིས་མི་མ་ཡིན་གྱི་བུ་ལྔ་བྱིན། དེ་རྣམས་ལ་ཡོན་ཏན་ཅི་ཡོད་དྲིས་པས་སོ་སོར་སྨྲས་ཅིང་སྲིད་སྒྲུབ་ཀྱིས་དམག་བརྒྱ་ཐམ་པ་ཐུབ་བྱས་པས། ཉམ་སད་པའི་ཕྱིར་འོ་ན་དམག་བརྒྱ་པ་ཐུལ་ཞིག་བྱས་པས་དེས་ཕ་དང་གོ་དགུ་པོ་བསད། ཐ་ཆུང་རུ་པ་ཏི་མཚན་དང་ལྡན་པ་དེ་བརྩོན་དུ་ཁྲིད་ནས་འོངས། སྐྱ་སེང་གིས་གསོད་པར་འཕངས་ནས་ཟངས་ནང་དུ་ཟས་སྐོམ་དང་གོས་དང་བཅས་སྟེ་ཆུར་བསྐྱུར་བ་ཞིང་པས་རྙེད་ནས་གསོས། ཕྱིས་བོད་ཡུལ་དུ་བྱོན་ནས་རྗེ་མཛད་ཟེར་ཡང་ལྷ་སའི་བཀའ་ཚིགས་ཆེན་མོར་གཉའ་ཁྲི་བཙན་པོ་ནས་ཐོ་ཐོ་རིའི་བར་ལོ་ལྔ་བརྒྱ་སོང༌། ཐོ་ཐོས་བརྒྱ་དང་ཉི་ཤུ་ཐུབ། དེ་ནས་སྲོང་བཙན་གྱི་བར་གྱི་བཞི་ལ་བརྒྱ་དང་བཅུ་གཅིག་སོང་བར་བཤད་པས་སྟོན་པ་འདས་ནས་ལོ་མང་ཞིག་ན་བོད་རྗེ་བྱོན་པར་གསལ་ལ། དམག་བརྒྱ་པའི་བུ་རུ་པ་ཏི་སོགས་སྟོན་པ་མ་བྱོན་པའི་གོང་དུ་བྱུང་བར་ངེས་སོ། །དེས་ན་སངས་རྒྱས་མྱ་ངན་ལས་འདས་ནས་རིང་ཞིག་ལོན་པ་ན་ཤཱ་ཀྱ་ལི་ཙྭ་ཝིའི་རྒྱུད་པ་མཚན་དཔེ་དང་ལྡན་པ་ཅིག་བོད་དུ་བྱོན་ནས་རྗེ་མཛད་པར་གསལ་ལ་དེ་མཚན་རུ་པ་ཏིར་གཅིག་པ་ཙམ་བྱུང་བ་ནི་མི་འགལ་ལོ། །འོན་ཀྱང་དེ་ཉིད་ཀྱི་ལོ་རྒྱུས་ངེས་པ་ཅན་བོད་དུ་སྔོན་གྲགས་པ་མི་སྣང་ངོ༌། །ཀ་བཀོལ་མ་ལས་ཤཱཀྱ་རི་བྲགས་པའི་རྒྱུད་པ་ཅེས་སྣང་ཡང༌། འཇམ་དཔལ་རྩ་རྒྱུད་ལས། ལི་ཙཱ་ཝི་རྣམས་རིགས་སུ་བྱུང༌། །ཞེས་ལུང་བསྟན་པས་ཡི་གེ་ཉམས་པར་ཟད་སྟེ་ཀ་བཀོལ་མའི་ཕྱི་མོ་ནུབ་ནས་ཕྱིས་ལྷ་སའི་དཀོན་གཉེར་གྱི་ངག་ལས་བྲིས་ཟེར་བ་སོགས་དུ་མ་སྣང་བའི་ཕྱིར་རོ། །སྤྱན་རས་གཟིགས་ཀྱིས་བྱིན་བརླབས་རྣམ་པར་(ཇ༦བ)


PTT001_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ། །ཤཱ་ཀྱ་ལི་ཙཱ་ཝི་ལས་འཕེལ་བ་ནི། །མཚན་དཔེ་རྫོགས་པ་སྐྱེས་བུ་ཆེན་པོ་ཅིག །ལྷ་ཡིས་སྤྱན་དྲངས་བོད་རྗེའི་ཐོག་མ་མཛད། །འོད་གསལ་ལྷ་ལས་བབ་དང་ཤཱཀྱ་ཡི། །རྒྱལ་རྒྱུད་ཡིན་པའང་འགལ་བ་མ་ཡིན་སྟེ། །ཟས་གཙང་སྲས་དང་དགའ་ལྡན་ལྷ་གནས་ནས། །བབས་པ་འགལ་བ་མེད་པ་ཇི་བཞིན་ནོ། །དང་པོར་ལྷ་རི་གྱང་ཐོའི་རྩེ་ལ་བབ། །ལྷ་རི་རོལ་པོ་བཙན་ཐང་སྒོ་བཞིར་བྱོན། །དེ་ཚེ་བོད་མི་སྐལ་ལྡན་འགའ་ཡིས་མཐོང༌། །བཙན་པ་ལྷོ་དང་གཉགས། བཙུན་པ་ཁྱུང་དང་སྣུབས། གཉན་པ་སེ་དང་སྲོ་སྟེ་ཡབ་འབངས་རུས་དྲུག་དང་ལྷ་བོ་ལྷ་སྲས། སེ་བོན་རྨ་བོན། ཅོག་ལ་བོན། ཞང་ཞུང་བོན། ཚེ་མི་བོན་སོགས་ཤེས་པ་ཅན་བཅུ་གཉིས་ཀྱིས་མཇལ། ལྟ་བས་མི་ངོམས་གཟུགས་ལ་ངོ་མཚར་སྐྱེས། །དྲིས་པས་ཕན་ཚུན་མ་གོ་བརྡ་མ་འཇལ། །མཛུབ་མོ་ནམཁར་ཀེར་བ་མཐོང་བ་ཡིས། །ལྷ་ཡུལ་གནམ་ནས་འོངས་པའི་བཙན་པོར་འདུག །འདི་ལ་བདག་ཅག་རྗེ་བོ་ཞུ་དགོས་ཟེར། །གཉའ་བར་ཁྲི་ལ་བཏེག་ནས་སྤྱན་དྲངས་པས། །མཐོང་ཐོས་ཐམས་ཅད་འདུད་ཅིང་ངོ་མཚར་སྐྱེས། །མཚན་དུ་གཉའ་ཁྲི་བཙན་པོ་ཞེས་བྱུང་གྲགས། །སྐུ་མཁར་ཐོག་མ་ཡུམ་བུ་བླ་སྒང་མཛད། །སུམ་པའི་བོན་པོ་ཨོ་ཡོང་རྒྱལ་བ་བཏུལ། །སྣུབས་ཇི་སྲིད་པ་རྒྱལ་ཕྲན་འབངས་སུ་འདུས། །རྒྱལ་པོ་དེ་སྲས་མུ་ཁྲི་བཙན་པོ་སྟེ། །དེ་ནས་དིང་ཁྲི་སོ་ཁྲི་མེར་ཁྲི་དང༌། །གདགས་ཁྲི་སྲིབས་ཁྲི་བཙན་པོ་ཅེས་བྱ་བ། །འདི་རྣམས་གནམ་ལ་ཁྲི་བདུན་ཞེས་སུ་གྲགས། །ཡུམ་གྱི་མཚན་གནམ་མུག་མུག་ཟེར། དེ་ལས་སྐྱེས་པས་མུག་ཁྲི་བཙན་པོ། དེ་བཞིན་དུ་ས་དིང་དིང༌། སོ་ཐམ་ཐམ། དོག་མེར་མེར། གདགས་ལྷ་དཀར་མོ། སྲིབས་ལྷ་སྔོན་མོ་རྣམས་ཡུམ་ཡིན་པས་སོ་སོའི་མཚན་བཏགས་ཅེས་ཀྱང་གྲག་གོ །རི་བྲག་མི་ཐོགས་མཁའ་ལ་གཤེགས་བཞུད་བྱེད། །ཉིན་བཞིན་སར་བྱོན་མཚན་བཞིན་མཁའ་ལ་གཤེགས། །སྲས་ཀྱིས་ཆིབས་ཁ་ཐུབ་པར་གྱུར་པ་ན། །རྨུ་ཐག་ལ་འཇུས་ནམཁར་གཤེགས་སོ་སྐད། །ལྷ་ལ་རོ་མེད་འཇའ་ཚོན་ལྟར་ཡལ་བས། །(ཇ༧ན)


PTT001_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

གྲོངས་ཀྱི་བང་སོ་གནམ་ལ་བཏབ་ཅེས་གྲགས། །དེ་ཡི་བཙུན་མོ་ས་བཙུན་ཀླུ་རྗེའི་སྲས། །འདི་འཁྲུངས་ཚེ་ཨ་ཕྱི་བདགས་ལྷ་དཀར་མོ་ལ་མཚན་ཅིར་གསོལ་དྲིས་པས་བླ་སྤང་དང་མ་དིང་མེས་མ་ཚིག་གམ་བླ་མཚོ་སྔོན་མོ་མ་སྐམས་སམ་བླ་བྲག་དཀར་པོ་མ་ཉིལ་ལམ། ཟེར་བ་ལ་དེ་རྣམས་མ་ཉམས་སྨྲས་ཀྱང་རྒན་མོ་རྒན་ཆེས་དབང་པོ་ཉམས་པས་ལོག་པར་གོ་སྟེ་འོ་ན་རྒྱལ་ས་མི་ཟིན་ཟེར་ནས་མཚན་ལོག་པར་བཏགས་ཅེས་གྲག །ཕྱི་མོས་མཚན་དུ་གྲི་གུམ་བཙན་པོར་གསོལ། །དེ་ཡི་བཙུན་མོ་གླུ་སྲིང་མེར་ལྕམ་ལ། །ཤ་ཁྲི་ཉ་ཁྲི་བྱ་ཁྲི་གསུམ་ཡང་བལྟམས། །དེ་ཚེ་རྒྱ་གར་ཡུལ་དང་སྟག་གཟིག་མཚམས། །གུ་རུ་ཝ་ཏ་ཅེས་བྱའི་ཡུལ་ཁམས་ནས། །མུ་སྟེགས་བོན་པོ་འ་ཞ་ཞེས་པ་བྱུང༌། །གནམ་ལ་འཕུར་ཞིང་ཁ་ནས་མངོན་ཤེས་སྨྲ། །ཤིང་ལ་འབྲེང་འདྲ་རྡོ་ལ་ལྷུ་གཟུག་འདྲལ། །རྟག་དུ་ཤ་ཆང་གིས་ནི་འདྲེ་མཆོད་བྱེད། །དེ་ལ་རྒྱལ་པོས་བླ་མཆོད་བཀུར་སྟི་མཛད། །གཡུ་ཡི་གཡུང་དྲུང་དཔའ་བའི་སྟག་སློག་དང༌། །འགིང་བའི་རལ་ཁས་བསྟོད་ཅིང་མངའ་ཐང་སྦར། །ཁུ་དང་ནུ་བས་ཆེ་ཞེས་ཨ་ཡང་བོས། །མུ་སྟེགས་ལྟ་ལོག་བོན་གྱི་བྱིན་རླབས་ཆུངས། །རྒྱལ་པོའི་ཐུགས་སུ་བདུད་རིས་གདོན་གསོལ་གྱུར། །ང་ལ་གྲི་གུམ་དུ་འདོགས་པ་ཙུག་ཡིན་ཟེར་བ་ལ་མཐར་གྲིར་གུམ་ཟེར་ནས་བཏགས་བྱས་པས་ཅིས་ཀྱང་གྲིར་འགུམ་ན་ང་གཞན་དང་འཐབ་ཟེར་ནས་འབངས་ལོ་ངམ་རྟ་རྫི་ལ་འཐབ་ཟླར་བཅོལ་ཡང་ཟེར། ཀ་བཀོལ་མ་ལས་ཁ་ཆེའི་རྒྱལ་པོ་དང་གཡུལ་སྤྲད་ནས་བོད་རྒྱལ་ནས་ལོག་པའི་ལམ་དུ་ཁ་ཆེའི་མི་ལུས་པ་ཅིག་ན་རེ། བོད་ཀྱི་དཔའ་བོས་གཞུ་ཀ་བ་ཙམ་ལ་མདའ་ཕྱ་མ་ཙམ་འཕེན་པ་བྱུང༌། ཕ་ཀི་ན་ཟེར་ནས་ཕ་བོང་ལ་ལྡེམ་མེ་འདུག་པ་དམག་མི་ཚོས་མཐོང་བས་ལ་ལ་ན་རེ་རྒྱལ་པོ་ཡིན་ཟེར། ལ་ལ་ན་རེ་འབངས་ལོ་ངམ་རྟ་རྫི་ཡིན་ཟེར་བས་དེ་གཉིས་གང་ཡིན་བརྟག་པའི་སྙན་ཕྲ་བཅུག་པས་རྒྱལ་པོས་རྩལ་འགྲན་ཟེར་བ་ལ་ལོ་ངམ་གྱིས་ངས་མ་ཐུབ་ན་ང་ལ་ཆད་པ་འོང་སྙམ་ནས་གྱ་ལོག་སྨྲས་ཟེར། གང་ནའང་ཉང་རོ་རྩིབས་ཀྱི་ཐལ་བ་ཚལ་དུ་སྐར་མ་ས་རི་ས་ག་ལ་འཐབ་དུས་བཏབ། རྒྱལ་པོས་ཁྱི་མོ་ཉན་གྱི་རྣ་གསང་བྱ་བ་ཉན་པོ་བྱེད་དུ་བཏང་བ་ཁོས་གོ་ནས། རྒྱལ་པོ་དབུ་ལ་དར་ནག་གི་ཐོད་བཅིངས་དཔྲལ་བར་མེ་ལོང་བཏགས། (ཇ༧བ)


PTT001_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་པ་གཡས་ལ་ཝ་རོ་དང༌། གཡོན་ལ་ཁྱི་རོ་བཀལ། བ་དམར་གླང་དམར་བརྒྱ་ལ་ཐལ་སྒྲོ་སུམས་པ་བཀལ། རལ་གྲི་གླང་བྱ་ཕོ་ཀླད་ལ་སྐོར་ཞིང་བྱུང་ན་མི་ཐུབ་ཅེས་སྨྲས་པས་རྒྱལ་པོས་དེ་ཐམས་ཅད་བྱས། འཐབས་པས་ས་རི་ས་ག་རླུང་སྐར་དུ་སོང་བས་རླུང་དམར་ཆེན་པོ་བྱུང༌། བསོ་བཏབ་པས་བ་ལང་འདྲོགས་སྟེ་ཐལ་སྒྲོ་རྣམས་རལ་ཐལ་ཚུབ་ཀྱིས་མིག་འགྲིབས། དར་ནག་གི་ཐོད་དང་ཝ་རོ་དང་ཁྱི་རོས་རྗེའི་མགུར་ལྷ་དང་དགྲ་ལྷ་ཕོ་ལྷ་གསུམ་པོ་ཡལ། རལ་གྲི་བསྐོར་བས་རྨུ་ཐག་དང་རྨུ་སྐས་ཆད། ལོ་ངམ་གྱིས་དཔྲལ་བའི་མེ་ལོང་ལ་མདའ་འཕངས་ནས་བཀྲོངས་སྐད། རྒྱལ་ཕྲན་ལོ་ངམ་རྟ་རྫི་བྱ་བ་ལ། །འཐབ་ཟླ་བཅོལ་སྟེ་འཐབས་པས་གྲི་རུ་བཀྲོངས། །ཟངས་ཀྱི་ག་འུར་སྤུར་བཅུག་ལྕགས་གཟེར་བཏབ། །ཉང་ཆུ་སྐྱ་མོའི་ནང་དུ་བོར་བར་གྱུར། །རྒྱང་མཁར་པ་ཚབ་ཡུལ་དུ་དགུང་བདུན་ཆགས། །ཁྲི་འཐང་དགུར་མོར་དགུང་ཞག་བཅུ་གསུམ་ཆགས། །ཀོང་པོར་ཁྱེར་སྟེ་ཀླུ་སྲིན་ཧོ་སྟེ་རེའི། །བྲན་མོ་བྱེ་མ་ལག་རིང་ཞེས་པས་ཟིན། །མཛོད་ནང་དཀོར་གྱི་དམ་པ་བྱས་ཅེས་གྲག །ལྷ་སྲས་མཆེད་གསུམ་ཡབ་ཀྱི་དཀོར་མཛོད་ནས། །ལྷ་ཡི་གླང་བུ་ཅེ་འུ་རུ་དཀར་ཞེས། །འཕུར་ཤེས་བཞོན་ནས་ཀོང་པོའི་ཡུལ་དུ་བྲོས། །གཅེན་པོ་ཤ་ཁྲིས་ཀོང་གི་རྗེ་བོ་མཛད། །འབྲིང་པོ་བྱ་ཁྲིས་པོ་བོའི་མངའ་དབང་མཛད། །ཆུང་བ་ཉ་ཁྲིས་ཉང་པོའི་རྗེ་མཛད་སྐད། །ལོ་ངམ་གྱིས་ནི་ལྷ་གཅིག་ཆུང་མར་བཟུང༌། །ལྕམ་སྲིང་བཞི་ཡི་ཡུམ་ལ་རྟ་རྫི་བཅོལ། །རྟ་འཚོར་ཕྱིན་སྟེ་གཉིད་ལོག་རྨི་ལམ་དུ། །མི་དཀར་མཛེས་པ་ཅིག་དང་བཤོས་པ་རྨིས། །སད་ཚེ་གཡག་དཀར་ཞིག་ནི་སོང་བ་མཐོང༌། །ཟླ་བ་ཚང་ནས་ཁྲག་རླངས་འགུལ་བ་བཙས། །འབྲོང་རུ་དྲོན་མོར་བཅུག་ནས་འོ་མས་བྲན། །དྲོད་ཀྱིས་བཙོས་པས་དེ་ཡི་ནང་ནས་ནི། །ཁྱེ་འུ་མཛེས་ཅིང་ལྟ་ན་སྡུག་པ་བྱུང༌། །རུ་ལས་སྐྱེས་དང་ངར་སོས་པོ་ཅེས་བཏགས། །ལོ་བཅུ་ལོན་ཚེ་ཕ་དང་ཕུ་བོ་འདྲི། །རྒྱལ་པོའི་གདུང་དང་དཔུན་ཟླ་འཚོལ་དུ་ཕྱིན། །རྒྱལ་པོའི་སྐུ་གདུང་ཀོང་ནས་རྙེད་ན་ཡང༌། །བསླངས་པས་མ་སྟེར་རྐུ་བར་མ་ཐོབ་ནས། །སྤུར་འདིས་ཀླུ་རྣམས་མཁའ་ལྡིང་འཇིགས་ལས་བསྐྱབས། །(ཇ༨ན)


PTT001_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཕྱིར་ནོར་གྱི་དམ་པ་ཡིན་མོད་ཀྱང༌། །མི་མོ་བཅུ་དྲུག་ལོན་པ་བྱ་མིག་ཅན། །དེ་མར་བྱུང་ན་བླུ་རུ་བཏང་ངོ་སྐད། །དེ་བཙལ་བས་གཡེའི་གངས་བར་ཡུར་གོང་ནས་བུ་མོ་དགེ་ཡུམ་བྱ་བ་ཞིག་རྙེད་སྟེ་ཕ་ན་རེ་གསེར་བུ་མོ་ཙམ་ཞིག་འདོད་ཟེར། མ་ན་རེ་སྲིད་ཀྱི་བུ་ཡོང་བའི་ཐབས་སུ་སྤུར་དེ་ལ་མཚར་གྱི་ལྕག་བརྒྱ་དང་མཚལ་གྱི་ཐིག་བརྒྱད་བཅུ་འདེབས་སུ་ཆུག་ཟེར་ནས་དེས་བླུས་སྐད། བོན་ཚེ་ཅོ་གཉིས་ཀྱིས་གྲི་བརྟུལ་ཡང་མ་ཐུལ་ནས་པ་རའི་བུ་སྐྱི་རྒྱལ་མང་པོ་རྗེས་གྲི་སྲིད་བརྟུལ་སྟེ་སྤུར་ཡར་ལུངས་སུ་སྤྱན་དྲངས་སྐད། བླུས་ནས་སྤྱན་དྲངས་སྤུར་ཟངས་ཕྱེ་པའི་ཚེ། །སྤུར་དེས་ང་ར་ར་ཞེས་སྒྲ་བསྒྲགས་པས། །ཡུལ་དེའི་མིང་ཡང་ངར་པ་ཐང་དུ་ཐོགས། །འབངས་བསྐོར་ཞག་ནི་སུམ་བརྒྱ་དྲུག་བཅུ་བྱས། །དྲང་མོ་དྲང་ཆུང་རི་ཡི་ཟོམ་དུ་བཞུགས། །དེ་ཚེ་གནམ་ནས་གསེར་གྱི་ཐིག་གུ་བྱུང༌། །སྤུར་ལ་ཐིམ་པས་གནམ་ལྷ་གསེར་ཐིག་གྲག །དེང་སང་ཡུལ་དེའི་ལྷ་རུ་བཞུགས་སོ་སྐད། །རུ་ལས་སྐྱེས་ཀྱི་འཕྲུལ་དང་མཐུ་སྟོབས་ཀྱིས། །ལོ་ངམ་འཁོར་བཅས་བརྟུལ་ཞིང་ཚར་གཅོད་བྱས། །རུ་ལས་སྐྱེས་ཀྱིས་ལོ་ངམ་གྱི་ནང་མིར་ཞུགས་སྟེ་ཤ་ཁྱི་དཀར་མོའི་སྤུ་རྩར་དུག་བྱུགས་པ་བཀོར་དུ་ཕུལ་བ་ལ་ལོ་ངམ་གྱིས་བྱིལ་བྱིལ་བྱས་པས་དེ་མ་ཐག་དུ་ལུས་ཐམས་ཅད་སྲངས། གཡོག་རྣམས་ཁོ་ན་བའི་སར་འདུས་པའི་བར་ལ་ཉང་རོ་ཤམ་པོ་མཁར་གྱི་ཕ་རི་ལ་བྱ་རྒོད་ཀྱི་ཚང་ཡོད་པས་བྱ་རྒོད་ཀྱི་གསེབ་ཏུ་ཞུགས་སྟེ་ཉང་རོ་ཤམ་པོ་མཁར་རྩེ་ནས་ཕབ། ལོ་ངམ་ཕོ་བརྒྱ་མོ་བརྒྱ་བསད་སྐད། སྲས་རྣམས་རྒྱལ་སར་སྤྱན་འདྲེན་བྱས་པའི་ཚེ། །ཐོག་མཐའ་གཉིས་ནི་གཤེགས་སུ་མ་བཞེད་ནས། །པོ་བོའི་ཡུལ་ནས་འབྲིང་པོ་བྱ་ཁྲིས་བྱོན། །རྒྱལ་སར་བཏོན་ཚེ་ཡུམ་གྱིས་སྲས་ལ་འཇུས། །བུ་ཁྱོད་རྒྱལ་བརྒྱུད་མ་ཉམས་ཡིན་ངེས་ན། །རྒྱལ་སྲིད་བརྟན་ཞིང་རྒྱས་པར་ཤོག་ཞེས་སྨྲས། །དེ་ཚེ་བར་སྣང་གནས་པའི་ལྷ་རྣམས་ཀྱིས། །ཁྱོད་ཀྱི་བུ་དེ་ཀུན་ལས་རྒྱལ་འགྱུར་ཞེས། །བརྗོད་པ་ཐོས་པས་དེ་ཉིད་མཚན་དུ་ཆགས། །འབངས་ཀྱིས་སྒྲ་ཉམས་བུ་དེ་གུང་རྒྱལ་གྲགས། །རྒྱལ་པོའི་སྐུ་མཁར་འཆིང་བ་སྟག་རྩེ་བརྩིགས། །ཤམ་པོ་མཁར་གྱི་རྩི་ཕབ་ནས་(ཇ༨བ)


PTT001_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

རྨང་རྡོ་བྱས། ལྷ་གཅིག་གིས་ངའི་ལུས་ལ་ལོ་ངམ་གྱི་བུ་ཡོད་པ་རྨང་དུ་གནོན་ཞིག་ཟེར་ནས་སྲོག་དོར་བས་ཡུལ་དེའི་ལྷ་སྨན་ཞིག་བྱུང་བར་གྲགས། རྒྱལ་པོས་མི་མཆོག་རུ་ལས་སྐྱེས་ཁྱོད་ཀྱིས། །ང་ཡི་ཡབ་ཀྱི་གོ་བགྱིས་རྒྱལ་སར་བཏོན། །སྲས་ཀྱི་གོ་བགྱིས་ཡབ་ཀྱི་སྐུ་མཚལ་གཉེར། །ཆེ་ཆུང་མེད་པའི་མི་ཀུན་ཁྱོད་ལ་སྨོན། །མིང་ཡང་ཁུ་བོ་ལྷ་བུ་སྨོན་གཟུང་ཞེས། །བཏགས་ཤིང་དྲིན་དུ་གཟོ་བ་རྒྱ་ཆེར་བྱས། །རྒྱལ་པོས་ཁུ་བོར་ཁུར་བས་ཁུའི་རུས་སུ་ཐོགས་སྐད། བོད་ཡུལ་འཕྲུལ་བློན་མཛངས་པའི་མི་བདུན་གྱི། །ཐོག་མར་གྱུར་པ་རུ་ལས་སྐྱེས་འདི་ཡིན། །མཛངས་པའི་ལས་སུ་ཤིང་བསྲེགས་སོལ་བ་བྱུང༌། །དེ་ཡིས་རྡོ་བཞུ་གསེར་དངུལ་ཟངས་ལྕགས་ཕྱུང༌། །ཤིང་ལ་མིག་ཕུག་གཤོལ་དང་གཉའ་ཤིང་བྱས། །ས་གཞི་བརྐོས་ནས་ཕུ་ཆུ་ཡུར་དུ་དྲངས། །རྨོན་པ་དོར་བསྡེབས་སྤང་ཐང་ཞིང་དུ་རྨོས། །བརྒལ་བས་མི་ཐར་ཆུ་ལ་ཟམ་པ་བཙུགས། །རྨོས་པའི་ལོ་ཏོག་ཐོག་མར་འདི་ནས་བྱུང༌། །མ་འོངས་སྔགས་དང་འདུལ་བ་འབྱུང་བའི་ལྟས། །གནམ་བོན་གཤེན་པོ་ཆེ་དང་བོན་གཞུང་བྱུང༌། །གཤེན་ཡུལ་བོན་མོ་ལུང་རིང་ཞེས་ཟེར་བ་དབུས་ཀྱི་འོན་དུ་རུས་གཤེན་གྱི་བྱིས་པ་བོང་བུའི་རྣ་བ་ཅན་བྱུང་བ་ལོ་བཅུ་གཉིས་ལོན་ཚེ་འདྲེས་ཁྲིད་ནས་ལོ་བཅུ་གཉིས་སུ་མི་ཁྱུར་མ་ཚུད། ལོ་བཅུ་གཉིས་འདས་ནས་ལོག་བྱུང་ཚེ་ཡུལ་འདི་ན་འདྲེ་འདི་ཡོད་པ་འདི་ལྟར་མཆོད་ཐམས་ཅད་ཤེས་པ་ཅིག་བྱུང་ནས་བོང་བུའི་རྣ་བ་སྒྲིབ་པའི་ཕྱིར་བལ་ཐོད་བཅིངས་སྟེ་འདྲེ་མཆོད་པའི་རྡོལ་བོན་དར་ཞིང་གཞན་ཡང་འབྲས་བུའི་བོན་རིགས་ལྔ་གཡུང་དྲུང་བླ་མེད་ཀྱི་ཐེག་པ་ཞེས་འབྲས་བུ་བདེ་འགྲོ་མཐོ་རིས་ཐོབ་པར་འདོད་པ་དང༌། རྒྱུའི་བོན་རིགས་བཞི་སྐད་པ་སྣང་གཤེན་བལ་ཐོད་ཅན་གྱིས་ཕྱ་གཡང་འགུགས་མི་ནོར་རྒྱས་པར་བྱེད། འཕྲུལ་གཤེན་བལ་མཚོན་ཅན་གྱིས་ཡས་དང་མདོས་གཏོང་འགལ་རྐྱེན་སེལ། ཆ་གཤེན་ཇུ་ཐིག་ཅན་གྱིས་ལེགས་ཉེས་སྟོན་ཟག་བཅས་ཀྱི་མངོན་ཤེས་འཆད། དུར་གཤིན་མཚོན་ཆ་ཅན་གྱིས་གསོན་གཤིན་གྱི་རྩིས་བྱེད། ཐམས་ཅད་རྔ་གཤང་གི་སྒྲ་འཁྲོལ། འཇིམ་པའི་ཤ་བ་ན་མཁའ་ལ་འགྲོ་བ་དང༌། རྔ་ལ་བཞོན་ནས་འགྲོ་བ་སོགས་ཟག་བཅས་ཀྱི་རྫུ་འཕྲུལ་མང་པོ་ཡོད་སྐད། མདོ་སྡེ་འབྱུང་བའི་ལྟས་སུ་སྒྲུང་རྣམས་དར། །རོ་ལངས་གསེར་སྒྲུབ་ཀྱི་སྒྲུང་དང༌། མ་སངས་(ཇ༩ན)


PTT001_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྒྲུང་དང༌། མཆིལ་པའི་སྒྲུང་སོགས་ཉན་བཤད་དང༌། མངོན་པའི་སྡེ་སྣོད་འབྱུང་ལྟས་ལྡེ་འུ་སྤྲོད། །སྲང་ལ་ཐེམ་གཉེར་ཝ་བ་ཆེ་ཅི་ཡིན། པོར་མགོ་མགོ་ཅན་སྐྱེད་ཅིང་རྒྱགས་ཅི་ཡིན་ཞེས་འདྲི་བ་སོགས་སྟེ་བོན་སྒྲུང་ལྡེའུ་གསུམ་གྱི་ཚུལ་ལྷ་སའི་གདུང་རྣམས་ལ་བྲིས་ནས་ཡོད་སྐད། དེ་ཡིས་བོན་རྣམས་ཅུང་ཟད་བློ་ཁ་བྱེ། །རྒྱལ་པོ་ཡབ་སྲས་འདི་གཉིས་སྟོད་ཀྱི་སྟེངས། །སྟེངས་གཉིས་བང་སོ་རྫ་དང་གཡའ་ལ་བཏབ། །དེ་དང་བཙུན་མོ་འོམ་ཐང་སྨན་མཚོའི་སྲས། །ལེགས་དྲུག་ཐོག་མ་ཨི་ཤོ་ལེགས་ཅེས་བྱ། །དེ་ཡི་བློན་པོ་ལྷ་བུ་མགོ་དཀར་ཞེས། །ཁུ་ཁུ་རུ་ལས་སྐྱེས་ཀྱི་བུ་ཡིས་བྱས། །འཕྲུལ་བློན་མཛངས་མི་བདུན་གྱི་གཉིས་པ་ཡིན། །མཛངས་པའི་ལས་སུ་ཞིང་ལ་དོར་ཁ་བརྩིས། །འབྲོག་ལ་ཐུལ་རྩིས་ཕུ་ཆུ་ཡུར་དུ་དྲངས། །མདའ་རུ་ཆུ་མ་རྨོ་བ་འདི་ནས་དར། །རྒྱལ་པོ་དེ་ཤོགས་ལེགས་དང་ཐི་ཤོ་ལེགས། །གོང་རུ་ལེགས་དང་ལྔ་པ་འབྲོང་གཞེར་ལེགས། །ཤོ་ལེགས་རྣམས་ནི་ས་ལ་ལེགས་དྲུག་ཟེར། །ཡུམ་རྨུ་ལྕམ་བྲ་མ། ཀླུ་ལྕམ་མེར་མ། མཚན་མོ་གུང་སྨན། མཚོ་སྨན་འབྲོངས་མ། གནམ་སྨན་བུ་མོ་རྣམས་ཡུམ་ཡིན་ཟེར། འདི་དྲུག་རིང་ལ་འཆིང་བ་རྩེ་དྲུག་བརྩིགས། །སྟག་རྩེ། རྒོད་རྩེ། ཡང་རྩེ། ཁྲི་རྩེ། རྩེ་མོ་ཁྱུང་རྒྱལ། ཁྲི་བརྩིགས་འབུམ་གདུགས་དྲུག་ཡིན། ལེགས་དྲུག་བང་སོ་གཡའ་སྤང་མཚམས་སུ་བཏབ། །སྤང་ལ་འཇའ་ཚོན་རྒྱས་པ་འདྲ་འོ་སྐད། །དེ་ནས་རྒྱལ་པོ་ལྡེ་བརྒྱད་ཅེས་པ་བྱུང༌། །ཡུམ་རྨུ་ལྕམ་རྨང་ལེགས། མཚོ་སྨན་ཁྲི་དཀར། སེ་གཉན་མེར་མོ། ཀླུ་མོ་མེར་མོ། འོ་ཐ་ཏེ་མོ་མཚོ། ཁྲི་སྨན་རྗེ་མོ། ཁྲི་སེ་བཙུན་གཉན་མོ། སྨན་བཙུན་ལུག་སྐོང་རྣམས་ཀྱི་སྲས། ཟ་ནམ་ཟིན་ལྡེ། འཕྲུལ་ནམ་གཞུང་བཙན་ལྡེ། སེ་སྣོལ་ནམ་ལྡེ། སེ་སྣོལ་པོ་ལྡེ། ལྡེ་སྣོལ་ནམ། ལྡེ་སྣོལ་པོ། ལྡེ་རྒྱལ་པོ། ལྡེ་སྤྲིན་བཙན་སྟེ་བརྒྱད་ཏོ། །ལྡེ་བརྒྱད་བང་སོ་ཆུ་བོའི་གཞུང་ལ་བཏབ། །མཚོ་ལ་ཁ་བ་བབ་པ་འདྲ་འོ་སྐད། །བཙན་ལྔའི་ཐོག་མ་ཏོ་རེ་ལོང་བཙན་ཡིན། །ཡུམ་ཉེ་བཙུན་མང་མ་རྗེ། བློན་པོ་ཐོན་མི་འབྲིང་པོ་རྒྱལ། སྣུབས་སྨན་ད་རེ། སྟོང་འདར་རྗེ་རྣམས་ཀྱིས་བྱས་སྐད། འདི་ཡན་ཡུམ་རྣམས་ལྷ་མོ་ཀླུ་མོ་ཡིན། །བཙུན་མོའི་རྟེན་དོག་ལ་མི་འཚེར་ཞེས་སྤུར་མི་ཡོང་སྐད། དེ་ཕྱིར་ལྷ་སྲས་ལྡེ་སྲས་ཅེས་པར་(ཇ༩བ)


PTT001_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས། །འབངས་དང་གཉེན་བསྲེས་མན་ཆད་ལྡེ་སྲས་བཞག །དེ་ཡི་དོད་དུ་ལྷ་སྲས་བཙན་པོ་ཟེར། །དེ་དང་འོ་མ་ལྡེ་ཟ་ཁྲི་བཙུན་བྱང་མའི་སྲས་ཁྲི་བཙན་ནམ། བློན་པོ་སྣུབས་གཉའ་དོར་གཙུག་བློན་དང་སྲས་ཁྲི་ཟུང་མོང་ཁོང་གིས་བྱས། རྗེ་དེ་དང་སྨན་ཟ་ཁྲི་དཀར་གྱི་སྲས་ཁྲི་སྒྲ་སྤུངས་བཙན། བློན་པོ་མགར་སྒྲ་ཛི་མུན་དང་ཐོན་མི་གླུ་མང་དྲེད་པོས་བྱས། རྗེ་དེ་དང་སྨན་གསུམ་ཀླུ་སྟེང་གི་སྲས་ཁྲི་ཐོག་རྗེ་ཐོག་བཙན། བློན་པོ་མགར་གཉའ་བཙན་ལྡེམ་བུ་དང་སྣུབས་སྐྱེས་ཐོག་རྗེ་མོར་བཙན་གྱིས་བྱས། བཞི་པ་ཐོག་རྗེ་ཐོག་བཙན་སྐུ་རིང་ལ། །ལྷ་ཡི་རོལ་མོ་གླིང་བུ་ཅག་པར་བྱུང༌། །འདི་ཡན་གདུང་རབས་ཉི་ཤུ་རྩ་བདུན་དུ། །ཆབ་སྲིད་སྒྲུང་དང་ལྡེའུ་བོན་གྱིས་བསྐྱངས། །དེ་ནས་དམ་པའི་ཆོས་ཀྱི་དབུ་བརྙེས་པ། །རྒྱལ་སྲས་ཀུན་དུ་བཟང་པོའི་རྣམ་སྤྲུལ་ནི། །སྤྲུལ་པའི་རྒྱལ་པོ་ཐོ་ཐོ་རི་གཉན་བཙན། །ཡབ་ཐོག་རྗེ་ཐོག་བཙན་དང་ཡུམ་རུ་ཡོང་ཟ་སྟོང་རྒྱལ་མོ་མཚོའི་སྲས་སྟེ་ཕྱག་རྡོར་གྱི་སྤྲུལ་པར་བཤད་པའང་ཡོད་ཀྱང་མི་འགལ་སྟེ་ཀུན་དུ་བཟང་པོ་སྔགས་སུ་དབང་བསྐུར་བ་ནི་ཕྱག་ན་རྡོ་རྗེ་ཡིན་པར་ཕྱག་རྡོར་དབང་བསྐུར་གྱི་རྒྱུད་ལས་བཤད་པའི་ཕྱིར་རོ། །ལྡེ་སྟོན་གྱི་ཆོས་བྱུང་དུ་ས་སྙིང་གི་སྤྲུལ་པ་ཅེས་ཀྱང་སྣང༌། དགུང་ལོ་དྲུག་བཅུ་བཞེས་པ་སྐུ་མཁར་ཆེ། །ཡུམ་བུ་བླ་སྒང་རྩེ་ལ་བཞུགས་པའི་ཚེ། །ནམཁར་འཇའ་ཚོན་ཁ་དོག་སྣ་ཚོགས་བཀྲ། །མེ་ཏོག་ཆར་དང་ལྷ་ཡི་རོལ་མོ་བྱུང༌། །གདུགས་ཤར་ཚེ་ན་ཉི་ཟེར་དང་འགྲོགས་ནས། །གསེར་ཤོག་ངོས་ལ་བཻ་ཌཱུ་རྻས་བྲིས་པའི། །པང་ཀོང་ཕྱག་རྒྱ་མདོ་སྡེ་ཟ་མ་ཏོག །ཡིད་དུ་འོང་བའི་གླེགས་བམ་རྣམ་གཉིས་དང༌། །གསེར་གྱི་མཆོད་རྟེན་མུ་དྲའི་ཕྱག་རྒྱ་དང༌། །ཙིནྡ་མ་ཎིའི་སྐོས་ཕོར་རྣམ་དྲུག་བབ། །འདི་ལ་གཡུའི་མཆོད་རྟེན་བང་རིམ་བཞི་པ་ཅེས་ཀྱང་འབྱུང༌། ཙིནྡ་མ་ཎིའི་སྐོས་ཕོར་ཞེས་པའི་བཅུ་གཅིག་ཞལ་ཡིད་བཞིན་ནོར་བུའི་གཟུགས་ཀྱི་སྐོས་ཕོར་ཞིག་དང༌། མུ་དྲའི་ཕྱག་རྒྱ་ཞེས་ཚད་ཁྲུ་གང་ཙམ་གྱི་ནོར་བུའི་རིགས་ཀྱི་རྡོ་ལ་ཡིག་དྲུག་རང་བྱུང་ཅན་ཡོད་སྐད། དེའི་ཕྱིར་མདོ་ལ་སྔ་བ་ཟ་མ་ཏོག །གཟུངས་ལ་སྔ་བ་ཙིནྡ་མ་ཎི་ཞེས་བོད་དུ་གྲགས་པ་ཡིན་ནོ། །ཀ་བཀོལ་མར་ཆོས་རྒྱལ་མྱ་ངན་མེད་གྱི་གདུང་རྒྱུད་རྒྱལ་པོ་ཛ་ཞེས་བྱ་བས་མ་ག་དྷར་སྔོན་མེས་(ཇ༡༠ན)


PTT001_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མྱ་ངན་མེད་ཀྱིས་སྐུ་དང་ཐུགས་ཀྱི་རྟེན་རྒྱ་ཆེར་བྱས་འདུག་ཀྱང་གསུང་གི་རྟེན་མ་བྱས་པར་འདུག་པས་ངས་གསུང་གི་རྟེན་བྱེད་ཟེར་བ་ལ་བློན་པོ་ཅིག་གིས་ཆོས་རྒྱལ་མྱ་ངན་མེད་ཀྱིས་བྱས་པ་ལྟར་ཁྱེད་རང་ཡང་ལུང་བསྟན་གྱི་རྒྱལ་པོ་ཡིན་སྲིད་པས་དཀོན་མཆོག་ལ་གསོལ་བ་བཏབ་པའི་དམོད་ཚུགས་ཟེར་ནས་དེ་ལྟར་བྱས་པས་རྡོ་རྗེ་སེམས་དཔའས་ན་མཁའ་ནས་གླེགས་བམ་གྱི་ཆར་ཕབ། དེ་རྣམས་རྒྱལ་མཚན་གྱི་རྩེ་ལ་སོ་སོར་བཏགས་སྟེ་མཆོད་པ་བྱས་པས་རླུང་གཡོས་པས་རྒྱལ་མཚན་གཅིག་མི་སྣང་བར་ཁྱེར་བ་དེ་བོད་ཏུ་བབས་པ་ཡིན་ཞེས་བཤད་ནས་མདོ་གཉིས་མ་གཏོགས་གཞན་ཕྱག་རྒྱ་བཞི་པོ་མ་བཤད། འདི་ཡང་མ་ག་དྷ་ནི་ཡི་གེ་ཉམས་པར་ཟད་པས་སྤྱིར་ཟ་ཧོར་གྱི་ཡུལ་དུ་བྱུང་བར་སྣང་ལ། སྔ་རབས་པ་རྣམས་ཀྱིས་བདེ་མཆོག་སྡོམ་འབྱུང་གི་རྒྱུད་ཕྱི་མའི་ལུང་ཡིན་ཟེར་བ། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱ་དང་བཅུ་གཉིས་ན། །བསྟན་པའི་སྙིང་པོ་དམ་པ་ཅིག །ལྷ་གནས་གསུམ་དུ་གྲགས་པ་སྟེ། །འཛམ་གླིང་ཤར་ལྷོའི་ཕྱོགས་མཚམས་ན། །དཔལ་དང་ལྡན་པའི་རི་བོ་ལ། །ཐུགས་རྗེ་མཐུན་པའི་བྱིན་རླབས་ཀྱིས། །རྒྱལ་པོ་རྗེ་ཞེས་བྱ་བ་ལ། །ལག་ན་རྡོ་རྗེ་སྣང་བར་བྱེད། །ཅེས་འདྲེན་པར་སྣང་ཞིང༌། བོད་དུ་ཆོས་བྱུང་བ་ནི་ལྷ་མོ་དྲི་མ་མེད་པའི་འོད་ལུང་བསྟན་པའི་མདོར། ལོ་སྟོང་དང་ལྔ་བརྒྱ་ན་དམ་པའི་ཆོས་གདོང་དམར་ཅན་གྱི་ཡུལ་ཞེས་པ་བོད་དུ་འབྱུང་བར་བཤད་པས་དུས་མི་མཚུངས་པར་སྣང་མོད། ཛའི་ཁང་ཐོག་ནས་མི་སྣང་བར་གྱུར་པ་དག་པའི་ཞིང་དུ་གནས་ནས་ཕྱིས་བོད་ཏུ་བབ་པ་ལྟ་བུ་ལ་ནི་འགལ་བ་མེད་ཏོ། །བོད་དུ་ཆོས་འབྱུང་ཚུལ་འདི་ལའང་ལོ་ཉིས་སྟོང་ལྔ་བརྒྱ་ཞེས་ཟེར་བ་མང་བར་སྣང་ཡང་སྟོང་དང་ལྔ་བརྒྱ་འཆད་པ་རྣམས་འགྲིག་པར་སྣང་ཞིང་འདི་ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་ལ་དགོངས་སོ། །ཀུན་མཁྱེན་བུས་རྦ་བཞེད་ནས་གདོང་དམར་གྱི་ཡུལ་རྒྱ་ནག་ལ་བཤད་གསུངས་ཀྱང་རྦ་བཞེད་ན་སང་ཤི་རྒྱ་ནག་དུ་ཆོས་ལེན་པར་བཏང་དུས་ཇུ་ཞག་མཁན་མཁས་པས་བྱང་ཆུབ་སེམས་དཔའི་སྤྲུལ་པ་བྱེད་འདི་འདྲ་བ་ཕོ་ཉར་འོང་ཞེས་འབག་བྱས་ནས་སླེབ་པའི་ཚེ་རྒྱལ་པོས་བྱ་དགའ་ཆེར་བྱིན། གདོང་དམར་ཅན་ཡུལ་དུ་ཆོས་ཀྱི་ཁུངས་འབྱིན་པའི་བྱང་ཆུབ་སེམས་དཔའ་འབྱུང་བར་ལུང་བསྟན་པ་དེ་ཁྱོད་ཡིན་ངེས་ཅེས་ཆོས་བམ་པོ་སྟོང་ཙམ་བསྐུར་ཞེས་གདོང་དམར་ཅན་གྱི་ཡུལ་བོད་ལ་ངོས་བཟུང་བ་ཆེས་གསལ་པོར་ཡོད་ཏོ། །ཁ་ཅིག་དུ་(ཇ༡༠བ)


PTT001_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་དང་པོ་ལ་གསེར་གྱི་ལྗང་པ་ལ་བཻ་ཌཱུརྻ་ཞུན་མས་བྲིས་པའི་གླེགས་བམ་གཉིས་པོ་བབ། གསེར་སྐྱེམས་དང་གཡུ་སྔོན་གྱིས་མཆོད་པས་སང་ཕོད་ལོ་དུས་སུ་ཕྱག་རྒྱ་གཞན་རྣམས་བྱུང་ཞེས་ཀྱང་སྣང༌། སྤྱིར་ཐེག་ཆེན་གྱི་མདོ་སྔགས་གཉིས་དང་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་མཚོན་བྱེད་ཏུ་རྟེན་དེ་རྣམས་བྱུང་ལ་གསང་བ་ཆོས་ལུགས་ལ་ལར་མཁན་པོ་ཞི་བ་འཚོ་བོད་ཀྱི་དོན་དུ་འཁྲུངས་པ་དེས་ཁྲི་སྲོང་ལྡེ་བཙན་ཡིན་ནམ་སྙམ་ནས་མདོ་སྡེ་གཉིས་པོ་བོད་རྗེ་ལ་སྐྱེལ་དུ་བཏང་བ་རྒྱལ་པོ་ཐུགས་སྒམ་པས་བོན་བློན་རྣམས་གནམ་ལ་དགའ་བ་གདུལ་ཕྱིར་གནམ་ནས་བབ་བོ་ཞེས་གསུངས་བར་ཡང་བཤད། དེ་ནས་རྒྱལ་པོའི་སྐུ་གཤེན་རྨུ་བོན་སྐྱོ་ངོ་མཚར་བྱ་བས་འདི་བོན་དར་བའི་རྟགས་ཡིན་པས་བོན་ལུགས་ལྟར་མཆོད་ཅིག་ཟེར་ནས་ཤ་ཁྲག་གིས་མཆོད་པས་ནད་དང་ཐན་པ་བྱུང༌། རྒྱལ་པོའི་རྨང་ལམ་དུ་འདི་ཆོས་དར་བའི་རྟགས་ཡིན་པས་སྤོས་དང་མེ་ཏོག་དང་མར་མེས་མཆོད་ཅིག །མི་རབས་ལྔ་ནས་འདིའི་དོན་ཤེས་པར་འགྱུར་རོ་ཞེས་བྱུང་ནས་ཆོས་བཞིན་མཆོད་པས་བཀྲ་ཤིས་སྐད། ཆོས་སམ་བོན་དུ་མཁྱེན་ཚུལ་མ་བསྟན་ཡང༌། །གསེར་སྐྱེམས་གཡུ་སྔོན་ལ་སོགས་ཀྱིས་མཆོད་དེ། །གསེར་སྐྱེམས་ཞེས་བཏུང་བར་གསེར་བླུག་པ་དང༌། གཡུ་སྔོན་སྒོག་པ་ཡིན་ཟེར་ཡང་མ་དག་པ་སྟེ་བཟའ་བའི་སྟེང་དུ་གཡུ་བཟང་པོ་བཞག་པར་སྣང་ངོ༌། །གཉན་པོ་གསང་བ་ཞེས་པར་མཚན་གསོལ་ནས། །རྒྱལ་པོས་ཕྱག་བསྐོར་བཀུར་སྟི་རྒྱ་ཆེར་བྱས། །ཚེ་གཅིག་སྐྱེ་བ་གཉིས་ལ་མངའ་བརྙེས་ཞེས། །དགུང་ལོ་བཅུ་དྲུག་ལོན་པའི་གཞོན་ཤར་གྱུར། །སླར་ཡང་དགུང་ལོ་དྲུག་བཅུར་སྐུ་ཚེ་སྲིངས། །མི་ལོ་བརྒྱ་དང་ཉི་ཤུའི་བར་དུ་བཞུགས། །ང་ཡི་ཐུགས་དམ་གཉན་པོ་གསང་བ་ལ། །མཆོད་པ་གྱིས་ཤིག་བསམས་དགུ་འགྲུབ་བོ་ཞེས། །བོད་འབངས་སྤྱི་ལ་ཡང་ཡང་ཞལ་ཆེམས་གསུངས། །བཙན་ལྔ་མན་ཆད་བང་སོ་འཕྱིང་ཡུལ་བཏབ། །བཙན་ལྔའི་མཆད་པ་ས་ཕུང་སྦྲ་(ཇ༡༡ན)


PTT001_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

འདྲར་ཡོད། །ཁ་ཅིག་བཙན་གསུམ་ལས་མི་འདོད་པ་དང༌། བཙན་ལྔ་མ་དག་ཞེས་འཆད་པ་ལ་སྙིང་པོ་ཅི་ཡང་མེད་དེ་གསང་བ་ཡང་ཆུང་སོགས་ལས། བཙན་ལྔའི་མཆད་པ་ས་ཕུང་སྦྲ་འདྲ་ཡོད། །ཕུལ་མེད་མཆད་པ་གྲུ་བཞི་མི་ཤེས་སྐད། ཞེས་སོགས་སྔོན་ནས་ཆེར་གྲགས་པའི་ཕྱིར་རོ། །ཁ་ཅིག་ཕྱིས་ལྷའི་སྙན་ཤལ་ལྟར་སྙན་རིང་པོར་གྱུར་པས་ཐོ་ཐོ་རི་སྙན་ཤལ་བྱུང་ཟེར་བའང་བླུན་སྐད་བཅོས་མ་སྟེ་གཉན་པོ་གསང་བ་ཞེས་པ་ལྟ་བུ་བཀའ་གཉན་པའི་དོན་ཡིན་གྱི་རྣ་བ་ལ་ཞེ་ས་བཅུག་པའི་སྙན་མིན་ནོ། །དེས་ན་ཐོ་ཐོ་རི་གཉན་བཙན་ཡན་ལ་བཙན་ལྔ་ཟེར་རོ། །དེ་ཡི་བཙུན་མོ་རྣོ་ཟ་མང་དགར་ལ། །ལྷ་སྲས་ཁྲི་གཉན་གཟུངས་བཙན་ཞེས་པ་འཁྲུངས། །སྲས་ཀྱིས་རྣོ་ལ་ཞང་དུ་བོས་པ་ཡིས། །ཞང་དུ་རྣོ་ལྔ་རུས་ལ་དེར་མིང་ཆགས། །དེ་ཡན་ལ་ཞང་པོ་ལ་ཇོ་བོ་ཞེས་འབོད་སྐད། རྒྱལ་པོ་འདིའི་བློན་པོ་སྦས་སྣང་གཞེར་ལྷ་བཙན་དང་མགར་ཁྲི་འབྲིང་གིས་བྱས། ཁྲི་གཉན་མཆད་པ་དོན་མཁར་མདའ་རུ་བརྩིགས། །དེ་ཡང་ཕུལ་མེད་ས་ཕུང་བརྡལ་པ་འདྲ། །རྗེ་དེ་དང་ཡུམ་འབྲོ་ཟ་མོ་དུར་ཡང་བཞིན་གྱི་སྲས། དེ་ནས་རྒྱལ་པོ་འབྲོང་གཉན་ལྡེ་རུ་སྟེ། །རྟོག་པའི་ནད་ཀྱིས་སྐུ་ལ་སྙུན་འཛེ་བྱུང༌། །དྭགས་པོ་ནས་མཆིམས་ཟ་ཀླུ་རྒྱལ་བྱ་བ་མཛེས་པ་ཅིག་ཁབ་ཏུ་བཞེས། ཕྱིས་མི་མཛེས་པར་གྱུར་ནས་རྒྱུ་དྲིས་པས་ང་རང་གི་ཡུལ་ན་ཟས་ཤིག་ཡོད་པ་དེ་མེད་པས་ལན་ནམ་ཟེར་ནས་ལེན་བཅུག་པས་གཡོག་མོས་སྦལ་པ་མར་བཙོས་མང་དུ་སླངས་སྟེ་མཛད་དུ་སྤྲས་ནས་ཟོས་པས་མཛེས་པར་གྱུར་ནས་རྒྱལ་པོས་ང་རང་ཡང་བཟའོ་སྙམ་ནས་ལྡེ་ཚབ་ཀྱིས་སྒོ་ཕྱེ་བས་སྦལ་རོ་མཐོང་བས་རྟོག་པ་ཟོས་སྟེ་བསྙུན་ནད་བྱུང༌། དེ་དུས་བོད་གཞན་ན་ཉ་མི་ཟ་བར་དྭགས་པོ་སྦལ་ཟན་གྱི་ཡུལ་ཞེས་དེ་ན་ཉ་ཟ་ཞིང་ཉ་ལ་སྦལ་པར་གྲགས་པ་ཡིན་སྐད། དྭགས་མོས་སྲས་དམུས་ལོང་ཞིག་བལྟམས་པ་ལ་ཁྱོད་འ་ཞའི་ཡུལ་ནས་སྨན་པ་བོས་ལ་མིག་ཕྱིས་རྒྱལ་ས་གྱིས། མིག་མ་བྱུང་བའམ་གདུང་ཆད་པ་འདྲ་ན་སུམ་པའི་ཡུལ་ན་བོན་པོའི་ཆུང་མ་རྒྱ་མོ་རྒྱ་ལྕམ་བྱ་བ་ལ་ངའི་བུ་སུམ་རི་རིང་པོ་བྱ་བ་ཡོད་བོས་ལ་ཁྱོད་རང་གཤེགས་རྫུ་ཐོབ་ལ་རྒྱལ་སར་ཆུག་ཟེར་ནས་ཡབ་ཡུམ་གཉིས་བློན་པོ་སྙགས་ཐང་པ་ཡར་རྗེ་དང་བཅས་པ་གདུང་རྒྱུད་ལ་བསྙུན་མི་འབྱུང་བའི་ཕྱིར་གསོན་པོར་དུར་དུ་ཞུགས་སྐད། མི་ཆོས་རྟོག་པས་ཕུང་གིས་རྟོག་པ་བསྐྱུངས། །བཟང་པོའི་གྲོས་ནི་བདུད་རྩི་ཡིན་གྱིས་ཉོན། །ངན་པ་རྣམས་ཀྱང་མེ་དང་འདྲ་བར་གསོས། །(ཇ༡༡བ)


PTT001_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྲིད་ཟུངས་ཞེས་སྲས་ལ་ཞལ་ཆེམས་མཛད། །རྗེ་འབངས་གསུམ་ནི་གསོན་བཞིན་བང་སོར་གཤེགས། །ཞང་མདའི་བང་སོ་གསོན་མཆད་ཟླུམ་པོར་གྲགས། །ལྷ་སྲས་དམུས་ལོང་བཀོན་པ་བཀྲ་དེ་ཡིས། །གཉན་པོ་གསང་བ་མཆོད་པའི་བྱིན་རླབས་དང༌། །འ་ཞའི་ཡུལ་གྱི་སྨན་པས་སྤྱན་ཕྱེ་སྟེ། །སྟག་མོའི་རི་ལ་རི་དྭགས་གཉན་གཟིགས་པས། །མཚན་ཡང་སྟག་རི་གཉན་གཟིགས་བཙན་དུ་ཐོགས། །རྒྱལ་ཕྲན་འ་ཞ་རྗེ་བྱ་བ་སྨན་པ་མཁས་པ་ཅིག་བོས་པས་སྤྱན་ཕྱེ། རྒྱལ་བུའི་ཕྱགས་སྒོ་ཀླད་དུ་བཏགས་པའི་འོག་དུ་འ་ཞ་རྗེས་འཛུལ། ལོག་ནས་མས་གཏམ་དྲིས་པས། བོད་ཀྱི་རྒྱལ་པོ་ནི་མ་མཐོང་སྒོ་དགོན་གཡུའི་ལྷམ་ཆུང་ཞིག་བཏགས་འདུག་པའི་འོག་ལ་ཕྱིན་པས་བྱིས་པ་དམུས་ལོང་ཞིག་འདུག་པའི་མིག་ཕྱེ་ནས་ལོག་གོ་སྨྲས་པས་མ་ན་རེ། གཏམ་ཆེས་སོད་ནི་བོད་ཀྱི་ཆབ་འོག་དུ་ཚུད་པས་ཐབས་ཅི་ཡང་མེད་ཏོ་ཟེར། རྒྱལ་ཕྲན་རྣམས་ཀྱི་སུམ་གཉིས་མངའ་འོག་འདུས། །བན་པ་རྗེ། འུ་ཞ་རྗེ་དྲང་གར་རྗེ། ཟིན་པོ་རྗེ། ཞང་ཞུང་རྗེ་རྣམས་བཏུལ། ཉང་སྦས་གནོན་གསུམ་འབངས་སུ་ཆུད་སྐད། འདི་དུས་ཁྲི་དོར་སྣང་བཙུན་མོང་གི་བུས། །བྲེ་ཕུལ་སྲང་བཅོས་འབྲུ་མར་ཚད་ཀྱིས་བཅལ། །དགའ་གཉིས་ཚོང་བྱས་མཐུན་གཉིས་ལ་ལུང་བསྡེབས། །དེ་གོང་བོད་ན་ཚོང་དང་བྲེ་སྲང་མེད། །དེ་ཕྱིར་མཛངས་མི་བདུན་གྱི་གསུམ་པར་གྲགས། །གཞན་ཡང་སྣ་ནམ་མང་གཉའ། སྤྲ་ཁྲི་ཟུང་ལན་པ་རྣམས་ཀྱིས་བློན་པོ་བྱས། ཡབ་སྲས་འདི་གཉིས་བར་གྱི་སྟེངས་ཞེས་གྲགས། །སྲས་སྤྱན་མ་བྱེ་བའི་བར་ཞག་ཉེར་གཅིག་རྒྱལ་པོ་མེད་པས་གདུང་སྟེངས་སྐད། གདུང་གི་བང་སོ་དོན་མཁར་མདའ་རུ་བརྩིགས། །གྲལ་ནི་ཁྲི་གཟུངས་བང་སོའི་གཡོན་ན་ཡོད། །དེ་ཡང་ཕུལ་མེད་ས་ཕུང་བརྡལ་བ་འདྲ། །དེ་ཡི་འོག་ན་བཙུན་མོ་འབྲོ་ཟ་སྨུན་བཙན་དང་མོན་བུ་རྒྱལ་མཚན་གཉིས་ཀྱི་བང་སོས་ཕུང་གཉིས་ཡོད། དེ་སྲས་རྒྱལ་པོ་གནམ་རི་སྲོང་བཙན་ཡིན། །ཡུམ་སྟོང་བཙུན་འབྲོ་དཀར་ལས་འཁྲུངས། བློན་པོ་དབས་སྣང་བཞེད། ཚེ་སྤོང་ན་གནག་སེར། ཉང་ཙོང་གུ། གནོན་འཕན་ལྔ་སུམ་རྣམས་ཀྱིས་བྱས། །(ཇ༡༢ན)


PTT001_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ནག་ཡུལ་ནས་རྩིས་དང་སྨན་དཔྱད་བླངས། །མཐའ་ཡི་རྒྱ་དང་གྲུ་གུ་འོག་དུ་བཏུལ། །ལོ་སར་སྒང་ལ་ལུག་ཤའི་ལག་པ་རློན་པ་བརྩིགས་པ་ལ་འཛེགས་ནས་རྒྱའི་མཁར་ཕབ། མཆིལ་པའི་སྐེ་ལ་སྦ་མེ་བཏགས་པ་བཏང་བས་རྒྱ་ཡུལ་མེར་བཏང་སྐད། དེ་བས་བོད་ལ་བཀའ་དྲིན་ཆེ་བར་གྲགས། །སྐུ་མཁར་ཁྲི་བརྩིགས་འབུམ་གདུགས་བྱ་བ་བ་དམར་མོའི་འོ་མའི་འཇིམ་པས་བརྩིགས། དམུས་སྟེ་ལོང་བ་ཁྲིད་ནས་བྲག་གསུམ་དེང་མའི་མཚོ་འགྲམ་ནས་རྟ་མདོ་བ་ཅང་ཤེས་རྙེད་ནས་རྒྱལ་པོའི་ཆིབས་པ་བྱས། སྦྲང་དགའ་བོ་དང་རྨུ་དཔུང་རི་བྱ་བའི་གྱད་གཉིས་ཀྱིས་ཞབས་ཏོག་བྱས་སྟེ་ཕུང་གཡག་ཐལ་ཀ་རུ་རིང་བྱ་བའི་བྱང་འབྲོང་སྨྱོན་པ་བསད་ནས་ཤ་རྟ་སྒ་ལ་བཏགས་པ་ལྷུང་བ་ལ་ཚྭ་འགོས་པའི་བྲོ་བ་ཚོར་བས་ལན་ཚྭ་ངོ་ཤེས་སྟེ་བྱང་གི་ཚྭ་ལེན་པའི་སྲོལ་བྱུང་སྐད། བང་སོ་གྲུ་བཞིར་བརྩིག་པ་དེ་ནས་བྱུང༌། །གྲལ་ནི་ཁྲི་གཟུང་བང་སོའི་གཡས་ན་ཡོད། །ཕུལ་ཆེ་དབྱིབས་ནི་གྲུ་བཞི་སོག་ཀ་རིས། །མིང་དུ་གུང་རི་སོག་ཀར་བཏགས་སོ་སྐད། །དེ་ལྟར་བོད་རྗེ་གཉའ་ཁྲི་བཙན་པོ་ནས། །ཐོག་མའི་གདུང་རབས་ཉི་ཤུ་རྩ་བདུན་ལ། །མི་ལོ་དྲུག་བརྒྱ་དང་ནི་དྲུག་བཅུ་སོང༌། །དེ་ནས་ཐོ་ཐོ་རི་སོགས་གདུང་རབས་ལྔར། །ལོ་ནི་བརྒྱ་དང་ལྔ་བཅུ་ལོན་ནོ་ཞེས། །བཀའ་བཙིགས་ལ་སོགས་ཡིག་རྙིང་དུ་མར་བཤད། །དེ་ཚེ་བོད་ཡུལ་འགྲོ་རྣམས་སྨིན་གཟིགས་ནས། །སྤྲུལ་པའི་རྒྱལ་པོའི་མཛད་པ་དངོས་སུ་བསྟན། །དེ་ཡང་འཇམ་དཔལ་རྩ་བའི་རྒྱུད་ཆེན་ལས། །དེ་བཞིན་གཤེགས་པའི་བསྟན་འདི་ལ། །རྣམ་པ་སྣ་ཚོགས་བྱ་བ་བྱེད། །བྱང་གི་ཕྱོགས་ལ་བརྟེན་ནས་ནི། །དེ་ཡི་ཚེ་ན་འབྱུང་བར་འགྱུར། །ལྷ་ལྡན་ཡུལ་ཞེས་བྱ་བ་ཡི། །གངས་ཅན་རི་ཡི་ནང་གནས་པར། །རྒྱལ་པོ་མི་ཡི་ལྷ་ཞེས་བྱ། །ལི་ཙཱ་ཝི་རྣམས་རིགས་སུ་འབྱུང༌། །དེ་ཡང་སྔགས་ཀྱི་དོན་གྲུབ་སྟེ། །ལོངས་སྤྱོད་ཆེ་དང་ལྡན་པར་འགྱུར། །རིག་པ་ལོངས་སྤྱོད་ཆེ་ལྡན་ཞེས། །མི་ཡིས་བདག་པོས་དེ་ཡང་གྲུབ། །ལོ་ནི་བརྒྱད་བཅུར་རྒྱལ་སྲིིད་བྱེད། །དེས་ནི་(ཇ༡༢བ)


PTT001_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

རྐུན་མ་རྣམ་པར་སྤངས། །རྒྱལ་པོ་དེ་ཡི་སྲོག་སྤངས་ནས། །དེ་ཡིས་སྔགས་ནི་མྱུར་གྲུབ་སྟེ། །ཞི་དང་རྒྱས་པའི་ལས་བྱེད་པའོ། །འཇིག་རྟེན་སྒྲོལ་མ་ཞེས་གྲགས་དང༌། །ལྷ་མོ་གོས་དཀར་མོ་དང་ནི། །དཀར་མོ་ཆེན་མོ་གཞན་དོན་བརྩོན། །རྟག་དུ་ཡིད་ནི་མི་སྐྱོ་བའོ། །དེ་ལ་སོགས་པ་གསུངས་པ་ཡི། །དེ་བཞིན་རྒྱལ་པོ་མང་པོ་ནི། །རྣམ་པ་དུ་མ་མང་པོ་དག །ཁ་དོག་སྣ་ཚོགས་སྣ་ཚོགས་གཟུགས། །ཁ་བ་ཅན་རྣམས་ཀླ་ཀློའི་རྒྱལ། །དེར་ཡང་སྟོན་པ་མཆོད་བྱེད་པ། །ཁྱུ་མཆོག་ཁྱུ་མཆོག་བཟང་པོ་དང༌། །ས་འོག་དེ་བཞིན་ས་འོག་བཟང༌། དེ་བཞིན་ཕ་རོལ་གནོན་ཉིད་དང༌། །རྐང་པའི་འགྲེས་ཞེས་བསྟན་པ་ཡིན། །ས་སྲུང་དང་ནི་བེ་འུ་དང༌། །འོད་ལྡན་ཉིད་ནི་ཕྱི་མ་ཡིན། །མཐའ་མར་འཚང་རྒྱའི་ངང་ཚུལ་སྟེ། །ཀླ་ཀློ་རྣམ་པ་སྣ་ཚོགས་ཡིན། །དེ་འོག་ལུགས་ནི་རྣམ་གཅིག་ཅིང༌། །ཕྱི་རོལ་སྐྱེ་རྒུས་ཉེ་བར་སྤྱོད། །ཅེས་ལུང་བསྟན་པའི་ལྷ་ལྡན་གྱི་ཡུལ་སྐྱི་ཤོད་ལྷ་ས། རྒྱལ་པོ་མིའི་ལྷ་ཆོས་རྒྱལ་སྲོང་བཙན་སྒམ་པོ། སྒྲོལ་མ་དང་གོས་དཀར་དང་དཀར་ཆེན་མོ་སོགས་བཙུན་མོ་རྣམས། ཁྱུ་མཆོག་མང་སྲོང་མང་བཙན། ཁྱུ་མཆོག་བཟང་འདུས་སྲོང་མང་པོ་རྗེ། ས་འོག་མེས་ཨག་ཚོམས། ས་འོག་བཟང་ཁྲི་སྲོང་ལྡེ་བཙན། ཕ་རོལ་གནོན་མུ་ནི་བཙན་པོ། རྐང་པའི་འགྲོས་སད་ན་ལེགས། ས་སྲུང་ཁྲི་རལ། བེའུ་གླང་དར། འོད་ལྡན་འོད་སྲུང་གི་བར་དང༌། དེ་ཕལ་ཆེར་འཚང་རྒྱ་བ་དང༌། དེ་ནས་ཀླ་ཀློ་རྣམ་པ་སྣ་ཚོགས་ཡིན། ཞེས་པའི་སྨད་སིལ་ཆད། དེ་འོག་ཕྱི་རོལ་སྐྱེ་རྒུས་སྤྱོད་པ་མཐར་མི་ཉག་ཧོར་རྒྱ་ལྗང་ཏུ་རུཥྐ་རྣམས་ཀྱིས་རིམ་པས་དབང་བྱེད་པའོ། །དེ་ཚེ་བལ་ཡུལ་བདག་པོ་ནི། །མཚོན་གྱིས་མཐའ་མ་རྣམ་པར་འཇིག །ས་བདག་དུ་མ་གསུངས་པ་རྣམས། །སྣ་ཚོགས་ལྷ་དང་བྲམ་ཟེར་དགའ། །ཞེས་བལ་རྗེ་འོད་ཟེར་གོ་ཆས་ཤིང་ཀུན་མཆོད་རྟེན་གྱི་རྨང་ཁོང་སེང་ལྷ་ཁང་དུ་ཡོད་པའི་ནང་དུ་གྲུབ་ཐོབ་མང་པོ་ཚོགས་འཁོར་ལ་སྤྱན་དྲངས་སྟེ་བདེ་མཆོག་དྲུག་བཅུ་རྩ་གཉིས་ཀྱི་ལྷ་ཚོགས་དངོས་སུ་སྤྲུལ་ནས་ཚོགས་འཁོར་མཛད་པ་ན་བདག་མ་འོངས་ཀྱི་བར་དུ་རྣམ་སྤྲུལ་མི་བསྡུ་བར་བཞུགས་སུ་གསོལ་ཞེས་གསོལ་བ་(ཇ༡༣ན)


PTT001_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་ནས་ཕོ་བྲང་དུ་བྱོན་སྟེ་སྲས་ལ་འདིར་གླང་དམར་པོ་ཅིག་འོང་བ་སོད་ཅིག་ཞེས་བསྒོས་ནས་གླང་དུ་གཟུགས་བསྒྱུར་བ་བསད་པས་གདུང་ཕལ་ཆེར་བདེ་མཆོག་གི་ལྷ་ཚོགས་སུ་གྱུར་སྟེ་གྲུབ་ཆེན་རྣམས་ཀྱང་ད་ལྟ་སྤྲུལ་པ་མ་བསྡུས་པར་དངོས་སུ་བཞུགས་ཞེས་གྲག་ཅིང་དེའི་སྒོ་ཤནྟ་པུ་རི་ཞེས་དེང་སང་ལྷ་ཁང་གཉན་པོ་ཡོད་པ་དང༌། དེ་འདས་པ་ན་རལ་གྲིའི་འཁོར་ལོ་ཡོད་ཅེས་འགྲོ་མི་ནུས་པ་ཡོད་སྐད་པས། བལ་ཡུལ་གྱི་བདག་པོ་མཚོན་གྱིས་འཇིག་པ་ནི་འདི་དང༌། དེ་ཕྱིན་ཕྱི་རོལ་པ་སོགས་ལུགས་རྣ་ཚོགས་པ་འཛིན་པའི་བལ་རྗེ་འབྱུང་བར་ལུང་བསྟན་ནམ་སྙམ་མོ། །ལུང་བསྟན་འདི་བདག་གིས་མཐོང་ནས་འདི་སྐབས་སུ་བྲིས་པ་ཡིན་ཡང་འདི་བརྩམས་ནས་ཟླ་བ་ལྔ་དྲུག་ཞིག་ལོན་པའི་ཚེ་འགོས་ལོ་ཙཱ་བའི་དེབ་ཐེར་སྔོན་པོ་མཐོང་བ་ནི་བྲིས་འདུག་ཅིང༌། མཐའ་མར་འཆར་རྒྱལ་ངང་ཚུལ་ཅན། ཞེས་བཏོན་ནས་ཧོར་རྒྱལ་པོའམ་ཉང་སྟོད་ཤར་ཁ་བར་འབྲུ་བསྣན་དུ་རུང་ཟེར་བ་འདུག་ཀྱང་དཔེ་མ་དག་པ་ཅིག་གཟིགས་པ་འདྲ་སྟེ་བདག་གིས་འདི་ལྟར་བྲིས་པ་ཁོ་ན་མཐོང་ལ། འཇམ་དཔལ་རྩ་རྒྱུད་ཀྱི་ལུང་བསྟན་དེ་རྣམས་ལ་གང་ཟག་དེ་མཐར་ཐེག་གསུམ་གང་དུ་ངེས་པ་དེ་བསྟན་པ་ཁོ་ན་སྣང་བས་བོད་རྒྱལ་རྣམས་ཕལ་ཆེར་ཐེག་ཆེན་དུ་རིགས་ངེས་པར་བསྟན་པ་ཡིན་ལ། ཧོར་རྒྱ་སོགས་ནི་ཕྱི་རོལ་སྐྱེ་རྒུས་ཉེ་བར་སྤྱོད། །ཅེས་བསྟན་པས་ཟློས་མི་དགོས་ཅིང་ཤར་ཁ་སོགས་བརྗོད་པ་ནི་བརྗོད་བྱ་དཀའ་བས་འཚོལ་དགོས་པ་ཅིག་བྱུང་བར་སྣང་ངོ། །དེ་སོགས་རྒྱལ་བས་གསལ་བར་ལུང་དུ་བསྟན། །དེ་ཡང་འཕགས་མཆོག་སྤྱན་རས་གཟིགས་དབང་གིས། །བོད་ཀྱི་མི་རྣམས་གདུལ་བའི་དུས་གཟིགས་ནས། །སྐུ་ལུས་འོད་ཟེར་རྣམ་བཞི་དུས་གཅིག་སྤྲོས། །ངན་འགྲོའི་ཁམས་རྣམས་རྣམ་པར་སྦྱངས་ནས་ནི། །སྤྱན་རས་གཡས་ཀྱི་འོད་ཟེར་བལ་པོར་སོང༌། །གྲོང་ཁྱེར་ཁོ་ཕོམ་ཀླུ་ཡི་ཕོ་བྲང་དུ། །འོད་ཟེར་གོ་ཆའི་བཙུན་མོའི་ལྷུམས་སུ་ཞུགས། །སྤྱན་གཡོན་འོད་ཟེར་རྒྱ་ནག་ཟིམ་ཤིའི་ཡུལ། །ཐ་ཡི་ཛུང་གི་བཙུན་མོའི་ལྷུམས་སུ་ཞུགས། །ཞལ་གྱི་འོད་ཟེར་བོད་ཡུལ་དབུ་རུའི་ལྗོངས། །གྱེ་རེའི་ཡར་ཕྲེང་བྲག་ལ་ཕོག་པ་ཡིས། །ཆོས་སྐུའི་སྙིང་པོ་(ཇ༡༣བ)


PTT001_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་དྲུག་རང་བྱུང་ཤར། །ཐུགས་ཀའི་འོད་ཟེར་ཡར་སྣྲོན་སྦྲ་སྟོད་ཚལ། །ཕོ་བྲང་བྱམས་པ་མི་འགྱུར་གླིང་ཞེས་པར། །རྒྱལ་པོ་གནམ་རི་སྲོང་བཙན་འཁོར་བཅས་ཀུན། །འོད་ཀྱིས་ཁྱབ་པར་མཛད་དེ་སླར་འདུས་ནས། །བཙུན་མོ་འབྲི་བཟའ་ཐོད་དཀར་ལྷུམས་སུ་ཞུགས། །སྔོན་མེད་དགའ་དང་བདེ་བས་ལུས་ཚིམ་སྟེ། །བཀྲ་ཤིས་ལྟས་ཀྱིས་ཕྱོགས་ཀུན་ཁྱབ་པར་གྱུར། །ལྷུམས་སུ་འགྲོ་མང་སྨིན་དང་གྲོལ་མཛད་ནས། །མེ་མོ་གླང་ལོ་རྒྱུ་སྐར་རྒྱལ་གྱི་ཚེ། །སྤྲུལ་པའི་ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་གསུམ། །སོ་སོའི་ཕོ་བྲང་ཆེན་པོར་དུས་གཅིག་བལྟམས། །བོད་ཡུལ་ཕོ་བྲང་བྱམས་པ་མི་འགྱུར་དུ། །ཁྱད་དུ་འཕགས་པ་འགྲན་ཟླ་མེད་པའི་སྲས། །གསེར་མདོག་དབུ་སྐྲ་ཐོན་མཐིང་ལྟར་མི་ངོམས། །ཕྱག་ཞབས་འཁོར་ལོས་བཀྲ་བ་མཚན་དཔེ་རྫོགས། །དབུ་གཙུག་འོད་དཔག་མེད་ཞལ་དངོས་སུ་བཞུགས། །ཉི་མའི་དཀྱིལ་འཁོར་སྤྲིན་ལས་གྲོལ་བ་ལྟར། །བལྟམས་ཚེ་སངས་རྒྱས་ཀུན་གྱིས་བྱིན་རླབས་མཛད། །བྱང་སེམས་ཀུན་གྱིས་ཤིས་པའི་ཚིགས་བཅད་བརྗོད། །ལྷ་རྣམས་ཐམས་ཅད་མཆོད་པའི་ལས་ལ་བརྩོན། །ལྷ་རྫས་མེ་ཏོག་ན་མཁའ་ཡོག་པར་གྱུར། །དེ་ལ་མཐོང་ལུགས་རྣམ་པར་གསུམ་དུ་བྱུང༌། །རྒྱལ་བ་རྣམས་ཀྱིས་སྤྱན་རས་གཟིགས་དབང་ནི། །བོད་ཡུལ་མཛད་པ་བཅུ་གཉིས་སྟོན་པར་གཟིགས། །བྱང་སེམས་རྣམས་ཀྱི་སྤྱན་རས་གཟིགས་དབང་ནི། །རྒྱལ་པོར་སྤྲུལ་ནས་གང་ལ་གང་འདུལ་གྱིས། །བོད་ཡུལ་འགྲོ་རྣམས་སྨིན་གྲོལ་མཛད་པར་གཟིགས། །བོད་འབངས་སྐྱེ་བོས་འགྲན་ཟླ་བྲལ་བ་ཡི། །ལྷ་སྲས་དམ་པ་ཅིག་ནི་འཁྲུངས་པར་མཐོང༌། །ཡབ་ཀྱིས་ཨ་མི་ཏཱ་བྷའི་ཞལ་སྦེད་ཕྱིར། །ལེབ་རྒན་དར་གྱིས་དབུ་ལ་ཐོད་དུ་མཛད། །ནང་འཁོར་ལས་སྒྲིབ་སྲབ་པ་རྣམས་ཀྱིས་ནི། །རིགས་ལྔས་དབུ་བརྒྱན་བཅུ་གཅིག་ཞལ་དུ་མཐོང༌། །མགར་དང་ཐོན་མི་བྱ་བའི་ཁྱེ་ཆུང་གཉིས། །བློན་པོ་ཞེ་ས་(ཇ༡༤ན)


PTT001_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་བའི་ཕྱིར་འབྲེངས་པས། །ཨ་མི་ཏཱ་བྷའི་ཞལ་མཐོང་ཕྱིར་བསྙད་པས། །རྒྱལ་བུ་དབུ་གཉིས་ལྡན་པར་གྲགས་སོ་སྐད། །དགའ་སྟོན་དཔག་ཡས་ལོ་ཟླ་དུ་མར་བྱས། །ཁྲི་སྲོང་བཙན་ཞེས་མཚན་དུ་གསོལ་བ་ལས། །ཡོན་ཏན་ཀུན་ལྡན་ཤིན་དུ་ཐུགས་སྒམ་པས། །མཚན་ཡང་སྲོང་བཙན་སྒམ་པོར་ཆགས་པར་གྱུར། །བལ་ཡུལ་དང་ནི་རྒྱ་ནག་ཕོ་བྲང་དུ། །ལྷ་གཅིག་ཁྱད་དུ་འཕགས་པ་རེ་རེ་འཁྲུངས། །བལ་པོའི་ལྷ་གཅིག་ཁྲོ་གཉེར་ཅན་མ་དངོས། །དཀར་དམར་མདངས་ལྡན་ཙན་དན་དྲི་ངད་བྲོ། །བསྟན་བཅོས་ཀུན་མཁས་ལྷ་གཅིག་ཁྲི་བཙུན་བཏགས། །རྒྱ་རྗེའི་སྲས་མོ་སྒྲོལ་མའི་སྤྲུལ་པ་སྟེ། །སྔོ་དམར་མདངས་ལྡན་ཨུཏྤལ་དྲི་ངད་བྲོ། །རིག་པའི་གནས་མཁས་འཇིག་རྟེན་ཐམས་ཅད་ལས། །རྨད་བྱུང་ཞིག་འཁྲུངས་འུན་ཤིང་ཀོང་ཇོ་ཞེས། །བོད་སྐད་མཚོ་ཡི་པདྨ་ཟེར་རོ་སྐད། །ལྷ་སྲས་དགུང་ལོ་བཅུ་གསུམ་བཞེས་པའི་ཚེ། །ཡབ་ཀྱིས་རྒྱལ་པོའི་ཆབ་སྲིད་མངའ་དབང་ཕུལ། །བཅུ་གསུམ་ལོན་དུས་ཡབ་གཤེགས་ནས་སྲས་རྒྱལ་སར་བསྐོས་ཅེས་གྲགས་ཀྱང་ཞལ་གདམས་ཀྱི་སྐོར་ལས་ཡབ་གནམ་རི་སྲོང་བཙན་གྱིས་རྒྱལ་སྲིད་ཕུལ་ནས་ཞུས་པ་སོགས་གསུངས་པའི་ཡབ་བཞུགས་དུས་རྒྱལ་སྲིད་ཕུལ་བར་ངེས་སོ། །རིན་པོ་ཆེ་ཡི་ཁྲི་ལ་བཞུགས་པའི་ཚེ། །ནམ་མཁའི་མཐོངས་ནས་དབང་གི་ལྷ་རྣམས་བྱོན། །སྒྲིབ་པ་རྣམ་པར་སེལ་བས་ཅོད་པན་བཅིངས། །ཀུན་དུ་བཟང་པོས་བུམ་པའི་ཆུས་དབང་བསྐུར། །འོད་དཔག་མེད་པས་སྤྱི་བོར་ཕྱག་བཞག་ཞིང༌། །ལྷ་རྣམས་ཀུན་གྱིས་མཆོད་པའི་སྤྲིན་ཚོགས་སྤྲོས། །དེ་ཚེ་རྒྱལ་པོའི་སྐུ་ལས་འོད་ཟེར་ཚོགས། །དཔག་མེད་བྱུང་སྟེ་ཕྱོགས་བཅུའི་ཁམས་ཀུན་ཁྱབ། །འོད་རེའི་རྩེ་ལ་ལོངས་སྐུའི་ཞིང་རེ་ཆགས། །ཞིང་རེའི་རྣམ་སྣང་དྲུང་རེར་རྒྱལ་པོ་རེ། །རྣམ་སྣང་ཀུན་གྱིས་རྒྱལ་པོའི་སྤྱི་བོ་ལ། །ཕྱག་གིས་བྱུགས་ཚེ་རྒྱལ་པོ་རེ་རེ་ལས། །འོད་ཟེར་ཚོགས་སྤྲོས་འོད་རེའི་རྩེ་མོ་ལ། །(ཇ༡༤བ)


PTT001_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་རྟ་མཆོག་ཆིབས་པ་རེ་རེ་བྱུང༌། །དེ་རེ་ལས་ཀྱང་འོད་ཟེར་དཔག་མེད་སྤྲོས། །འོད་རེའི་རྩེ་ལ་སྤྲུལ་སྐུའི་ཞིང་རེ་ཆགས། །ཞིང་ཁམས་རེ་ན་རྒྱལ་བ་ཤཱཀ་ཐུབ་རེ། །རེ་རེའི་མདུན་ན་སྲོང་བཙན་སྒམ་པོ་རེ། །ཐུབ་པའི་དབང་པོས་རང་རང་དྲུང་འཁོད་པའི། །རྒྱལ་པོའི་དབུ་ལ་ཕྱག་གིས་རེག་མ་ཐག །རྒྱལ་པོ་རེ་ལས་འོད་ཟེར་མཐའ་ཡས་སྤྲོས། །འོད་རེའི་རྩེ་ལ་སྤྱན་རས་གཟིགས་དབང་རེ། །དེ་རེ་ལས་ཀྱང་འོད་ཟེར་སྤྲིན་གྱི་ཚོགས། །རེ་རེས་ན་མཁའ་ཐམས་ཅད་ཁྱབ་པ་སྤྲོས། །འོད་རེའི་རྩེ་ལ་ཕྱག་སྟོང་སྤྱན་སྟོང་ཅན། །ཐུགས་རྗེ་ཆེན་པོ་ཡིད་བཞིན་ནོར་བུ་རེ། །རེ་རེས་ཀྱང་ནི་སེམས་ཅན་མ་ལུས་པ། གང་ལ་གང་འདུལ་སྤྲུལ་པས་འདུལ་བར་གྱུར། །སངས་རྒྱས་བྱང་སེམས་རྣམས་ཀྱིས་རྒྱལ་པོ་དབང་བསྐུར་བའི་ཚུལ་འདི་ཁྲ་འབྲུག་གི་རྒྱལ་པོའི་ལྷ་ཁང་ན་གསེར་གྱིས་བྲིས་ནས་ཡོད་སྐད། དེ་ལྟར་ཆོས་ཀྱི་རྒྱལ་པོར་དབང་བསྐུར་ནས། །བོད་འབངས་ལྷར་བཅས་ཀུན་ལ་མངའ་དབང་བསྒྱུར། །ཡང་མེས་ཐོ་ཐོ་གཉན་བཙན་གྱིས་བསྟན་པ། །དབུ་རུ་ཤོད་ཆེན་ལྷ་ས་དམར་པོ་རི། །གནས་དེར་བདག་གི་འགྲོ་དོན་འབྱུང་ངོ་ཞེས། །དགོངས་ནས་ཕོ་བྲང་ནས་ནི་གདན་བཏེག་སྟེ། །ནང་པར་གྱེ་རེའི་ཡར་ཕྲེང་གྲོ་བཏབ་ཚེ། །ཞང་བློན་འཕྲུལ་གྱི་སྣ་ཚོགས་ཞེས་བྱ་བས། །ཆུ་ནང་འོད་ཟེར་སྣ་ཚོགས་ཁྲ་ཆེམ་མཐོང༌། །ངོ་མཚར་སྐྱེས་ནས་འདི་རྒྱུ་ཅི་ལགས་ཞུས། །རྒྱལ་པོའི་ཞལ་ནས་ཞང་བློན་ཆེན་པོ་ཉོན། །མཐའ་འཁོབ་ཁ་བ་ཅན་གྱི་ཡུལ་འདི་རུ། །སེམས་ཅན་ཐམས་ཅད་སྨིན་གྲོལ་འགོད་པའི་ལམ། །སངས་རྒྱས་ཀུན་གྱི་དགོངས་པ་གཅིག་བསྡུས་པ། །ཕན་བདེ་ཡོན་ཏན་མ་ལུས་འབྱུང་བའི་གནས། །མཐའ་འཁོབ་སྐྱེ་བོ་འདུལ་བའི་གཉེན་པོ་མཆོག །བོད་ཡུལ་ཁ་བ་ཅན་པའི་ཆོས་སྐལ་ནི། །རྒྱལ་བ་ཀུན་གྱི་ཡང་སྙིང་འདུས་པའི་མཆོག །གསང་བ་འབྲུ་དྲུག་ཆོས་སྐུ་ཡིག་འབྲུའི་ཚུལ། །བྲག་གི་ངོས་འདིར་ཡིག་དྲུག་རང་བྱུང་ཡོད། །འདིས་ཀྱང་སེམས་ཅན་མང་པོའི་དོན་བྱེད་གསུངས། །མཆོད་(ཇ༡༥ན)


PTT001_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཛད་པས་བྲག་ལས་འོད་ཟེར་འཕྲོས། །ཕ་རིའི་བྲག་ལ་ཕོག་པས་ཕན་ཚུན་ཀུན། །འཇའ་ཚོན་བཀྲ་བའི་མདངས་ཀྱིས་གཅིག་དུ་འབྲེལ། །གྲོང་གི་མིང་ཡང་འཇའ་མདངས་སུ་ཆགས་སྐད། སྤྱན་རས་གཟིགས་དབང་ཁཱརྶ་པ་ཎི་དང༌། །འཕགས་མ་སྒྲོལ་མ་དཔལ་ཆེན་རྟ་མགྲིན་སོགས། །རང་བྱུང་བྱོན་པ་བལ་པོའི་གཟོ་བོ་ཡིས། །རྣམ་པ་གསལ་གཏོང་ལྷ་ཁང་ཚུལ་དུ་མཛད། །དེ་ནས་དམར་པོ་རི་ལ་ཕོ་བྲང་བཏབ། །ཆོས་རྒྱལ་འགྲོ་བའི་དོན་ལ་གཡེལ་མེད་བཞུགས། །ཀ་བཀོལ་མ་ལས་ཁྲིམས་བཅས་རྟེན་སྤྱན་དྲངས་པའི་འོག་དུ་དམར་པོ་རི་ཐིགས་པ་འདྲ་བར་སྣང༌། དེ་ཚེ་རྒྱ་གར་རྒྱ་ནག་ཁྲོམ་གེ་སར། །སྟག་གཟིག་ལ་སོགས་མཐའ་ཡི་རྒྱལ་པོ་ཀུན། །སྤྲུལ་པའི་རྒྱལ་པོ་ཤིན་དུ་གཞོན་ནུ་ཡིས། །རྒྱལ་སྲིད་ཆོས་བཞིན་སྐྱོང་བའི་ངོ་མཚར་ཐོས། །རེ་རེ་བཞིན་ནས་དཔྱ་སྐྱེས་ལོ་ཏང་དུ། །འབུལ་ཞིང་དཀོར་སྒྲོམ་ཕྲིན་ཡིག་རྒྱ་ཆེར་ཕུལ། །ཀ་བཀོལ་མར་མཐའི་རྒྱལ་པོ་ལོ་བཞི་ལོན་པ་ཅིག་གིས་རྒྱལ་སྲིད་ཆོས་བཞིན་དུ་སྐྱོང་ཞེས་ཐོས་ནས་མཐའ་བཞིའི་རྒྱལ་པོས་དཔྱ་དང་སྐྱེས་ལོ་ཏང་དུ་འབུལ་བ་ལ་ཞབས་ཏོག་འདི་དང་འདི་ཡོད་ཏོ་ཞེས་ཡི་གེ་ཕུལ་བ་ལ། བོད་ཀྱིས་སྐྱེས་ལན་ལ་ངག་ཕྲིན་ལས་ཡི་གེ་མི་ཤེས་ཅེས་སྣང་ཞིང་ཀ་བཀོལ་མའི་དངོས་བསྟན་དགུང་ལོ་བཞི་ལ་ཡབ་གཤེགས་ནས་རྒྱལ་ས་མཛད་པ་འདྲ་བར་སྣང༌། ཡུལ་གྲུ་གཞན་གྱི་ཡི་གེར་མ་ལྟོས་པ། །བོད་ལ་རང་གི་ཡི་གེ་དགོས་པར་གཟིགས། །བློན་པོ་བློ་གསལ་དུ་མ་རྒྱ་གར་དུ། །བཏང་ཡང་ཡི་གེའི་བཞེད་པ་མ་འགྲུབ་ནས། །བོད་ཀྱི་བློན་པོ་བློ་རྣོ་བ་བཅུ་དྲུག་ལ་གསེར་བསྐུར་ནས་རྒྱ་གར་དུ་ཡི་གེ་སློབ་ཏུ་བཏང་བས་ལ་ལ་ཐང་འདྲེ་ཅན་རྣམ་པ་གསུམ་ལ་བརྡུགས་ནས་འགྲོ་མ་ནུས། ལ་ལ་ཚད་པས་ཤི། ལ་ལ་རྒྱ་སྐད་མ་ཤེས་པར་ལོག་སྐད། དེ་ནས་བློན་ཆེན་ཐོན་མི་ཨ་ནུའི་བུ། །ཐོན་མི་སམྦྷོ་ཊ་ཞེས་མཁས་ཤིང་མཛངས། །ཡིད་གཞུངས་བློ་རྣོ་དབང་པོ་སྐྱེ་མཆེད་གསལ། །ཡོན་ཏན་དུ་མར་ལྡན་པ་ཅིག་ལ་ནི། །བཀའ་བསྒོས་གསེར་དང་ཡོ་བྱད་བསྐུར་སྟེ་བཏང༌། །ཐོན་གྱི་ལུག་ར་ཁ་ནས་ཐོན་མི་(ཇ༡༥བ)


PTT001_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ནུ་ར་ག་ཏའི་བུ་ཐོན་མི་སམྦྷོ་ཊ་བྱ་བའི་མི་ཆུང་བློ་གསལ་བ་ཞིག་ལ་གསེར་ཕྱེ་བྲེ་གང་བསྐུར་སྟེ་བཏང་སྐད། དེ་ཡིས་རྒྱ་གར་ཀུན་མྱུལ་ལྷོ་ཕྱོགས་ཕྱིན། །སྒྲ་དང་ཡི་གེར་མཁས་པ་ཕུལ་བྱུང་བ། །བྲམ་ཟེ་ཆེན་པོ་ལི་བྱིན་ཡིན་པར་ཐོས། །དེར་ཕྱིན་གུས་པས་བཏུད་ཅིང་གསེར་ཕུལ་ནས། །བདག་ནི་མཐའ་འཁོབ་བོད་ཀྱི་བློན་པོ་ཡིན། །བདག་གི་རྒྱལ་པོ་ཐུགས་རྗེ་ཆེན་པོ་ལགས། །འབངས་རྣམས་ཆོས་ཀྱིས་ཚིམ་པར་མཛད་པ་དང༌། །དགེ་བ་བཅུ་ཡི་རྒྱལ་ཁྲིམས་འཆའ་བ་ལ། བདག་གི་ཡུལ་ན་ཡི་གེའི་སྲོལ་མེད་པས། །རྒྱ་གར་ཡུལ་དུ་ཡི་གེ་སློབ་ཏུ་མཆིས། །སྒྲ་ཚད་ཡི་གེའི་བཀའ་དྲིན་མཛོད་ཅེས་ཞུས། །མཁས་པ་ལི་བྱིན་དགྱེས་པས་ལན་གསུངས་པ། །བདེན་གཉིས་དོན་རྟོགས་བློན་ཆེན་རིག་པ་ཅན། །ཁྱོད་ལ་ཡི་གེ་སྒྲ་དང་སྙན་ངག་སོགས། །ཡོན་ཏན་ངོ་མཚར་ཅན་ཀུན་སློབ་བོ་ཞེས། །ཡི་གེའི་རིགས་རྣམས་ཀུན་ལ་མ་རྨོངས་བསྟན། །རིག་པའི་རྩལ་ཕྱེ་ཤེས་རབ་སྒྲོན་མེ་བཏེག །རྣམ་མང་དུ་མའི་ཡི་གེ་ཁོང་དུ་ཆུད། །ལྷ་རིག་སེང་གེ་ལ་སོགས་པཎྜི་ཏ། །མཁས་པ་གཞན་ཡང་བསྟེན་ནས་སྒྲ་ཚད་དང༌། །རིག་པའི་གནས་མང་ཁོང་དུ་ཆུད་པར་བྱས། །ཐེག་པ་ཆེན་པོའི་གསུང་རབ་མང་དུ་སྦྱངས། །བོད་ཏུ་འབྱོན་ཚེ་མཁན་པོ་ལི་བྱིན་གྱིས། ཁྱོད་ནི་རིག་གནས་ཀུན་ལ་རྩེ་མོར་སོན། །ད་ནི་སྤྲུལ་པའི་རྒྱལ་པོའི་དགོངས་པ་སྒྲུབས། །བོད་ཡུལ་འགྲོ་ཀུན་ཡི་གེ་སྒྲ་ཚད་དང༌། །ལུང་རིགས་མན་ངག་རྣམས་ཀྱིས་ཚིམ་པར་མཛོད། །ཐོན་མིས་ཡོན་ཕུལ་གཏང་རག་ཚིག་བརྗོད་པ། །ཐུགས་ལ་བཏགས་སོ་རྒྱལ་བའི་སྲས། །བཀའ་དྲིན་ཆེ་འོ་ངོ་མཚར་ཆེ། །བྱིན་གྱིས་རློབས་ཤིག་ཐུགས་རྗེ་ཅན། །རིག་པ་དྲི་མེད་ཀྱི་ན་མཁའ་ལ། །ཐབས་ཤེས་གཉིས་ཀྱི་རྒྱུ་སྐར་ཤར། །སྨོན་ལམ་དག་པའི་རླུང་གིས་དྲངས། །སྒྲ་ཚད་ཡི་གེའི་ཉི་ཟླ་ཤར། །འགྲོ་བའི་མ་རིག་མུན་པ་སེལ། །བདེ་གསལ་ཡིད་ཀྱི་རྒྱ་མཚོ་ལ། །(ཇ༡༦ན)


PTT001_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་བློ་ཡི་ཆུ་ཕྲན་འཁོར། །སྨོན་ལམ་དག་པའི་ཆུ་བྱ་ལྡིང༌། །སྒྲ་ཚད་ཡི་གེའི་ནོར་བུ་བཞུགས། །འགྲོ་བའི་དབུལ་ཕོངས་སེལ་བར་བྱེད། །སྒྱུ་ལུས་དྲི་མེད་ཀྱི་སྡོང་པོ་ལ། །ཐབས་ཤེས་གཉིས་ཀྱི་ཡལ་ག་རྒྱས། །བསླབས་ཤེས་ཡོན་ཏན་གྱི་མེ་ཏོག་ཤར། །སྒྲ་ཚད་ཡི་གེའི་འབྲས་བུ་སྨིན། །བདག་བོད་ཀྱི་བློན་པོ་ཐོན་མི་ལ། །མ་ལུས་གནང་བ་ཐུགས་ལ་བཏགས། །རྒྱ་གར་ཡུལ་དུ་ཕྱིན་པ་ཡིན། །མཁས་གྲུབ་ཁྱེད་དང་མཇལ་བ་ཡིན། །ཡོན་ཏན་གཞི་མ་ཡི་གེ་ཡིན། །མ་ལུས་ཁོང་དུ་ཆུད་པ་ཡིན། །བོད་ཡུལ་དབུས་སུ་འགྲོ་བ་ཡིན། །རྒྱལ་པོས་དགའ་སྟོན་མཛད་པ་ཡིན། །རྒྱལ་སྲིད་ཆོས་བཞིན་སྐྱོང་བ་ཡིན། །རྒྱལ་པོས་དབུ་མཛད་བློན་འབངས་ལ། །སྒྲ་ཚད་ཡི་གེ་དཔེལ་བ་ཡིན། །ཀུན་ལ་རྒྱས་པར་བྱེད་པ་ཡིན། །ཐུགས་ལ་བཏགས་སོ་རྒྱལ་བའི་སྲས། །ཞེས་གསོལ་ཞབས་མཐིལ་གཙུག་དུ་བླངས་ནས་ནི། །ཐེག་ཆེན་དམ་ཆོས་དུ་མ་དང་བཅས་སྟེ། །བོད་ཡུལ་དུ་ཕེབས་གུས་པ་དགའ་སྟོན་མཛད། །ནཱ་ག་ར་དང་ཁ་ཆེའི་ཡི་གེ་ལ། །དཔེ་བླངས་སྐུ་མཁར་མ་རུར་ཡིག་གཟུགས་བརྩམས། །ལྷ་ཡིག་ལཉྪ་དཔེ་བྱས་དབུ་ཅན་དང༌། །ཀླུ་ཡི་ཝརྟུ་ལ་ལྟར་ཟུར་ཅན་བྱས། །རྒྱ་སྐད་ཡི་གེ་ལྔ་བཅུ་ཡོད། །དེ་ཡི་དབྱངས་ཡིག་བཅུ་དྲུག་པོ། །ཨི་ཨུ་ཨེ་ཨོ་བཞི་རུ་བསྡུས། །ལོག་པའི་སྡེ་དང་ཐུག་པོ་བོར། །ཅ་ཆ་ཇ་དང་ཞ་ཟ་འ། །རྒྱ་ན་མེད་པ་དེ་དྲུག་བསྣན། །དབྱངས་གསལ་ཐུན་མོང་ཨི་ཡིག་བཅས། །གསལ་བྱེད་ཡི་གེ་སུམ་བཅུར་བསྡུས། །གཙོ་བོ་མིང་གཞི་ཉི་ཤུ་དང༌། །ཀུན་ལ་འཇུག་པ་མཐའ་རྟེན་བཅུ། །མེད་དུ་མི་རུང་སྔོན་འཇུག་ལྔ། །མེད་ཀྱང་རུང་བ་ཝ་ཡིག་གཅིག །ར་ལ་ས་གསུམ་འདོགས་པའི་མ། །ན་རོ་གུ་གུ་འབྲེང་པོ་གསུམ། །ཀུན་གྱི་སྟེང་ན་ཞྭ་ལྟར་ལྡིང༌། །ཞབས་ཀྱུ་ཀུན་གྱི་གདན་དུ་མཛེས། །ཕོ་མོ་མ་ནིང་ཡི་གེར་ཕྱེ། །རྣམ་དབྱེ་བདུན་དང་འབྱེད་སྡུད་སྒྲ། །ལྷག་(ཇ༡༦བ)


PTT001_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ལ་དོན་དགར་བསྣན་དང༌། །དགག་སྒྲུབ་ལ་སོགས་སྒྲ་སྣ་ཚོགས། །ཚིག་ཟུར་བསྒྱུར་བས་ཐོན་པར་མཛད། །ཐོན་མི་མདོ་རྫིའི་སྒྲ་མདོ་དང༌། །སུམ་རྟགས་ལ་སོགས་བརྡ་སྤྲོད་ཀྱི། །བསྟན་བཅོས་བརྒྱད་ཀྱང་མཛད་ཅེས་གྲགས། །ལེགས་སྦྱར་རྐྱེན་དང་རྣམ་དབྱེ་སོགས། །སྒྲ་རེའང་དུ་མས་སྒྲུབ་དགོས་པས། །རྟོགས་དཀའ་རྒྱ་ཆེ་གྲངས་མང་ཡང༌། །བོད་ཀྱི་སྒྲ་ལ་དེ་རྣམས་ཀུན། །བྱིངས་རྐྱེན་གཞན་ལ་མི་ལྟོས་པར། །ཚིག་ཟུར་བསྒྱུར་བས་གྲུབ་པའི་ཕྱིར། །རྟོགས་སླ་ཉུང་ཞིང་ཁྱད་པར་འཕགས། །འདི་གཟིགས་རྒྱ་གར་པཎ་ཆེན་རྣམས། །ངོ་མཚར་ཆེར་མཛད་འཇམ་པའི་དབྱངས། །དངོས་ཞེས་བསྟོད་བཀུར་མཛད་ཏོ་སྐད། །དུས་ཀྱི་འཁོར་ལོའི་འགྲེལ་ཆེན་ལས། །བཀའ་ཡི་སྡུད་པོ་རྣམས་ཀྱིས་ནི། །ཐེག་པ་གསུམ་པོ་བོད་ཡུལ་དུ། །བོད་ཀྱི་སྐད་ཀྱིས་བྲི་ལ་སོགས། །ཡུལ་གྲུ་སོ་སོར་རང་རང་གི །སྐད་ཀྱིས་བྲིས་ཞེས་གསུངས་པའི་ཕྱིར། །འདི་ནི་བོད་ཀྱིས་སྡུད་པོར་གསལ། །བོད་ཕྲུག་མཛངས་པའི་མི་བདུན་གྱི། །བཞི་པར་ཐོན་མི་བགྲངས་མོད་ཀྱང༌། །དེ་ཀུན་མཚུངས་པ་མ་ཡིན་སྟེ། །མཁན་པོ་ལོ་ཙཱའི་ཐོག་མ་འདིའི། །བཀའ་དྲིན་བོད་ཀྱིས་ཇི་ལྟར་ཁྱེར། །གསུང་གི་དབང་ཕྱུག་འཇམ་པའི་དབྱངས། །མངོན་སུམ་མི་ཡི་ཚུལ་འཛིན་པས། །བོད་ཡུལ་རྒྱལ་བའི་བཀའ་སྡུད་པོ། །སམྦྷོ་ཊ་ལ་གུས་ཕྱག་འཚལ། །དེ་ནས་རྒྱལ་པོ་དགའ་སྟོན་ཁྲི་ལ་ཕེབས། །དབྱངས་ཡིག་ངེས་པ་བྱ་དཀའི་སྒྲ་རྒྱན་དུ། །སྦྱར་ནས་ཐོན་མིས་ཡིག་ཕུད་ཕུལ་བ་ནི། །ཞལ་རས་གསལ་ལ་རང་མདངས་གང་བ་བཟང༌། །གདམས་ངག་ཟབ་ལམ་མ་ཆད་ཐ་དད་རང༌། །ལས་ངན་བག་ཆགས་ཐམས་ཅད་བསལ་མཛད་པ། །འཕགས་པ་མ་ཕམ་ཡང་དག་དམ་པ་ལགས། །བདེ་གཤེགས་བདེན་ངེས་ཡེ་ཤེས་སྟེ། །ཏིང་འཛིན་ཞི་ཉིད་རིག་ཅིང་གཟིགས། །ཉོན་མོངས་ཚོགས་བཅོམ་མགོན་པོ་མཆོག །དུག་གསུམ་བདུད་འདུལ་ཀུན་དུ་ཐུལ། །སྤྱན་རས་གཟིགས་དབང་(ཇ༡༧ན)


PTT001_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀྱི་སྲས། །སྲོང་བཙན་སྒམ་པོར་མཚན་གསོལ་བའི། །ཆོས་རྒྱལ་ཁྱེད་ལ་ཕྱག་འཚལ་ལོ། །ཐོན་མིའི་ཡིག་ཕུད་འདི་འབུར་སྟོང་ཇེན་ཁོག་སྣང་རྡོའི་ལྷ་ཁང་གི་བྲག་ལ་བརྐོས་སྐད། ཅེས་ཕུལ་རབ་ཏུ་དགྱེས་པའི་བྱ་དགའ་བསྩལ། །སྒྲ་དང་ཡི་གེ་རིག་པའི་གནས་རྣམས་ལ། །བོད་འབངས་གཟུང་ཕྱིར་སྤྲུལ་པའི་རྒྱལ་པོ་ཉིད། །ལོ་བཞིར་བསླབ་སྦྱངས་ནན་ཏན་མཛད་ཏོ་སྐད། །བློན་འབངས་ཀུན་ཀྱང་ཡི་གེ་འབྲི་ཀློག་དར། །ཐམས་ཅད་བློ་གྲོས་པདྨ་རབ་ཏུ་རྒྱས། །དེ་ཚེ་མཁས་པ་ཆེན་པོ་ཐོན་མི་ལ། །རྒྱལ་པོས་བཀུར་སྟེ་སྲི་ཞུ་ཆེར་མཛད་པས། །བློན་པོ་འགའ་ཡི་ཡིད་དུ་མ་བབ་ནས། །རྒྱལ་པོས་འབངས་ལ་འདི་ལྟར་མི་འོས་ཞེས། །བསྒྲགས་ཚེ་ཐོན་མིས་ང་རྒྱལ་གླུ་བླངས་པ། །ང་དྲིན་ཅན་གྱི་བློན་པོ་ཐོན་མི་ངས། །ལམ་བགྲོད་པར་དཀའ་བའི་རྒྱ་གར་དུ། །ལུས་ཚ་གྲང་ཆེ་ཡང་དཀའ་བ་སྤྱད། །ཁོང་མཁས་པ་བྲམ་ཟེ་ལི་བྱིན་ལ། །ཡིད་གུས་པའི་ཚུལ་གྱིས་མོས་གུས་བྱས། །ནོར་རིན་ཆེན་གསེར་གྱི་ཕྱག་རྟེན་ཕུལ། །དོན་རྙེད་པར་དཀའ་བའི་ཡིག་འབྲུ་བསྟན། །བློ་ཐེ་ཚོམ་སེལ་བའི་མཛུབ་ཁྲིད་བྱས། །ཚིག་དབྱངས་ཡིག་རྣམས་ལ་མཁས་པར་སྦྱངས། །རྒྱ་ཡིག་ལྔ་བཅུ་ཐམ་པ་དེ། །བོད་ཡིག་སུམ་བཅུར་གཏན་ལ་ཕབ། །རང་མཁས་པའི་ངེས་ཤེས་བློ་ལ་ཤར། །འཕྲལ་ཡོན་ཏན་ཐམས་ཅད་ཁོང་དུ་ཆུད། །དུས་ད་ལྟ་དགའ་ལ་ཕྱི་མ་སྐྱིད། །ཡུལ་མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་འདིར། །མི་མཁས་པས་སླེབ་པའི་སྔོན་མ་ཡིན། །ང་མུན་པ་སེལ་བའི་སྒྲོན་མེ་ཡིན། །རྗེ་རྒྱལ་པོ་ཉི་ཟླའི་ཚུལ་དུ་བཞུགས། །གྲོགས་བློན་པོའི་ཁྲོད་ན་ང་ཙམ་མེད། །བོད་ཁ་བ་ཅན་པའི་མི་རྣམས་ལ། །ང་ཐོན་མི་བཀའ་དྲིན་མི་ཆེའམ། །དེ་སྐད་བླངས་པས་འགྲན་སེམས་ཕྲག་དོག་ཞི། །བློན་འབངས་ཀུན་གྱིས་གཙུག་དུ་བཀུར་བར་གྱུར། །རྒྱ་བལ་མཁས་པ་དུ་མ་སྤྱན་དྲངས་སྟེ། །གསུང་རབ་དུ་མ་བསྒྱུར་ཅིང་དར་བར་མཛད། །(ཇ༡༧བ)


PTT001_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་གྱི་སློབ་དཔོན་ཀུ་ས་ར་དང་བྲམ་ཟེ་ཤང་ཀ་ར་དང༌། ཁ་ཆེ་ཏ་ནུ་དང༌། བལ་པོ་ཤཱི་ལ་མཉྫུ་དང༌། རྒྱ་ནག་ཧ་ཤང་མ་ཧ་དེ་ཝ་ཆེ་རྣམས་བྱོན། ལོ་ཙཱ་བ་ཐོན་མི་སམྦྷོ་ཊ་དང༌། དེའི་མཆན་བུ་དྷརྨ་ཀོ་ཥ་དང་ལྷ་ལུང་རྡོ་རྗེ་དཔལ་སོགས་ཀྱིས་འདུས་པ་རིན་པོ་ཆེ་ཏོག་གི་གཟུངས། ཟླ་བ་སྒྲོན་མ། དཀོན་མཆོག་སྤྲིན་སོགས་བསྒྱུར་ཅིང་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ཡང་བསྒྱུར་བར་གྲགས། གཙོ་བོར་ཐུགས་རྗེ་ཆེན་པོའི་མདོ་རྒྱུད་ཉི་ཤུ་རྩ་གཅིག་བསྒྱུར་སྟེ་བཀའ་ཆེམས་ཀྱི་ལོ་རྒྱུས་ཆེན་མོ་ལས། ཟ་མ་ཏོག་བཀོད་པ། ༡ ཕྱག་སྟོང་སྤྱན་སྟོང་གི་གཟུངས། ༢ པདྨ་སྙིང་པོའི་མདོ། ༣ ཞལ་བཅུ་གཅིག་པའི་མདོ། ༤ བཅུ་གཅིག་ཞལ་གྱི་གཟུངས། ༥ དོན་ཡོད་ཞགས་པ། ༦ དོན་ཞགས་ཕྱི་མ། ༧ པདྨ་མཆོག ། ༨ དབང་བསྒྱུར་འཁོར་ལོ། ༩ ཆོ་ག་སྔགས་ཀྱི་རྒྱུད། ༡༠ ཡིད་བཞིན་ནོར་བུའི་གཟུངས། ༡༡ སྙིང་རྗེ་ཆེན་པོ་མི་གཤོལ་བ། ༡༢ འོད་ཟེར་རྣམ་བཀོད། ༡༣ པདྨ་ཅོད་པན་གྱི་རྒྱུད། ༡༤ ཡི་གེ་དྲུག་པའི་མདོ། ༡༥ དམ་ཆོས་པད་དཀར། ༡༦ པུཎྜ་རི་ཀའི་མདོ། ༡༧ ཆུ་ཀླུང་སྣ་ཚོགས་པའི་མདོ། ༡༨ སྣང་བ་རོལ་བའི་མདོ། ༡༩ མཚན་བརྒྱ་རྩ་བརྒྱད་པ། ༢༠ མཚན་རབ་ཡོངས་སུ་བསྟན་པའི་མདོ་སྟེ། ༢༡ ཉེར་གཅིག་པོ་ཡིན་ལ་འདི་ལས་དོན་འདི་ལྟར་བཤད་པའང་བཀའ་ཆེམས་ལོ་རྒྱུས་ན་ཡོད་ཏོ། །འདི་ལས་འོད་ཟེར་རྣམ་བཀོད། ཆུ་ཀླུང་སྣ་ཚོགས། སྣང་བ་རོལ་པ། མཚན་རབ་ཡོངས་སུ་བསྟན་པ་རྣམས་དེང་སང་གི་བཀའ་འགྱུར་ན་མི་སྣང་ལ་གཞན་དོན་ཞགས་ཆོ་ག་ཞིབ་མོ་ལ་ཆོ་ག་སྔགས་ཀྱི་རྒྱུད་ཅེས་པ་ལྟ་བུ་འགྱུར་ཁྱད་མ་གཏོགས་དེང་སང་བཞུགས་ལ་མདོ་རྒྱུད་ཉེར་གཅིག་པོ་འདི་སྤྱན་རས་གཟིགས་ཀྱི་ཡོན་ཏན་བརྗོད་པའི་ཆོས་ཀྱི་རྣམ་གྲངས་ཁོ་ན་ཡིན་ནོ། །ཡང་རྒྱལ་པོས་ཐོན་མི་ལ་ཐུགས་དམ་གཉན་པོ་གསང་བ་དེར་ཅི་འདུག་ཀློགས་དང་གསུངས་པས་པང་ཀོང་ཕྱག་རྒྱ་དང་མདོ་སྡེ་ཟ་མ་ཏོག་བྱུང་སྐད། ལ་ལ་ནས་ཙིནྡྷ་མ་ཎིའི་གཟུངས། ཟ་མ་ཏོག་པང་ཀོང༌། མདོ་སྡེ་ལས་རྣམ་འབྱེད་དེ་བཞི་བྱུང་ཞེས་ཀྱང་སྣང༌། དེ་ལྟར་སྤྲུལ་པའི་ཆོས་ཀྱི་རྒྱལ་པོ་དེས། །ཡོན་ཏན་ཀུན་གྱི་གཞི་མ་བྲིས་ཀློག་གིས། །བོད་ཡུལ་རྨོངས་པའི་མུན་པ་ཀུན་བསལ་སྟེ། །ཆོས་དང་སྲིད་ཀྱིས་རྒྱལ་ཁམས་བདེ་བར་མཛད། །(ཇ༡༨ན)


PTT001_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་ཡི་བློན་པོ་ཆེན་པོ་བརྒྱ་ཕྲག་གསུམ། །ཀུན་གྱི་གཙོ་བོ་འཕྲུལ་བློན་བཅུ་དྲུག་གིས། །རྒྱལ་པོའི་བཀའ་སྒྲུབ་རྒྱལ་སྲིད་བདེ་བར་སྐྱོང༌། །དེ་ཡང་ཐང་ཡིག་ཆེན་མོ་ལས། འཕྲུལ་གྱི་གནའ་ཆེན་རིགས་བཟང་དང༌། །ཞང་པོ་རྒྱལ་གྱི་ཁྲོམ་བཟང་དང༌། །ཅོག་རོ་རིག་པའི་ཀོང་བཟང་དང༌། །ལྷ་གཟིགས་ཤོག་པོ་བསྟན་བཟང་དང༌། །ཀ་ཡི་སྙག་སྟོན་འཕེལ་བཟང་དང༌། །སྦས་ཅང་དཔལ་གྱི་ལེགས་བཟང་སྟེ། །ནང་བློན་བཟང་པོ་རྣམ་དྲུག་ཟེར། །དེ་ལ་སོགས་པ་བརྒྱ་ཕྲག་གཅིག །རྒྱལ་པོའི་སྐུ་ཡི་ཞབས་ཏོག་དང༌། །ནང་གི་བྱ་བ་ཐམས་ཅད་བྱེད། །བྱང་གི་ཁྱུང་པོ་པུན་ཟུང་བཙན། །ལམ་ཁྲི་བདེ་བླག་ཁྲི་བཙན་དང༌། །མུ་ཁྲི་རྡོ་རྗེ་རྣམས་བཙན་དང༌། །ཐིང་གི་བྱང་ཆུབ་མཆོག་བཙན་དང༌། །ཐར་པ་ཀླུ་ཡི་དཔལ་བཙན་དང༌། །རོང་པོ་འཕྲུལ་གྱི་ལྡེ་བཙན་སྟེ། །ཕྱི་བློན་བཙན་པོ་རྣམ་དྲུག་ཟེར། །དེ་ལ་སོགས་པ་བློན་པོ་བརྒྱས། །ཕྱི་ཡི་བྱ་བ་ཐམས་ཅད་བྱེད། །ཤར་ཕྱོགས་རྒྱ་དང་མི་ཉག་ནས། །གཟོ་དང་རྩིས་ཀྱི་དཔེ་རྣམས་ལེན། །ལྷོ་ཕྱོགས་དཀར་པོའི་རྒྱ་གར་ནས། །དམ་པའི་ཆོས་ཀྱི་སྒྲ་རྣམས་བསྒྱུར། །ནུབ་ཕྱོགས་སོག་པོ་བལ་པོ་ནས། །ཟས་ནོར་ལོངས་སྤྱོད་གཏེར་ཁ་འབྱེད། །བྱང་ཕྱོགས་ཧོར་དང་ཡུ་གུར་ནས། །ཁྲིམས་དང་ལས་ཀྱི་དཔེ་རྣམས་ལེན། །དེ་ལྟར་ཕྱོགས་བཞིར་དབང་བསྒྱུར་ནས། །མཐའ་ཡི་ལོངས་སྤྱོད་དབང་དུ་སྡུད། །འཛམ་གླིང་ཕྱེད་ལ་ཁ་ལོ་བསྒྱུར། །མཁས་པ་ཐོན་མི་སམྦྷོ་ཊ། །མགར་གྱི་སྟོང་བཙན་ཡུལ་བཟུང་དང༌། །འབྲི་ཡི་སི་རུ་གུང་སྟོན་དང༌། །ཉང་གི་ཁྲི་བཟང་ཡང་སྟོན་སྟེ། །མེད་ཐབས་མེད་པའི་བློན་པོ་བཞི། །དེ་ལ་སོགས་པའི་བློན་པོ་བརྒྱས། །བར་གྱི་ཁོད་སྙོམ་ཁྲིམས་གཉིས་སྐྱོང༌། །ཞེས་བཤད་ཏོ། །ཐོན་མིས་བོད་ཡིག་ཐོག་མ་མཛད་པའི་ཕྱིར། །བོད་ཕྲུག་མཛངས་མི་བདུན་གྱི་བཞི་པར་གྲགས། །གཞན་ཡང་ཁྲི་བཟང་ཡང་སྟོན་སྙགས་ཀྱི་བུས། །མཛངས་པའི་ལས་སུ་རི་ཁྱིམ་ཀླུངས་སུ་ཕབ། །སྤོ་མཐོན་མཁར་དུ་བརྩིགས་ནས་གྲོང་ཁྱེར་བཅོས། །འདི་ཡན་བོད་ཀྱི་ཁང་ཁྱིམ་རི་ལ་ཡོད། །(ཇ༡༨བ)


PTT001_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཕྱིར་བོད་ཀྱི་མཛངས་མི་ལྔ་པ་ཡིན། །དེ་ནས་རྒྱལ་པོས་བོད་འབངས་ཀུན་བསྡུས་སྟེ། །ལུགས་གཉིས་བཀའ་ཁྲིམས་ཆེན་པོ་བཅའ་བར་བཞེད། །རྒྱལ་པོས་ལོ་བཞིར་མཚམས་མཛད་ནས་ཡི་གེ་ལ་སོགས་པའི་རིག་གནས་སྦྱངས་པའི་འབངས་རྣམས་ན་རེ་རྒྱལ་པོ་ལོ་བཞིར་ཕོ་བྲང་ནས་ཕྱིར་མི་འབྱོན་པ་གླེན་པ་ཅིག་ཡོད་པར་འདུག །བོད་བདེ་བ་བློན་པོ་རྣམས་ཀྱིས་བྱས་ཟེར་བ་གསན་པས་ང་གླེན་པར་བརྩིས་ན་བོད་མི་ཐུལ་དགོངས་སྟེ་འབངས་རྣམས་བསགས་ནས་ང་འཕོ་བསྐྱས་མ་བྱས་པར་ཕོ་བྲང་གཅིག་ན་འདུག་ན་འབངས་རྣམས་བདེ་བ་ཡིན་སྟེ་རྒྱལ་པོ་གླེན་པར་འདུག །རྒྱལ་ཁམས་བདེ་བ་བློན་པོས་བྱས་ཟེར་བ་འདུག་པ་དེ་མ་ཡིན། བློན་པོ་ངས་བསྒོ་བ་ཡིན། ད་ནི་ངས་རྒྱལ་ཁྲིམས་ཆེན་པོ་བཅའ་དགོས། སྔོན་ཡང་ཁྲིམས་མེད་པས་རྒྱལ་ཕྲན་རྣམས་སོ་སོར་འཁྱར་བ་ཡིན། ད་དུང་ཁྲིམས་མེད་ན་ཉེས་བྱེད་དར་ཞིང་ངའི་འབངས་རྣམས་སྡུག་བསྔལ་བར་འགྱུར་བས་ཁྲིམས་བཅའ་བར་བྱའོ་གསུངས་ནས་བཅས་སྐད། བཀའ་ཡི་ཁྲིམས་ཡིག་ཆེན་པོ་རྣམ་དྲུག་མཛད། །ཐོག་མར་བོད་ཡུལ་རུ་ཆེན་ལྔ་རུ་ཕྱེ། །ཡུལ་གྱི་དབང་རིས་རྣམ་པ་བཅོ་བརྒྱད་བཅད། །རྒོད་ཀྱི་སྟོང་སྡེ་དྲུག་བཅུ་རྩ་གཅིག་ཕྱེ། །གཡུང་གི་མི་སྡེ་ཁེང་དང་ཡང་ཁེང་འབྱེད། །ཞང་གསུམ་བློན་བཅས་དབུས་ཀྱི་འདུན་ས་འཛིན། །དཔའ་སྡེ་གསུམ་གྱིས་མཐའ་ཡི་སོ་ཁ་སྲུང༌། །དེ་ལ་བོད་ཀྱི་ཁོས་དྲུག་ཞེས་སུ་གྲགས། །དེ་ཡང་ཁྲིམས་ཡིག་དྲུག་ནི། ཁྲི་རྩེ་འབུམ་བཞེར་གྱི་ཁྲིམས། ༡ འབུམ་གསེར་ཐོག་ཤ་བ་ཅན་གྱི་ཁྲིམས། ༢ རྒྱལ་ཁམས་དཔེར་བླངས་ཀྱི་ཁྲིམས། ༣ མདོ་ལོན་ཞུ་བཅད་ཀྱི་ཁྲིམས། ༤ དབང་ཆེན་བཅད་ཀྱི་སྤྱི་ཁྲིམས། ༥ ཁབ་སོ་ནང་པའི་ཁྲིམས་ཏེ་དྲུག་གོ །དང་པོ་ཁྲི་རྩེ་འབུམ་བཞེར་ནས་སྲིད་པ་དང་ཁོས་སྟོན་པ་ལས་རྒྱལ་པོས་བློན་པོ་རྣམས་སོ་སོར་བཀས་བསྒོས་སྟེ་བོད་ཀྱི་ཁོས་དཔོན་མགར་སྟོང་བཙན་ཡུལ་བཟུང༌། ཞང་ཞུང་གི་ཁོས་དཔོན་ཁྱུང་པོ་བུན་ཟུང་ཙེ། སུམ་པའི་ཁོས་དཔོན་ཧོར་བྱ་ཞུ་རིང་པོ། ཆིབས་ཀྱི་ཁོས་དཔོན་དབང་བཙན་བཟང་དཔལ་ལེགས། མཐོང་ཁྱབ་ཀྱི་ཁོས་དཔོན་ཅོག་རོ་རྒྱལ་མཚན་(ཇ༡༩ན)


PTT001_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་གོང་རྣམས་བསྐོས། སྐྱི་ཤོད་ཤོ་མ་ར། ཁྱུང་ལུང་རྔུལ་མཁར། ནམ་ར་ཞ་དོན་གྲམ་པ་ཚལ། རི་བོ་གཡའ་དམར་རྣམས་སུ་བཅད་སྐད། མགར་གྱིས་བོད་ཀྱི་ཁོད་བཅའ་བའི་ཕྱིར་རྡེའུ་དང་ཤིང་བུ་གཙིགས་སུ་གསོལ་སྟེ་བྱང་བུ་མཛོ་ཁལ་དྲུག་ལྡང་བར་བྲིས་པས་བྱང་ཁྲམ་མ་ཐེབས་པ་འཁྲུགས་ནས་འཕན་ཡུལ་དར་རྒྱལ་ན་བྱིས་པ་མང་པོ་རྗེ་བྱ་བ་འཕྲུལ་ཆེ་བར་ཐོས་ནས་བློན་པོ་བཞིས་འཚོལ་དུ་ཕྱིན་པས་ནེ་གསིང་ཆེན་པོ་གཅིག་གི་མཐར་བྱིས་པ་དང་ཕྲད། ན་འདིའི་གཞུང་གཅོད་དམ་མཐའ་བསྐོར་དྲིས་པས་དལ་ན་གཞུང་ཆོད་རིངས་ན་མཐའ་བསྐོར་ཟེར། བློན་པོ་བཞིས་གཞུང་བཅད་པས་འདམ་དུ་ཚུད་ནས་ཡུན་རིང་འགོར། བྱིས་པ་དེ་ལ་ཕ་མ་གར་སོང་དྲིས་པས་ཕ་གཏམ་འཚོལ་དུ་སོང་མ་མིག་འཚོལ་དུ་སོང་ཟེར། དར་ཅིག་ན་ཕས་ཆང་ཁྱེར་མས་མེ་ཁྱེར་བྱུང་སྐད། བྱིས་པ་དེ་ཁྲིད་ནས་ཁོད་ཤོམ་བཅུག་པས་ཀྱང་མ་ཤོམས། དར་རྒྱལ་མང་པོ་རྗེས་མཆིམས་མང་བཞེར་ངན་པ་བྱ་བ་མཛངས་པར་ཐོས་ནས་བློ་རྐུ་བའི་ཕྱིར་རི་ལ་ཆང་སྦས། ཤ་སྐམ་ཚྭ་ཆུ་བྱུགས་པ་ཁྱེར་ནས་མཆིམས་ལུག་རྫིའི་རེས་བྱེད་པའི་ཕྱིན་ཡར་ཕྱིན་སྟེ་བོད་ཀྱི་ཁོད་དར་རྒྱལ་མང་པོ་རྗེས་བཤོམ་སྐད་ན་ཤོམས་སམ་བྱས་པས་རྩོམ་པ་དེས་མི་ཤོམས། ང་མིན་པ་ཤོམས་པ་མེད་དེ་ང་མི་ཤོམ་ཟེར། ཤ་སྐམ་བྱིན་པས་ཁ་སྐོམ་སྟེ་ད་ལྟ་སྐོམ་སྟེར་བ་བྱུང་ན་ཅི་ཟེར་ཉན་པར་བྱས་ནས་ཆང་གིས་གཟིར་བཅུག་ནས་དྲིས་པས་རུ་མཚམས་འབྱེད་པ། ཡུལ་བགོད་པ། རྒོད་གཡུང་གི་སྡེ་འབྱེད་པ་སོགས་ཞིབ་པར་སྨྲས་ནས་ཁོ་གཉིད་དུ་བཏང་ནས་བྲོས་སྟེ་ཁོས་ཟེར་བ་བཞིན་མགར་དང་དར་རྒྱལ་གྱིས་བཤམས་སྐད། དེ་ཡང་དང་པོར་རུ་མཚམས་ཕྱེ་སྟེ། ཤར་འོལ་ཁའི་ཤུག་པ་སྤུན་བདུན་ལྷོ་རྨ་ལ་ལ་བརྒྱུད་ནུབ་གཞུ་སྙེ་མོ་བྱང་པྲགས་ཀྱི་གླང་མ་གུར་ཕུབ་དབུས་ཚད་ལྷ་ས་ར་མོ་ལ་བྱས་པ་དབུ་རུ། ཤར་ཀོང་ཡུལ་བྲེས་སྣ་ལྷོ་ཤ་འུག་སྟག་སྒོ་ནུབ་ཁ་རག་གངས་རྩེ་བྱང་རྨ་ལ་ལ་བརྒྱུད་དབུས་ཚད་ཡར་ལུངས་ཁྲ་འབྲུག་(ཇ༡༩བ)


PTT001_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བྱས་པ་གཡོ་རུ། ཤར་པྲགས་ཀྱི་གླང་མ་གུར་ཕུབ་ལྷོ་གཉའ་ནི་གཡག་པོའི་སྣ་ནུབ་བྱེ་མ་ལ་དགུ་བྱང་སྨྲི་ཏི་ཆུ་ནག་ཤངས་ཀྱི་ཞོང་པ་ཚལ་ལ་ཕྱས་པ་གཡས་རུ། ཤར་འཇམ་ན་བཀྲ་ལྷོ་བལ་པོ་གླང་སྣ་ནུབ་ལ་ཀེམ་གཡག་མིག་བྱང་བྱེ་མ་ལ་སྔོན་དབུས་བྲད་ཀྱི་དུར་པ་སྣ་ལ་བྱས་པ་རུ་ལག །ཤར་གཉེ་ཡུལ་བུམ་ནག་ལྷོ་སྨྲི་ཏི་ཆུ་ནག་ནུབ་ཡེལ་ཞབས་སྡིངས་པོ་ཆེ་བྱང་ནགས་ཤོད་གཟི་འཕྲང་དབུས་ཚད་རྒྱ་ཤོད་སྟག་པ་ཚལ་ལ་བྱས་པའི་སུམ་པའི་རུ་སྟེ་གཙང་ལ་གཡས་རུ་དང་རུ་ལག །དབུས་ལ་དབུ་རུ་དང་གཡོ་རུ། ཡན་ལག་གསུམ་པའི་རུ་སྟེ་ལྔར་ཕྱེའོ། །དེ་རྣམས་ལ་ཡུལ་གྱི་དབང་རིས་ནི། དབུ་རུ་ཤོད་ཆེན་བཙན་པོ་མངའ་བདག་ཡུལ། །ཕོ་བྲང་སྣེ་ཆེ་བཙན་པོ་རྒྱལ་འབངས་ཡུལ། །ཡར་ལུངས་སོགས་ཁ་ཁུ་དང་གཉགས་ཀྱི་ཡུལ། །ཡ་འབྲོག་གངས་ཁྱིམ་ཀུ་རིངས་སྡེ་ལྔའི་ཡུལ། །འཆིང་ང་འཆིང་ཡུལ་མགོས་དང་སྣུབས་ཀྱི་ཡུལ། །བྱ་འུག་ས་ཚིགས་དྲང་རྗེ་ཕ་ལྔའི་ཡུལ། །བྲད་དང་ཞོང་པ་སྣ་ནམ་ཡུལ་དུ་བཅད། །བྲག་རུམ་སྟོད་སྨད་ཆེ་སྤོང་ཡུལ་དུ་བྱས། །གཙང་སྟོད་གཙང་སྨད་འབྲོ་དང་ཁྱུང་པོའི་ཡུལ། །ཀླུངས་ཤོད་ནམ་པོ་འདྲུ་དང་ཕྱུགས་མཚམས་ཡུལ། །འཕན་ཡུལ་སྟོང་སྡེ་སྒྲོ་དང་རྨ་ཡི་ཡུལ། །ཉང་རོ་གྲོམ་པ་འབྲེ་དང་ལྕེ་ཡི་ཡུལ། །ཤངས་དང་གླེ་ཕྱི་རི་དང་གླེ་ཡི་ཡུལ། །ཡུང་བ་ཆེ་ཆུང་བྲན་ཀའི་ཡུལ་དུ་བཅད། །ཞ་གད་སྡེ་གསུམ་བློན་པོ་སྦས་ཀྱི་ཡུལ། །ནམ་ར་ཆག་གོང་འབྲིང་དང་ཆག་གི་ཡུལ། །འདམ་ཤོད་དཀར་མོ་ཕྱ་དང་རྭ་ཡི་ཡུལ། །མདོ་ཁམས་མདོ་ཆེན་རྒོད་སྟོང་སྡེ་བརྒྱད་ཡུལ། །ཞེས་བཅོ་བརྒྱད་དུ་ཕྱེའོ། །རྒོད་ཀྱི་སྟོང་སྡེ་ནི། རུ་རེ་ལ་སྟོང་སྡེ་བརྒྱད། སྟོང་བུ་ཆུང་རེ། སྐུ་སྲུང་གི་སྟོང་སྡེ་རེ་དང་བཅུར་ཕྱེ་སྟེ། དོར་སྡེ་སྡེ་མཚམས་གཉིས། ཕྱུགས་མཚམས་འབྲང་མཚམས་གཉིས། ཅོམ་པ་འབྲི་མཚམས་གཉིས། སྐྱིད་སྟོད་སྐྱིད་སྨད་གཉིས། ཡེལ་རབ་སྟོང་བུ་ཆུང་སྐུ་སྲུང་ཤར་ཕྱོགས་པ་དང་བཅུ་ནི་དབུ་རུའི་སྟོང་སྡེ་བཅུའོ། །ཡར་ལུང་འཕྱིང་ལུང་གཉིས། ཡར་མཚམས་གཡུ་འབངས་གཉིས། དྭགས་པོ་ཉ་གཉི་གཉིས། དམྱལ་དང་ལྷོ་བྲང་གཉིས། ལོ་རོ་སྟོང་བུ་ཆུང༌། སྐུ་སྲུང་བྱང་ཕྱོགས་པ་རྣམས་གཡོ་རུའི་སྟོང་སྡེ་བཅུའོ། །སྟོང་ཆེན་ཤངས་ཆེན་གཉིས། ལང་མི་(ཇ༢༠ན)


PTT001_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཕོད་དཀར་གཉིས། ཉེན་གར་འབྲང་མཚམས་གཉིས། སྤོ་རབ་གཟོང་སྡེ་གཉིས། ཞངས་སྟོང་བུ་ཆུང༌། སྐུ་སྲུང་ནུབ་ཕྱོགས་པ་རྣམས་གཡས་རུའི་སྟོང་སྡེ། མང་ཀར་ཁྲི་ཕོམ་གཉིས། གྲོམ་པ་ལྷ་རྩེ་གཉིས། མྱང་རོ་ཁྲི་འཐད་གཉིས། ཁང་སར་གད་ཕྲམ་གཉིས། མཚོ་ངོས་སྟོང་བུ་ཆུང༌། སྐུ་སྲུང་ལྷོ་ཕྱོགས་པ་སྟེ་རུ་ལག་གི་སྟོང་སྡེ་བཅུའོ། །བོད་དང་གྲུ་གུའི་མཚམས་ན་འོ་ཅོ་མང་མ་གཉིས། གཉེ་མ་ཙ་མོ་གཉིས། བ་ག་སྟོང་བུ་ཆུང་སྟེ་ཞང་ཞུང་སྟོད་ཀྱི་སྟོང་སྡེ་ལྔ། བོད་དང་སུམ་པའི་མཚམས་ན་གུག་གེ་ཅོག་ལ་གཉིས། སྤྱི་གཙང་ཡར་གཙང་གཉིས། ཅི་དེ་སྟོང་བུ་ཆུང་སྟེ་ཞང་ཞུང་སྨད་ཀྱི་སྟོང་སྡེ་ལྔ་སྟེ་ཞང་ཞུང་གི་སྟོང་སྡེ་བཅུའོ། །རྩེ་མཐོན་ཕོ་མཐོན་གཉིས། རྒོད་ཚང་སྟོད་སྨད་གཉིས། འཇོང་སྟོད་འཇོང་སྨད་གཉིས། དྲེ་སྟོད་དྲེ་སྨད་གཉིས། ཁ་རོ་ཁ་ཟངས་གཉིས། ནགས་ཤོད་སྟོང་བུ་ཆུང་སྟེ་སུམ་པའི་རུ་སྟོང་ཁྱབ་རྒྱ་ལྡན་གྱི་སྟོང་སྡེ་བཅུ་གཅིག་གོ །དེ་རྣམས་ལ་རྒོད་ཀྱི་སྟོང་སྡེ་དྲུག་བཅུ་རྩ་གཅིག་ཟེར་སྟེ་རྒོད་ནི་འབངས་རབ་ཚན་དམག་གི་ལས་བྱེད་པའི་མིང་སྟེ་དེ་རྣམས་ལ་སྟོང་དཔོན་ཡང་དྲུག་བཅུ་རྩ་གཅིག་གོ །དབུ་རུ་སྟོད་སྨད་ཀྱི་དམག་དཔོན་སྣ་ནམ་རྒྱལ་རྒན་དང་སྦས་སྐྱེས་བཟང་སྟག་སྣ། དེའི་དཔའ་ཟླ་གནོན་འཕན་གསུམ་དང་ཤོད་བུ་ཁོད་བཙན། རུ་རྟ་ཟེ་དཀར་རྟ་སྐྱ་དང་མཚལ་བུ་གཟིག་རིང༌། རུ་དར་དམར་པོ་ལྕེ་ཁྲ་དང་དཔལ་དར་དམར་པོ། དམག་གི་བཞེད་ནི་མཚོ་ལ་གངས་བབ་འདྲ་སྐད། གཡོ་རུ་སྟོད་སྨད་ལ་རུ་དཔོན་མྱང་སྟག་གཟིག་གཡུ་བཙན་དང་མཆིམས་རྒྱལ་གཟིགས་ཤུད་རིང༌། དཔའ་ཟླ་གཡས་མང་བཞེར་དང་སོ་གད་གཉེན་བཞེར་རུ་རྟ་མོག་རོ་བུན་བུན་དང་མཚལ་བུ་རྟིང་དཀར་རུ་དར་སེང་གེ་དམར་པོ་དང་དར་དཀར་སྙིང་ནག །མཚོ་ལ་སྦྲང་ཆར་བབ་པ་བཞིན་དུ་འགྲིམ་སྐད། རུ་ལག་སྟོད་སྨད་ལ་རུ་དཔོན་འབྲོ་རྒྱལ་མཚན་སེང་གེ་དང་ཁྱུང་པོ་གཡུའི་ཟུར་ཕུད། དཔའ་ཟླ་གནམ་སྡེ་གུར་ཚབ་དང་མཆིམས་བཙན་ཞེར་ལྷ་གཟིགས། རུ་དར་སེང་དཀར་གནམ་འཕྱོང་དང་དཔལ་དར་ནག་པོ། རུ་རྟ་ངང་པ་ཕུད་དམར་དང་རག་པ་རྔོག་ནག །གངས་ལ་སེར་བ་འགྲིམ་པ་བཞིན་དུ་འགྲོ་སྐད། གཡས་རུ་སྟོད་སྨད་ལ་རུ་དཔོན་ཁྱུང་པོ་(ཇ༢༠བ)


PTT001_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་བཟང་སྟོང་དང་མགོས་ཁྲི་གཉེན་ཡང་འཕྱོས། དཔའ་ཟླ་བ་ཚབ་མཚོ་ཞེར་ཙད་ལོད་དང་ལང་པ་མགོན་ནེ། རུ་རྟ་མཚལ་བུ་མེ་སྟག་དང་སྔོན་པོ་གཡུ་རྟ། རུ་དར་དར་ནག་སྙིང་དཀར་བྱ་ཁྱུང་བྲིས་པ་དང་སྐྱར་ཁ་གོང་ཁྲ། སྤང་ལ་མེ་མཆེད་པ་ལྟ་བུར་འགྲིམ་སྐད། གཡུང་གི་མི་སྡེ་འབྱེད་པ་ནི་གཡུང་ངམ་ཁེང་ཞེས་པ་འབངས་ལས་བྱེད་ཀྱི་མིང་ཡིན་ལ་ཡང་ཁེང་ཞེས་པ་ཡང་བྲན་དང་ཉིང་གཡོག་གི་མིང་ཡིན་ནོ། །དེ་ལ་ཡང་སྣུབས་རྗེ་སྲིས་པ་ལ་སོགས་རྗེ་དགུ། ལོ་ངམ་རྟ་རྫི་སོགས་རྫི་བདུན། ག་རོད་སྒ་མཁན་སོགས་མཁན་དྲུག །རྒྱ་ཇ་ཚོང་པ་ལ་སོགས་ཚོང་པ་ལྔ། གདགས་སྤྲ་འཛིན་སོགས་འཛིན་གསུམ་སྟེ་འདི་རྣམས་ཁེང་དང་ཡང་ཁེང་དང་ཉིང་ཁེང་དུ་ཕྱེ་བས་དགོས་པ་ཐམས་ཅད་སྒྲུབ་ལ། ནམ་པ་ལྡེ་རྒྱལ། བལ་པོ་ལི་རྒྱལ། སུམ་པ་ལྕགས་རྒྱལ། མོན་རྩེ་རྒྱལ་ཞེས་ཕྱོགས་ཀྱི་རྒྱལ་པོ་བཞིས་དཔྱ་བསྡུས་ནས་འབུལ་བས་འབངས་ལ་གཏོགས་སོ། །སྟོད་ན་འབྲོ་སྨད་ན་མཆིམས་བར་ན་སྣ་ནམ་བློན་པོ་སྦས་རྣམས་ལ་ཞང་གསུམ་བློན་དང་བཞི་ཞེས་སྐུ་ཞང་དང་བློན་ཆེན་གྱི་བྱ་བ་བྱེད་དོ། །དཔའ་བའི་སྡེ་གསུམ་ནི་རི་བྲང་སྟག་པ་གོང་ཡན་ཆད་མོན་འབྲལ་ཁ་བཞི་མན་ཆད་ན་འབྲོ་ཁྱུང་མགར་སྣུབས་གཉན་སྟེ་གུག་ཅོག་སྡེ་ལྔས་དཔོན་བྱས། གྲུ་གུ་གསེར་མིག་ཅན་གྱི་ཆུང་མ་ཧོར་མོ་བང་མདུང་ཅན་ནུ་མ་གཡས་པ་མེ་བཙས་བསྲེགས་ནས་མདའ་པར་གསུམ་ལྡེའུ་ཁྱི་མགོ་ཙམ་རྡོ་ལེབ་ལ་ཅུར་འབྱིན་པ་འཕེན་པ་ལ་ཁ་བལྟས་ནས། དཔའ་མཚན་དུ་སྟག་གི་སྤྱིལ་པོ་ཕུབ། འོག་རྟ་གཡུལ་དུ་བསད། གདོང་ཁྲག་གིས་བྱུགས་སྟེ་སླར་མི་ལྡོག་པའི་རྩིས་སུ་བྱས་ནས་རྒོལ་བས་གྲུ་གུ་བཏུལ་བའོ། །བར་གྱི་དཔའ་སྡེ་ནི་རི་པེ་ནམ་ལུང་ཡན་ཆད་ཆ་སྐོར་དར་བས་མན་ཆད་ཡུལ་དེ་ན་སྦས་རྒྱ་སྡེ་བཅུ་གཉིས་གནས་པས་ནགས་ཤོད་ཀྱི་དཔོན་བྱས་སྟེ་ལྗང་མོ་ཐག་མདུང་གི་རྩེ་མོ་བཙུགས་ནས་དམག་གསེབ་ཏུ་རྒྱུག་པ་ལ་རྒོལ་བའི་ཚེ་དཔའ་མཚན་དུ་རལ་གྲི་ལ་རི་མོ་བྲིས་དུར་རྒྱགས་ལྟོར་ཟོས་ཚེ་སློག་རྒྱབ་ཏུ་གོན་སྟེ་མི་སྡུག་པའི་ཆས་སུ་བྱས་ན་རྒོལ་པས་ལྗང་བཏུལ་ལོ། །སྨད་ཀྱི་དཔའ་སྡེ་ནི་རྨ་པོམ་ར་མན་ཆད་ཀ་ཐང་ཀླུ་ཚེས་ཡན་ཆད་ན་མཐོང་ཁྱབ་སྲིད་སྡེ་དགུ་དང་འ་ཞ་སྟོང་སྡེ་དྲུག་གནས་པ་ལ། རྒྱའི་སོ་མཁར་གྱི་ལྕགས་རིའི་སྟེང་དུ་རྟ་པ་དགུ་བསྒྲིགས་རྒྱུག་པའི་ནང་ནས་མི་(ཇ༢༡ན)


PTT001_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་ཐུང་ཙམ་གྱིས་དགྲ་སྟའི་ཁ་ཁྲུ་རེ་ཙམ་པ་ཐོགས་པ་ལ་རྒོལ་པའི་ཚེ། ལྟོང་ལྟོང་གི་བུ་ཕྱུགས་མཚམས་ཀྱིས་དཔོན་བྱས་དཔའ་མཚན་དུ་རལ་གྲིའི་ཤུབས་བཅག་ཁ་ཆེམས་ཉེ་བ་ལ་ཕོག་བུ་སྨད་ཉེ་དྲུང་ལ་བཅོལ་ནས་མི་ལྡོག་པའི་རྩིས་ཀྱིས་རྒོལ་པས་རྒྱ་ཐུལ་བས་སྨད་ཀྱི་དཔའ་སྡེའོ། །གཞན་ཡང་དཔོན་བདུན་ལ་ཡུལ་དཔོན་གྱི་ལས་སུ་ཡུལ་ཆུང་ཁྲིམས་ཀྱིས་འཚོ། དམག་དཔོན་གྱི་ལས་སུ་དགྲ་འདུལ། ཆིབས་དཔོན་གྱིས་གཤེགས་པའི་བཤུལ་མཚོན། རྔན་དཔོན་གྱིས་འབྲུ་དང་གསེར་དངུལ་གྱི་གཉེར་བྱེད་པ་ལ་རྔན་བགྲང་བ་མང་བས་རྔན་དཔོན་དུ་ཐོགས། ཕྲུ་དཔོན་གྱིས་འབྲི་མཛོ་ཕྲུ་མའི་གཉེར་བྱེད། དྲང་དཔོན་གྱིས་ཞལ་ལྕེ་གཅོད་པས་དཔོན་བདུན་ནོ། །གཞན་ཡང་བཀའ་གྲོས་ཆེན་པོ་དྲུག་ཡིག་ཚངས་དྲུག་བཀའི་ཕྱག་རྒྱ་དྲུག་རྐེན་དྲུག་དཔའ་མཚན་དྲུག་དེ་རྣམས་ཀྱི་སྟེང་དུ་ཁྲིམས་ཡིག་དྲུག་པོ་བསྣན་པས་བོད་ཀྱི་ཁོས་སུམ་བཅུ་རྩ་དྲུག་ཞེས་བྱ་སྟེ་རྗེའི་སྐུ་འཚོལ་ཞིང་ཞོ་ཤ་སླར་དབུལ། རྒོད་ཀྱི་གཉའ་མནན་ཞིང་ཡང་ཁེང་གི་རྒྱབ་བརྟེན་ཁེང་རྒོད་དུ་མི་བཏང་ཞིང་མོ་བཙུན་བཀའ་ལ་མི་གདགས། སོ་མཚམས་སྲུང་ཞིང་འབངས་ཀྱི་ཚལ་ཞིང་རྟ་དཀྱུས་ཀྱིས་མི་བཅད། དགྲ་འདུལ་ཞིང་འབངས་བསྐྱང༌། དགེ་བཅུ་སྒྲུབ་ཅིང་མི་དགེ་བ་བཅུ་སྤང་བ་རྣམས་བཀའ་གྲོས་ཆེན་པོ་དྲུག་གོ །ཡིག་ཚངས་ནི་རབ་གསེར་གཡུ་གཉིས་འབྲིང་དངུལ་དང་ཕྲ་མེན་ཐ་མ་ཟངས་ཡིག་ལྕགས་ཡིག་སྟེ་དྲུག་པོ་རེ་རེ་ལ་ཆེ་ཆུང་གཉིས་ཕྱེ་བས་བཅུ་གཉིས་སོ། །དེ་ཡང་གུང་བློན་ཆེན་པོ་ལ་གཡུ་ཡིག་ཆེན་མོ་གནང༌། གུང་བློན་འབྲིང་དང་ནང་བློན་ཆེན་པོ་ལ་གཡུ་ཡིག་ཆུང་ངུ་གུང་བློན་ཐ་ཆུང་དང་ནང་བློན་འབྲིང་བཀའ་ཡོ་གལ་འཆོས་པ་ཆེན་པོ་གསུམ་ལ་གསེར་ཡིག་ཆེན་པོ། ནང་བློན་ཐ་ཆུང་དང་བཀའ་བློན་འབྲིང་ལ་གསེར་ཡིག་ཆུང་ངུ༌། བཀའ་བློན་ཐ་ཆུང་ལ་ཕྲ་མེན་གྱི་ཡི་གེ་གནང༌། གཞན་ཡང་ཆོས་གྲའི་སློབ་དཔོན་སྐུའི་སྔགས་མཁན་སྟོད་སྨད་ཀྱི་དབང་བློན་རྣམས་ལ་དངུལ་གྱི་ཡི་གེ་ཆེན་པོ་བྱིན། སྐུ་འཚོ་བའི་བོན་པོ་གཟིམས་མལ་བརྩིགས་ཁབ་བྱང་ཐང་གི་ས་མཁན་མཐའི་སོ་ཁ་སྲུང་བ་དང་སྐུ་མཁར་གྱི་རྩེ་སྲུང་སོགས་ལ་དངུལ་ཡིག་ཆུང་བ། ཡབ་འབངས་རུས་དྲུག་སོགས་ལ་འཁར་བའི་ཡི་གེ །སྟོང་དཔོན་རུ་དཔོན་སོགས་ལ་ཟངས་ཡིག །གཡུལ་དུ་དཔའ་(ཇ༢༡བ)


PTT001_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་ལྕགས་ཡིག །ཡང་ཐ་ཤིང་སྐྱ་ཆུ་རིས་ཀྱི་ཡི་གེ་ནི་འབངས་ཕལ་པ་རྣམས་ལ་གནང་སྐད། ཕྱག་རྒྱ་དྲུག་ནི་བཀའ་བཏགས་ཀྱི་ཕྱག་རྒྱ་སྒྲོམ་བུ་ཁྲོམ་རྟགས་ཀྱི་ཕྱག་རྒྱ་རུ་མཚོན་ཡུལ་རྟགས་ཀྱི་ཕྱག་རྒྱ་སྐུ་མཁར་ཆོས་རྟགས་ཀྱི་ཕྱག་རྒྱ་ལྷ་ཁང་དཔའ་རྟགས་ཀྱི་ཕྱག་རྒྱ་སྟག་སློག་མཛངས་རྟགས་ཀྱི་ཕྱག་རྒྱ་ཡིག་ཚངས་སུ་བཅད་དོ། །རྐྱེན་དྲུག་ནི་དཔའ་བའི་རྐྱེན་དུ་གུང་དང་སྟག་སྡར་མའི་རྐྱེན་དུ་ཝ་ཞུ་ཡ་རབས་ཀྱི་རྐྱེན་དུ་ལྷ་ཆོས། གཡུང་པོའི་རྐྱེན་དུ་ཐགས་དང་བོན། མཛངས་པའི་རྐྱེན་དུ་ཡིག་ཚངས། ངན་པའི་རྐྱེན་དུ་རྐུན་མའོ། །དཔའ་མཚན་དྲུག་ནི་སྟག་སྟོད་སྟག་སྨད་གཉིས་ཟེར་ཆེན་ཟེར་ཆུང་གཉིས་གམ་རས་སྟག་སློག་དང་དྲུག་གོ །གཞན་ཡང་གུང་བློན་ཆེ་འབྲིང་ཆུང་གསུམ་ནང་བློན་གསུམ་བཀའ་ཡོ་གལ་འཆོས་པའི་མི་གསུམ་སྟེ་དགུ་པོ་ལ་བློན་པོ་ཆེ་དགུར་མཛད་སྟེ་གུང་བློན་གྱི་ལས་ཐབས་ཁྱོ་དང་འདྲ་བར་ཕྱི་རྒྱ་རླབས་ཀྱིས་གཅོད་ནང་བློན་གྱིས་བུད་མེད་མཛངས་མ་ལྟར་ནང་གི་ཆིས་བྱེད། བཀའ་ཡོ་གལ་འཆོས་པས་ལེགས་ན་དགྲའི་བུས་ལེགས་ཀྱང་བྱ་དགའ་གསོལ་ཉེས་ན་རང་གི་བུས་ཉེས་ཀྱང་ཆད་པས་གཅོད་པའོ། །དེ་རྣམས་ཁྲི་རྩེ་འབུམ་བཞེར་ཞེས་བྱ་བ། །བཀའ་ཡི་ཁྲིམས་ཡིག་དྲུག་ལས་དང་པོ་ཡིན། །བྲེ་སྲང་ཕུལ་ཁྱོར་ཞོ་ནམ་སེ་སྲན་སོགས། །བཀའ་ལ་བཏགས་པ་ཁྲིམས་ཡིག་གཉིས་པ་སྟེ། །འབུམ་གྱི་གསེར་ཐོག་ཤ་བ་ཅན་ཞེས་གྲགས། །གསུམ་པ་རྒྱལ་ཁམས་དཔེར་བླངས་ཁྲིམས་ཞེས་པ། །བྱ་བར་འོས་དང་མི་འོས་སྟོན་པ་སྟེ། །དགྲ་བཏུལ་རྒྱལ་ཁམས་བདེ་བར་མཛད། །ནང་གི་ཆིས་མཛད་འབངས་འཁོར་སྐྱོང༌། །ཕྱི་མར་ཕན་ཕྱིར་དམ་ཆོས་བྱ། །ཡ་རབས་རྒྱུ་རྐྱེན་ལྷ་ཆོས་ནི། །སྣོད་མིན་ཁེང་པོ་ལ་མི་བཤད། །གསང་སྔགས་རྫོགས་འཚང་རྒྱ་བའི་རྒྱུ། །ནོར་དུ་མི་བཙོང་སྙིང་ལ་བཅང༌། །ངན་པ་བསྟོད་ན་གཉི་ག་ཕུང༌། །དེ་བས་ཁེང་པོ་རྗེར་མི་དབྱུང༌། །དཔའ་ལ་སྟག་གིས་མ་བསྟོད་ན། །དཔའ་ངར་བྱས་པའི་རུ་མ་མེད། །མཛངས་ལ་ཡིག་ཚངས་མ་བསྟོད་ན། །ཕྱིན་ཆད་མཛངས་ངན་ཤན་མི་ཕྱེད། །ལེགས་ལ་བྱ་དགས་མ་བསྟོད་ན། །སླན་ཆད་ལེགས་པ་སུ་ཡིས་བྱེད། །(ཇ༢༢ན)


PTT001_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

སྡར་མ་ཝ་ཞུས་མ་དམད་ན། །དཔའ་དང་སྡར་མ་ཤན་མི་ཕྱེད། །ངན་ལ་ནན་ཏུར་མ་བྱས་ན། །ནམ་ཡང་དྲན་ཤེས་རེམ་མི་འགྱུར། །ཉེས་ལ་ཆད་པ་མ་བཅད་ན། །ཕྱི་ནས་ཉེས་བྱེད་རྒྱུན་མི་ཆད། །ལུས་སྐྱེད་ཕ་མ་མནར་བ་ན། །འཕྲལ་ཕུགས་གཉིས་ཀར་ལ་ཡོགས་སྡིག །རང་གི་མཆན་གྱི་བུ་མནར་ན། །ཕྱི་རོལ་དགྲས་ཀྱང་ཞེ་ཁ་འབྱེད། །བཟའ་གྲོགས་མནར་ན་ཕྱི་ནང་གི །ཚུས་དང་སོ་ནམ་ཡལ་བར་འཆོར། །དེ་རྣམས་ལ་མཛད་པ་གསུམ་མི་མཛད་པ་གསུམ་བསྟོད་པ་གསུམ་དམད་པ་གསུམ་མི་མནར་བ་གསུམ་སྟེ་རྒྱལ་ཁྲིམས་བཅོ་ལྔར་གྲགས་ལ་གཡུལ་དུ་དཔའ་བ་ལ་དཔའ་མཚན་དྲུག་གིས་བསྟོད་སྡར་མ་ལ་ཝ་ཞུ་བཀོན་སྟེ་དམད་སྐད། མི་ཆོས་ཆེན་པོ་གཙང་མ་བཅུ་དྲུག་དང༌། །ཁྱད་པར་མི་དགེ་བཅུ་སྤོང་བཀའ་ཁྲིམས་མཛོད། །དེ་ཡང་སྲོག་མི་གཅོད་པའི་ཁྲིམས་གཤིན་སྟོང་དང་གསོན་སྟོང༌། མ་བྱིན་པར་མི་ལེན་པའི་ཁྲིམས་དཀོན་མཆོག་གི་ནོར་བརྐུས་ན་བརྒྱ་འཇལ་རྒྱལ་པོའི་ནོར་ལ་བརྒྱད་བཅུ་འཇལ་འབངས་ཀྱི་ནོར་ལ་བརྒྱད་འཇལ་དུ་བཅས། ལོག་པར་མི་གཡེམ་པའི་ཁྲིམས་སྨད་འཇལ་དང་བྱི་ཆད། བརྫུན་སྤོང་བའི་ཁྲིམས་ལྷ་སྲུང་དཔང་དུ་བྱས་ནས་མནའ་སྤོབ་པ། ཆང་ལ་ཚོད་ཟིན་པ་སྟེ་ཆོས་ཀྱི་གཏན་ཁྲིམས་ལྔ་ལ་དཔེ་བྱས་པ་ལྔའི་སྟེང་དུ་ཁེང་མི་ལྡོག་པ་དང་བང་སོ་མི་འདྲུ་བ་བསྣན་པས་ཁྲིམས་ཆེན་དྲུག་གམ་བདུན་དུ་ཡང་གྲགས་ཅིང༌། སྤྱིར་མི་དགེ་བ་བཅུ་སྤོང་བའི་སྟེང་དུ་མ་ལ་མར་འཛིན་པ་ཕ་ལ་ཕར་འཛིན་པ་དགེ་སྦྱོང་དང་བྲམ་ཟེ་ལ་དགེ་སྦྱོང་དང་བྲམ་ཟེར་འཛིན་པ་རིགས་ཀྱི་རྒན་རབས་བཀུར་བ་བྱས་པ་དྲིན་དུ་གཟོ་བ་གཞན་ལ་ངན་གཡོ་སྤང་བ་སྟེ་མི་ཆོས་གཙང་མ་བཅུ་དྲུག་ཁྲིམས་སུ་བཅས། གཞན་ཡང༌། དཀོན་མཆོག་སྐྱབས་བཟུང་དད་ཅིང་གུས་པས་མཆོད། །ཕ་དང་མ་ལ་དྲིན་གཟོ་བཀུར་སྟི་བྱ། །དྲིན་ཅན་ཡི་མི་གཅོད་ཅིང་བཟང་ལན་འཇལ། །མཐོན་པོ་རྣམས་ལ་མི་རྒོལ་སྨྲས་ན་ཉན། །ལས་སྤྱོད་ཐམས་ཅད་ཡ་རབས་རྗེས་སུ་འབྲང༌། །ཆོས་དང་ཡི་གེར་བློ་འཇུག་དོན་ཤེས་བྱ། །རྒྱུ་འབྲས་ཡིད་ཆེས་སྡིག་པའི་ལས་ལ་འཛེམ། །གཞན་ལ་བསམ་ངན་མི་བྱ་ཕན་པ་གདགས། །ཅི་བྱེད་རང་སེམས་དཔང་བཞག་དྲང་པོར་བྱ། །ཟས་དང་ཆང་ལ་ཚོད་ཟིན་ཁྲེལ་འཛེམ་སྐྱེད། །(ཇ༢༢བ)


PTT001_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིན་པ་བུ་ལོན་ལ་སོགས་དུས་སུ་གཞལ། །བྲེ་དང་སྲང་ལ་སོགས་ལ་གཡོ་ཟོལ་སྤང༌། །མ་བཅོལ་ལས་ལ་དོན་མེད་ཁ་གཏོགས་སྤང༌། །རང་ཚུགས་བཟུང་ནས་བསྒྱུར་ཁ་ལྕི་བར་བྱ། །མནའ་དང་དམ་བཞག་སྲོག་ལྟར་གཅེས་པར་འཛིན། །དེ་ལ་སོགས་པ་བཀའ་ཡི་དྲིལ་བསྒྲགས་སྟེ། །ཡ་རབས་བཟང་པོའི་ལུགས་ཀྱི་བསྟན་བཅོས་དང༌། །ཕྱི་མར་ཕན་བདེའི་གོ་འཕང་དམ་པ་ལ། །བོད་འབངས་ཐམས་ཅད་བཀོད་དེ་བདེ་ཞིང་སྐྱིད། །ཁྲིམས་ཡིག་གསུམ་ནི་བདེན་རྫུན་ཞལ་ལྕེ་སྟེ། །ཁ་དྲག་རྣམས་ལ་མ་སྐྱེངས་ཙམ་དུ་བཅད། །གཉི་གས་ལན་ལ་དབྱུག་པ་ཅན་བཞིན་དང༌། །གཉི་ག་བདེན་ལ་རིགས་གཉིས་པ་ལྟར་བཅད། །ཁ་དྲག་ཞན་གཉིས་རྩོད་ན་བདེན་རྫུན་བརྟགས་པའི་མཐར་ཁ་དྲག་པ་མ་སྐྱེངས་ཅིང་ཞན་པ་ཡི་མི་འཆད་པར་གཅོད་པ་མདོ་ལོན་ཞུ་ཆད་ཀྱི་ཁྲིམས་ཡིག་གཉི་གས་ལན་པ་ལ་བྲམ་ཟེ་དབྱུག་པ་ཅན་གྱིས་ཁྱིམ་བདག་གི་གླང་གཡར་ནས་གཏོད་ཏུ་ཕྱིན་པས་གླང་ཁྱིམ་བདག་གི་ར་བར་བཏང་སྟེ་ཅི་ཡང་མ་སྨྲས་པར་ལོག་ཁྱིམ་བདག་གིས་གླང་བསྐྱལ་བྱུང་བ་མཐོང་ཡང་མ་བཏགས་པར་བཞག་པས་གླང་ཕུགས་ཀྱི་སྒོ་ནས་ཐོན་སྟེ་སྟོར་བ་རྒྱལ་པོ་མེ་ལུང་གདོང་ལ་ཞལ་ལྕེ་ཞུས་པས་བྲམ་ཟེས་གླང་བཏང་ཡོད་ཏོ་ཅེས་མ་སྨྲས་པས་ལྕེ་ཆོད། ཁྱིམ་བདག་གིས་མཐོང་ཡང་མ་བཏགས་པས་ལག་པ་བྲེགས་ཅེས་ཞལ་ལྕེ་བཅད་པ་ལ་དཔེ་བྱས་ནས་ཆད་པ་གཉིས་མཉམ་དུ་གཅོད་པ་དབང་ཆེན་བཅད་ཀྱི་སྤྱི་ཁྲིམས། གཉི་ག་བདེན་ན་ཁྱིམ་བདག་ཞིག་གི་བུ་སྐྱེས་མ་ཐག་ཆུར་ལྷུང་བ་ཉ་ཞིག་གིས་མིད་པ་རིའི་འོག་གི་གྲོང་ན་གནས་པའི་ཁྱིམ་བདག་གཞན་ཞིག་གི་གཡོག་གིས་ཉ་དེ་ཟིན་ནས་བཤས་པས་ཁྱེ་འུ་ཞིག་མ་ཤི་བར་བྱུང་བ་ཁྱིམ་བདག་དེས་བུར་གསོས་པ་ཁྱིམ་བདག་གོང་མས་ཐོས་ནས་རྩོད་དེ་རྒྱལ་པོ་ལ་ཞལ་ལྕེ་ཞུས་པས་གཉི་གས་ཁྱེ་འུ་རེ་མོས་སུ་གསོས་ལ་བུད་མེད་རེ་རེ་ལོང༌། བུ་བྱུང་ན་ཁྱིམ་བདག་སོ་སོས་ཁྱེར་ཞིག་ཞེས་བྱུང་ནས་ཁྱེ་འུ་རིགས་གཉིས་པར་མིང་ཆགས། བུ་རེ་རེ་སོ་སོས་ཁྱེར་ཕྱིས་རབ་ཏུ་བྱུང་བས་དགེ་སློང་རིགས་གཉིས་པར་གྲགས་པ་དེ་ལ་དཔེ་བླངས་ནས་གཉིས་བདེན་དང་དགའ་གསུམ་དུ་གཅོད་པ་ཁབ་སོ་ནང་པའི་ཁྲིམས་ཡིག་དུ་གྲགས་སྐད། དེ་ལྟར་ཤར་རྩ་མི་ཤིང་མི་ལྷོ་ནས་ཀློ་དང་མོན་ནུབ་ནས་ཞང་ཞུང་དང་གྲུ་གུ་བྱང་ནས་ཧོར་དང་ཡུ་གུར་རྣམས་འབངས་སུ་འདུས། འཛམ་གླིང་གི་ཕྱེད་ལ་ཁ་ལོ་བསྒྱུར། དགེ་བཅུའི་ཁྲིམས་བཙན་བདེ་སྐྱིད་ལྷ་དང་མཉམ་(ཇ༢༣ན)


PTT001_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ། །དེ་ལྟར་འདི་ཕྱི་ཀུན་དུ་ཕན་པ་ཡི། །བཟང་པོའི་བཙན་ཁྲིམས་གཉའ་ཤིང་དམ་པར་བསྡམས། །རི་དྭགས་རྣམས་ནི་རྒྱལ་པོའི་དཀོར་ནོར་མཛད། །ར་ལུག་བེའུ་ལ་སོགས་རང་ཡིན་གཏོང༌། །ལ་ལ་བཙས་བརྩིགས་ཆུ་ཆེན་གྲུ་ཡིས་བཅད། །རྗེ་ཡི་བཀའ་བཙན་འབངས་རྣམས་བདེ་ཞིང་སྐྱིད། །རྒྱལ་པོའི་ཆབ་སྲིད་དབྱར་གྱི་མཚོ་ལྟར་འཕེལ། །ཕོ་དཔའ་རྟག་མགྱོགས་ལོངས་སྤྱོད་ལྷ་དང་མཉམ། །བློ་གཏད་ཚོས་ལ་བྱས་པས་འདི་ཕྱིར་སྐྱིད། །ཐམས་ཅད་ཕ་མར་ཤེས་པས་འཐབ་རྩོད་མེད། །བྲི་ཀློག་དར་བས་མི་ཀུན་ཆོས་ལ་འཇུག །སྡིག་པའི་གྲོགས་མེད་དགེ་བཅུའི་ནོར་བུ་རྙེད། །སྤྲུལ་པའི་མཛད་པས་ཁྲལ་དང་འུ་ལག་མེད། །ཆར་ཆུ་དུས་འབབ་རྩི་བཅུད་འབྲུ་ཚོགས་འཕེལ། །ལྗོན་ཤིང་ཐམས་ཅད་ཡལ་ག་ལོ་འདབ་རྒྱས། །བྱ་རྣམས་བག་ཕེབས་སྙན་པའི་སྒྲ་དབྱངས་འབྱིན། །བོད་ཡུལ་མི་རྣམས་བདེ་སྐྱིད་ལྷ་དང་མཚུངས། །དེ་ཚེ་བཀྲ་ཤིས་ཉམས་དགའ་བྲག་ལྷའི་ཚལ། །ལྗོན་ཤིང་ཏར་ཀ་སྡོང་པོའི་གྲིབ་གསིལ་ལ། །ཆོས་ཀྱི་རྒྱལ་པོ་གསེར་ཁྲིའི་སྟེང་དུ་བཞུགས། །དཔའ་མཛངས་འཕྲུལ་ལྡན་བློན་པོའི་ཚོགས་ཀྱིས་བསྐོར། །བོད་འབངས་སྐྱེ་བོ་རྒྱ་མཚོ་ལྟ་བུར་འཁྱིལ། །ཁ་དོག་སྣ་ཚོགས་བཀྲ་བ་འཇའ་ཡི་གུར། །རྒྱལ་པོ་བཞུགས་པའི་མཁའ་ལ་གདུགས་ལྟར་འཁྱིལ། །ལྷ་རྣམས་མེ་ཏོག་ཆར་པ་རབ་ཏུ་འབེབས། །རོ་བརྒྱ་ལྡན་པ་ལྷ་ཡི་ཞལ་ཟས་ཚོགས། །ན་མཁའི་མཛོད་བཞིན་ཟད་པ་མེད་པར་སྤྱོད། །འབག་དང་སེང་གེ་སྟག་གསེང་གཡག་གསེང་དང༌། །རྔ་བྲོ་བདུང་དང་ཟློས་གར་མཁན་ལ་སོགས། །སྐུ་ཡི་སྐྱོ་གསང་ཚོགས་ནི་བལྟར་མི་ལང༌། །ལྷ་ཡི་རྔ་ཆེན་ན་མཁའི་དབྱིངས་ནས་གྲག །པི་ཝང་གླིང་བུ་རོལ་མོའི་ཚོགས་ཀྱིས་མཆོད། །དྲི་ཞིམ་བདུག་སྤོས་སྤྲིན་གྱིས་བར་སྣང་གང༌། །གདུགས་དང་རྒྱལ་མཚན་བ་དན་ལྷབ་ལྷུབ་དང༌། །དར་འཕན་ཚོགས་ཀྱིས་ན་མཁའི་ཁྱོན་ཀུན་ཁྱབ། །ཡིད་འོང་མཛེས་པའི་ན་ཆུང་གཞོན་ནུ་རྣམས། །མཛེས་པའི་(ཇ༢༣བ)


PTT001_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་ལྡན་མཆོད་རྫས་ཐོགས་པ་ཡི། །གླུ་དང་གར་གྱི་ཀུན་ནས་མཆོད་པར་བྱེད། །དགའ་བདེ་སྐྱིད་པའི་བཀའ་ཁྲིམས་དྲིལ་ཆེན་སྒྲོགས། །དམ་པའི་ཆོས་ཀྱི་རྔ་ཆེན་རབ་ཏུ་བརྡུང༌། །དེ་ཚེ་བློན་འབངས་རྣམས་ཀྱིས་རྒྱལ་པོ་ཡི། །ཡོན་ཏན་རྒྱ་མཚོ་མཐོང་བས་བསྟོད་ཅིང་བསྔགས། །སོ་སོར་དགའ་བདེའི་དགའ་སྟོན་བསམ་ལས་འདས། །བོད་ཡུལ་བདེ་སྐྱིད་ཕུན་སུམ་ཚོགས་པར་གྱུར། །དགེ་བཅུའི་ཁྲིམས་ལ་མི་ཀུན་གནས་གྱུར་པས། །དམ་པའི་ཆོས་ཀྱི་སྣོད་དུ་གྱུར་པར་གཟིགས། །དེ་ལ་བོད་འབངས་བསོད་ནམས་གསོག་པ་དང༌། །བྱིན་གྱིས་རློབ་ཕྱིར་ཡི་དམ་རྟེན་ཞིག་བྱ། །དེ་རྒྱུ་ཅི་ལས་བྱ་ཞེས་དགོངས་པའི་ཚེ། །མཁའ་ལས་ལྷ་ཚོགས་རྣམས་ཀྱིས་ལུང་བསྟན་སྟེ། །ཙནྡན་སྦྲུལ་སྙིང་མཆོག་ལས་རང་བྱུང་བའི། །སྤྱན་རས་གཟིགས་དབང་སྤྱན་འདྲེན་དགྱིད་པར་བསྐུལ། །ཆོས་ཀྱི་རྒྱལ་པོས་སྨིན་མཚམས་མཛོད་སྤུ་ནས། །འོད་ཟེར་རྩེ་ལ་སྤྲུལ་པའི་དགེ་སློང་སྤྲུལ། །སིངྒྷའི་གླིང་དང་ཡུལ་དབུས་བལ་པོ་ནས། །ངོ་མཚར་རྟེན་མཆོག་རྣམ་མང་སྤྱན་དྲངས་གྱུར། །དེ་ཡང་རྒྱལ་པོའི་དགོངས་པ་ལ་བོད་འབངས་འདུལ་ཕྱིར་གསོལ་བ་གདབ་པའི་རྟེན་ངའི་ཡི་དམ་ཞིག་བྱ་དགོས་པ་རྒྱུ་རིན་པོ་ཆེ་ལས་བྱས་ན་མ་འོངས་པ་མི་རྣམས་ལོངས་སྤྱོད་ཉམས་པའི་དུས་སུ་བཤིག་འགྲོ་ས་རྡོ་ལས་བྱས་ན་ངན་གྲགས། ཤིང་ལས་བྱས་ན་འགས་པས་ཅི་ལས་བྱ་དགོངས་ཚེ་གནས་གཙང་མའི་ལྷ་རྣམས་ཀྱིས་ན་མཁར་སྤྲིན་གྱི་དབུས་ནས་རྒྱལ་པོ་ལ་མཆོད་ནས་མགྲིན་གཅིག་དུ། སྤྲུལ་པའི་རྒྱལ་པོ་བྱང་ཆུབ་སེམས། །མགོ་ནག་ཡོངས་ཀྱི་རྗེ་ཁྱེད་ཀྱི། །མོས་གུས་བསོད་ནམས་གསོག་པའི་རྟེན། །ཡི་དམ་ལྷ་ཞིག་སྤྱན་འདྲེན་ན། །རྒྱ་གར་ཡུལ་གྱི་ལྷོ་ཕྱོགས་སུ། །སིངྒྷ་ལ་ཡི་རྒྱ་མཚོའི་འགྲམ། །རང་བྱུང་ཁཱརྶཔཱ་ཎའི་རྒྱབ། །གླང་ཆེན་ཉལ་བའི་བྱེ་མའི་འོག །ཙནྡན་སྦྲུལ་གྱི་སྙིང་པོ་ལས། །གྲུབ་པའི་རང་བྱུང་སྤྱན་རས་གཟིགས། །ངོ་མཚར་ཅན་ཞིག་དེ་ན་བཞུགས། །དེ་ནི་རྒྱལ་པོའི་ཡི་དམ་ཡིན། །ཞེས་ཟེར་རོ། །དེ་ལྟ་བུ་མིས་མི་རྙེད་པས་སྤྲུལ་པ་ཅིག་བཏང་བར་དགོངས་མ་ཐག་སྨིན་མཚམས་ནས་འོད་ཀྱི་རྩེ་ལ་སྤྲུལ་པའི་དགེ་སློང་ཨ་ཀར་མ་ཏི་ཤཱི་ལ་ཞེས་པ་དབུ་གཙུག་ན་ཨ་མི་ཏཱ་བྷ་(ཇ༢༤ན)


PTT001_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ་ཅིག་བྱུང་སྟེ་རྒྱལ་པོ་ཆེན་པོའི་དགོངས་པ་བདག་གིས་སྒྲུབ་བོ་ཅེས་གསུངས་ནས་འོད་ཟེར་དང་འགྲོགས་ནས་རྒྱ་གར་དུ་སོང་སྟེ་ཤར་ཕྱོགས་གྲོང་ཤིང་ཐགས་ཅན་དུ་སོང་སྟེ་ཨ་མི་ཏཱ་བྷའི་ཞལ་བསྟན་བྱམས་སྙིང་རྗེའི་ཆོས་བསྟན་ནས་སྨིན་པར་བྱས་པས་མདུན་དུ་ས་ལས་ཇོ་བོ་ཡི་གེ་དྲུག་མ་ཞིག་འབུར་གྱིས་རང་བྱུང་དུ་བྱུང་བས་ཡིག་དྲུག་འཁོར་ལོ་བསྐོར་བའི་སར་གྲགས། དེ་ནས་སིངྒྷ་ལའི་གླིང་ཕོ་བྲང་ཀེ་ཏུ་བྱ་བར་རྒྱལ་པོ་ཨུ་མ་ཏ་ཀེ་སར་ཞེས་པ་མེས་རྣམས་ནང་པའི་སྦྱིན་བདག་ཡིན་པ་ལ་དེས་ཕྱི་རོལ་པ་བྱས་སྟེ་ཆོས་བསྣུབས་གཙུག་ཁང་མང་པོ་བཤིག །མི་དགེ་བའི་ཁྲིམས་བཅས། རའི་རྐེ་བཅད་པའི་ཁྲག་གིས་དབང་ཕྱུག་མཆོད་པ་ཅིག་འདུག་པ་འདུལ་བའི་ཕྱིར་དེའི་ཕོ་བྲང་གི་དྲུང་ན་མཆོད་རྟེན་པདྨའི་འཁོར་ལོ་ཅན་བྱ་བ་སངས་རྒྱས་འོད་སྲུང་གིས་རབ་གནས་མཛད་པ་ཅིག་ཡོད་པའི་བུམ་པའི་ཐད་ཀྱི་མཁའ་ལ་སྐོར་བ་མཛད་པ་རྒྱལ་པོས་མཐོང་བས་དད་དེ་ཅི་གསུང་ཉན་པར་ཁས་བླངས་ནས་མཆོད་གནས་སུ་སྤྱན་དྲངས། རྒྱལ་པོས་དགེ་སློང་ལ་མེ་ཏོག་གཏོར་བས་དབུའི་ན་མཁའ་ལ་གཞལ་ཡས་ཁང་དུ་ཆགས། ལྷག་པར་དད་པས་མཆོད་གནས་སུ་གསོལ་བ་བཏབ་པས་ཞལ་གྱིས་བཞེས་སྟེ་སླར་སངས་རྒྱས་པ་གྱིས་ལྷ་ཁང་བརྒྱ་རྩ་བརྒྱད་དུ་སྦྲུལ་སྙིང་དང་གོརྴཱི་ཥ་ལས་བྱས་པའི་སངས་རྒྱས་ཀྱི་སྐུ་གཟུགས་བརྒྱ་རྩ་བརྒྱད་གྱིས། དགེ་བཅུའི་ཁྲིམས་ཆོད་ཅིག་གསུངས་པས་གཞན་བཀའ་བཞིན་བགྱིད། ཙནྡན་སྦྲུལ་སྙིང་འོག་མིན་ལས་གཞན་ན་མེད་ཅིང་གོརྴཱི་ཥ་མ་ལ་ཡ་དུག་སྦྲུལ་གྱིས་གཏགས་པ་ལས་གཞན་ན་མེད་པས་བླང་མི་ནུས་ཟེར། དགེ་སློང་གིས་སྦྲུལ་གྱི་སྙིང་པོ་རྒྱ་མཚོའི་འགྲམ་ན་ཡོད། གོརྴཱི་ཥ་པོ་ན་ལའི་བྱང་ཕྱོགས་ཤུག་པའི་གསེང་ན་ཚེས་བཅོ་ལྔའི་མཚན་མོ་མེ་ཏོག་དམར་པུང་གིས་འཆར་བ་དེ་ཡིན་ནོ། །དེ་ཡང་དོན་ཆེན་པོ་འགྲུབ་པ་ལ་བསོད་ནམས་དགོས། དེ་ལ་ཚོགས་བསག་དགོས་པས་ཐོག་མར་མཆོད་རྟེན་པདྨའི་འཁོར་ལོ་ཅན་ལ་མཆོད་པ་གྱིས་ཅིག་གསུངས་ནས་མཆོད་པ་ཆེར་བྱས། རྒྱལ་པོ་འཁོར་བཅས་ཁྲིད་དེ་རྒྱ་མཚོའི་འགྲམ་བྱེ་མའི་གླིང་ན་ཁཱརྶ་པཱ་ཎི་རང་བྱུང་ཆེ་བ་ཞིག་བཞུགས་པའི་རྒྱབ་ན་གླང་པོ་ཆེའི་ཁྱུ་ཞིག་ཉལ་འདུག་པའི་དབུས་ན་གླང་པོ་ཆེ་ཤིན་དུ་ཆེ་བ་མཆེ་བ་དྲུག་པ་སྣ་ལི་ཁྲི་ལྟར་དམར་ཞིང་གི་ཝང་གི་ཟར་བུ་འཛག་པ་འདིའི་འོག་ན་ཡོད་ཀྱིས་རྐོས་ཅིག་གསུངས་སྐད། གླང་པོ་ཆེ་བརྐོགས་ནས་བསྐོས་པ་ཙནྡན་སྦྲུལ་སྙིང་གི་སྡོང་པོ་ཆེན་པོ་ཅིག་བྱུང༌། དེ་ལ་བུ་ག་གཉིས་སམ་(ཇ༢༤བ)


PTT001_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

སྲུབས་བཞིར་འདུག་པ་ལས་དྲི་བསུང་དང་འོད་ཟེར་མཐའ་ཡས་པ་བྱུང་ནས་དྲི་བསུང་གིས་དཔག་ཚད་བཅུ་གཉིས་སུ་ཁྱབ་ཅིང་འོད་ཟེར་གྱིས་འཇིག་རྟེན་ཐམས་ཅད་ཁྱབ་པ་སླར་འདུས་སྟེ་ཐིམ་པ་རང་དལ་བུས་ཆོད་ཅིག་ཞེས་ནང་ནས་སྒྲ་བྱུང་ངོ༌། །དལ་བུས་བཅད་ཅིང་གཤགས་པས་ནང་ནས་ཙནྡན་དེ་ཉིད་ལས་གྲུབ་པའི་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་རྩ་ཕྱག་བཅུ་པ་འོད་དང་ལྡན་པ་སྣུམ་ལྷང་ངེ་བ་ཞིག་བྱུང་སྐད། རྒྱལ་པོས་ཙནྡན་མི་ཡུལ་འདིར་འབྱུང་བ་ཅི་ཙུག་ཡིན་ཞུས་པ་སྔོན་སངས་རྒྱས་འཁོར་བ་འཇིག་ཀླུའི་ཡུལ་ན་ཆོས་སྟོན་ཚེ་འོག་མིན་གྱི་རིག་འཛིན་མང་པོས་མཆོད་པ་བྱེད་དུ་འོངས་པས་ལམ་ཁར་རང་བྱུང་ཁཱརྶ་པཱ་ཎ་ལ་མཆོད་པའི་ཕྱིར་ཙནྡན་སྦྲུལ་སྙིང་གི་མེ་ཏོག་ཞིག་ཕུལ། དེ་སར་ལྷུང་པའི་སྟེང་དུ་ཕྲ་མེན་མས་ཁཱརྶ་པཱ་ཎིའི་ཕྱག་གི་བདུད་རྩི་ལ་སུས་ཐོབ་བྱས་པ་ནས་ཐིགས་པ་གཅིག་ཕོག་པས་དེའི་ཚེ་མྱུ་གུ་སྐྱེས། སངས་རྒྱས་གསེར་ཐུབ་བྱོན་ཚེ་ལོ་འདབ་རྒྱས། འོད་སྲུང་བྱོན་ཚེ་མེ་ཏོག་ཤར། སངས་རྒྱས་ཤཱཀྱ་ཐུབ་པ་བྱོན་ཚེ་འབྲས་བུ་སྨིན། མྱ་ངན་ལས་འདས་ཚེ་རྩ་བ་འགྱེལ་ནས་བྱེ་མར་ནུབ་པ་ཡིན་ལ་གླང་པོ་ཆེ་ཚད་པས་འཇིགས་པས་ཙནྡན་ཡོད་སར་ཉལ་བ་ཡིན་གསུང༌། ཀ་བཀོལ་མར་འདི་ལྟར་བཤད་ལ་གཞན་དུ་འཁོར་བ་འཇིག་གི་ཉན་ཐོས་དགྲ་བཅོམ་པ་ཅིག་གིས་འོག་མིན་ནས་ཙནྡན་གྱི་འབྲུ་གང་བུ་ཞིག་ཁྱེར་བ་ན་འབྲུ་བཞི་འདུག་པའི་གསུམ་སངས་རྒྱས་དང་གཅིག་ཁཱརྶ་པཱ་ཎིའི་དབུ་ཐོག་དུ་བཞག་པ་ལས་བྱུང་ཞེས་ཀྱང་སྣང༌། གླང་པོ་ཆེའི་གཙོ་བོ་དེ་ཁྲོས་པས་སྨོན་ལམ་ལོག་པར་བཏབ་པས་ཕྱིས་གླང་དར་བྱུང་བར་གྲགས། པོ་ཊ་ལ་ནས་གོརྴཱི་ཥ་ཡང་བླངས་ཅིང་ལྷ་ཁང་བརྒྱ་རྩ་བརྒྱད་དུ་སྐུ་རྣམས་བཞེངས། ཡུལ་ཁམས་དེ་ཆོས་ལ་བཀོད་ནས་དགེ་སློང་གིས་དེར་སྤྲུལ་པ་ཅིག་བཞག་སྟེ་རང་བྱུང་བཅུ་གཅིག་ཞལ་དང་ཙནྡན་གཉིས་ཀྱི་ཚལ་པ་རེ་བསྣམས། རྒྱ་མཚོའི་གླིང་གི་བྱེ་མ་དང་འཇག་མ་ཐམས་ཅད་རིན་པོ་ཆེའི་སྦུ་གུ་ཅན་དེའི་སྟེང་ན་ལྷ་མོ་འབུམ་འབུམ་ཆོས་ལ་སྤྱོད་པ་སྤྲུལ་སྐུ་དངོས་དང་འདྲ་བར་མཁྱེན་ནས་བྱེ་མ་བྲེ་གང་དང་འཇག་མ་ཕོན་གཅིག་བསྣམས། མཆོད་རྟེན་པདྨའི་འཁོར་ལོ་ཅན་གྱི་ནང་ནས་སངས་རྒྱས་རབས་བདུན་ནས་གསུམ་གྱི་གདུང་མཁའ་འགྲོ་མའི་སྐལ་བ་རྣམས་སྦས་སྟེ་རྒྱ་རིམ་པ་བདུན་གྱིས་བཏབ་པ་སུས་ཀྱང་མི་རྙེད་པར་བྱས་པ་མཁྱེན་ནས་རྒྱ་བཀྲོལ། གསེར་གྱི་བང་མིག་བདུན་(ཇ༢༥ན)


PTT001_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་གསུམ་ཁ་ཕྱེ་སྟེ་རིན་པོ་ཆེའི་སྒྲོམ་བུ་སོ་སོ་ནས་གདུང་ཁྱོར་བ་རེ་རེ་སྤྱན་དྲངས་སྟེ་ལྷག་མ་སྔར་བཞིན་རྒྱས་བཏབ། དེ་ནས་རྒྱ་གར་གྱི་ཡུལ་དབུས་མ་ག་དྷར་བྱོན་པས་རྒྱལ་པོ་དད་དེ་བསུས་ཅིང་རྒྱལ་པོའི་ལྷ་གཅིག་གཉིས་ཀྱིས་གླུ་གར་གྱི་བསུས། བྱང་ཆུབ་ཤིང་ལ་སྤྱང་མོ་ཉུག་བྱས་པས་ཡལ་ག་མེ་ཏོག་ཅན་ཆག་སྟེ་ཕུལ་བ་དེའི་མེ་ཏོག་གི་ཕྲེང་བ་བསྣམས། ཡལ་ག་དེ་ལ་མཆོད་སྡོང་རེ་རེ་བྱས་པས་སངས་རྒྱས་ཀྱི་གདུང་སོ་སོ་བཞུགས། བྱང་ཆུབ་ཤིང་གི་རྩེ་མོ་ནས་འདོམ་གང་བ་ཅིག་ཀྱང་བསྣམས། གནས་ཆེན་པོ་བརྒྱད་ཀྱི་སྙིང་པོའི་བྱེ་མ་འབྲུ་རེའི་སྟེང་ན་སྤྲུལ་སྐུ་འཁོར་རྒྱ་མཚོ་དང་བཅས་པ་རེ་བཞུགས་པ་སྤྲུལ་པའི་སྐུ་དངོས་དང་འདྲ་བར་གཟིགས་སྟེ་བྱེ་མ་བྲེ་བརྒྱད་ཀྱང་བསྣམས། ཆུ་བོ་ནཻ་རཉྫ་རའི་འགྲམ་བདེ་བར་གཤེགས་པས་ལྷུང་བཟེད་ཀྱིས་ཆུ་གསོལ་བའི་ས་ན་བྱང་ཆུབ་སེམས་དཔའ་འབུམ་བཞུགས་པར་གཟིགས་སྟེ་དེའི་བྱེ་མ་བྲེ་གང་ཡང་སྤྱན་དྲངས། དེ་ལྟར་མཆོད་གནས་ངོ་མཚར་ཅན་བཅུ་སྤྱན་དྲངས་སྟེ་རྒྱལ་པོའི་ཕྱག་དུ་ཕུལ་བས་ད་ནི་གཞན་དོན་ཇི་ལྟར་བསམ་པ་བཞིན་འགྲུབ་བོ་ཅེས་དགོངས་སྟེ་ཤིན་དུ་མཉེས་སྟེ་མཆོད་པ་རྒྱ་ཆེན་པོ་མཛད་པ་ན་རང་བྱུང་ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་ཁ་དོག་ལྔ་འཕྲོས་སྟེ་བལ་པོའི་ཡུལ་དུ་སོང་བ་ལ་གཟིགས་པས་ནགས་ཚལ་ཆེན་པོའི་དབུས་ཙནྡན་གྱི་སྡོང་པོའི་ནང་ན་ཐུགས་རྗེ་ཆེན་པོ་མཆེད་ལྔ་བཞུགས་པར་གཟིགས་སྟེ་སྤྲུལ་པའི་དགེ་སློང་དེ་བཏང་བས་གྲོང་ཁྱེར་ཆེན་པོ་བཞི་ན་ཡམས་ནད་དང་འཛེ་ནད་དང་སྟེན་གདོན་དང་གདོན་དྲག་པོས་བློ་བུར་དུ་འཆི་བའི་འཇིགས་པ་སོ་སོ་ཡོད་པར་གཟིགས། མ་ཧེ་མོ་ཞིག་ཉིན་རེ་བཞིན་ནགས་ཚལ་དེར་ཕྱིན་ནས་འོ་མ་ཟད་པར་བྱས་ནས་འོང་བ་རྫི་བོས་རྗེས་བསྙེགས་པས་ཙནྡན་གྱི་སྡོང་པོ་འོད་ཟེར་འཕྲོ་བ་ཞིག་ལ་སྐོར་བ་བྱེད་ཅིང་འོ་མ་གཏོར་བས་ལམ་ཡང་འོ་མའི་དྲེག་པས་ཁེབས་སྟེ་འདུག་པ་ངོ་མཚར་དུ་བཟུང་ནས་གདའ་སྐད། སྤྲུལ་པའི་དགེ་སློང་གིས་ཙནྡན་དེ་བཅད་པས་གནས་ལྔ་ནས་འོད་ཟེར་ཆེན་པོ་བྱུང་སྟེ་མ་སྣང་བར་དལ་བུས་ཆོད་ལ་དང་པོས་ང་མང་ཡུལ་གྱི་རོང་དུ་ཞོག་ཞིག་བྱ་བ་སོགས་སོ་སོར་གསུང་བྱུང་སྟེ་ཙནྡན་བཀས་པའི་ནང་ནས་ཐུགས་རྗེ་ཆེན་པོ་གཞེངས་པ་གཡས་མཆོག་སྦྱིན་མཛད་པ་ལྔ་བྱུང་སྟེ་གནས་སོ་སོར་བཞག་པས་འཕགས་པ་ཝ་ཏི་དང་ཨུ་ཁང་བྷུ་ཀཾ་འཇའ་མ་ལི་དཀར་པོ་ཅེས་གྲགས་སྟེ་དུས་མིན་དུ་འཆི་(ཇ༢༥བ)


PTT001_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འཇིགས་པ་དེ་རྣམས་ཞི་བར་གྱུར་སྟེ་དེང་སང་གི་བར་བཞུགས། ལྔ་པ་དེས་ང་ནི་བོད་ཀྱི་རྒྱལ་པོའི་ཡི་དམ་དུ་འགྲོའི་ཞེས་གསུངས་ནས་སྤྱན་དྲངས་སྟེ་རྒྱལ་པོ་ལ་ཕུལ་ནས་སྤྲུལ་པའི་དགེ་སློང་ཡང་རྒྱལ་པོའི་སྨིན་མཚམས་སུ་ཐིམ་པར་གྱུར་ཏོ། །སྟོན་པའི་དགུང་ལོ་བརྒྱད་དང་བཅུ་གཉིས་པའི། །སྐུ་ཚད་གར་བཞུགས་ཐེག་ཆེན་དར་བའི་ཕྱིར། །དེ་དག་བོད་ཀྱི་ཡུལ་དུ་སྤྱན་འདྲེན་སླད། །རང་བྱུང་རྟེན་ལ་མཆོག་ཅིང་གསོལ་བཏབ་ཚེ། །ཐུགས་ཀ་ནས་ནི་འོད་ཟེར་རྣམ་གཉིས་བྱུང༌། །རྒྱ་ནག་དང་ནི་བལ་པོའི་ཡུལ་དུ་སོང༌། །སྤྲུལ་པའི་ལྷ་གཅིག་རྣམ་གཉིས་བཞུགས་པར་གཟིགས། །དེ་གཉིས་ཁབ་ཏུ་བཞེས་ན་སྐུ་གཟུགས་གཉིས། །དམ་ཆོས་དང་བཅས་སྤྱན་འདྲེན་ནུས་པར་དགོངས། །ནང་པར་བློན་འབངས་ཕྱག་བྱེད་བསྙུན་རྨེད་ཚེ། །བརྣལ་བའི་གཡར་ལམ་སྐད་དུ་ཟུར་གྱིས་བསྟན། །བློན་པོའི་མཆོག་རྣམས་བློ་གྲོས་གཅིག་དུ་མཐུན། །བསླང་ཐབས་ཇི་ལྟར་བགྱི་བ་གསོལ་བའི་ཚེ། །ཐོག་མར་བལ་པོའི་ལྷ་གཅིག་སྤྱན་འདྲེན་ཕྱིར། །ཐོན་མི་མགར་སོགས་བློན་པོའི་མཆོག་བརྒྱ་ལ། །རིན་དང་བཀའ་ཡི་སྒྲོམ་བུ་རྣམ་གསུམ་བསྐུར། །ཁྲོ་གཉེར་ཅན་ལ་གསོལ་བ་འདེབས་ཅིང་སོང༌། །ཁྱོད་ཀྱི་འདོད་དོན་འགྲུབ་པར་འགྱུར་རོ་གསུངས། །བལ་པོའི་རྗེ་ལ་སྐྱེས་དང་རིན་ཕུལ་ནས། །ལྷ་གཅིག་སློངས་པས་བཀའ་འཕྲིན་གསུམ་གསུངས་པའི། །ལན་དུ་བཀའ་ཡི་སྒྲོམ་བུ་རེ་རེ་བྱིན། །མངོན་ཤེས་ཐོགས་མེད་རྫུ་འཕྲུལ་མཐའ་ཡས་པར། །ཤེས་པས་འཇིགས་དང་དད་པ་དུས་གཅིག་གྱུར། །སྟོན་པའི་དགུང་ལོ་བརྒྱད་པའི་སྐུ་ཚད་དང༌། །བྱམས་པ་ཆོས་འཁོར་ཙནྡན་སྒྲོལ་མ་དང༌། །བཻཌཱུརྻ་ཡི་ལྷུང་བཟེད་ལ་སོགས་པ། །གཞལ་དུ་མེད་པའི་སྐལ་རྫོངས་དང་བཅས་པ། །སྤྲུལ་པའི་ཆོས་ཀྱི་རྒྱལ་པོ་མཆོད་ཕྱིར་ཕུལ། །བོད་དུ་ཕེབས་སྟེ་དགའ་སྟོན་རྒྱལ་སར་མཇལ། །བཙུན་མོའི་དམ་པ་མཆོག་དུ་མངའ་དབང་བསྐུར། །དེ་ཡང་རྒྱལ་པོའི་དགོངས་པ་ལ་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་ཚད་(ཇ༢༦ན)


PTT001_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པོ་གར་བཞུགས་པར་བསྟན་པ་སྤྱི་དང་ཁྱད་པར་ཐེག་ཆེན་དར་བ་ཡིན་ལ་སོ་ལྔ་པའི་སྐུ་ཚད་སྤྱན་མི་འདྲོངས་ཀྱང་བརྒྱད་པ་དང་བཅུ་གཉིས་པའི་སྐུ་ཚད་སྤྱན་དྲང་དགོས་དགོངས་སྟེ་རྟེན་རང་བྱུང་ལ་གསོལ་བ་བཏབ་པས་ཐུགས་ཀ་ནས་འོད་ཟེར་སྒྲ་དང་བཅས་པ་བྱུང་སྟེ་བོད་ཀྱི་སེམས་ཅན་རྣམས་སྤྲེའུ་དང་བྲག་སྲིན་ལས་མཆེད་པས་འདུལ་དཀའ་བས་སྤྲུལ་སྐུ་གཉིས་སྤྱན་དྲངས་ལ་འདུལ་དགོས་ཅེས་པའི་སྒྲ་བྱུང༌། ཡང་སྤྲུལ་སྐུ་གང་ནས་སྤྱན་འདྲེན་ཞེས་ཞུས་པས་ཐུགས་ཀ་ནས་འོད་ཟེར་གཉིས་བྱུང་བ་བལ་པོ་དང་རྒྱ་ནག་དུ་རེ་རེ་སོང་སྟེ་སྤྲུལ་པའི་ལྷ་མོ་རེ་བཞུགས་པར་གཟིགས་སྟེ་དེ་གཉིས་སྤྱན་དྲངས་ན་སྐུ་ཚད་གཉིས་དང་རྒྱ་བལ་གྱི་ཆོས་ཐམས་ཅད་བོད་དུ་འབྱོན་པར་མཁྱེན་ནས་ནང་པར་བློན་པོ་རྣམས་ཕྱག་འབུལ་དུ་འོངས་ནས་བཀའ་མཆིད་མཛད་པའི་ཚེ་ཡེངས་མ་གཏམ་དུ་རྒྱལ་པོའི་ཞལ་ནས་མདང་ངའི་རྨི་ལམ་དུ་ནུབ་ཕྱོགས་བལ་པོའི་ཡུལ་ན་བུ་མོ་དཀར་མོ་སྙིང་དུ་སྡུག་པ་ཅིག་དང་ཤར་རྒྱ་ནག་གི་ཡུལ་ན་བུ་མོ་སྔོན་མོ་ཡིད་དུ་འོང་བ་ཞིག་འདུག་པ་ལ་རྨིས་གསུངས་པ་དང༌། གཡས་ནས་མགར་སྟོང་བཙན་ཡུལ་སྲུང་དང་གཡོན་ནས་ཐོན་མི་སམྦྷོ་ཊ་མི་ཆུང་གཉིས་འབྲས་ཆང་བཻ་ཌཱུརྻའི་ཕོར་པ་རེ་རྒྱལ་པོ་ལ་སྟོབ་ཅིང་མནལ་ལམ་དེ་སུ་ལ་ཡང་མི་གསུང་བར་ཞུ། དེ་གཉིས་ངེད་རྣམས་ཀྱིས་ཁབ་ཏུ་བསུའོ་ཞེས་ཟེར་ནས་སོང་སྟེ་དེ་ཁབ་ཏུ་བསུའམ་ཞེས་གླེངས་པས་གྲོང་ཁྱེར་བདུན་ནས་གཙོ་བོ་མི་བདུན་ལ་གྲོས་འདྲི་བར་ཁ་འཆམ་སྟེ་ནང་པར་འཚོག་རྐྱེན་རེ་ཁྱེར་ལ་འོ་ཐང་གི་མཚོ་འགྲམ་ནེ་སིང་དང་གླ་བའི་ཚལ་ཏར་ཁ་སྡོང་པོའི་རྩར་འདུས་ཅིག་ཅེས་བྱས་སྟེ་བློན་པོ་རྣམས་དང་གཙོ་བོ་མི་བདུན་ཚོགས་པའི་མི་བདུན་གྱི་འཚོག་ཆས་བསྡུས་པས་ཤ་ཁོག་མ་ཉམས་པ་གཅིག་དུ་འགྲིག་སྟེ་ཐོན་མི་ན་རེ་འདུན་མ་འདུན་རྐྱེན་གྱིས་བཅད་པ་བྱ་བ་ཤིན་ཏུ་བཀྲ་ཤིས་ཅི་བསམ་འགྲུབ་པས་འདུན་མ་རྒྱ་མ་ཆུང་ཞིག་ཅེས་ཟེར། མགར་གྱིས་རྒྱ་བལ་གྱི་རྒྱལ་པོའི་སྲས་མོ་མཆོག་གཉིས་ཡོད་པར་འདུག་པ་རྗེའི་བཙུན་མོར་བསུའམ་ཞེས་བགྲོས་པས་ལེགས་དེར་གྱིས་བྱུང༌། སློང་བའི་ཐབས་དྲིས་པས་རྒྱལ་པོ་ཉིད་ཐུགས་ཟབ་ལ་རྒྱ་ཆེ་གཞན་གྱིས་ཁོང་དུ་མི་ཆུད་པས་རྒྱལ་པོ་ཉིད་ལ་ཞུ་བར་ཁ་འཆམ། བློན་པོ་རྣམས་ཀྱིས་ཕྱིན་སྟེ་མགར་གྱིས་ཇི་ལྟར་སྤྱན་དྲང་ཞུས་པས་(ཇ༢༦བ)


PTT001_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཐོན་མིས་སྣ་དྲངས་པའི་བློན་པོ་རྟ་པ་བརྒྱ་སྟོན་ཟླ་ར་བའི་ཚེས་བརྒྱད་སྐར་མ་རྒྱལ་དང་ལྡན་པ་ལ་ཕོ་བྲང་དམར་པོ་རི་ལ་ཉི་མ་ཤར་བ་དང་སོང༌། ལམ་ཐམས་ཅད་དུ་ཇོ་མོ་ཁྲོ་གཉེར་ཅན་ལ་གསོལ་བ་ཐོབ། བལ་རྗེ་ལ་ཕྱག་རྟེན་དུ་གསེར་གྱི་དོང་རྩེ་སྟོང༌། ཞུ་རྟེན་གསེར་ཕྱེ་བྲེ་གང༌། རིན་དུ་མིའི་རིན་པོ་ཆེ་ལ་ལྷའི་རིན་པོ་ཆེའི་ཕྲ་བཏབ་པའི་དྲ་བ་གཅིག་རྣམས་ཁྱེར། རྒྱལ་པོ་དེ་བཀའ་ལུང་མི་འདྲ་བ་གསུམ་བསྟུད་མར་འོང་གིས་དེའི་ལན་དུ་སྒྲོམ་བུ་འདི་རྣམས་གོ་རིམ་མ་ནོར་བར་གཏོད་ཅིག་གསུང་སྐད། བློན་པོ་རྣམས་ཀྱིས་དེ་ལྟར་དུ་ཕྱིན་སྟེ་ཕྱག་རྟེན་ཕུལ་ནས་ཕྱག་བྱས། ཞུ་རྟེན་མདུན་དུ་བཞག །རིན་པོ་ཆེའི་དྲ་བ་སྐུ་ལ་གསོལ་སྟེ་ངེད་བོད་ཡུལ་ན་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཆོས་ཀྱི་རྒྱལ་པོ་ཅིག་བཞུགས་པའི་བློན་པོ་ཡིན། ཁྱེད་ཀྱི་སྲས་མོ་ལྷ་གཅིག་ཁྲི་བཙུན་དེ་ངེད་ཀྱི་རྒྱལ་པོའི་བཙུན་མོར་ཞུའོ་བྱས་པས་རྒྱལ་པོ་ཡུན་རིང་དུ་མིག་བཙུམ་ནས་མ་ཕྱེ། ཅི་ཞིག་ནས་བོད་མཐའ་འཁོབ་ཀྱི་རྒྱལ་པོ་ངའི་གཉེན་ཟླར་མི་འོས། ང་སངས་རྒྱས་འོད་སྲུང་གི་དུས་ནས་དམ་པའི་ཆོས་རྒྱུན་མ་ཆད་སྐུ་གསུང་ཐུགས་ཀྱི་རྟེན་ཡོད། ཁྱེད་ལ་དེ་ལྟ་མེད། འོན་ཀྱང་ཐག་རིང་པོ་ནས་འོངས་སྟེ་འདུག་པས་བོད་ཀྱི་རྒྱལ་པོས་དཀོན་མཆོག་གསུམ་གྱི་རྟེན་བཞེང་ནུས་སམ་དེ་ནུས་ན་སྟེར་བས་དེ་དྲིས་ལ་ཤོག་ཟེར་བས་མགར་གྱིས་འཕྲིན་རེའི་བར་དུ་བོད་བལ་དུ་ཕར་ཚུར་འགྲོ་དགོས་ན་ལྷ་གཅིག་སྤྱན་མི་འདྲོངས། དེའི་ལན་དུ་སྒྲོམ་བུ་དང་པོ་འདི་བསྐུར་བ་གཟིགས་ཤིག་བྱས་ནས་གསེར་གྱི་སྒྲོམ་བུ་གཏད་པས་མཐིང་ཤོག་ལ་གསེར་གྱིས་བྲིས་པ་བལ་པོའི་ཡི་གེར་བྱུང་སྟེ། མཐའ་འཁོབ་བོད་ཀྱི་རྒྱལ་པོ་སྲོང་བཙན་གྱིས་བལ་པོའི་རྒྱལ་པོ་ལ་བཀའ་བསྩལ་པ། ཁྱོད་ལྷོ་བལ་ན་ཆོས་ཡོད། ང་ལ་ཆོས་དང་མཆོད་གནས་མེད་དེ་དེ་ལ་དགའ་བས་ལྷ་གཅིག་སྟེར་ན་ངས་ཉིན་གཅིག་ལ་སྐུ་ལུས་ཀྱི་བཀོད་པ་ལྔ་སྟོང་སྤྲུལ་ནས་ལྷ་ཁང་བརྒྱ་རྩ་བརྒྱད་བརྩིགས་སྟེ་སྒོ་ཐམས་ཅད་བལ་པོའི་ཡུལ་དུ་བསྟན་ལ་བཞག་གིས་དེ་ངོ་མཚར་མི་ཆེའམ་བྱ་བ་བྱུང༌། ཡང་བལ་རྗེ་ན་རེ་དགེ་བཅུའི་ཁྲིམས་འཆའ་ནུས་ན་བྱིན་གྱིས་དེ་དྲིས་ལ་ཤོག་ཟེར་བ་ལ་དངུལ་གྱི་སྒྲོམ་བུ་གཏད་པས། དེ་ལྟ་ན་སྐུ་ལུས་ཀྱི་བཀོད་པ་ལྔ་སྟོང་སྤྲུལ་ནས་ཉིན་གཅིག་ལ་དགེ་བཅུའི་ཁྲིམས་འཆའ་ཡི། ཟེར་བ་བྱུང་བ་ཅུང་ཟད་སྐྲག་སྟེ་སྟེར་བར་སེམས་ཀྱིས་བསམས་ཀྱང་ད་དུང་སྒམ་པའི་(ཇ༢༧ན)


PTT001_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། བོད་རྒྱལ་ཁ་ཚོ་ཆེ་བར་འདུག་སྟེ་ང་སངས་རྒྱས་འོད་སྲུང་ཚུན་ནས་ཐབ་དུ་བ་མ་ཆད་པའི་ལོངས་སྤྱོད་ཡོད་པ་ཡིན། འདོད་ཡོན་གྱི་ལོངས་སྤྱོད་ང་དང་མཉམ་པ་བྱེད་ནུས་ན་སྟེར་བས་དྲིས་ཤོག་ཟེར་བ་ལ་ཟངས་ཀྱི་སྒྲོམ་བུ་གཏད་པས། ངས་སྤྲུལ་པ་ལྔ་སྟོང་གིས་སྒོ་ལྔའི་ཡུལ་རེ་རེར་གཟུགས་སྒྲ་དྲི་རོ་རེག་བྱ་མི་འདྲ་བ་སྟོང་སྟོང་ལ་སྤྱོད་དུ་ཡོད་པར་བྱ། རིན་པོ་ཆེའི་ཁུང་ཐམས་ཅད་ཁ་ཕྱེ། ཕྱོགས་ཀྱི་ལས་སྒོ་རྣམས་ཕྱེ་སྟེ་ཁྱེད་ལྷོ་བལ་གྱི་གསེར་ཐམས་ཅད་ངའི་རྒྱལ་ཁམས་ལ་རག་ལུས་པར་བྱའི་དེ་ངོ་མི་མཚར་རམ། དེས་ཀྱང་མི་སྟེར་ན་སྤྲུལ་པའི་དམག་ཁྲི་ཕྲག་ལྔ་བཏང་ནས་བལ་ཡུལ་བརླག་པར་བྱས་སྟེ་ལྷ་གཅིག་འཁྱེར་རོ་ཞེས་བྱུང་བས་ཤིན་དུ་སྐྲག་ཅིང་སྤྲུལ་པའི་རྒྱལ་པོར་ཡང་ཤེས་པས་ཅུང་ཟད་དད་པར་ཡང་གྱུར་སྟེ་སྦྱིན་པར་ཞལ་གྱིས་བཞེས་སོ། །དེ་ནས་རྒྱལ་པོས་ལྷ་གཅིག་ཁྲི་བཙུན་ལ་ཁྱོད་བོད་ཀྱི་རྒྱལ་པོའི་བཙུན་མོར་འགྲོ་དགོས་གསུངས་པས་ལྷ་གཅིག་ན་རེ་ཡབ་ཀྱི་བཀའ་མི་ཆོགས་པས་འགྲོ་དགོས་ན། བོད་ཀྱི་རྒྱལ་པོ་དེ་དད་པ་ཅན་ཞིག་ཡོད་པར་འདུག་ཀྱང་མཆོད་གནས་ཀྱི་རྟེན་ཙམ་མེད་ཟེར་བས་མཆོད་གནས་སུ་ཇོ་བོ་མི་སྐྱོད་རྡོ་རྗེ། བྱམས་པ་ཆོས་ཀྱི་འཁོར་ལོ། ཙནྡ་གྱི་སྒྲོལ་མ་རང་བྱུང་དང་གསུམ་པོ་སྐུར་ཞིག །བོད་ཡུལ་ལོངས་སྤྱོད་ཆུང་ཟེར་བས་རིན་པོ་ཆེ་གླང་པོ་ཆེའི་རྒྱབ་ཁལ་བདུན་ཡང་སྐུར་ཞིག །ཞེས་ཞུས་སོ། །ཡབ་རྒྱལ་པོས་ཀྱང་ཞལ་གྱིས་བཞེས་སྟེ་སྐུ་ངོ་མཚར་ཅན་གསུམ། རིན་པོ་ཆེ་སྟག་ཤ་དེ་ཝ་རཏྣ་དེ་ཝ་བཻཌཱུརྻའི་ལྷུང་བཟེད་རྣམས་དང་རིན་པོ་ཆེ་གཞན་གླང་པོ་ཆེའི་རྒྱབ་ཁལ་བདུན་རྣམས་གནང༌། བོད་བློན་རྣམས་ལ་དགའ་སྟོན་ཆེར་མཛད། བསླབ་བྱ་སྙིང་གཏམ་དུ་བསྙད་ནས་གླང་པོ་ཆེ་མཆོག་ཞིག་གི་ཟེ་བར་ལྷ་གཅིག་གིས་ཙནྡ་གྱི་སྒྲོལ་མ་རང་བྱུང་ཕྱག་དུ་བསྣམས། རྟེན་གཞན་གཉིས་གླང་པོ་ཆེའི་རྒྱབ་ཏུ་གསིལ་ཁང་ལ་སྤྱན་དྲངས། རིན་པོ་ཆེ་གླང་རྒྱབ་བདུན་དང་བཅས་སྟེ་རྒྱལ་བློན་རྣམས་ཀྱིས་བལ་ཡུལ་དང་མང་ཡུལ་གྱི་བར་ལྗོན་ཤིང་གི་ཚལ་ཡངས་པའི་བར་དུ་བསྐྱལ་ནས་བོད་ཀྱི་རྒྱལ་ཁམས་སུ་བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང་བར་གྱུར་ཅིག་ཞེས་སྨོན་ལམ་བཏབ་ནས་རྒྱལ་བློན་རྣམས་ལོག་གླང་པོ་ཆེ་རྣམས་འཕྲང་ལ་མི་ཐར་བས་ཕྱིར་སློག །འཕྲང་བགྲོད་དཀའ་བ་རྣམས་ལ་རིན་པོ་ཆེ་རྣམས་(ཇ༢༧བ)


PTT001_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེང་སྐྱེད་བྱས། ལྷ་གཅིག་དང་སྐུ་གཉིས་ཀྱང་ཞབས་ཀྱིས་བྱོན་སྐད། མང་ཡུལ་ནས་སྐུ་གཉིས་མཛོ་མོ་དཀར་མོ་རེས་གདན་དྲངས། ལྷ་གཅིག་དྲེའུ་དཀར་མོ་ཞིག་བཅིབས། རིན་པོ་ཆེ་རྣམས་རྟ་བརྒྱ་པོ་ལ་བཀལ་སྟེ་ལྷ་མོ་ཁྲོ་གཉེར་ཅན་གྱི་མཚན་ནས་བརྗོད་ཅིང་འོང་པས་ཤིང་ཕོ་རྟའི་ལོ་ལ་ཕོ་བྲང་དུ་ཕེབས། རྒྱལ་པོ་དང་མཇལ་སྟེ་བཙུན་མོར་མངའ་གསོལ་ལོ། །བཀའ་ཆེམས་གཞན་ལས་དྲིས་ལན་གྱི་ཚིགས་བཅད་སོགས་ཡོད་ཀྱང་ཀ་བཀོལ་མར་འདི་ཙམ་སྣང་ངོ༌། །ལྷ་ཀླུ་གནོད་སྦྱིན་ཚོགས་རྣམས་བྲན་དུ་བསྐོལ། །ཕོ་བྲང་ཁྲི་རྩེ་དམར་པོ་ཅེས་བྱ་བ། །འཛམ་བུ་གླིང་ན་འགྲན་ཟླ་བྲལ་བ་བཞེངས། །དེ་ཡང་རྒྱལ་པོ་དུས་རྟག་དུ་ཡི་དམ་གྱི་དྲུང་དུ་བཞུགས་ནས་མཆོད་པ་དང་ཏིང་ངེ་འཛིན་མཛད། སྐྱོ་སང་དང་རྩེ་དགའ་མི་མཛད་པ་ལ་བལ་མོ་བཟའ་འདི་སྙམ་དུ་རྒྱལ་པོ་འདི་གཟུགས་དང་ཡོན་ཏན་རྨད་དུ་བྱུང་བ་ཞིག་འདུག་པ་ལ་ཕོ་བྲང་གི་ཕྱིར་མི་འབྱོན་པ་འདི་ཕ་རོལ་གྱི་དམག་ཚོགས་ཤིག་ལ་འཇིགས་པ་ཡིན་སྟེ་འོང་བས་དམག་གིས་མི་བརྫི་བའི་ཕོ་བྲང་ཞིག་བྱ་དགོས་སྙམ་ནས་བཻ་ཌཱུརྻའི་ལྷུང་བཟེད་ལ་གསོལ་བ་བཏབ་པས་ཟས་སྐོམ་ཟད་པ་མེད་པ་བྱུང་བ་དང་རིན་པོ་ཆེ་རྣམས་ལ་ཆ་རྐྱེན་བྱས་སྟེ་གནོད་སྦྱིན་ཕོ་མོ་སོགས་བྲན་དུ་བསྐོལ་སྟེ་དམར་པོ་རི་ཁོངས་སུ་བཅུག་སོ་ཕག་གི་ལྕགས་རི་ལོགས་རེར་རྒྱང་གྲགས་རེ་རེ་དཔངས་གྱང་ཕྲེང་སུམ་བཅུ་རྩ་དྲུག་གི་ཚད་བསྐོར། སྒོ་བཞི་སྒོ་སྤེ་རྟ་བབ་དང་བཅས་པ་དང་སྒོ་ཆུང་ཁང་པ་ཤར་བུ་མདའ་ཡབ་སོགས་རིན་པོ་ཆེ་སྣ་ཚོགས་ལས་བྱས་པ་དང་དངུལ་གྱི་བང་ཆུང་གིས་བསྐོར། མུ་ཏིག་གི་དྲ་བ་དང་དྲ་ཕྱེད་ལས་དྲིལ་བུ་གཡེར་ཁ་འཁྲོལ་པ་རྔ་ཡབ་དང་བ་དན་གྱིས་བརྒྱན་པ་བྱས། དེའི་ནང་དུ་མཁར་དགུ་བརྒྱ་དང་དགུ་བཅུ་རྩ་དགུ་ཡང་རྩེ་དང་མཁར་དམར་སྟོང་དུ་ཚང་བ། དེའི་རྩེར་ཡང་དར་དམར་རྐེད་ཁྲ་ཅན་བཏགས་པའི་མདུང་དམར་བཅུ་རེ་བཙུགས་ཅིང་མཚོན་ཆ་སྣ་ཚོགས་པ་གཟིངས་པ་དར་གྱི་ཆུན་འཕྱང་སྣ་ཚོགས་པ་བྲེས་པ་བྱས། ལྷོའི་ལྕགས་རིའི་ནང་དུ་སོག་པོའི་མཁར་ལ་དཔེ་བླངས་སྟེ་བྲག་ལྷ་བཀྲ་ཤིས་ཀྱི་གཞལ་ཡས་ཁང་བྱ་བ་ཐོག་དགུར་བརྩིགས་པས་རྒྱལ་པོའི་སྐུ་མཁར་དང་མཉམ་པའི་བཙུན་མོའི་ཕོ་བྲང་བརྩིགས་སྟེ་རྒྱལ་པོའི་སྐུ་མཁར་དང་དེ་གཉིས་ཀྱི་བར་དངུལ་ཟམ་སྐར་ཁུང་བཀྲ་(ཇ༢༨ན)


PTT001_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་རྒྱན་མཐའ་ཡས་པ་ཅན་གྱིས་དཔེལ་བ་ལ་ཡབ་ཡུམ་ཕན་ཚུན་དུ་གཤེགས་བཞུད་མཛད་པ། དམག་དུང་ཕྱུར་ལྷགས་ཀྱང་སྲུང་མ་མི་ལྔའི་ཐུབ་པ་རྣམ་པར་རྒྱལ་བའི་ཁང་བཟང་ལྟར་ལེགས་ཅིང་ལྟར་མི་ངོམས་པ་ཉི་མའི་དཀྱིལ་འཁོར་ལྟར་འོད་ཟེར་འབར་ཞིང་ལྟར་མི་བཟོད་པ། སྲིན་ཡུལ་ལངྐ་པུ་རི་ལྟར་འཇིགས་ཅིང་རྔམ་པ་ཅིག་བརྩིགས་སོ། །དེའི་ཤར་སྒོའི་ཕྱིར་རྒྱལ་པོའི་ཆིབས་དཀྱུས་ཀྱི་ས་འདོམ་དགུ་བརྒྱར་རིང་ཞིང་ཞེང་འདོམ་བཅོ་བརྒྱད་པ་ཟབ་འདོན་དོ་བྲུས་པར་ཤིང་དང་སོ་ཕག་གིས་ཕུབ་སྟེ་སྟེང་ཟངས་མས་གཡོགས་པ། ལོགས་ལ་དྲ་བ་དྲ་ཕྱེད་དང་བཀྲ་ཤིས་ཀྱི་རི་མོ་སྣ་ཚོགས་པ་བྲིས་ཅིང་འབུར་དུ་བཏོད་པ་ཚོན་སྣ་ཚོགས་པས་བྱུགས་སྟེ་ཕྱི་ནང་གསེར་ལྟ་བུར་འདུག་པ། དེའི་ནང་དུ་རྒྱལ་པོས་ཆིབས་དཀྱུས་པའི་རྨིག་སྒྲ་རེ་རེ་ལ་ཡང་རྟ་པ་འབུམ་གྱི་རྨིག་སྒྲ་དང་འུར་ཐུག་དང་སིལ་ཁྲོལ་གྱི་སྒྲ་སྐད་རོལ་མོ་སྣ་ཚོགས་པར་གྲག་ཞིང་བདེན་བཞིའི་ཚིགས་བཅད་དང་བཀའ་བཏགས་ཀྱི་ཕྱག་རྒྱ་བཞིའི་ཆོས་ཀྱི་ཚིག་འབྲུ་བྱུང་བ་དེ་ལྟ་བུ་ཞིག་བྱས་སོ། །ཕོ་བྲང་བརྩིགས་ཚུལ་འདི་ར་སའི་ཀླུ་ཁང་གི་ནུབ་ལོགས་ལ་བྲིས་ནས་ཡོད་སྐད། སླར་ཡང་སྤྲུལ་པའི་ཆོས་ཀྱི་རྒྱལ་པོ་ཡི། །བཀའ་ལུང་ལྕི་ཞིང་གཉན་པའི་ཟིལ་དང་ནི། །བློན་པོ་རིག་པ་ཅན་གྱི་འཕྲུལ་ཐབས་ཀྱིས། །སྒྲོལ་མའི་སྤྲུལ་པ་ལྷ་གཅིག་ཀོང་ཇོ་ནི། །འཛམ་གླིང་རྟེན་མཆོག་ཤཱཀྱ་མུ་ནིར་བཅས། །རྒྱ་ནག་ཡུལ་ན་སྤྱན་དྲངས་བོད་ཏུ་ཕེབས། །ཕྱོགས་བཞིའི་མི་རྣམས་སོ་སོའི་སྣང་བ་རུ། །རང་རང་ཕྱོགས་ནས་གཤེགས་མཐོང་བསུ་ཞིང་སྐྱེལ། །འོ་ཐང་མཚོ་འགྲམ་ནགས་ཚལ་བྱེད་མའི་དབུས། །ཤིང་རྟ་བྱིང་ཞིང་ས་གཡོས་ཁལ་རྣམས་ཉལ། །གྱད་ཆེན་ལྷ་དགའ་ཀླུ་དགས་སྟོབ་བསྐྱེད་ཀྱང༌། །ཐུབ་པའི་སྐུ་གཟུགས་གཡོ་བར་མ་ནུས་ཚེ། །ཀླུ་ཡི་ཕོ་བྲང་མནན་པོར་གཟིགས་ནས་ནི། །ས་གཞི་དེ་ཉིད་དུ་བཞུགས་མཆོད་པ་མཛད། །སྤྲུལ་པའི་ལྷ་མོ་འུན་ཤིང་ཀོང་ཇོ་ནི། །བཙུན་མོའི་དམ་པ་གཉིས་པར་མངའ་གསོལ་སྟེ། །དགའ་སྟོན་རྒྱ་ཆེན་ན་མཁའ་མཉམ་པར་སྤྱད། །དེ་ཡང་མགར་གྱིས་སྣ་(ཇ༢༨བ)


PTT001_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་པའི་བློན་པོ་བརྒྱས་ཕྱག་རྟེན་དོང་རྩེ་བརྒྱ། ཞུ་རྟེན་གསེར་པང་མིག་བདུན། རིན་དུ་ལྷའི་གོས་རིན་ཐང་མེད་པ་འདི་ཁྱེར་ལ་བྱ་ཁ་ཏའི་སྐད་ཀྱིས་མ་ནོན་པར་ཕར་ཚུར་དུ་སྒྲོལ་མ་ལ་གསོལ་བ་འདེབས་ཀྱིན་སོང་ཞིག་གསུངས་ནས་བློན་པོ་རྣམས་ཕྱིན་སྟེ་རྒྱ་ནག་ཟིམ་ཤིང་བཀྲ་ཤིས་ཁྲི་སྒོར་སླེབས་སྟེ་རྒྱལ་པོ་ཐང་ཐའི་ཛུང་ངམ་ཀོང་ཙེ་འཕྲུལ་རྒྱལ་ཞེས་པ་དེ་དང་མཇལ། ཕྱག་རྟེན་ཞུ་རྟེན་བཏང་རིན་ཕུལ་སྟེ་ལྷ་ཅིག་ཞུས་པས་རྒྱལ་པོ་དགྱེས་སྟེ་གནང་བར་དགོངས་པ་ལ་སྲས་རྒྱལ་བུ་ཐེ་བ་ན་རེ་བོད་ཀྱིས་རྒྱའི་ཡུལ་མང་པོ་བཅོམ། རྒན་པོ་རྣམས་བསད་པས་བོད་ལ་མི་སྟེར་ཁྲོམ་གེ་སར་དམག་དཔུང་ཆེ་བས་དེ་ལ་སྟེར་ཟེར། ཡུམ་གྱིས་བོད་ལོངས་སྤྱོད་ཆུང་བས་མི་སྟེར་སྟག་གཟིག་གི་རྒྱལ་པོ་ལོངས་སྤྱོད་ཆེ་བས་དེ་ལ་སྟེར་ཟེར། ལྷ་གཅིག་རང་རྒྱ་གར་དམ་པའི་ཆོས་དར་བས་རྒྱ་གར་ལ་འགྲོ་ཟེར་སྟེ་གཉེ་པོ་རྟ་པ་བཞི་བརྒྱ་ཡང་ཚོགས་སྐད། དེར་བོད་ཀྱིས་ངེད་ཁ་སྔ་བས་ངེད་ལ་ཞུ་ཟེར། ཁྲོམ་དང་སྟག་གཟིགས་དང་རྒྱ་གར་རྣམས་རིམ་པ་ལྟར་ངེད་ལ་མི་སྟེར་ན་དམག་འདྲེན། མེས་བསྲེག་རྒྱ་ཡུལ་ཆུས་འགེངས་ཟེར་སྐད། དེར་རྒྱ་ནག་ཁྲིམས་དམ་པས་གང་རུང་ལ་སྦྱིན་དབང་མེད་དེ་རྒྱལ་པོའི་ཞལ་ནས་གཉེ་བོ་རྣམས་རིགས་པ་སུ་རྣོ་བ་ཞིག་ལ་སྟེར་ཟེར་སྟེ་གཉེ་བོ་བརྒྱ་རེ་ལ་ལུག་བརྒྱ་རེ་དང་ཆང་ཚོད་བརྒྱ་རེ་བཏང་སྟེ་ཉིན་གཅིག་ལ་ཤ་ཆང་ཡོག་བ་པགས་པ་ཐུལ་བ། ཁང་པ་གཙང་མར་སུ་བྱུང་བ་དེ་ལ་སྟེར་བྱ་བ་དང༌། ཡང་གཡུ་འོད་ཆེན་ཕུབ་ཆུང་ཙམ་པ་མིག་གཅིག་དབུས་དང་གཅིག་མཐའ་ན་ཡོད་པ་བར་གྱི་མིག་ཕུབ་ཀྱི་སྤ་སྒོར་བཞིན་ཡོད་པ་ཅིག་དང་དར་ཡུག་ཅིག་གཏད་ནས་གཡུ་མིག་དུ་དར་ཡུག་སུས་ཚུད་དེ་ལ་སྟེར་ཟེར་བ་དང༌། བྱ་མ་བརྒྱ་བུ་བརྒྱ་དང༌། རྟ་མ་བརྒྱ་བུ་བརྒྱ་མ་བུ་སོ་སོར་སུས་ཤེས་པ་ལ་སྟེར་བ་དང༌། ཤིང་སྡུམ་བརྒྱ་བཏང་བའི་རྩ་རྩེ་སུས་ཤེས་ལ་སྟེར་བ་དང༌། ཕྱི་དྲོ་ཕོ་བྲང་དུ་སྟོན་མོ་བྱས་ནས་བཟི་བ་དང་སྲོད་ལ་བཏང་སྟེ་སྒོ་མ་འཁྲུལ་བར་རང་གི་གནས་ཁང་སུས་རྙེད་ལ་སྟེར་བར་བྱས་པ་ལ་གཞན་རྣམས་ཀྱིས་གང་ཡང་མ་བྱུང༌། བློན་པོ་མགར་གྱིས་ལུག་རྣམས་གུད་དུ་བསད། ཤ་གཟུགས་རེ་ནས་བྲིམས་སྟེ་ཏིག་ག་ཆུང་ཆུང་རེ་བཅད་ཅིང་ཚྭ་ལ་བསྒྲེས་སྟེ་ཟོས་ནས་བསྐོར་ཆང་ཧུབ་སྐོར་དུ་བྱས། པགས་པ་གྲལ་ལ་འགྲིམས་སྟེ་(ཇ༢༩ན)


PTT001_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་ཙམ་རེ་བྱས་པས་ཤ་ཆུང་ཡོག་པགས་པ་འཐུལ། མ་བཟི་མ་སྐྱུགས་སྟེ་ཁང་པ་གཙང་མར་བྱུང༌། རྒྱ་གྲོག་ཞིག་ཟན་དང་འོ་མས་གསོས་སྟེ་དར་སྐུད་ཀྱིས་དར་ཡུག་གི་སྣ་བསྡུས་སྟེ་བཙེམས། དར་སྐུ་གྲོག་མའི་རྐེད་པ་ལ་བཏགས་སྟེ་མཐའི་མིག་ནས་བཅུག་ཕུ་བཏབ་པས་དབུས་སུ་ཐོན་སྟེ་གཡུ་མིག་དུ་དར་ཡུག་ཚུད། ཐང་ལ་སྦང་སྐམ་གཏོར་ནས་བྱ་རྣམས་བཏང་བས་མ་བུ་གཉིས་གཉིས་སྟབས་སུ་ཟོས་སྟེ་རྐེའི་འོག་ནས་ཟ་ཞིང་སྤྱོད་པ་འཚུབ་པ་འདི་བུ་ཡིན་ཞེས་ངོ་ཤེས། རྟ་རྣམས་རྟེའུ་ཕྱོགས་གཅིག་དུ་བཟུང་སྟེ་ཞག་གཅིག་ཆུ་མ་བྱིན་པར་གསོས་སྟེ་སྐོམ་དུ་བཅུག་ནས་ནང་པར་མ་ཁྱུའི་གསེབ་ཏུ་བཏང་བས་རང་རང་གི་མ་བཙལ་སྟེ་འོ་མ་འཐུངས་པས་མ་བུ་སོ་སོར་ཤེས། ཤིང་སྡུམ་རྣམས་ཆུ་ལ་བསྐྱུར་བས་རྩ་བ་ཐུར་དུ་བྱིང་སྟེ་ངོ་ཤེས། མར་མེའི་ཆས་སྦས་སྟེ་ཁྱེར་ཁར་རམས་དང་མཚལ་བཅུག་ནས་སྒོ་སུམ་བརྒྱ་དྲུག་བཅུ་ཙམ་ཡོད་པ་ལ་མཚན་མ་འདེབས་ཀྱིན་ཕྱིན། ཆང་ལ་ཚོད་ཟིན་པར་བྱས་ནས་སྲོད་དུས་མར་མེ་སྤར་མཚན་མ་ལྟ་གིན་ཡོང་བས་གནས་ཁང་དུ་མ་འཁྲུལ་བར་སླེབས་པས་དེ་ཐམས་ཅད་ལ་རིག་པ་བོད་རྣོ་ཡང་བརྙས་པ་བྱས་ནས་མ་བྱིན་སྐད། ད་ནི་སང་ཉིན་ལྷ་གཅིག་བུ་མོ་བརྒྱའི་གསེབ་ཏུ་གཏོང་བས་སུས་ངོ་ཤེས་པ་ལ་སྟེར་རོ་ཟེར་བས་མགར་གྱིས་གནས་མོ་དེ་སྔ་ནས་ཟས་ཆང་གིས་བྲིད་མཛའ་བར་བྱས་ནས་ལྷ་གཅིག་དེ་ཁྱོད་རང་མཛའ་བར་ཡོད་འདུག་པས་སྟོན་དགོས་བྱས་པས། མོས་རྐེ་ལ་འབྲས་ཀྱི་སོག་མ་བཙུགས་སྟེ་ཆད་པ་ཡོང་ཟེར་བའི་བརྡ་བྱས། མགར་གྱིས་རྩིས་ཀྱིས་མི་ཐིག་པ་ཤེས་ཟེར་བའི་བརྡ་བྱས་པས་འཛུམ་མུལ་བྱུང་སྟེ་འོ་ན་སྨྲ་ཡིས་ཟེར་སྐད། དེར་སྒྱེད་པོ་གསུམ་གྱི་ཁར་ཟངས་ཆུས་བཀང་བ་བཞག །ཁ་ཕུབ་ཀྱིས་བཅད་པའི་སྟེང་དུ་བུ་མོ་དེ་བཞག་སྟེང་དུ་རྫ་ཞིག་གཡོགས་པ་དྲ་བས་བཀབ། རྫའི་བུག་པ་ནས་ཁ་ལ་ལྕགས་མཆུ་གཏད་དེ་སྨར་བཅུག་པས། ཀོང་ཇོ་ལ་གཡོག་མོ་བཅུ་དྲུག་ཡོད་པའི་ཐུགས་ཆེས་པ་གཅིག་ང་ཡིན། སང་ཉིན་ལྔ་བཅུ་ཕར་ཐལ་ཞེ་དགུ་ཚུར་ལུས་པའི་དབུས་མ་དེ་ལེགས་པ་མི་ཆེ་མི་ཆུང་བ། ཁ་ནས་ཨུཏྤ་ལའི་དྲི་སྣམ་པ། བེར་བདུན་བརྩེགས་ཀྱི་ཕྱི་(ཇ༢༩བ)


PTT001_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

མ་དྲི་མ་ཆགས་ཙམ་གསོལ་བ། གཡུའི་སྦྲང་མ་ཐེ་བོང་ཙམ་ཞིག་ན་མཁའ་མདའ་གང་གི་སར་ལྡིང་བ་ཞིག་ཡོད། དེས་ཀྱང་དཔྲལ་མཚམས་ལ་མཚལ་གྱི་གཡུང་དྲུང་རིས་ཅིག་བྲིས་ལ་འཐག་གི་ཟེར། ནང་པར་གཉེ་པོ་གཞན་རྣམས་སྒོ་ན་བསྒུགས། བུ་མོ་བརྒྱ་པོ་རིམ་པར་བྱུང་བ་ལ་གཉེ་པོ་གཞན་རྣམས་ཀྱིས་གང་མཛེས་དང་ཆས་གང་བཟང་གཉིས་གཉིས་ཁྲིད་ནས་ལྷ་གཅིག་ངེས་ཀྱིས་ཐོབ་པོ་ཟེར་ནས་སོང༌། བློན་པོ་མགར་གྱིས་ལག་པ་དར་གྱིས་དྲིལ་མདའ་རྒོད་སྒྲོ་མ་གཅིག་ཐོགས་ནས་སྒོ་བར་དུ་བསྡད་དེ་ལྷ་གཅིག་བྱུང་བ་དང་མདའ་ལྟོང་གིས་གོང་པ་ནས་དྲིལ་སྟེ་འཐེན་པ་དང་ཧེ་ཟེར་སྟེ་ཁ་ལོག་བྱས་བྱུང་བས་ཨུཏྤལ་ལའི་དྲི་ངད་ཆིལ་གྱིས་བྱུང༌། གཡུའི་སྦྲང་མ་དང་མཚལ་གྱི་གཡུང་དྲུང་ཡང་གདའ་སྐད། དེ་ནས་གཉེ་པོ་གཞན་རྣམས་སོ་སོས་བདམ་པའི་བུ་མོ་བསྐུར་སྟེ་ཕྱིར་ལོག །ལྷ་གཅིག་ལ་བོད་ལ་འགྲོ་དགོས་གསུངས་པས། འོ་ན་གསེར་གྱི་ལྷ་ཤཱཀྱ་མུ་ནི་ངའི་མཆོད་པའི་རྟེན་དུ་ཞུ། གཟོ་སྣ་བཅོ་བརྒྱད་ཀྱི་དཔེ། སྨན་དཔྱད་ཆེན་མོ། རྩིས་ཀྱི་པོར་ཐང་བརྒྱད་བཅུ་རྣམས་བསྐུར་བར་ཞུས་སྟེ་རྒྱལ་པོས་ཀྱང་དེ་རྣམས་དང་རིན་པོ་ཆེ་དང་དར་ཟབ་སོགས་མཐའ་ཡས་པར་བརྫངས། ལྷ་གཅིག་གིས་མགར་ལ་བོད་ན་ལ་ཉུངས་དང༌། ས་ཁམས་པ། རྩ་དྲེས་མ། རྡོ་སྲིན་ཟན། ཤིང་སེ་བ་རྣམས་ཡོད་ཏམ་དྲིས་པས་གཞན་ཡོད་ལ་ཉུང་མེད་ཟེར་བས་འོ་ན་ཡུལ་བཟུང་དུ་བཏུབ་ཀྱི་ཟེར་སྟེ་ལ་ཉུང་གི་ས་བོན་ཁྱེར། བློན་པོ་མགར་གྱིས་ལྷ་གཅིག་རིང་དུ་མ་བྱིན་པ་ལ་སྙིང་ན་ནས་ལུག་ནག་པོའི་མཆེར་ཁྲག་བྲེ་གང༌། དར་ཟབ་ཀྱི་ཐལ་བ་བྲེ་གང༌། སོལ་བའི་མདུང་ཤིང་འདོམ་གང་རྣམས་རྫོངས་སུ་བསྐུར་ན་བོད་རྣམས་ངོ་མཚར་སྐྱེ་སྟེ་འོང་བྱས་པས་ལུག་ཐམས་ཅད་བསད། དར་ཟབ་བསྲེགས། ནགས་ལ་མེ་བཏང་ཡང་དེ་རྣམས་མ་བྱུང༌། རྒྱ་ཡུལ་ངན་པོར་སོང་སྐད། སྐྱེལ་ཐུང་གི་སར་འབྲི་སེ་རུ་གུང་སྟོན་གིས་མགར་ལ་ཕྲག་དོག་བྱས་སྟེ་ལྷ་གཅིག་གི་ཚབ་དུ་བློན་པོ་རིག་པ་ཅན་ཞིག་རྒྱ་ནག་དུ་བསྡད་ན་བོད་རྒྱ་མཛའ་བར་འོང་སྟེ་ཅེས་མགར་ལ་ཆེར་བལྟས་པས་རྒྱ་རྗེས་བློན་པོ་རིག་པ་ཅན་མི་ཚབ་ཏུ་སྡོད་དགོས་གསུངས། བློན་པོས་ཀྱང་འབྲི་སེ་རུ་གུང་སྟོན་གྱི་ཕྲག་དོག་དུ་གོ་ནས་ངས་བསྡད་ལ་བོད་རྒྱ་མཛའ་བར་(ཇ༣༠ན)


PTT001_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ་ཞེས་ཟེར་སྟེ་བསྡད། ལྐོག་དུ་བོད་བློན་གཞན་རྣམས་ལ་ངས་རྒྱ་ནག་དུ་གནོད་པ་བསྐྱལ་ལ་མྱུར་དུ་འོང་གིས་བརྫུས་མའི་སྤྲང་པོ་ཅིག་ངའི་རྩར་ཐོང་ཞིག་ཟེར། ཇོ་བོ་ཤཱཀྱ་ཤིང་རྟ་ལ་བཞུགས་སྟེ་གྱད་ལྷ་དགའ་དང་ཀླུ་དགས་ཤིང་རྟ་དྲངས། ཀོང་ཇོ་དྲེའུ་དཀར་མོ་ཞིག་ལ་བཅིབས་སྟེ་དར་རྒྱལ་མང་པོ་རྗེས་སྣ་ཁྲིད། རིགས་བཟང་གི་བུ་མོ་བཅུ་དྲུག་གྱད་རྩལ་ཅན་མི་བརྒྱ། བོད་བློན་གོ་དགུ་དང་བཅས་པ་བོད་ལ་ཆས་སོ། །དེ་ཡང་བྱ་ཁྭ་ཏའི་སྐད་ཀྱིས་མ་ནོན་པ་ལ་གདན་བཏེག་སྔ་དྲོ་ས་ཕྱོགས་བདེ་བར་གདན་ཕབ། དར་དཀར་གི་གུར་དུ་རིན་པོ་ཆེའི་ཁྲི་དང་ཟ་འོག་གི་འབོལ་ལ་ཇོ་བོ་ཤཱཀྱ་བཞུགས་སྟེ་འབྲས་ཆན་དང་མཆོད་པ་སྣ་ལྔས་མཆོད་ཅིང་ལྷ་གཅིག་གིས་དངུལ་དཀར་གྱི་པི་ཝང་དང་ཏམྦུ་ར་བསྒྲེང་བས་རམ་བཏེག་སྟེ། རྣམ་དག་སྐུ་མངའ་མཆོག་དུ་གཟུགས་བཟང་བ། །སོགས་ཀྱིས་བསྟོད་ཅིང་ལྷ་ལ་གསང་བུ་འདྲེན། ཕམ་བབས་གཡོག་མོ་བཅུ་དྲུག་དང་གཞན་རྣམས་ལ་སྟེར། ལ་ལ་མཆོད་པ་དང་བསྟོད་པ་བྱེད། ལ་ལ་རྩེ་དགའ་དང་གླུ་བྲོ་སོགས་འདོད་ཡོན་ལྔ་སྤྱོད། དེ་ལྟ་བུ་སྔ་དྲོ་བཞིན་ལན་རེ་བྱེད་ཅིང་འོངས་སྐད། དེ་ནས་ལྷ་གཅིག་གི་སྨ་མཆུ་བ་སུ་ཡིན་བརྟག་པའི་རྩིས་བྱས་པས་རི་ཆེན་པོ་གསུམ་གྱི་སྟེང་ན་མཚོ་སྟེང་ཐང་གིས་ཆོད་པ་བར་ནས་མེ་འབར་བ་ཐང་གི་སྟེང་ན་བུད་མེད་རྫ་མའི་དབྱིབས་ལ་མིག་གིས་ཁེངས་པ་ལྕགས་ཀྱི་མཆུ་རིང་པོ་བྱས་པ་ཅིག་གིས་བཤད་འདུག་ཞེས་ཁ་མཐུན་པས་རྒྱལ་བུ་ཐེ་བ་ཁྲོས་སྟེ་དེ་ལྟ་བུ་མི་སྲིད་ཟེར་ནས་སྤོར་ཐང་སུམ་བརྒྱ་པོ་མེར་བསྲེགས་པས་རྒྱ་ཡུལ་གྱི་རྩིས་ཉམས། མགར་གྱིས་རྒྱལ་པོ་ལ་བོད་ན་ས་བོན་ཅུང་ཟད་བརྔོས་སྟེ་བཏབ་པས་ལྗང་པ་ལེགས་བྱས་པས་ས་བོན་ཐམས་ཅད་དེ་ལྟར་འདེབས་སུ་བཅུག་དེའི་མནའ་ཆད་སྲུང་ཟེར་ནས་ད་ལྟ་ལྷ་སར་སྟག་གི་ཟླ་བ་ལ་བོང་བུས་རྨོད་ཅིང་ས་བོན་ཡོས་འདེབས་སྐད། མགར་གྱིས་ན་རྫུ་ཆེན་པོ་བྱས་སྟེ་ནད་འདི་ལྟ་བུས་ཤི་ན་ཤུལ་དུ་ལྟས་ངན་པ་བཅོ་བརྒྱད་འོང་བ་ཡིན། ང་ཞག་བདུན་ན་ཤི་བ་བཟོད་དེ་ཤུལ་དུ་རྒྱ་ཡུལ་འཕུང་བ་འདི་མ་ལེགས་བྱས་པས་ངེད་ཀྱི་རྩིས་ཡིག་རྣམས་བསྲེགས་ཟིན། ཁྱེད་རང་རིག་(ཇ༣༠བ)


PTT001_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅན་ཡིན་པས་ཐབས་ཅི་ཡོད་ཟེར་བ་ལ། དེ་ན་ང་ལ་རོ་རྟ་རོ་གོས་རོ་ཟས་དང་བཅས་སྟེ་ཁྱེད་རང་གི་དགྲ་སྙིང་ན་བ་བོད་ཀྱི་ཕྱོགས་སུ་སྐྱོལ་ལ་ཕྱི་མིག་མི་ལྟ་བར་ལོགས་ན་མི་ལ་ཉེས་པ་མི་འབྱུང༌། ལོ་ཏོག་ལ་གནོད་པ་ཅིག་འབྱུང་ཡང་ཁམ་ཆུང་ཞིག་ཟེར་ནས་བསྐྱལ་སྐད། འདི་རྣམས་ཀ་བཀོལ་མ་ལས་ཇི་ལྟར་བྱུང་བ་ཙམ་ཡིན་ལ། ཐང་ཡིག་སོགས་ལས་བ་ཏ་ཧོར་གྱི་རྒྱལ་པོ་དང་བཅས་པའི་གཉེ་བོ་བརྒྱ་ཚན་བཞི་བོད་ཀྱི་བློན་པོ་དང་ལྔ་བརྒྱར་འཚོགས། བོད་ལ་རྒྱ་ནག་གིས་བརྙས་སྟེ་རིང་དུ་མ་མཇལ། མཐར་ཕྱི་རོལ་ཏུ་བྱོན་པའི་ཞར་ལ་མཇལ་ནས་རིན་དུ་བཻཌཱུརྻའི་ཁྲབ་ཕུལ། བལ་པོ་དང་འདྲ་བའི་བཀའི་སྒྲོམ་བུ་གསུམ་རིམ་པར་གཏད། རིག་པ་འགྲན་ནས་མཐར་བུ་མོ་སུམ་བརྒྱའི་གསེབ་ཏུ་ཐང་ལ་བསྒྲིགས་ནས་འཇོག་པས་སུས་ངོ་ཤེས་པ་ལ་སྟེར་ཟེར་བ་ལ་ལྷ་གཅིག་གི་ཁོལ་མོ་ལ་གསེར་བྲེ་གང་བྱིན་སྟེ་ཐབས་ཀྱིས་དྲིས་པས། ལྷ་གཅིག་འཕྲུལ་གྱི་ཀོང་ཇོ་དེ། །བུ་མོ་གཞན་པས་ཆེ་རྒྱུ་མེད། །སྐྱེ་གཟུགས་གཞན་པས་ལེགས་རྒྱུ་མེད། །དེ་ལ་མོ་ཡི་ཁྱད་ཆོས་ནི། །སྐུ་མདོག་སྔོ་ལ་དམར་མདངས་ཆགས། །ཞལ་ནས་ཨུཏྤལ་དྲི་ངད་བྲོ། །གཡུ་སྦྲང་ཞིག་ནི་སྟེང་ན་འཁོར། །ཁུར་ཚོས་གཡས་སྟེང་ཆོ་ལོ་རིས། །གཡོན་ན་མེ་ཏོག་པདྨ་རིས། །དཔྲལ་དབུས་ལི་ཁྲིའི་ཐིག་ལེའི་སྟེང༌། །ཨཱརྻ་ཏཱ་རེ་ནས་ཙམ་ཡོད། །སོ་དཀར་ཚགས་དམ་སོ་ཞོ་ཡོད། །ལྐོག་མ་འཇམ་ལེགས་ཨོག་ཞོ་ཡོད། །བུ་མོ་སུམ་བརྒྱ་བསྒྲིགས་པ་ཡི། །གཡས་དང་ཐ་མར་མི་འོང་སྟེ། །གཡོན་ནས་བསྒྲིགས་པའི་བུ་མོ་བདུན། །བཞག་པའི་གོང་དུ་ལྷ་གཅིག་ཡོང༌། །ཞེས་སོགས་བསླབས་པ་དང༌། མགར་གྱིས་གཡོན་གྱི་མཐའ་ནས་མདའ་ལྟོང་བཙུགས་སྟེ། འདི་ནི་བཤན་པའི་བུ་མོ་འདྲ། །ལག་པ་འདི་ཡི་དམར་ལུགས་སམ། །ཞེས་སོགས་རྫ་མཁན་དང༌། ཤིང་མཁན་དང༌། གཡོས་མཁན་དང༌། ཕྱེས་མཁན་དང༌། མགར་བ་དང༌། དར་འཐག་རྣམས་སུ་ངོས་བཟུང་ནས་བརྒྱད་པ་ལ། ལྷ་གཅིག་ཀོང་ཇོ་ཡིན་པ་འདྲ། །སྐུ་མདོག་སྔོ་ལ་དམར་མདངས་ཆགས། །ཅེས་སོགས་བརྗོད་ནས་མདའ་ལྟོང་གིས་བཟུང་སྟེ་ཐེན་པས་ངུ་ཞིང་རྗེས་སུ་འབྲངས་པ་(ཇ༣༡ན)


PTT001_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འབྲི་སེ་རུ་དང་དར་རྒྱལ་གྱིས་རམ་བཏེག་ནས་མགར་གྱིས། ཨེ་མ་ངོ་མཚར་ཆེ། །ལྷ་གཅིག་ཀོང་ཇོ་ཁྱེད། །བདག་གི་ཚིག་ལ་གསོན། །བཀྲ་ཤིས་ཉམས་སུ་དགའ། །བོད་ཀྱི་རྒྱལ་ཁམས་ན། །རིན་ཆེན་སྣ་ལས་གྲུབ། །རྒྱལ་པོའི་ཕོ་བྲང་ན། །མི་རྗེ་ལྷ་ཡིས་མཛད། །སྲོང་བཙན་སྒམ་པོ་དེ། །རིགས་གཟུགས་དཔལ་གྱིས་བརྗིད། །མཐོང་ནས་སེམས་ཡིད་འཕྲོག །ཐུགས་རྗེ་ཆེན་པོ་ལགས། །ཅེས་སོགས་རྒྱལ་པོ་དང་ཡུལ་གྱི་ཡོན་ཏན་བརྗོད་པའི་གླུ་བླངས་པས་ཅུང་ཟད་དགའ་སྟེ་ཕྱིར་འབྲངས། རྒྱ་རྗེས་ཀྱང་བློན་པོ་དེའི་འཕྲུལ་ལ་ལྟོས། རྒྱལ་པོ་དེ་མངོན་ཤེས་དང་རྫུ་འཕྲུལ་དུ་ལྡན་པར་འདུག །ཁྱོད་མ་བྱིན་ན་སྤྲུལ་པའི་དམག་གིས་ཁྱོད་འཕྲོགས་ཡུལ་འཇོམས་པར་འདུག་པས་འགྲོ་དགོས་ཅེས་བཀའ་གནང༌། ཕན་བདེ་ཀུན་འབྱུང་ཇོ་བོ་རིན་ཆེན་དང༌། །རིན་ཆེན་བང་མཛོད་མང་པོ་ནོར་གྱི་གཏེར། །གསེར་གཡུ་བརྩེགས་པའི་ཡིག་ཚངས་ཆེན་མོ་དང༌། །གཙུག་ལག་ཡི་གེ་སུམ་བརྒྱ་དྲུག་བཅུར་བཅས། །གཅེས་པའི་རིན་ཆེན་གསེར་གཡུ་རྒྱན་གྱི་ཚོགས། །གཡོས་སྣ་ཟས་སྐོམ་སྦྱོར་ཐབས་དཔག་མེད་དང༌། །གསེར་ཀ་གཡུ་ཡི་ཀ་ལེབ་ཅན་དང་ནི། །ཟ་འོག་གོས་སྟན་སེང་གེ་བྱ་བརྒྱད་མ། །ལྗོན་ཤིང་ཆོ་ལོང་ནོར་བུ་རིས་ལ་སོགས། །ཁྱད་ནོར་དཔག་མེད་ངོ་མཚར་ལྡན་པ་རྣམས། །རྒྱལ་པོ་ཡ་མཚན་སྐྱེད་ཕྱིར་ཁྱོད་ལ་བརྫང༌། །གཟོ་ཡི་རིག་བྱེད་དྲུག་བཅུ་ཐམ་པ་དང༌། །བརྟག་ཐབས་བརྒྱད་དང་དཔྱད་ལྔ་སྦྱོངས་དྲུག་དང༌། །སྦྱོར་སྡེ་བཞི་སོགས་སྨན་དཔྱད་མ་ལུས་བསྐུར། །རྒྱན་གོས་ཁྱད་འཕགས་སྟོང་ཕྲག་ཉི་ཤུ་དང༌། །ལྟར་མཛེས་སེམས་མཐུན་བུ་མོ་ཉེར་ལྔ་བརྫང༌། །ཁྱོད་ཀྱི་བྱ་བ་སྤྱོད་ལམ་འདི་བཞིན་གྱིས། །ལྟ་བ་ཡངས་ཅིང་སྤྱོད་པ་ཞིབ་པར་མཛོད། །ཕྱི་ནང་བྱ་བ་ཀུན་ལ་མཁས་པར་མཛོད། །ངག་འཇམ་སྨྲ་མཁས་གཞི་མ་ལེགས་པར་མཛོད། །རྗེ་ལ་གུས་ཅིང་འཁོར་ལ་བྱམས་པར་མཛོད། །ཁྲེལ་ཡོད་ངོ་ཚ་བག་དང་ལྡན་པར་མཛོད། །ཅེས་སོགས་གདམས་ཅིང་མགར་མི་ཚབ་ཏུ་བསྡད་པ་ལ་གཞིས་རབ་བུད་(ཇ༣༡བ)


PTT001_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དང་བཅས་པ་བྱིན་ཡང༌། མགར་སེམས་གནག་པ་མ་སེལ་ནས་ནད་རྫུ་བྱས་པ་ལ་སྨན་པ་བཏང་བས་མཚན་མོ་མགོ་མཇུག་ལྡོག་པར་བསྡད་པ་དང་བྱི་ལ་ཁྱིམ་བྱ་རང་འཐག་རྣམས་ལ་ཐག་གུ་བཏགས་སྟེ་ཐག་གུ་ལ་རྩ་བལྟར་བཅུག་པས་རྩ་ཐམས་ཅད་འཁྲུགས་འདུག་བྱ་བ་དང་གཅན་གཟན་ཐ་ཆུང་དང༌། བྱ་ཐ་ཆུང༌། རྡོའི་རྩ་ལས་མི་འདུག་ཞེས་བྱུང་བས་རྒྱལ་པོ་ཐུགས་མ་བདེ་ནས་ཁོང་རང་ལ་དྲིས་དུས་ང་ཤི་ནས་རྒྱ་ཡུལ་དུ་མི་ཤིས་པ་ཆེན་པོ་འོང༌། བོད་རྒྱལ་པོས་མངོན་པར་མཁྱེན་སྟེ་སྤྲུལ་པའི་དམག་འོང་ཞེས་སོགས་ཀྱིས་སྐྲག་པར་བྱས་སྟེ་རིམ་གྲོར་ལུག་གི་མཚེར་ཁྲག་སོགས་གསུམ་དང༌། རོ་རྟ་མོག་རོ་མགོ་དམར་དང་བཅས་བོད་ཀྱི་རི་མཐོང་སར་ལྷ་གསོལ་དུ་འགྲོ་ཟེར་ནས་བློན་པོ་བྲོས་ཀྱི་དྭོགས་གྱད་མི་བཞི་དང་བཅས་བཏང་སྟེ་གྱད་རྣམས་བཟིར་བཅུག་ནས་མཚོན་བཅག་རྟའི་རྨིག་པ་བཅད་ནས་བློན་པོ་བྲོས། གྱད་རྣམས་ཆད་པ་ལ་སྐྲག་པས་ལྡོག་མ་ནུས་པར་བློན་པོའི་རྗེས་སུ་འབྲངས་པ་ལས་རྒྱའི་རུས་བྱུང༌། བློན་པོས། དར་ཟབ་མེ་ལ་བསྲེགས་པའི་ཐལ་བ་དེ། །རྒྱལ་པོ་ཉེ་རིང་ཅན་དེའི་ན་བཟའ་མཛོད། །སྙེ་མ་འབྲུ་མེད་ཐལ་བ་ནག་པོ་དེ། །བཙུན་མོ་སེར་སྣ་ཅན་དེའི་རྒྱགས་ཕྱེ་མཛོད། །ཙནྡན་ནགས་བསྲེགས་སོལ་བའི་མདུང་ཤིང་དེ། །རྒྱལ་བུ་དམག་ལ་དཔའ་དེའི་ལག་ཆ་མཛོད། །ལུག་ལ་མཚེར་ཁྲག་མེད་པར་བསད་པ་དེ། །ཡི་དམ་ལྷ་ཡི་དྲུང་དུ་གཤགས་པ་བྱེད། །ཅེས་གླུ་བླངས་པ་སོགས་བཤད་ལ། རྒྱལ་རབས་ལ་ལར་རྒྱལ་པོས་ཇོ་བོ་ཤཱཀྱ་བཞུགས་པའི་ལྷ་ཁང་དུ་བྱོན་པས་ཞལ་སྔར་ཤར་དུ་གཟིགས་པ་ནུབ་ཏུ་འགྱུར་འདུག་པས་གཤེགས་པར་གོ་སྟེ་སྟེར་བར་ཁས་བླངས་བྱ་བ་དང༌། ཀོང་ཇོས་བདག་བོད་ཏུ་ཕྱིན་ན་ལེགས་ཅིང་ཇོ་བོ་གདན་འདྲོངས་ན་བདག་གི་མཛུབ་མོའི་རྩེ་ལ་སྤྱོན་ཞིག་ཞེས་དམོད་བོར་བས་མཛུབ་མོ་གཡས་པའི་རྩེ་ལ་ཡེལ་གྱིས་བྱོན་པས་ཡིད་ཆེས་སྟེ་ཀོང་ཇོ་བོད་དུ་བྱོན་བྱ་བ་སོགས་སྣང་ངོ༌། །སྤྱིར་ཀོང་ཇོ་བོད་ཀྱི་དོན་ཁོ་ནར་བྱོན་པ་ཡིན་ཞིང་སྤྲུལ་པའི་ལྷ་མོའི་ཡབ་ཡུམ་མཆེད་ཟླའང་བྱང་ཆུབ་སེམས་དཔའ་ཡིན་པས་འཁྲུལ་བ་མི་འབྱུང་ནའང༌། བུ་ལ་ནུས་པ་ཅི་ཡོད་མི་ཤེས་པས། །གཞན་ལ་བརྙས་པ་མི་བྱ་སེམས་མི་སྲེག །ནམ་ཞིག་སུ་ལ་རེ་དགོས་ཆ་མེད་པས། །སུའི་ཡང་སེམས་སུན་མི་དབྱུང་དགྲར་(ཇ༣༢ན)


PTT001_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

མི་སློང༌། །རྫུན་པའི་རྒྱབ་རྟེན་ལྷས་ཀྱང་མི་ཐུབ་པས། །ཅི་བྱེད་ཀུན་ལ་དྲང་ཞིང་ཕན་བདེ་སྒྲུབ། །ཅེས་པའི་ཡ་རབས་ཀྱི་ལུགས་སྒྲུབ་དགོས་ཀྱི། ཧ་ཅང་བརྙས་པ་དང་ཉེ་རིང་ཆེས་ན་འདི་ལྟ་བུ་འབྱུང་ངོ་ཞེས་ཕྱི་རབས་ལ་བསྟན་པའི་ཕྱིར་རྒྱལ་པོས་ཉེ་རིང་བྱེད་པ་དང་བློན་པོའི་འཕྲུལ་གྱིས་རྒྱ་ཡུལ་འཕུང་པར་བྱས་པ་ལྟར་བསྟན་ལ། དཀོན་པའི་འདུ་ཤེས་སྐྱེད་པའི་ཕྱིར་སྤྱན་འདྲོངས་དཀའ་བར་བསྟན་གྱིས་རང་རྒྱུད་པ་ནི་མ་ཡིན་ནོ། །དེ་ནས་ཀོང་ཇོ་དཔོན་གཡོག་གིས་ཁམས་སུ་ཕེབས་ནས་མགར་སྒུག་པའི་ཕྱིར་བྲག་ལོགས་ལ་རྒྱས་པའི་དབུ་དུམ་དང་བཟང་སྤྱོད་བརྐོས། རྡོ་སྐུ་ཁྲུ་བརྒྱད་བཅུ་པ་བརྐོས། ཤ་བ་བཟུང་ནས་ཞིང་རྨོས། ཆུ་སྐོར་བཙུགས། ནགས་ཁྲོད་ལ་བརྡུགས་པ་ལྟར་བྱས། རྒྱ་མོ་འཕྲེད་ལམ་བཅོས་ཤིང་སེ་བ་སོགས་བལྟར་འགྲོ་ཟེར་ནས་ཀོང་ཇོས་ཡུལ་ཐམས་ཅད་ཏུ་བྱོན་པས་བློན་པོ་མ་དག་པ་ལ་ལས་ལམ་དུ་ཅི་འགོར་བྱེད་པར་མཐོང༌། ཐ་མལ་པ་རྣམས་ཀྱིས་ཤིང་སེ་བ་སོགས་བལྟ་བར་མཐོང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྒྲོལ་མ་དང་ཐུབ་པའི་སྐུས་བོད་ཐམས་ཅད་ཞབས་ཀྱིས་བཅགས་སྟེ་བྱིན་གྱིས་རློབ་པར་གཟིགས་སོ། །དེ་ནས་སྒོ་དོང་སྒོ་མོའི་རྩར་ཕེབས་ཚེ་རྒྱ་ནག་གི་ཕྱྭ་གཡང་ཉམས་པས་རྒྱའི་ལྷ་སྲུང་འཁྲུགས་སྟེ་ཁ་བ་ཚད་མེད་དུ་བབ་པས་ནགས་ཐམས་ཅད་ཕན་ཚུན་འཇིངས་པ་ལྟར་བསྒྱེལ་བས་ལམ་འགགས་སྟེ་ཟླ་བ་གཉིས་ལུས་པའི་ཚེ་བློན་པོས་སླེབས་སྟེ་བསངས་དང་ཕུད་གཏོར་སྟེ་རྒྱའི་ལྷ་ལ་མཆོད་པས་ཁ་བ་ཆད། ནགས་མ་རྣམས་ལངས་སྟེ་ལམ་དོད་པ་ལ་བྱོན། བོད་ཏུ་ཉེ་བར་སླེབས་ཚེ་ཕོ་ཉ་མངགས་ནས་བསུ་བ་དང་དགའ་སྟོན་ཞུས་པས་རྒྱལ་པོའི་ཞལ་ནས་སྒྲོལ་མའི་སྤྲུལ་པ་ལྷ་གཅིག་དེ་ཡིན་པར་འདུག་པས་འཕྲུལ་ཆེ་བས་གང་ནས་འོང་མི་ཤེས་ཀྱིས་ཕྱོགས་བཞི་ཀར་དུ་བསུ་བའི་དྲིལ་སྒྲོགས་ཅིག་གསུངས། མེ་ཕོ་སྤྲེའུའི་ལོ་དབྱར་ཟླ་འབྲིང་པོའི་ཚེས་བརྒྱད་ཀྱི་ཉིན་ཕྱོགས་བཞིའི་བསུ་བ་པ་རྣམས་ལ་ཀོང་ཇོ་ཤཱཀྱ་མུ་ནི་བོད་བློན་བརྒྱ་གྱད་མི་རྟ་བརྒྱ་དང་བཅས་པ་ཕྱོགས་སོ་སོ་ནས་བྱོན་པའི་སྣང་བ་བྱུང་སྟེ་ཤར་ཕྱོགས་པ་རྣམས་ཀྱིས་མཁར་སྣ་གདོང་གི་རབ་བརྒལ་ནས་བྱོན་པས་རྒྱ་མོ་རབ་ཁར་བཏགས། ལྷོ་ཕྱོགས་པ་རྣམས་ཀྱིས་(ཇ༣༢བ)


PTT001_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

གྲིབ་སེ་སྒྲོལ་གྱི་ཕུ་ནས་བྱོན་སྟེ་ཁྱག་པ་ལ་དངུལ་གྱི་རྟ་ལྕག་གཙུགས་ནས་དུང་གཡས་སུ་འཁྱིལ་བ་འདྲ་སྟེ་བཟང་གསུང་བ་དེ་དུས་བྱུང་ཟེར། ནུབ་ཕྱོགས་པ་རྣམས་རྐྱང་ཐང་གི་མགོ་ནགས་ཚལ་གྱི་དཀྱིལ་ནས་རྒྱལ་པོའི་ཕོ་བྲང་ལ་ས་དགྲའི་གནོད་པ་གནམ་སྒོ་བྱེ་བ་རལ་གྲི་ཤུབས་ནས་ཕྱུང་སྟེ་ན་མཁའ་ལ་འཕངས་པ་འདྲ་བ་ཡོད། ས་སྒོ་བྱེ་བ་སྦལ་པ་ཚལ་གྱི་བྲག་ཕག་སྣ་འདྲ་བ་ལ་མགོན་པོ་ལྕམ་དྲལ་བྲིས་ལ་གནོན་ཞིག་གསུངས་སྟེ་རྒྱ་ནག་གི་གཟོ་བོས་འབུར་དུ་བརྐོས་པས་ཕག་གདོང་སྣར་གྲགས་སོ། །བྱང་ཕྱོགས་པ་རྣམས་ཀྱིས་སྒོ་ལ་ལ་བྱོན་པ་ལ་ལྷ་ལ་བསུ་བ་བྱས་པས་ལྷ་བསུ་གདོང་དུ་མིང་ཆགས་སྟེ་ཕྱོགས་བཞི་ཀའི་མི་ལ་དུས་གཅིག་དུ་མཐོང་སྣང་ཤར་སྟེ་འོ་ཐང་གི་མཚོ་འགྲམ་ནགས་ཚལ་དང་བྱེ་མའི་གླིང་ནེ་ཆུང་གི་སྟོད་ན་ཆུ་མིག་ཡོད་པར་ཕེབས་ཚེ་ཇོ་བོའི་ཤིང་རྟ་བྱིང༌། ས་གཡོས། ཁལ་ཐམས་ཅད་ཉལ། གྱད་ལྷ་དགའ་ཀླུ་དགས་བཏེག་ཀྱང་མ་ཐག་པའི་ཚེ་སྤོར་ཐང་བཏིང་ནས་བརྩིས་པས་སྤྱིར་ཛམྦུའི་གླིང་ན་ཡུལ་གྲུ་ཆེན་པོ་བཞི་སྟེ་རི་བོ་འབིགས་བྱེད་ཀྱིས་ཤར་དུ་བཅད་པའི་བྱང་ན་གླང་པོ་ཆེའི་རྒྱལ་ཁམས་པདྨ་ཁ་ཕྱེ་བ་འདྲ། རི་གངས་ཅན་གྱིས་ཤར་དུ་བཅད་པའི་བྱང་ན་བོད་ཁ་བ་ཅན་ཡོད་སྟེ་སྲིན་མོ་གན་རྐྱལ་དུ་བསྒྱེལ་བ་འདྲ། མ་ལ་ཡའི་ཚལ་གྱིས་བཅད་པའི་བྱང་ན་ཡུལ་དབུས་ཡོད་སྟེ་རིན་པོ་ཆེའི་གླིང་འདྲ། ཆུ་བོ་མཛེས་ལྡན་གྱིས་བཅད་པའི་བྱང་ན་གླང་ཆེན་གྱི་གླིང་ཡོད་སྟེ་མེ་ཏོག་གི་གླིང་འདྲའོ། །དེ་ནས་ཁ་བ་ཅན་གྱི་ཡུལ་སྲིན་མོ་གན་རྐྱལ་དུ་འགྱེལ་བ་འདྲ་བའི་དབུས་ན་སྲིན་མོའི་སྙིང་ག་ཡོད་སྟེ་འོ་ཐང་གི་མཚོ་སྙིང་ཁྲག་དུ་མཁྱེན། ཐང་གི་རི་བོགས་ཆད་གཉིས་འདུག་པའི་སྲིན་མོའི་སྙིང་གི་རུས་པས་སེམས་ཅན་གྱི་སྲོག་ཟ་བར་འདུག་སྟེ་རྒྱལ་པོའི་ཕོ་བྲང་གིས་ནོན་ནས་འདུག །དེའི་ཕྱོགས་བཞི་ན་རི་རུས་སྦལ་ལམ་སྡིགས་པ་འདྲ་བ་རེ་འདུག་པ་སྲིན་མོའི་འཁོར་དུ་མཁྱེན། རི་སྣ་དེ་ཐམས་ཅད་དབུས་སུ་ཟུག་པས་ལྷ་ས་དེ་ཇག་རྐུན་གྱིས་གང་བ་མི་སྤྱོད་ངན་པ་འོང་བར་གཟིགས། ས་དགྲ་རྣམ་པ་ལྔ་འདུག་པའི་ཀླུའི་ཕོ་བྲང་དེ་ཇོ་བོ་ཤཱཀྱ་མུ་ནིས་མནན་པར་མཁྱེན་ནས་ཕྱོགས་(ཇ༣༣ན)


PTT001_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བཞིར་ཀ་བ་བཙུགས་དར་དཀར་གྱི་ཡོལ་བ་བྲེས་སྟེ་གྱད་མི་བཞིས་བསྲུངས་སྟེ་དེ་ཉིད་ཏུ་བཞུགས་སུ་གསོལ་ལོ། །ཕོ་བྲང་དུ་དགའ་སྟོན་གྱི་རྔ་བོ་ཆེ་བརྡུངས༌། མི་ཐམས་ཅད་རྒྱན་གྱིས་བརྒྱན་ནས་འཕྲུལ་གྱི་སྲང་ཁའི་སྟེང་ན་ཕར་འུར་སྒྲ་ས་གཡོ་པ་ཙམ་བྱས་སྟེ་རྒྱུག་ཀོང་ཇོ་འཁོར་བཅས་ཕོ་བྲང་གི་ཤར་སྒོར་ཕེབས་ཕོ་བྲང་སོག་པོ་མཁར་ནས་ཁྲི་བཙུན་གྱིས་གཟིགས་པས་ཇོ་བོ་ཤཱཀྱ་བཞུགས་ས་ཡ་གིའི་གནད་ཀྱིས་ལྷ་ཁང་ཞིག་རྩིག་པར་ངེས། རྒྱ་ནག་ས་དཔྱད་ལ་མཁས་ལྷ་ཁང་གཞན་ཡང་རྩིག་དུ་འོང༌། ང་ཆེན་མ་ལ་ལྷ་ཁང་མེད་པར་མོ་ལ་ལྷ་ཁང་སྔོན་ལ་རྩིག་དུ་འཇུག་པ་མི་འོང་སྙམ་ནས་ཀོང་ཇོ་བོས་སྟེ། ཁྱེད་ལ་ལྷ་འདུག་སྟེ་ང་ལ་ཡང་རྟེན་ངོ་མཚར་ཅན་གསུམ་ཡོད། ང་ཆེན་མ་ཡང་ཡིན་ཆོས་ཀྱི་འབྱུང་གནས་ནས་ཀྱང་འོངས། ལག་རིས་སུ་ཕོ་བྲང་ཆེན་པོ་འདི་ལྟ་བུ་ཡང་བྱས་པས་ངས་ལྷ་ཁང་མ་བརྩིགས་པར་ཁྱོད་ཀྱིས་མ་རྩིག་ཞིག་ཞེས་བཀའ་ནན་ཆེ་བར་བྱས་པས་ཀོང་ཇོ་ན་རེ། དེ་ཙུག་ལགས་སོ། །ཁྱེད་ལྷ་ཁང་རྩིག་ན་མཚོ་མ་གིའི་ཁར་རྩིགས་ཅིག་ཐང་ཁོད་སྙོམས་ཡ་གི་འདྲ་བ་ལ་ངས་ཀྱང་ལྷ་ཁང་འབྱོངས་མཆི་ཞེས་དངུལ་དཀར་གྱི་རྟ་ལྕག་འོ་ཐང་གི་མཚོ་དང་ཇོ་བོ་བཞུགས་ས་ལ་བཙུགས་པས་ཁྲི་བཙུན་སྐྱེངས་པས་ལན་མ་བྱུང་སྟེ་རྒྱལ་པོ་དང་ཀོང་ཇོ་མཇལ་དུ་མ་སྟེར་ཞེས་ཀ་བཀོལ་མར་བཤད་ལ། གཞན་ལས། ང་དང་ཁྱེད་གཉིས་ཁྱད་པར་ཆེ། །ང་ནི་ཐེམ་པ་སྔ་བརྒལ་ཡིན། །བལ་རྗེའི་སྲས་མོ་ང་ཡང་ཡིན། །ཆེན་མ་རྒྱལ་པོའི་བཙུན་མོ་ཡིན། །ཆུན་མ་བཙུན་མོའི་གཡོག་མོ་ཡིན། །ཞེས་སོགས་ཀྱི་གླུ་དང༌། ཁོ་མོས་སྡོད་པའི་གནས་ཀྱང་མ་རྙེད་ཅིང༌། །ཐེམ་པ་མ་བརྒལ་རྗེ་དང་མ་མཇལ་བར། །བཙུན་མོ་ཁྱེད་ཀྱི་འགྲན་ཚིག་སྔས་པ་ཡིན། །ཆེན་ཆུན་བྱུང་བ་མིང་གི་ཁྱད་པར་ཡིན། །མཐུན་པོར་འགྲོགས་ན་ཚེ་འདིའི་སྲུན་ལས་ལྷག །ཆགས་སྡང་བྱེད་ན་རང་མགོ་སུ་གྲུང་ཡིན། །ཞེས་སོགས་ལན་གྱི་གླུ་དང༌། མགར་གྱིས་ཀོང་ཇོ་སྤྱན་འདྲེན་དཀའ་བའི་སྙིང་ནད་དུ་ཡོ་བྱད་སོགས་མ་བསྐྱལ། རྗེ་དང་(ཇ༣༣བ)


PTT001_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

མཇལ་དུ་མ་བཅུག་པར་ཟླ་བ་གཅིག་བཞུགས་པས་ཀོང་ཇོ་ཕྱིར་ལྡོག་པར་དགོངས་པ་མགར་གྱིས་གྲོས་བཏབ་བྱ་བ་སོགས་སྣང་ངོ༌། །དེ་ནས་རྒྱལ་པོ་དགའ་སྟོན་གྱི་ཁྲི་ལ་ཕེབས། ཀོང་ཇོ་བཙུན་མོར་དབང་བསྐུར། དེ་ལྟར་སྤྲུལ་པའི་ལྷ་མོ་གཉིས་ཕེབས་ཚེ། །རྒྱལ་བ་རྣམས་ཀྱིས་སྤྱན་རས་གཟིགས་དབང་དང༌། །ཁྲོ་གཉེར་ཅན་དང་སྒྲོལ་མའི་སྐུ་ལས་ནི། །འོད་ཟེར་བྱེ་བ་ཁྲག་ཁྲིག་མཐའ་ཡས་འཕྲོས། །ན་མཁའི་མཐས་ཀླས་འགྲོ་ཀུན་ལ་ཕོག་པས། །ཉོན་མོངས་མ་ལུས་སྐད་ཅིག་གིས་གཅོད་པའི། །རྡོ་རྗེའི་ཏིང་འཛིན་བདེ་བ་ཐོབ་པར་གཟིགས། །རྒྱལ་སྲས་རྣམས་ཀྱིས་སྤྲུལ་པའི་སྐུ་གསུམ་པོས། །བོད་ཁམས་ཐམས་ཅད་བྱིན་གྱིས་རློབ་པ་དང༌། །མཐའ་ཡས་ཏིང་ངེ་འཛིན་ལ་འཇུག་པར་གཟིགས། །བོད་འབངས་ཕལ་པ་རྣམས་ཀྱི་མཐུན་སྣང་དུ། །འཇིག་རྟེན་མཐུན་འཇུག་སྤྱོད་པ་སྟོན་པར་མཐོང༌། །བླ་བོན་གྱིས་ཕྱྭ་གཡང་འགུགས། རྒྱལ་པོ་དང་བཙུན་མོ་དབུ་སྐྲ་སྦྲེལ་སྐུད་ཁེལ་སྙོད་མཛད། ཤ་ཁུ་དང་སྐྱེམས་གསོལ་རེས་དང་གཡང་རིལ་དང་མར་ཁུའི་སྐྱུ་རྗེ་ལེན་བྱེད་སྐད། གཞན་ཡང་གཙུག་ལག་ཁང་བཞེངས་པ་དང་ལྷ་སྲས་སྐྱེད་པའི་ཕྱིར་ཞང་ཞུང་གི་རྒྱལ་པོའི་མིག་སྐྱའི་སྲས་མོ་ཞང་ཞུང་བཟའ་ལི་ཐིག་དམན་དང༌། མི་ཉག་གི་རྒྱལ་པོའི་བུ་མོ་རུ་ཡོངས་བཟའ་རྒྱལ་མོ་བཙུན་དང༌། སྟོད་ལུངས་མོང་ནས་ཞང་བློན་གྱི་བུ་མོ་མོང་བཟའ་ཁྲི་ལྕམ་སྟེ་སྤྱིར་བཙུན་མོ་ལྔ་ཁབ་ཏུ་བཞེས་སོ། །དེ་ནས་ལྷ་གཅིག་ཀོང་ཇོས་ས་དཔྱད་མཛད། །བོད་ཡུལ་སྲིན་མོ་གན་རྐྱལ་འགྱེལ་བ་འདྲ། །དེ་ཡི་ཚིགས་ཆེན་བརྒྱད་དང་མཐིལ་བཞི་པོ། །གནོན་པའི་ལྷ་ཁང་རེ་རེ་དང་པོར་ཐོབ། །འོ་ཐང་མཚོ་འདི་སྲིན་མོའི་སྙིང་གི་ཁྲག །ངན་སོང་སྒོ་ཡིན་བསུབས་ལ་ལྷ་ཁང་རྩིགས། །ས་དགྲ་བརྒྱད་ལ་རང་རང་གཉེན་པོས་གནོན། །དེ་རྗེས་ས་གཞི་པདྨ་འདབ་བརྒྱད་ཚུལ། །(ཇ༣༤ན)


PTT001_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

དགུང་གི་ན་མཁའ་འཁོར་ལོ་རྩིབས་བརྒྱད་དབྱིབས། །ཕྱོགས་མཚམས་བརྒྱད་ལ་བཀྲ་ཤིས་རྟགས་བརྒྱད་ཚང༌། །དཔྱད་བཞི་མ་ཉམས་རིན་ཆེན་སྣ་བཞིར་ལྡན། །ཡོན་ཏན་ཐམས་ཅད་དུས་གཅིག་འཆར་རོ་གསུངས། །རྒྱལ་པོའི་ཐུགས་ཀའི་འོད་ཟེར་མཚོར་ཕོག་པས། །དབུས་སུ་འོད་ཀྱི་མཆོད་རྟེན་ཆགས་པ་ལྟར། །བྱིན་གྱིས་རླབས་དང་འཕྲུལ་ལས་རྡོ་སྒོ་བྱས། །རྡོ་རྗེ་ཀླུ་འབྱིམ་བྱུགས་པའི་ཤིང་གིས་ཕུབ། །ཁྲོ་ཆུའི་གཞི་ལ་སོ་ཕག་བཀྲམ་པས་གཡོགས། །རྡོ་རྗེའི་ས་གཞི་ལྟ་བུར་གྲུབ་པའི་སྟེང༌། །རྩིག་རྨང་གཏིང་བ་མི་མ་ཡིན་གྱིས་བཤིག །དེ་ཚེ་རྒྱལ་པོ་ཉིད་ཀྱི་སྐུ་འབག་ཞིག །ཐོག་མར་བཞེངས་ཞེས་མཁའ་ལས་སྒྲ་བྱུང་བས། །ཁྱད་པར་འཕགས་པའི་རྫས་མཆོག་དུ་མ་དེར། །ཙནྡན་སྦྱར་བའི་ལྡེ་གུ་ཕུང་པོར་བྱས། །རྒྱལ་པོའི་དབུ་སྔས་སུ་བཞག་གཟིམས་པ་ན། །སངས་རྒྱས་བྱང་སེམས་ཉི་ཟེར་རྡུལ་ཙམ་ལྷགས། །ཐིམ་པར་གཟིགས་ནས་ནང་པར་དགུང་སངས་ཚེ། །སྤྱན་རས་གཟིགས་ཀྱི་དབང་པོ་བཅུ་གཅིག་ཞལ། རྩ་བའི་ཞལ་གསུམ་དཀར་པོ་རབ་ཏུ་འཛུམ། །དེ་སྟེང་ཞལ་གསུམ་སེར་མདོག་བཞད་པ་ཡི། །ཁྲོ་ཞལ་རྒྱས་པའི་ཕྲིན་ལས་མཛད་པ་ཡིན། །དེ་སྟེང་ཞལ་གཉིས་བྱེ་རུའི་མདོག་འདྲ་བ། །གཙིགས་པའི་ཁྲོ་ཞལ་དབང་གི་ཕྲིན་ལས་མཛད། །དེ་སྟེང་ཞལ་གཉིས་ཁྲོ་ཞལ་ནག་པོ་ནི། །ཁྲོས་ཅིང་གདངས་པ་དྲག་པོའི་ཕྲིན་ལས་མཛད། །དེ་སྟེང་ཨ་མི་ཏཱ་བྷ་ལི་ཁྲིའི་མདོག །དེ་མན་རྒྱལ་པོའི་སྐུ་ཚད་ཉིད་དང་མཉམ། །ཆོས་སྐུ་རྩ་བའི་ཕྱག་བཅུའི་དང་པོ་གཉིས། །ཐུགས་ཀའི་དབུས་སུ་ཐལ་མོ་མཉམ་པར་སྦྱར། །བགྲང་ཕྲེང་འཁོར་ལོ་མཆོག་སྦྱིན་འོད་དཔག་མེད། །གཡས་ཀྱི་ལྷག་མ་བཞི་ན་རིམ་པས་འཛིན། །པད་དཀར་རིལ་བ་སྤྱི་བླུགས་རིན་པོ་ཆེ། །མདའ་གཞུ་ལྷན་ཅིག་གཡོན་པ་བཞི་ན་འཛིན། །ཕྱག་ཞབས་གསེར་(ཇ༣༤བ)


PTT001_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

གདུབ་དང་ནི་སྤྲུལ་གྱིས་བརྒྱན། །རིན་ཆེན་རྒྱན་མཛེས་འོད་ཟེར་ཉི་ལྟར་འབར། །སྐུ་སྟོད་རི་དྭགས་པགས་པས་ནུ་གཡོན་བཀབ། །མཚན་དཔེ་ཀུན་ལྡན་རང་བྱུང་ཉིད་དུ་བྱོན། །སླར་ཡང་འོད་ཟེར་དུ་མ་འཕྲོས་པ་ཡིས། །ཙནྡན་རང་བྱུང་སྐུ་དང་རིང་སྲེལ་སོགས། །སྤྱན་དྲངས་ཕྱག་གིས་དར་ཤམ་ཅུང་ཟད་ཙམ། །བརྫེས་པ་ནས་ཞུགས་ཐུགས་ཀའི་དབུས་སུ་ནི། །ཡེ་ཤེས་སེམས་དཔའི་ངོ་བོར་བཞུགས་པར་གྱུར། །ལོངས་སྤྱོད་རྫོགས་སྐུའི་ཡན་ལག་སོ་བརྒྱད་དང༌། །སྤྲུལ་སྐུའི་ཉིང་ཕྱག་སྟོང་ཕྲག་སྤྱན་སྟོང་ཅན། །ཕྱི་ནས་བལ་པོའི་གཟོ་བོས་ཕུལ་བར་གྲགས། །འཇིག་རྟེན་དབང་ཕྱུག་ལ་སོགས་འཁོར་བརྒྱད་བྱས། །བོད་ཏུ་བཞེངས་པའི་རྟེན་གྱི་ཐོག་མ་ཡིན། །རང་བྱུང་སྐུ་ལས་མེ་ཡི་འོད་ཟེར་དང༌། །ཁྲོ་བོ་གཉིས་བྱུང་ཐོག་ལྟར་བབས་པ་ཡིས། །ཟླ་བ་ཚལ་གྱི་འདྲེ་ཡི་འདུན་ཕུང་གཏོར། །ཉེ་བའི་ས་དགྲ་གཞན་རྣམས་སོ་སོར་མནན། །དཔུང་མགོ་དཔྱི་གཉིས་གནོན་པའི་མཐའ་འདུལ་བཞི། །གྲུ་མོ་པུས་མོ་གནོན་པའི་ཡང་འདུལ་བཞི། །ཡན་ལག་མཐིལ་བཞི་གནོན་པའི་རུ་གནོན་བཞི། །ཤར་དུ་ཉི་ཟླ་གཟའ་སྐར་གཏན་འབེབས་གསུམ། །མེ་ཆུ་རླུང་གི་ཁ་གནོན་གཉིས་གཉིས་སྟེ། །ས་གཞི་གནོན་པའི་ལྷ་ཁང་ཐམས་ཅད་མཛད། །བོད་ཀྱི་གཙུག་ལག་ཁང་ལ་སྔ་བ་ཡི། །ཁྲ་འབྲུག་གྲུབ་ཚེ་རབ་བྱུང་གཏམ་གསན་པས། །དེ་ལྟར་རྒྱལ་བའི་རྗེས་འཇུག་ངུར་སྨྲིག་གི །རྟགས་འཛིན་ཙམ་ལའང་གུས་ཕྱག་འཚལ་ལོ་གསུངས། །དེ་ཚེ་བནྡྷེ་ཧྲུལ་པོ་ཅིག་གཟིགས་ལ། །གུས་ཕྱག་མཛད་དེ་ངོ་མཚར་ཆེའམ་གསུངས། །དེས་ཀྱང་མཆོད་རྟེན་རྩེ་ལྔ་མཁའ་ལ་བཏེག །རྒྱལ་པོས་ཐོད་ཕུད་ཨ་མི་ཏཱ་བྷ་བསྟན། །དེས་ཀྱང་རང་གི་སྙིང་གའི་སྒོ་ཕྱེ་སྟེ། །འདུས་པའི་ལྷ་ཚོགས་བཅུ་དགུ་གསལ་བར་བྱས། །རབ་བྱུང་ཧྲུལ་ཡང་ཡོན་ཏན་འདི་འདྲ་ཡིས། །ཕྱིན་(ཇ༣༥ན)


PTT001_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་ཕྱག་མཆོད་བཀུར་སྟི་བྱོས་ཅིག་ཞེས། །བོད་འབངས་ཀུན་ལ་བཀའ་ཡི་དྲིལ་ཆེན་བསྒྲགས། །བོད་ཡུལ་རྡོ་རྗེའི་ལྟེ་བ་ལྷ་ས་ཡི། །སྲོག་རྩ་ལྷ་རི་རང་བྱུང་ཡེར་པ་རུ། །ས་རྡོའི་ཕུད་ལས་ལྷ་ཁང་མཆོད་རྟེན་མཛད། །ལྷ་སའི་རྟེན་འབྲེལ་ཡེར་པར་སྒྲིགས་ཅེས་གསུངས། །དེ་ཡང་ཁྲི་བཙུན་གྱིས་དངུལ་ཟམ་ལ་བྱོན་ནས་ཁོ་མོ་ལྷ་ཁང་རྩིག་པའི་ས་གཞི་ཞིག་ཞུའོ་བྱས་པས་རྒྱལ་པོའི་ཞལ་ནས་ཁྱེད་རང་གང་འདོད་པར་རྩིགས་ཤིག་གསུངས། དེར་ཁྲི་བཙུན་གྱིས་རྟ་པ་མང་པོའི་ཁྲོམ་ཁྲིད། གནོད་སྦྱིན་ཕོ་མོ་བྲན་དུ་བཀོལ་སྟེ་ལ་དོང་གི་ནེ་ཐང༌། བ་རག་ཕུག་ཡར་ལུངས་སོགས་ཡུལ་བཟང་བ་ཐམས་ཅད་དུ་རྨང་བཏིང་ཡང་ལྷ་ཁང་བརྒྱ་རྩ་བརྒྱད་ཀྱི་བར་ནུབ་མོ་ལྷ་འདྲེས་རྗེས་མེད་དུ་བཤིག་པས་ས་དཔྱད་བརྟག་དགོས་པར་གོ་སྟེ་གཡོག་མོ་ལ་གསེར་ཕྱེ་བྲེ་གང་བསྐུར་སྟེ་ཀོང་ཇོ་ཇོ་བོ་ཤཱཀྱ་ལ་མཆོད་པ་བྱེད་པའི་རྩར་བཏང་སྟེ་ན་ནིང་གི་དེ་སྐད་མ་གསུང་བར་ངའི་ལྷ་ཁང་རྩིག་པའི་ས་དཔྱད་ལེགས་པར་སྟོན་པར་ཞུ། ངའི་ལྷ་ཁང་ཟིན་ནས་ཁྱེད་ཀྱི་ཡང་རྩིག་དུ་གཞུག་གིས་ཅེས་འཕྲིན་བསྲིངས། ཀོང་ཇོས་སྤོར་ཐང་བཀྲམ་སྟེ་བརྩིས་པས་བོད་ཡུལ་འདིར་ལྷ་ཁང་གི་ས་གཞི་བཙལ་ན་སྤྱིར་སའི་དབྱེ་བ་སུམ་བརྒྱ་དྲུག་བཅུ། ས་བརྟག་པ་བརྒྱ་རྩ་བརྒྱད། ངོས་བཟུང་བ་བདུན་བཅུ་དོན་གཉིས། ནོར་ར་རེ་བཞི་བཅུ་རྩ་ལྔ། ས་དགྲ་ངོས་བཟུང་བ། དེའི་སྐྱོན་བསལ་བ། ཡོན་ཏན་གྱི་འབྲས་བུ་ཆུད་མི་འཛའ་བ་རྣམས་སྟོན་པ་ལས་མདོར་བསྡུ་ན་སྐྱེ་བོ་མང་པོ་འདུ་བ་གྲོང་དང་གྲོང་ཁྱེར་གྱི་ས། དབང་ཕྱུག་དང་མངའ་ཐང་འཕེལ་བ་རྒྱལ་པོའི་ཆེན་པོའི་ས། དྲང་སྲོང་འདུ་བའི་གནས་དགོན་པ་བས་མཐའི་ས། རེ་ཞིག་བདེ་བར་གནས་པ་སྐྱེ་བོ་ཐ་མལ་བའི་ས་སྟེ་བཞི་ལས་འདི་རྒྱལ་པོའི་ས་དང་གཅིག་པ་ཡིན། དེ་ཡང་བོད་ཀྱི་རྒྱལ་ཁམས་འདི་སྲིན་མོ་གན་རྐྱལ་དུ་འགྱེལ་བའི་གཟུགས་སུ་འདུག་པས་དཔུང་མགོ་གཉིས་དཔྱི་གཉིས་གྲུ་མོ་གཉིས་པུས་མོ་གཉིས་ཐིལ་བཞི་རྣམས་གནོན་པའི་ལྷ་ཁང་རེ་རེ་དགོས། མ་གྲུབ་ཀྱང་ལྕགས་ཀྱི་ཕུར་པ་རེ་ཐོབ། འོ་ཐང་གི་མཚོ་འདི་སྲིན་མོའི་སྙིང་ཁྲག་ཡིན་ངན་སོང་གི་སྒོ་ཞིག་ཡང་འདུག་པས་བསུབས་ནས་ལྷ་ཁང་རྩིག་དགོས། ས་དགྲ་བརྒྱད་འདུག་སྟེ་ལྷོ་ནུབ་ན་(ཇ༣༥བ)


PTT001_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེའི་འདུན་ས་འདུག་པ་གཏོར་ཞིག་ནུབ་བྱང་ན་ཀླུ་བདུད་ནག་པོའི་ཉལ་ས་འདུག་པ་ཕྲོགས་ལ་ལྷ་ཁང་རྩིགས་ཅིག་ལྷོ་བྱང་ན་བཙན་གྱི་འགྱུ་སྲང་འདུག་པ་མཆོད་རྟེན་གྱིས་ཆོད་ཅིག་ར་མོ་ཆེའི་ཀླུའི་ཕོ་བྲང་ཇོ་བོ་བཞུགས་པ་འདིས་ནོན་འདུག །ཤར་ན་བ་ལམ་གྲུམ་པ་རི་ཆུ་སྲིན་དེའུའི་ཁར་ཐོན་པ་འདྲ་བ་ལ་དུང་དཀར་སྟོན། ཤར་ལྷོར་བྱང་སྟོད་སེ་ཕུག་སྲིན་མོ་འདོམས་བཟེད་བ་འདྲ་བ་ལ་དབང་ཕྱུག་ཆེན་པོ་སྟོན། ལྷོ་ནུབ་ཡུག་མའི་ཤར་རི་སྡིགས་ནག་གཟན་ལ་རུབ་བ་འདྲ་བ་ལ་བྱ་ཁྱུང་ག་རུ་ཊ་སྟོན། ནུབ་ན་ཤུན་གྱི་བྲག་བདུད་ནག་པོ་བྱ་ར་བྱེད་པ་ལྟ་བུ་དང་རི་སྲིན་མོ་རལ་པ་གཟིངས་པ་འདྲ་བ་འདུག་པ་ལ་རྡོའི་མཆོད་རྟེན་ཞིག་སྟོན། བྱང་ན་ཉང་བྲན་དོག་སྡེའི་དབུས་རི་གླང་ཆེན་གཡུལ་དུ་ཞུགས་པ་འདྲ་བ་ལ་རྡོ་ཡི་སེང་གེ་ཞིག་སྟོན། ས་དགྲ་དེ་རྣམས་ནོན་པ་དང་ཡོན་ཏན་ཐམས་ཅད་དུས་གཅིག་ལ་འཆར་སྟེ། ཤར་ན་བན་ཁོས་གུང་བུ་རི་མཆོད་རྟེན་ལྟ་བུ། ལྷོ་ན་གྲིབ་རི་རིན་པོ་ཆེ་སྤུངས་པ་ལྟ་བུ། ནུབ་ན་སྟོད་ལུང་བྲང་ཕུའི་རི་ན་མཉྫིའི་ཁར་དུང་ཕོར་བཞག་པ་ལྟ་བུ། བྱང་དུ་དོག་སྡེ་ལྷ་རི་པདྨ་ཁ་བྱེ་བ་ལྟ་བུ་སྟེ་ཡོན་ཏན་གྱི་རི་བཞི་འདུག་པས་ཕྱོགས་ཐམས་ཅད་ནས་དད་པ་ཅན་གྱི་སྐྱེ་བོ་འདུ་ཞིང་སྟོན་པའི་རིང་སྲེལ་ལ་མཆོད་པ་རྒྱས་ཆོས་བྱར་བཏུབ། རང་བཞིན་གྱི་ཡོན་ཏན་མང་པོ་འབྱུང་བའི་ས་ཡིན། གནམ་འཁོར་ལོ་རྩིབས་བརྒྱད་ཀྱི་ས་དབྱིབས་པདྨ་འདབ་བརྒྱད། ཉང་བྲན་འཕན་དཀར་གྱི་རི་ལ་དབུ་གདུགས། མལ་གྲོང་གི་རྒྱབ་རིར་སྤྱན་ཉ། གདོང་མཁར་གྱི་བྲག་ལ་ལྗགས་པདྨ། གྲིབ་ཕུའི་ཆབ་རོམ་ལ་གསུང་དུང༌། རྫོང་བཙན་གྱི་རི་ལ་མགུལ་བུམ་པ། ཡུག་མའི་རི་ལ་ཐུགས་དཔལ་བེ། འཕན་དར་གྱི་རི་ལ་སྐུ་རྒྱལ་མཚན། བྲང་ཕུའི་སྤང་ལ་ཕྱག་ཞབས་འཁོར་ལོ་སྟེ་ལོགས་བཀྲ་ཤིས་རྟགས་བརྒྱད་དུ་ཚང༌། གར་བའི་ཇོ་མོ་ཟེ་ཟེ་ལ་ལྕགས། ར་ཁ་ལ་དོང་ལ་ཟངས་དང་དངུལ། ལྕགས་ཀ་རི་ལ་གསེར་སྟེ་རིན་ཆེན་སྣ་བཞིའི་གཏེར་ཡོད། ཤར་གྱི་སྟག་སྐྱ་བོ་དགའ་གདོང་འོག་མ། ལྷོའི་གཡུ་འབྲུག་སྔོན་མོ་སྐྱི་ཆུ། ནུབ་ཀྱི་བྱ་དམར་པོ་ཤུན་གྱི་བྲག་དམར་སྟེ་གདོང༌། བྱང་གི་རུས་སྦལ་ནག་པོ་ཉང་བྲན་ཕ་བོང་ཁ་སྟེ་དཔྱད་བཞི་ཚང་བས་བཀྲ་ཤིས། (ཇ༣༦ན)


PTT001_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ས་དགྲ་རྣམས་མནན་པ་དང་ཡོན་ཏན་ཐམས་ཅད་ཀྱི་ནུས་པ་དོད་འབྱུང༌། གཏེར་རྣམས་ཁ་འབྱེ། ཐུགས་དམ་གྱི་ལྷ་ཁང་ཡང་དོད་རྩིག་དུ་བཏུབ་པས་ར་དཀར་མོ་ལ་འཕན་ཡུལ་ནས་ས་བཀལ་བས་རྟེན་འབྲེལ་དུ་མཚོ་གསུབས་ལ་དེར་ལྷ་ཁང་བརྩིགས་ན་ལེགས་རྒུ་ཅོག་ཀྱང་དོད་འབྱུང་ཉེས་རྒུ་ཅོག་འགྲིབ་པར་འགྱུར་རོ་ཞེས་ལན་བསྐུར་རོ། །དེར་བྲན་མོས་ཕྲིན་གོ་རིམ་ནོར་སྟེ་དང་པོར་ར་ལ་ས་ཁོལ་ལ་མཚོ་གསུབས་བྱ་བ་སྨྲས་པས་ཁྲི་བཙུན་གྱིས་དེ་ལྟར་མཛད་ཀྱང་མཚོ་རྙོག་ལོང་གིས་སོང་སྟེ་བྱེ་བའི་ཆ་ཡང་མ་སུབས་ནས་ཡིད་མ་ཆེས་སྟེ་རྒྱལ་པོ་ལ་ཞུས་པས་ངས་ཡི་དམ་ལ་འདྲི་ཡི་གསུངས་སྟེ་ཐུགས་དམ་རང་བྱུང་ལ་མཆོད་པ་མཛད་གསོལ་བ་བཏབ་པས་སྐུ་དེའི་ཞབས་མཐེབ་གཡས་པ་ནས་འོད་ཟེར་བྱུང་བ་འོ་ཐང་གི་མཚོར་ཐིམ་མོ། །དེར་ནང་རེ་བཞིན་རྒྱལ་པོ་ཆིབས་དཀྱུས་སུ་འཆག་པའི་འུར་ཁྲོལ་གྱི་སྒྲ་བྱུང་ཚེ་སྐྱེ་བོ་རྣམས་བལྟ་བ་ལས་དེའི་ནང་པར་ཁྲི་བཙུན་གྱིས་སྣ་དྲངས་ཆིབས་དཀྱུས་སུ་གཤེགས་སྟེ་འོ་ཐང་གི་མཚོ་ཁར་བཏོལ་བ་ན་རྒྱལ་པོས་སོར་གདུབ་ཕུད་སྟེ་འདི་གར་ལྷུང་བ་དེར་རྩིགས་ཅིག་ཞེས་མཁའ་ལ་འཕངས་པས་མཚོ་ནང་དུ་སོང་བ་དང་རྒྱལ་པོས་ཀྱང་ཀོང་ཇོ་དང་གྲོས་མཛད་ཏོ་སྙམ་ནས་ཁྲི་བཙུན་སྤྱན་མཆི་མས་གང༌། རྒྱལ་པོས་མཆི་མ་ཕྱིས་ལ་ལྟོས་ཅིག་གསུངས་པས་རྒྱལ་པོའི་ཐུགས་ཀ་ནས་འོད་ཟེར་བྱུང་བ་མཚོ་ནང་དུ་སོང་བ་མཐོང༌། ཀོང་ཇོ་ཡང་ཕྲག་དོག་མིན་པར་ང་ལ་ཆ་ཡོད། འདིར་རྩིགས་ཅིག་ངས་གྲོགས་བྱའོ་གསུངས་པས་ཁྲི་བཙུན་རབ་ཏུ་དགྱེས་སྟེ་བཀའ་བཞིན་དུ་ཉན་ནོ་ཟེར་རོ། །རྒྱལ་པོའི་ཞལ་ནས་མཚོ་འགྲམ་འདིར་ངའི་ཕོ་བྲང་ཞིག་རྩིགས་ཅིག་གསུངས་སྟེ་ཕོ་བྲང་གསུམ་ཐོག་ཞིག་བརྩིགས་པར་ཕོ་བྲང་གི་བསྐྱས་མཛད་དེ་མཆོད་གནས་རྣམས་ཀྱང་སྤྱན་དྲངས་སྟེ་མཆོད་པ་ཆེན་པོ་མཛད། ཁྲི་བཙུན་གྱིས་ཀླུ་ནག་པོ་ཀློང་རྡོལ་དང༌། རྒྱུན་བརྡལ་དང༌། ཟུར་ཕུད་རྐྱང་ཚལ་གྱི་ཀླུ་སོགས་ལ་ལས་བཅོལ་སྟེ་སྐྱི་ཆུ་ལྷོ་ངོས་དཀར་ཆུང་ལྦུ་བ་གདོང་དུ་བསྒྱུར་བས་མཚོ་གུད་དུ་ལུས། མཚོ་ནང་གི་ཕྱོགས་བཞིར་རྡོ་སྤེ་བྱས་སྟེ་གླ་(ཇ༣༦བ)


PTT001_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཤིང་གིས་ཕུབ་པས་དབུས་སུ་མ་སླེབས་ནས་རྒྱལ་པོས་རྟེན་རང་བྱུང་ལ་མཆོད་པ་ཕུལ་ནས་གསོལ་བ་བཏབ་པས་སྐུའི་བ་སྤུ་ནས་འོད་ཟེར་བྱུང་བ་མཚོ་ལ་དྲ་ཕྱེད་དུ་བྲེས། རྩ་ཞལ་ནས་འོད་ཟེར་བྱུང་བ་མཚོ་སྟེང་དུ་སྤྲིན་ལྟར་འཁྲིགས་པ་ལས་འོད་ཞགས་པ་ལྟ་བུ་མཚོ་ལ་ཆར་པ་ལྟར་བབ་པས་མཚོ་ནང་དུ་འོད་ཏམ་ལྦུ་བ་མཆོད་རྟེན་བང་རིམ་གསུམ་པའི་རྣམ་པར་ཆགས་པའི་ཚེ་རྡོ་རྣམས་མཚོ་དཀྱིལ་གྱི་འོད་ཟེར་ལ་རྒྱོབ་ཅིག་གསུངས་སྟེ་བལ་པོའི་རྡོ་གཟོ་བས་གསང་ཕུ་ནས་རྡོ་དྲངས་པ་ལ་གཟོ་བྱས་སྟེ་བློན་པོ་རྣམས་ཀྱིས་ཡིག་དྲུག་གི་སྒྲ་དང་བཅས་སྟེ་དབུས་སུ་བསྐུར་བས་མཁར་གྱི་རྣམ་པ་གྲུ་བཞི་པ་ཅིག་བྱུང༌། དེའི་དཀྱིལ་དུ་གཏེར་བཅུག །དེ་ལ་སྣ་གཏད་དེ་ཕུབ་པས་མཚོ་མི་མངོན་པར་སུབས་སྟེ་ལྟེ་བ་དེ་དེང་སང་གི་དཀྱིལ་འཁོར་ཡིན་ནོ། །ཀླུའི་ཡུལ་ནས་རྡོ་རྗེའི་འདག་པ་བླངས་སྟེ་ཤིང་ཐམས་ཅད་ལ་བྱུགས་པས་ཤིང་ཐམས་ཅད་མི་བངས་མི་རུལ་བ་རྡོ་རྗེ་ཕ་ལམ་ལྟར་བྱས། དེའི་སྟེང་དུ་ཁྲོ་ཆུའི་ཕ་གུ་བཏིང་བ་ཁྲོ་ཞུན་གྱིས་བསྡམས། སླར་སོ་ཕག་དང༌། སྤང་ལེབ་དང་རྡོ་ལེབ་དང༌། བྱེ་མ། ས་བཟང་པོ་རྣམས་བཏིང་བས་ས་གཞི་དང་དབྱེར་མེད་པར་བྱས་སྟེ་རྩིག་རྨང་བཏིང་བས་མཚན་མོ་ལྷ་འདྲེས་བཤིག །དེ་ནས་ན་མཁའ་ལས་རྒྱལ་པོ་ཉིད་ཀྱི་སྐུ་འབག་ཞིག་ཐོག་མར་བཞེངས་ན་བར་ཆད་མི་འབྱུང་ངོ་ཞེས་སྒྲ་བྱུང་བས་བལ་པོའི་ལྷ་གཟོ་བ་ལ་ཁྱོད་ཀྱིས་ངའི་སྐུ་འབག་དུ་མིང་བཏགས་པའི་སྤྱན་རས་གཟིགས་ཀྱི་སྐུ་ཞིག་བཞེང་ཤེས་སམ་གསུངས་པས་ཁོ་བོ་སྤྲུལ་པའི་གཟོ་བོ་ཡིན་པས་ཤེས་མཆི་ཟེར་སྟེ་སྔོན་སྤྲུལ་པའི་དགེ་སློང་གིས་སྤྱན་དྲངས་གནས་ཆེན་པོ་བརྒྱད་ཀྱིས་རྒྱ་མཚོའི་འགྲམ་དང་ནཻ་རཉྫ་རའི་བྱེ་མ་དང་ཙནྡན་སྦྲུལ་སྙིང་དང་ས་མཆོག་བུ་མོ་གཙང་མ་དུ་མས་བ་སྤོས་ཟན་མའི་འོ་མ་དང་དར་བའི་ལྡེ་གུ་དང་བསྲེས། རིན་པོ་ཆེ་སྣ་ཚོགས་པའི་ཕྱེ་མ་བཏབ་པའི་ལྡེ་གུ་རྒྱལ་པོའི་དབུ་སྔས་སུ་སྤུངས། བྱང་ཆུབ་ཤིང་གི་སྲོག་ཤིང༌། ཙནྡན་སྦྲུལ་སྙིང་གི་ཞབས་དར། སྐུའི་དབྱིབས་གཏོད་པའི་ཕྱིར་རྒྱ་མཚོའི་གླིང་གི་འཇག་མ། ཟེ་མ་རུའི་གཟེར། རིན་པོ་ཆེའི་སྤྱན་འབྲས། འཇམ་བྱེད་པའི་ལྡེ་པན། (ཇ༣༧ན)


PTT001_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་བསྒྱུར་བའི་ཚོན་རྣམས་སྟ་གོན་བྱས་སྟེ་དབུ་སྔས་ཀྱི་མགོར་བཞག་གོ །ཐོ་རེངས་ཀྱི་དུས་མཐོངས་ཀ་ན་མར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉི་ཟེར་གྱི་རྡུལ་ཙམ་བྱོན་སྟེ་འཇིམ་པ་ལ་ཐིམ་པར་གཟིགས་པས་བྱིན་རླབས་ཅན་ཞིག་འོང་བར་འདུག་ཕྱག་སྟོང་སྤྱན་སྟོང་ཞིག་བྱའམ། ཞལ་བཅུ་གཅིག་པ། ཡི་གེ་དྲུག་པ། འཇིག་རྟེན་དབང་ཕྱུག་ཡིད་བཞིན་འཁོར་ལོ། དོན་ཡོད་ཞགས་པ། ཧྱ་གྲཱྀ་བ། ཁཱརྶཔ་ཎི་ཞིག་བྱའམ་ཞེས་སྤྱན་རས་གཟིགས་ཀྱི་བྱེ་བྲག་ལྔ་བཅུ་རྩིས་ལ་བཏབ་ནས་གཟིམས་པ་ལས་ནམ་ལངས་པའི་ཚེ་དབུ་སྔས་ན་རྒྱུ་དེ་རྣམས་ཀྱི་ཤུལ་ན་བཅུ་གཅིག་ཞལ་ཡིད་བཞིན་ནོར་བུ་ཆོས་སྐུའི་རྩ་ཕྱག་བཅུ་གཅིག་དུ་ཁྲོང་ངེ་བྱོན་པར་གཟིགས་སོ། །དེ་མ་ཐག་ལྷ་གཟོ་ཡང་ལྷ་གཟོ་བའི་ཆེད་དུ་འོངས་པ་ལ་རྒྱལ་པོས་ལྷ་མྱུར་ཞིང་ལེགས་པར་ཟིན་འདུག་ཀྱང་ཙནྡན་སྦྲུལ་སྙིང་གི་སྐུ་རང་བྱུང་དང་མཆོད་སྡོང་གསུམ་པོ་འདི་ནང་རྫོངས་ཡང་སྙིང་དུ་བཞུགས་རྒྱུ་ཡིན་སྟེ་གསུངས་པས་གཟོ་བོ་ན་རེ་བདག་ནི་ལྷ་བཞེང་དགོས་སྙམ་ནས་ང་གདོད་མཆིས་པ་ལགས་སྟེ་འདི་ནི་རང་བྱུང་དུ་བྱོན་གདའོ་ཟེར། དེ་མ་ཐག་དུ་སྐུ་དེ་གཡོས་ནས་ཕྱག་གཡས་ཀྱིས་དར་ཤམ་པུས་གོང་དུ་བརྫེས་སྟེ་ཞབས་གཡས་ནས་འོད་ཟེར་བྱུང་བས་རྟེན་དེ་རྣམས་སྤྱན་དྲངས་སྟེ་ཐུགས་ཀར་ཆགས་པས་སྐུ་ཤིན་དུ་སྦྲུམ་པར་གྱུར་ལ་གཡོན་དུ་ཅུང་ཟད་འགྱིང་བ་དེ་དུས་བྱུང་ལ་དར་ཤམ་པུས་གོང་དུ་ལུས་པ་ད་དུང་དུ་ཡོད་དོ། །འདི་ལ་རྒྱས་པའི་ཞལ་མཐིང་ག་གསུམ། དབང་གི་ཞལ་ཁམ་པ་གཉིས། མངོན་སྤྱོད་ཀྱི་ཞལ་དམར་པོ་གཉིས། ཅེས་དང༌། ཕྱག་མཚན་གཡས་ལྷག་མ་བཞིས་སྤྲུལ་སྐུ་མདའ་འཁོར་ལོ་ས་གནོན། གཡོན་བཞིས་ཕྲེང་བ། ནོར་བུ། གཞུ། བུམ་པ་ཅེས་བྲིས་པ་ཡང་སྣང་ངོ༌། །དེ་ནས་བར་ཆུ་ཁར་མཆོད་རྟེན་ཀེ་རུ་བརྩིགས་སྟེ་བོད་ཀྱི་སྔགས་བཙུན་དང་སྒྲུབ་པ་ལ་མི་གནོན་པའི་ཕྱིར་གྲིབ་ནས་ཉང་བྲན་གྱི་ཕུར་བཙན་གྱི་འགྱུ་སྲང་ཡོད་པ་བཅད། རང་བྱུང་ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་བྲག་ལོགས་ལ་ཕོག་པས་བྲག་ལྷ་ཀླུ་ཕུག་གི་ཀླུ་བདུད་དང་མ་མོའི་ཉལ་(ཇ༣༧བ)


PTT001_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཕྲོགས་སྟེ་རྣམ་སྣང་ཀུན་དུ་ཞལ་དང་འཇམ་དཔལ་ཁྲོ་བོ་སོགས་བྲག་ལ་རང་བྱོན་དུ་བྱུང༌། རྒྱལ་པོ་གནམ་སྟོང་གི་ནུབ་མོ་འོ་ཐང་གི་ཆུ་ལ་ཁྲུས་མཛད་ཚེ་ལྷོ་ནུབ་ཟླ་བ་ཚལ་གྱི་བྲག་རྩ་ན་མེ་འབར་བ་ཞིག་འདུག་ནས་དེར་བྱོན་པས་ཁ་བ་ཅན་གྱི་འདྲེ་ཐམས་ཅད་དུག་ཤིང་གི་སྡོང་པོ་རྐང་གཅིག་གི་རྩར་འདུས་སྟེ་གྲོས་བྱེད་པ་གསན་པས་འདྲེ་རྒན་པོ་ཅིག་ན་རེ་ཁ་བ་ཅན་གྱི་རྒྱལ་ཁམས་འདི་སངས་རྒྱས་ཀྱི་ཞབས་ཀྱིས་མ་བཅགས་གསུང་གིས་མ་ཁྱབ་པས་ངེད་རང་མི་མ་ཡིན་རྣམས་ལ་དབང་བ་ཡིན་པ་ལ་རྒྱལ་པོ་མགོ་གཉིས་པ་འདིས་ལམ་བཅད། ཉལ་ས་ཕྲོགས། ཆོས་ཁྲིམས་བྱས། ད་ངེད་རང་རྣམས་ཀྱང་ནུས་པ་སྐྱེད་ལ་དཀོན་མཆོག་སུམ་ལ་དད་པ་བྱེད་པའི་སྲོག་ཆོད། དགེ་བ་བྱེད་པ་ལ་མི་རུང་བ་ཐོང༌། ལྷ་ཁང་རྩིག་པ་ལ་རྡོ་ཆར་ཕོབ་ལས་ཤིག །དེ་སྔ་ཡང་བལ་བཟས་ལྷ་ཁང་བརྒྱ་རྩ་བརྒྱད་ཀྱི་རྨང་བཏིང་བ་བཤིག་པ་དེ་ཡང་ལེགས་སོ་ཟེར་ནས་གྱེས་སོང༌། ཕྱི་ནུབ་རྒྱལ་པོས་རྟེན་རང་བྱུང་ལ་གསོལ་བ་བཏབ་པས་ཁྲོ་ཞལ་ལས་འོད་དམར་ལྗང་གཉིས་ཀྱི་རྩེ་ལ་ཁྲོ་བོ་རྟ་མགྲིན་དང་བདུད་རྩི་འཁྱིལ་བ་གཉིས་བྱུང༌། དེ་གཉིས་ཀྱི་ཞལ་ནས་མེ་ཕུང་བྱུང་སྟེ་གནམ་ལྕགས་ཀྱི་ཐོག་ལྟར་འདྲེའི་འདུན་སའི་དུག་ཤིང་གི་སྡོང་པོ་ལ་ཕོག་པས་འགྱེལ་ཞིང་འཐོར། དུག་ཁོལ་བ་རླུང་གིས་གཏོར་སྟེ་འདྲེའི་འདུན་ཕུང་ཐམས་ཅད་འཐོར་ཞིང་བརྒྱལ། ཁྲོ་བོ་གཉིས་དང་བསྐལ་པའི་མེས་དེད་སྟེ་རྒྱ་མཚོའི་མཐར་བསྐྱལ། ཁྲོ་བོ་གཉིས་དང་མེ་ཕུང་ཟླ་བའི་བྲག་ལ་ཕོག་པས་འོད་དཔག་མེད། ཁཱརྶ་པཱ་ཎི། དཔལ་རྟ་མགྲིན་གསུམ་རང་བྱུང་དུ་ཤར། སང་ཉིན་རྒྱལ་པོས་དེར་བྱོན་སྟེ་མཆོད་པ་མཛད། སྤྱན་རས་གཟིགས་དབང་འཇིག་རྟེན་མགོན། །ཐུབ་པའི་དབང་པོས་སྤྱི་གཙུག་བརྒྱན། །སྐུ་མདོག་དཀར་གསལ་གངས་རི་འདྲ། །ཉོན་མོངས་མ་གོས་པདྨ་བཞིན། །ཐུགས་རྗེ་ཆེ་ཞིང་མཐུ་ལྡན་པ། །སེམས་ཅན་ཉམ་ཐག་ཕོངས་གུ་ཡི། །ནད་དང་སྡུག་བསྔལ་ཞི་མཛད་པ། །མགོན་དུ་གྱུར་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ནས་སྐུ་རང་བྱུང་འོད་ཀྱི་རྣམ་པ་དེ་སླར་བལ་པོའི་གཟོ་བོས་འབུར་དོད་དུ་གསལ་བར་བརྐོས་པ་བྲག་ལྷ་(ཇ༣༨ན)


PTT001_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་གདོང་དུ་གྲགས་སོ། །རྒྱལ་པོའི་ཞལ་ནས་འོད་ཟེར་གྱི་སྣེ་ལ་བྱུང་བའི་ཁྲོ་བོ་དེ་གཉིས་ཁྱོད་ཀྱིས་མཐོང་ངམ་ཞེས་གཟོ་བོ་ལ་དྲིས་པས་མཐོང་ལགས་ཟེར། དེ་གཉིས་ཀྱི་གཟུགས་གྱིས་ཅིག་གསུངས་སྟེ་རྟ་མགྲིན་དང་བདུད་རྩི་འཁྱིལ་བ་གཉིས་བྱས། ཐུགས་རྗེ་ཆེན་པོའི་འཁོར་ཉུང་བས་ད་དུང་གྱིས་ཅིག་གསུངས་ནས་འཇིག་རྟེན་དབང་ཕྱུག་དང༌། ཁཱརྶ་པཱ་ཎི། སྒྲོལ་མ་ཁྲོ་གཉེར་ཅན། འོད་ཟེར་ཅན། དབྱངས་ཅན་མ་རྣམས་བྱས། རང་བྱུང་ཐུགས་རྗེ་ཆེན་པོ་ལ་ལོངས་སྐུ་ཡན་ལག་གི་ཕྱག་སོ་བརྒྱད་ཀྱི་གཡས་བཅུ་དགུ་ན། རིན་ཆེན་ཞགས་པ་ལྷུང་བཟེད་དང༌། །རལ་གྲི་རྒྱ་གྲམ་མན་ཤེལ་དང༌། །ཆུ་ཤེལ་མདའ་ཞུ་ལྕུག་མ་དང༌། །རྔ་ཡབ་ཕུབ་བུམ་དགྲ་སྟ་ཕྲེང༌། །པད་སྔོན་སྤྱི་བླུགས་ཉི་མ་དང༌། །པད་དཀར་འབྲས་ཀྱི་སྙེ་མ་འོ། །གཡོན་བཅུ་དགུ་ན། སྤྲིན་དཀར་སྤྱི་བླུགས་པདྨ་སེར། །གྲི་མདུང་དབྱུག་པ་ཕྲེང་དྲིལ་བུ། །རྡོ་རྗེ་ལྕགས་ཀྱུ་འཁར་སིལ་དང༌། །སྤྲུལ་སྐུ་ལྷ་ཁང་གླེགས་བམ་དང༌། །འཁོར་ལོ་སྐུ་གཟུགས་ཤིང་ཐོག་དང༌། །པད་སྔོན་རིན་ཆེན་འཛིན་པ་འོ། །སྤྲུལ་སྐུའི་ཉིང་ཕྱག་སྟོང་མཆོག་སྦྱིན་གྱི་རྣམ་པའི་མཐིལ་དུ་སྤྱན་སྟོང་དང་བཅས་པ་ཡང་ཕྱིས་ཕུལ་ལོ། །ནུབ་ཕྱོགས་སུ་མཆོད་རྟེན་ཀྲེ་རུ་བརྩིགས་ནས་ནུབ་ཀྱི་ས་དགྲ་གནོན་པ་སོགས་ས་དགྲ་བཞི་མནན། དེ་རྗེས་ལྷ་ཁང་གི་རྨང་བཏིང་པས་ཡང་ཞིག་ནས་སྲིན་མོའི་དཔུང་པ་གཡོན་གནོན་པའི་ཕྱིར་ཡར་ལུངས་སུ་བྱོན་སྟེ་མཚོ་སོགས་ཁ་མི་ཆེ་བ་ཞིག་ལ་ཀླུ་གདུག་པ་ཅན་གནས་པ་དེ་སྐམ་པའི་ཤུལ་དུ་རྩིག་དགོས་པར་དགོངས་སྟེ་བོད་འབངས་བསགས་ནས་ཀླུ་འདི་སུས་འདུལ་ནུས་པ་ལ་བྱ་དགའ་ཆ་ཐང་དུ་སྟེར་རོ་ཞེས་བཀའ་བསྩལ་བས་སྔགས་པ་ཅོག་ལ་ཙུག་སྒྲ་ཙུག་སྣང་དང་བོན་པོ་ཚེ་མི་སྣང་གྲགས་འབྱུང་གྲགས་བྱ་བ་གཉིས་ཀྱིས་འདུལ་བར་ཞུས། ཟོ་དང་གོང་པོ་རི་ལ་དགྲ་བཅོམ་པ་འགོག་པ་ལ་ཞུགས་པ་བརྒྱ་རྩ་བརྒྱད་ཡོད་པས་དེར་ཁོང་གཉིས་ཀྱིས་ན་མཁའ་ལྡིང་བསྒྲུབས་ནས་རྒྱལ་པོ་ལ་ཞུས་སྟེ་མི་ཀུན་ཡང་ཀླུ་འདུལ་བའི་ཐབས་ལྟ་ཟེར་ནས་ཚོགས་པའི་ཚེ་བོན་པོ་ན་རེ་སྔོན་ལ་ངས་བཏུལ་གྱི་གལ་སྟེ་(ཇ༣༨བ)


PTT001_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐུལ་ན་ཁྱོད་ཀྱིས་བརྩོན་པ་སྐྱེད་ཅིག་ཟེར་སྟེ་ཆོ་ག་བྱས་མཉམ་པར་བཞག་པ་དང་དེ་མ་ཐག་བྱ་ཁྱུང་ཆེན་པོ་ཅིག་བྱུང་སྟེ་མཚོ་སྟེང་དུ་ལྡིང་བ་དང་མཚོ་འཁོལ་ཀླུ་སྦྲུལ་མགོ་ལྔ་པ་ཅིག་རོང་བྱུང་བས་བོན་པོ་ན་རེ་ངས་ནི་མ་འཐུལ་ལོ་ཅོག་ལ་ཁྱོད་ཀྱིས་བརྩོན་འགྲུས་སྐྱེད་ཅིག་ཟེར་སྟེ་སྔགས་པས་ཆོ་ག་བྱས་མཉམ་པར་བཞག་པ་དང་གནམ་རལ་པ་སྐད་ས་གྲུམ་པ་སྐད་དུ་སྒྲ་ཆེན་པོ་གྲག་སྐྱེ་བོ་ཐམས་ཅད་བྱེར། ས་གཞི་འགུལ། འདབ་ཆགས་ཐམས་ཅད་ཀྱང་འཕུར་སྟེ་ན་མཁའ་ནས་བྱ་ཁྲ་འདྲ་བ་ལ་སྐད་འབྲུག་ལྟར་འདོན་པ་ཅིག་བྱུང་ནས་བྱ་དེའི་གཤོག་པ་སྤུ་གྲི་ལྟ་བུས་སྦྲུལ་མགོ་ལྔ་སྐད་ཅིག་གིས་བཅད་དེ་མཚོ་ཁྲག་དུ་ཉོག་སོང་ནས་བྱེ་མ་ལ་ཆུ་ཕོ་བ་ལྟར་སྐམ་པའི་ཤུལ་ན་རིན་པོ་ཆེའི་ཁྲོན་པ་འདུག་པའི་དབུས་སུ་རིན་པོ་ཆེ་དབང་གི་རྒྱལ་པོ་སྦས། བཅོམ་ལྡན་འདས་འོད་དཔག་དུ་མེད་པ་ལ་མཆོད་པ་ཕུལ། གཙང་ཁང་ཁྲོ་ཆུའི་ཕ་གུས་ཕུབ། ཕྱོགས་བཞིར་གསང་ཁུང་བཞི་སྒྲོམ་དུ་བྱས་པའི་སྒྲོམ་ཁར་མཆོད་རྟེན་བརྩིགས། གནོད་སྦྱིན་ཕོ་མོ་བྲན་དུ་བཀོལ་སྟེ་དེའི་སྟེང་དུ་བརྩིགས་སྟེ་གསང་བ་འདུས་པའི་ལྷ་བཅུ་དགུ་པའི་ལུགས་སུ་བཞེངས། གཙོ་བོ་གསུམ་ནི་རྡོ་སྐུ་རང་བྱུང་ཟོ་དང་གོང་པོ་རི་ནས་སྤྱན་དྲངས་པ་སླར་གཟོ་བོས་རྣམ་པ་དོད་པར་བརྐོས་པས་རྡོ་ཕྱེ་རྣམས་རིང་སྲེལ་དུ་སོང་སྐད། འཁོར་སེམས་དཔའ་རྣམས་ལི་ཡུལ་གྱི་སྤྲུལ་པའི་གཟོ་བོས་ལི་ལས་ལུགས་སུ་བླུག་པ་རིན་པོ་ཆེའི་ཕྲ་ཅན་བལ་ཡུལ་ནས་ཞབས་ཀྱིས་བྱོན། འཇམ་དཔལ་ཆོས་དབྱིངས་གསུང་དབང་བལ་ཡུལ་དུ་བཞུགས་པའི་ཚབ་རྡོ་སྐུ་རང་བྱུང་ཞིག་བྱོན། གསེར་བྱེ་བརྒྱད། བདུན། དྲུག་ལྔ། བཞི་རྣམས་ལ་གནོད་སྦྱིན་གྱི་གཟོ་བོས་བླུག་སྟེ་རིམ་པར་རྣམ་སྣང༌། རྡོར་སེམས། རིན་འབྱུང༌། སྣང་མཐའ། དོན་གྲུབ་རྣམས་ཆ་ལུགས་མི་འདྲ་བར་བཞེངས་སྟེ་འོད་དཔག་མེད་རིན་པོ་ཆེའི་གཏེར་ཁང་ན་བཞུགས། གཞན་བཞི་དང་རྒྱལ་པོའི་སྐུ་འབག་གཙང་ཁང་ན་བཞུགས། བོད་འབངས་ཀྱི་དུས་མ་ཡིན་པའི་འཆི་བ་ཟློག་པའི་ཕྱིར་ལྷ་མོ་ཡིད་བཞིན་འཁོར་ལོ་དང༌། རིན་པོ་ཆེའི་གཏེར་(ཇ༣༩ན)


PTT001_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དབྱེ་བ་དང་ལས་སྒོ་རྣམས་འདུ་བའི་ཕྱིར་གནོད་སྦྱིན་ཆུ་དབང་གི་སྐུ་བྱས། རྒྱལ་པོའི་དཀོར་མཛོད་ཆེན་པོ་གཅིག་ཡང་གཏེར་ཁང་དུ་སྦས། ཚངས་པ་དུང་གི་ཐོར་ཚུགས་ཅན་ལ་གཉེར་དུ་གཏད། སྔགས་པའི་སྒྲིབ་པ་སྦྱོང་བ་དང་ཀླུ་དེའི་དོན་དུ་མཆོད་རྟེན་རྩེ་ལྔ་པ་བཞེངས་སྟེ་ཀླུ་དེ་ལྷར་སྐྱེས། བྱམས་པ་མི་འགྱུར་བའི་ལྷ་ཁང་ཞེས་མཚན་བཏགས་ལ་ཀླུ་བཏུལ་བའི་བྱའི་མིང་གིས་སྤྱིར་ཁྲ་འབྲུག་དུ་གྲགས་སྟེ་བོད་ཀྱི་ལྷ་ཁང་བརྩིག་པ་ལ་སྔ་ཞིང་འཇིག་པ་ལ་འཕྱི་བ་ཡིན་ལ་རྒྱལ་པོའི་ཐུགས་དམ་གྱི་སྙིང་པོ་གཙུག་ལག་ཁང་ཐམས་ཅད་ཀྱི་རྩ་བ་ཡིན་ནོ། །ཚེ་སྤོང་བཙན་འདྲ་དོང་ཆུང་བྱ་བ་བློན་པོ་ཅིག་གིས་ཀྱང་ལྷ་ཁང་གློ་འབུར་ཞིག་བྱས་སོ། །དེར་རྒྱལ་པོའི་ཞལ་ནས་ངའི་ཐུགས་དམ་གྱི་ལྷ་ཁང་འདི་འཛམ་གླིང་ན་བྱིན་ཆེ་བ་ཡིན། འདི་ལ་དད་ཅན་གྱིས་མཆོད་པ་ཕུལ་སྟེ་གསོལ་བ་བཏབ་ན་ཅི་འདོད་ཀྱང་མི་འགྲུབ་པ་མི་སྲིད། ལྷ་ཁང་ཐམས་ཅད་ཀྱི་ཡང་སྙིང་ཡིན་ཡང་འདི་ལ་རྒྱན་སྲུངས་པ་ཅིག་མེད་ཅེས་བཀའ་བསྩལ་བས་བལ་པོའི་གཟོ་བོ་ན་རེ་ངེད་ཀྱི་ལྷོ་བལ་ན་བྷ་དནྟ་ཅེས་བྱ་བ་དབུ་རེག་ཞབས་རྗེན་ངུར་སྨྲིག་གི་ན་བཟའ་ཅན་དེ་བཞིན་གཤེགས་པའི་ཆ་ལུགས་སུ་བཞུགས་པ་ལྷ་མིའི་མཆོད་གནས་མང་པོ་ཡོད། དེ་ལྟ་བུ་ཡོད་ན་རྒྱན་སྲུང་བ་འོང་པ་ལ་ཟེར་བས་རྒྱལ་པོ་ཕྱག་ཐལ་མོ་སྦྱར་སྟེ་རབ་ཏུ་བྱུང་བ་དེ་ལྟ་བུའི་གཟུགས་འཆང་བ་ཙམ་ལ་ཡང་ང་སྤྱི་བོས་བཏུད་དེ་བྱའོ་ཞེས་ཕྱག་འཚལ་བར་མཛད་ཏོ་ཅེས་དམ་བཅའ་མཛད་ཏོ། །སང་ཉིན་རྒྱལ་པོ་འཁོར་བཅས་ཕྱི་རོལ་ཏུ་བྱོན་པ་དང་མཆོད་རྟེན་རྩེ་ལྔའི་འགྲམ་ན་དགེ་སློང་གི་ཆ་བྱད་ཅན་མགོ་བོ་ཆེ་བ་དཔྲལ་བ་འབུར་བ་སྣ་ཉག་ཞིང་མིག་ཚག་པ་སྟོད་ཆུང་ཞིང་སྨད་ཆེ་ལ་ཚང་ར་འབུར་བ་ཞིག་ཚེམ་བུ་འཚེམ་ཞིང་འདུག་པ་གཟིགས་པས་ངས་རབ་བྱུང་གི་རྟགས་ཙམ་འཛིན་པ་ལ་ཡང་ཕྱག་འཚལ་བར་དམ་བཅས་ན་འདི་རབ་ཏུ་བྱུང་བ་དངོས་ལ་ཅིའི་ཕྱིར་མི་བྱ་དགོངས་ལ། འོན་ཡང་འདི་གཟུགས་བྱད་ངན་པས་བློན་པོ་རྣམས་དད་པ་ལྡོག་སྟེ་འོང་དགོངས་ནས་མཆོད་རྟེན་གྱི་ཕག་དུ་དེའི་ཞབས་ལ་བཏུགས་སྟེ་ཕྱག་མཛད་(ཇ༣༩བ)


PTT001_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཞེངས་སྟེ། ང་ས་བདག་གི་རྒྱལ་པོས་ཁྱེད་དགེ་སྦྱོང་གི་ཞབས་ལ་མགོས་བཏུགས་ནས་ཕྱག་བྱས་པ་འདི་ངོ་མཚར་མི་ཆེའམ་གསུངས་པས་དགེ་སྦྱོང་དེ་ན་རེ། དེ་ངོ་མཚར་ཆེ་སྟེ་ངའི་རྫུ་འཕྲུལ་འདི་ཡང་ངོ་མཚར་མི་ཆེའམ་ཟེར་ནས་མཆོད་རྟེན་རྩེ་ལྔ་ལག་པ་གཡས་པས་ན་མཁའ་ལ་ཡེར་གྱིས་བཏེག །རྒྱལ་པོས་དེ་ཡང་ངོ་མཚར་ཆེ་སྟེ་ང་སྐྱེ་བོ་ཐ་མལ་པའི་མགོ་ལ་སངས་རྒྱས་བཞུགས་པ་འདི་ངོ་མཚར་མི་ཆེའམ་ཞེས་ལ་ཐོད་ཕུད་དེ་ཨ་མི་ཏཱ་བྷའི་ཞལ་བསྟན་པས་དེ་ན་རེ་རྒྱལ་པོ་ལ་ལྷ་གཅིག་ལས་མི་འདུག་ང་ལ་འདི་ཙམ་ཡོད་ཟེར་ནས་ལྷན་པ་འདྲ་བའི་གྲི་གུས་བྲང་ཁ་ཕྱེ་སྟེ་འདུས་པའི་ལྷ་ཚོགས་བཅུ་དགུ་ལམ་གྱིས་བསྟན་པས་རྒྱལ་པོ་རབ་ཏུ་དགྱེས་སྟེ་རབ་ཏུ་བྱུང་བ་རྣམས་ལ་ཡོན་ཏན་འདི་ལྟ་བུ་ཡོད་ཀྱིས་ངའི་འབངས་ཐམས་ཅད་ཀྱིས་རབ་བྱུང་གི་རྟགས་འཛིན་ཙམ་མཐོང་ནའང་ཞབས་སྤྱི་བོར་ལོང་ཞིག་ཞེས་དྲིལ་བསྒྲགས་སོ། །འདིས་ནི་དགེ་སྦྱོང་ཟུགས་བྱད་ངན་ཡང་ཡོན་ཏན་བསམ་གྱིས་མི་ཁྱབ་པས་བརྙས་པ་སྤང་དགོས་པ་དང་རྒྱལ་པོས་ཀྱང་སྤྱན་རས་གཟིགས་སུ་དོན་གྱིས་ཞལ་བཞེས་པ་དང་སྤྲུལ་པའི་དགེ་སློང་དེས་ཀྱང་རྒྱལ་པོའི་ལྷ་ཁང་དང་ང་མཉམ་བྱ་བར་བསྟན་པ་ཡིན་ནོ། །ཁྲ་འབྲུག་གི་ཡན་ལག་དུ་ཙམ་ཐང་བཏབ། སྲིན་མོའི་དཔུང་མགོ་གཡས་གནོན་པ་ལ་ཙེ་ནེ་གདོང་དུ་སྒྲུབ་པ་བྱས་ནས་དབུ་རུ་ཀ་ཚལ་དང་ཡན་ལག་དུ་གསེར་ཤང་གིར་སྟེ་བཞེངས། དཔྱི་གཡས་གཡོན་གནོན་པ་ལ་རྩེ་ཕུག་དང་བརྒྱད་ཕུག་དུ་སྒྲུབ་པ་བྱས་སྟེ་གཡས་རུར་གཙང་འགྲམ་དང་ཡན་ལག་དུ་དགེ་དྲུང་གི་ལྷ་ཁང༌། རུ་ལག་དུ་གྲོམ་པ་རྒྱང་དང་ཡན་ལག་དུ་འབྲི་ལྷ་ཁང་རྣམས་བཞེངས་སྟེ་མཐའ་འདུལ་གྱི་གཙུག་ལག་ཁང་བཞིའོ། །གྲུ་མོ་གཡས་པ་ལ་ཤར་སྟག་གི་མགོར་ཀོང་པོ་བུ་ཆུ། གཡོན་པ་ལ་ལྷོ་འབྲུག་གི་ཟེ་སྟེང་དུ་ལྷོ་བྲག་ཁོ་ཐིང༌། པུས་མོ་གཡས་པ་ལ་ནུབ་བྱ་དམར་པོའི་སྐས་སྟེང་དུ་དགེ་རྒྱས། གཡོན་པ་ལ་བྱང་རུས་སྦལ་གྱི་དཔྲལ་སྟེང་དུ་པྲ་དན་ཙེའི་ལྷ་ཁང་བཏབ་སྟེ་ཡང་འདུལ་བཞིའོ། །ལག་མཐིལ་གཡས་གནོན་པ་ལ་མི་ཉག་གིས་ལག་དཔོན་བྱས་སྟེ་ཁམས་ཀློང་ཐང་སྒྲོན་མ། གཡོན་(ཇ༤༠ན)


PTT001_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐོ་གར་གྱིས་ལག་དཔོན་བྱས་སྟེ་མོན་སྐྱེར་ཆུ། རྐང་མཐིལ་གཡས་ལ་ཧོར་གྱིས་ལག་དཔོན་བྱས་སྟེ་མཚལ་རིགས་སྒྲོན་མ། གཡོན་ལ་བལ་པོས་ལག་དཔོན་བྱས་སྟེ་ཚངས་པ་རླུང་གནོན་གྱི་ལྷ་ཁང་བཞེངས་སྟེ་རུ་གནོན་གྱི་གཙུག་ལག་ཁང་བཞིའོ། །ཤར་དུ་སའི་ཁ་གནོན་ཉི་ཟླ་གཟའ་སྐར་གཏན་ལ་འབེབས་པའི་ཕྱིར་ཀ་ཆུ་ཀམ་ཆུ་གླིང་ཆུ་གསུམ། ལྷོར་མེའི་ཁ་གནོན་སྣང་གྲོ་དང་གློང་ཐང་གཉིས། ནུབ་ཏུ་ཆུའི་ཁ་གནོན་གུ་ལང་དང་ཤིང་ཀུན་གཉིས། བྱང་དུ་རླུང་གི་ཁ་གནོན་དགེ་རི་དང་དཔལ་རི་གཉིས་སྟེ་འབྱུང་བའི་ཁ་གནོན་གྱི་གཙུག་ལག་ཁང་དགུའོ། །ཡེར་པའི་དཀར་ཆག་ལ་སྟོད་དམར་པོའི་གཏེར་མ་ལས། རྒྱལ་པོའི་ཞལ་ནས་བོད་མུན་པའི་སྨག་རུམ་གདོང་དམར་སྲིན་པོའི་ཡུལ་ལྷ་འདྲེ་མཐུ་ཆེ་བས་ས་རྡོ་ཐམས་ཅད་བདག་དུ་བཟུང༌། ཁ་བ་དང་སེར་བ་མོད། བཙའ་དང་མུ་གེ་བཟན། ཉོན་མོངས་ཆེ། ཚེ་ཐུང༌། ལེགས་པ་སློབ་པ་ལ་དགྲར་བལྟ། ཉེས་པ་སློབ་པ་ལ་ངོ་སོ་བསྟོད། འདི་འདྲ་བའི་ས་ཕྱོགས་ཡ་ང་བར་བདག་གི་ལྷ་ཐུགས་རྗེ་ཆེན་པོ་མ་གཏོགས་གཞན་གྱིས་མི་སྐྱོབ་པས་ཁྱོད་རང་ངའི་རྗེས་འཇུག་ཀུན་དར་ཅིག་གསན་དང་ཨ་པི་གསུངས་པས་བལ་མོ་བཟའས་ཀྱེ་ཧོ་ལྷ་ཐུགས་རྗེ་ཆེན་པོ་ཁྱེད་རང་མ་ལགས་སམ། སེམས་ཅན་གྱི་དོན་ལ་ཅང་སུན་ནམ། སེམས་ཅན་རྣམས་དྲོངས། དམ་ཆོས་ཀྱི་སྒྲོན་མེ་སྦོར། ལྷ་ཁང་བརྒྱ་རྩ་བཞེངས། བདག་ཡང་གཞན་དོན་ལས་ཡེངས་པ་མེད་ཀྱིས་གང་མོས་ཀྱི་ཐབས་ཀྱིས་འདུལ་ལོ་གསུངས། ཀོང་ཇོའི་ཞལ་ནས་ཀྱེ་ཧོ་ལྷ་ཐུགས་རྗེ་ཆེན་པོ་ཀ་ཁྱེད་རང་ལགས་མོད། འགྲོ་དོན་ལ་ཐུགས་མ་གཡེལ། བདག་གིས་ཀྱང་འཕྲིན་ལས་ཐམས་ཅད་སྒྲུབ་བོ་ཅེས་སྒྲོལ་མ་ཕྱག་སྟོང་སྤྱན་སྟོང་དུ་གྱུར་ནས་བོད་འོད་ཟེར་གྱིས་བཀང༌། བདུད་རྩིའི་ཆར་ཕབ་པས་རྩི་ཐོག་སྨིན། མེ་ཏོག་ཐམས་ཅད་ཁ་བྱེ། རྩི་ཤིང་ནགས་ཚལ་ནེ་གསིང་ཆུ་བོ་ཐམས་ཅད་རྒྱས། ཐམས་ཅད་ལུས་སེམས་བདེ་བ་རྙེད་དོ། །དེ་ནས་ར་ས་རྩིག་པར་བརྩམས་པས་ལྷ་འདྲེས་རྩིག་(ཇ༤༠བ)


PTT001_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མ་སྟེར། ས་རྡོ་བཞག་ཚད་ན་མཁའ་ལ་འཕངས། རླུང་གིས་བརྡབས། ས་གཞི་གཡོས། མི་ཐམས་ཅད་དཔའ་འཁུམས། ལྷ་སྲིན་ཐམས་ཅད་སོ་སྒྲ་དང་ཆ་སྒྲ་སྒྲོག་པའི་ཚེ་སྤྲུལ་པའི་རྒྱལ་པོས་ཡི་དམ་ལ་མཆོད་པ་བཤམས། དཔང་བཙུགས་དམ་བརྡར་བས་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ཞིག་ན་མཁའ་ལ་བྱོན་ནས་སྤྱན་ཡེར་པའི་རི་ལ་གཟིགས་ཐུགས་ཡེར་བའི་བྲག་ལ་གཏད། ཁྲོ་གཉེར་ཅན་དང་སྒྲོལ་མས་ཡེར་པ་ཞབས་ཀྱིས་བཅགས། ཆོས་སྐྱོང་རྣམས་ཀྱིས་འཕྲིན་ལས་སྒྲུབ་པར་ཞལ་གྱིས་བཞེས། ལྷ་འདྲེ་ཐམས་ཅད་ཀྱིས་རྒྱལ་པོ་ལ་ཕྱག་འཚལ་སྟེ་བཀའ་འབངས་སུ་ཁས་བླངས། ལྷའི་མེ་ཏོག་དང་སྤོས་ཀྱི་ཆར་བྱུང༌། ཡེར་པར་བྲག་ལྷ་མགོན་པོ་རང་བྱུང་དུ་བྱོན། བདུད་རྩིའི་ཆུ་རྒྱུན་རྣམས་རང་བྱུང་དུ་བརྡོལ་བས་ལྷ་སའི་ས་ཕུད་ཤིང་ཕུད་རྡོ་ཕུད་སོགས་ལས་ཡེར་པའི་བྲག་རྡོ་རྗེ་རྩེ་ལྔ་རང་བྱུང་གི་རྨང་དུ་སྐུའི་རྟེན་སྤེའུ་དམར་སེར་གཉིས། གསུང་གི་རྟེན་ཡིག་དྲུག་འབུམ། ཐུགས་ཀྱི་རྟེན་མཆོད་རྟེན་གསུམ་བཞེངས། ཆོས་སྐྱོང་གི་རྟེན་ཤུག་པའི་ནགས་ཚལ་བཙུགས། ཏིང་ངེ་འཛིན་སྒོམ་པ་ལ་འོད་ཀྱི་བྲག་ཕུག་བརྒྱ་རྩ་བརྒྱད་སྤྲུལ། འཕྲིན་ལས་ཀྱི་རྟེན་དུ་རི་བོ་སྒྲོལ་མའི་སྐུར་སྤྲུལ། དབང་དུ་སྡུད་པའི་ཕྱིར་སྤང་རི་ཁྲོ་མོར་སྤྲུལ། ནད་སེལ་བའི་ཕྱིར་ཆུ་རྣམས་བདུད་རྩིར་བསྒྱུར། དེའི་ཚེ་རྒྱལ་པོ་ཉིད་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་པར་གྱུར་ནས་འོད་ཟེར་གྱིས་སྔགས་ཕྱི་ནང་གི་ལྷ་ཚོགས་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས་ནས་བསྟན་པས་ས་རྡོ་ཐམས་ཅད་ལྷར་བྱིན་གྱིས་བརླབས། ཁྲོ་གཉེར་ཅན་དང་སྒྲོལ་མའི་ཐུགས་ཀ་ནས་མེ་ཏོག་གི་ཆར་ཕབ། ན་མཁའ་ནས་བཀྲ་ཤིས་ཀྱི་སྒྲ་སྒྲོག་རོལ་མོ་རྣམས་ལ་དཀྲོལ་བར་སྒྲ་འབྱིན། ལྷ་འདྲེ་རྣམས་ཀྱིས་བཀའ་སྲུང་དུ་ཁས་བླངས། དེར་འདུས་པ་ཐམས་ཅད་བདེ་བ་ཅན་དུ་སྐྱེ་བར་ལུང་བསྟན་ཏོ། །གཞན་ཡང་མཐའ་འདུལ་སོགས་ཀྱི་ལྷ་ཁང་ཐམས་ཅད་ཀྱི་ས་ཕུད་ཀྱང་ཡེར་པར་བསྐྱལ་ལོ། །ཞེས་(ཇ༤༡ན)


PTT001_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ངོ༌། །དེ་ལྟར་བོད་ཡུལ་ས་གཞི་བྱིན་རླབས་ནས། །སྤྲུལ་པའི་གཙུག་ལག་ཁང་ཆེན་རྨང་བཏིང་སྟེ། །དགེ་རྩ་ཡོངས་སུ་རྫོགས་ཕྱིར་གྲུ་བཞི་པ། །བྱང་ཆུབ་ཕྱོགས་ཆོས་རེ་མིག་སུམ་བཅུ་བདུན། །ཆོས་ཉིད་མི་འགྱུར་བརྟན་པས་གཡུང་དྲུང་རིས། །མཐར་ཐུག་འབྲས་བུ་སྟོན་ཕྱིར་དབུས་དཀྱིལ་འཁོར། །རྒྱ་ཡི་ཧེན་ཁང་བི་ཧར་ཇི་ལྟ་བར། །རྒྱ་མཚོའི་གྲུ་གཟིངས་འབྲིང་པོའི་ཚད་དུ་བཏིང༌། །རྒྱལ་པོས་སྐུ་ཡི་བཀོད་པ་ལྔ་སྟོང་སྤྲུལ། །རྩིག་པ་ཤིང་གཟོ་ཐོག་དབུབ་ལ་སོགས་པ། །འོག་ཁང་ཉིན་ཞག་གཉིས་ཀྱིས་ཚར་བར་མཛད། །བོད་འབངས་སྣང་ངོར་ཆར་ཟིམ་འབབ་པ་ཡི། །ན་བུན་གསེབ་ན་སྐྱེ་བོ་ལས་བྱེད་ཀྱི། །སྒྲ་སྐད་སྣ་ཚོགས་སྒྲོག་པ་ཙམ་དུ་སྣང༌། །མ་མགོན་ཀླུ་སྲིན་གནོད་སྦྱིན་དྲི་ཟ་ཡིས། །གཙུག་ལག་ཁང་གི་སྲུང་མར་ཁས་བླངས་ཅིང༌། །སོ་སོའི་གཟུགས་ཀྱང་དགྱིད་པར་གསོལ་བ་བཏབ། །སྒོ་ནི་ནུབ་ཕྱོགས་བལ་པོའི་ཡུལ་དུ་གཏད། །དགའ་བཞི་འཕྲུལ་གྱི་ལྷ་ཁང་ར་སར་གྲགས། །རྒྱལ་པོའི་ཐུགས་དམ་རང་བྱུང་བཅུ་གཅིག་ཞལ། །གང་དུ་བཞུགས་ཅེས་གཙང་ཁང་རྣམས་གཟིགས་ཚེ། །གཙང་ཁང་དབུས་མར་འགྲོ་སྐྱོབ་གཙོ་འཁོར་བཅུ། །ཁྲོ་བོ་གཉིས་དང་བཅས་སྟེ་བཞུགས་པར་གཟིགས། །གཡས་མར་སྣང་མཐའ་གཙོ་འཁོར་བཅུ་གཅིག་དང༌། །གཡོན་ན་བྱམས་པ་མཆོད་པའི་ལྷ་མོས་བསྐོར། །གཙང་ཁང་ལྷོ་ན་ཐུབ་དབང་གཙོ་འཁོར་དགུ། །ཀུན་ཡང་དམ་ཆོས་སྟོན་ཞིང་བགྲོ་བར་གཟིགས། །གཙང་ཁང་བྱང་མ་ལེགས་ཅིང་ངོ་མཚར་བ། །དེ་ན་ལྷ་གཞན་སུ་ཡང་མི་སྣང་བས། །ནང་པར་ཡི་དམ་རང་བྱུང་གཙོ་འཁོར་རྣམས། །སྤྱན་དྲངས་དགོངས་པའི་ནུབ་མོ་ལྷ་རྣམས་ཀུན། །རང་རང་ཞབས་ཀྱིས་གཤེགས་སྟེ་དེ་ན་བཞུགས། །རི་མོ་བྲི་བར་བཀའ་ཡིས་བསྒོས་པའི་ཚེ། ཁཱརྶ་པཱ་(ཇ༤༡བ)


PTT001_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཎི་འཇིགས་པ་བརྒྱད་སྐྱོབ་དང༌། །གང་ལ་དེས་འདུལ་གླིང་གཉིས་རང་བྱུང་ཤར། །ལྷག་མ་བེ་བུམ་བརྒྱ་རྩའི་ཚུལ་བཞིན་བྲིས། །དེ་ནས་སྤྲུལ་པའི་ལྷ་གཅིག་ཁྲི་བཙུན་གྱིས། །སྐུ་གཟུགས་རྣམས་དང་ར་སའི་སྟེང་ཁང་མཛད། །སྒྲོལ་མའི་ངོ་བོ་ལྷ་གཅིག་ཀོང་ཇོ་ཡིས། །རྒྱ་སྟག་ར་མོ་ཆེ་ཡི་ལྷ་ཁང་བཞེངས། །གཞན་ཡང་བཙུན་མོ་གསུམ་གྱིས་རང་རང་གི །ཐུགས་དམ་ལྷ་ཁང་རེ་རེ་སོ་སོར་བརྩིགས། །དེ་ཚེ་སྤྲུལ་པའི་རྒྱལ་པོས་བོད་འབངས་ཀུན། །བསོད་ནམས་བསག་ཞིང་སྔོན་ཚེ་རྒྱ་བལ་ལ། །ཞལ་གྱིས་བཞེས་པའི་ཆད་མདོ་བཙན་པའི་ཕྱིར། །སྐུ་ཡི་སྤྲུལ་པ་ལྔ་སྟོང་སོ་སོར་བཀྱེ། །ཤར་ནུབ་སྒོ་བསྟན་ལྷ་ཁང་བརྒྱ་རྩ་རེ། །ཐ་མ་ཡོངས་རྫོགས་རབ་དགའི་ལྷ་ཁང་བར། །བོད་འབངས་ཡུལ་གྲུ་ཕལ་ཆེར་ཁྱབ་པར་མཛད། །དགེ་བཅུའི་བཀའ་ཁྲིམས་བཙན་ཞིང་དམ་པར་བསྡམས། །རིན་ཆེན་གཏེར་ཕྱུང་ས་རྡོ་བཞིན་དུ་སྤྱོད། །འདོད་ཡོན་རྩེ་དགའ་ལྷ་དང་འདྲ་བར་གྱུར། །དེ་ཡང་རྒྱལ་པོ་ཡབ་ཡུམ་གསུམ་དགུང་ལོ་བཅུ་དྲུག་ལོན་པ་ཆུ་ཕོ་འབྲུག་ལོ་ལ་བལ་བཟའ་ཕེབས། ཉི་ཤུ་པ་མེ་སྤྲེ་ལ་རྒྱ་བཟའ་ཕེབས། ཉེར་གཉིས་པ་ས་ཁྱི་ལ་འོ་ཐང་གི་མཚོ་བསུབས། ཉེར་གསུམ་པ་ས་མོ་ཕག་ལོ་ལ་རྨང་བཏིང་བ་སྟེ། དེ་ཡང་རྒྱལ་པོའི་ཞལ་ནས་བོད་འབངས་རྣམས་ངའི་གཙུག་ལག་ཁང་བཞེང་བའི་གྲོགས་བྱ་དགོས་སོ་ཞེས་བཀའ་བསྩལ་བས་ཐམས་ཅད་ཡུལ་གྲུ་སོ་སོར་འདུས་ནས་ལྷ་ཁང་རྩིག་པའི་འདུན་མ་བྱེད་དོ། །དེའི་ཚེ་རྒྱལ་པོས་སྐུའི་བཀོད་པ་ལྔ་སྟོང་བཀྱེ་ནས་རྒྱའི་ཧེན་ཁང་བི་ཧར་ལ་དཔེ་བླངས་རྒྱ་མཚོའི་གྲུ་གཟིངས་འབྲིང་གི་ཚད་དུ་རྨང་བཏིང་སྟེ་རབ་བྱུང་གི་དོན་དུ་འདུལ་བའི་ལུགས་དྲི་གཙང་ཁང་དང་བཅས་པ་བྱང་ཕྱོགས་སོ་བདུན་མཚོན་པའི་རེ་མིག་སོ་བདུན་དུ་མཛད། སྐྱེ་བོ་སྤྱིའི་དོན་དུ་ཆོས་གང་བྱེད་ལམ་གྱི་སྒྲོས་ཚང་བར་བྱེད་དགོས་པའི་བརྡར་ཕྱི་གྲུ་བཞིར་མཛད། བོན་པོའི་དོན་དང་ཆོས་ཉིད་མི་འགྱུར་བ་མཚོན་ཕྱིར་ཟུར་བཞི་གཡུང་དྲུང་རིས། སྔགས་པའི་དོན་དང་འབྲས་བུ་སངས་རྒྱས་ཀྱི་ས་མཚོན་པའི་ཕྱིར་དབུས་སུ་ངག་གི་དབང་(ཇ༤༢ན)


PTT001_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་དྲག་པོའི་དཀྱིལ་འཁོར་གྱི་ཚུལ་དུ་མཛད་སྟེ་སྐྱེ་བོ་སྤྱིས་མི་མཐོང་བའི་ཕྱིར་ན་བུན་འཁྲིག་ཅིང་ཆར་ཟིམ་བུ་འབབ་པའི་གསེབ་ན་ཅོ་འདྲེན་པ་སོགས་ཁུ་དི་རི་རི་མང་པོ་བྱུང་བ་གཞན་རྣམས་ཀྱིས་ཐོས་སྟེ་སྤྲུལ་པ་རྣམས་ཀྱིས་སོ་ཕག་གིས་ར་སའི་འོག་ཁང་ཉིན་གཅིག་ལ་བརྩིགས་སྟེ་ན་བུན་སངས་ནས་བློན་འབངས་རྣམས་ཀྱིས་རྩིག་དུ་ཕྱིན་པ་ན་རྩིག་པ་ཟིན་འདུག་སྐད། རྒྱལ་པོའི་ཞལ་ནས་ནང་པར་བོད་འབངས་རྣམས་ཀྱིས་ངའི་ལྷ་ཁང་གི་ཤིང་ཆོད་ཅིག་གསུངས་ནས་དེའི་འདུན་མ་བྱེད་པའི་ཚེ་སྤྲུལ་པ་ལྔ་སྟོང་གིས་ནུབ་མོ་དེ་ཀ་ལ་ལྷ་ཁང་ཤིང་གིས་བཀང་ནས་འདུག །ནང་པར་གཟོ་བོ་སྤྲུལ་པ་སུམ་བརྒྱ་བཀྱེ་སྟེ་ཤིང་གཟོ་རྣམས་མཛད་པའི་ཚེ་ལྷ་གཅིག་ཁྲི་བཙུན་སྐྲ་འཁྲུ་བས་རྒྱལ་པོའི་བསང་བུ་འདྲེན་མ་ཁོམ་སྟེ་བྲན་མོ་ལ་དངུལ་གཞོང་དུ་ཤ་སར་དང་མར་སར་ལ་སོགས་པ་གཡོས་སྣ་བཅུ་གསུམ་དང་འབྲས་ཆན་དང་རྒུན་ཆང་སོགས་ཀྱི་བསང་བུ་འདྲེན་དུ་བཏང་བས་ངོ་མི་ཤེས་པའི་གཟོ་བོ་སུམ་བརྒྱ་གཟོ་བྱེད་པ་མཐོང་བས་རྒྱལ་པོ་ངོ་མ་ཤེས་སྟེ་ལོག །དེར་ལྷ་གཅིག་ཁྲི་བཙུན་རང་འདྲེན་དུ་སོང་བའི་ཕྱིར་གཡོག་མོས་བལྟར་ཕྱིན་པས་ལྷ་གཅིག་སྤྲུལ་པའི་གཟོ་བོ་རྣམས་ལ་འགོངས་ཅིང་སོང་སྟེ་དབུས་ཀྱི་དཀྱིལ་འཁོར་སྟེང་ན་རྒྱལ་པོ་བེར་ནག་གྱོན་པ་ལ་ཐོད་དམར་པོ་ཅན་འཕྲུལ་ཐིག་གི་སྣ་ནས་ཕྱག་གིས་བཟུང་བ་ཞིག་ལ་དྲངས། དེས་བསང་བུ་བླངས་པས་འཕྲུལ་ཐིག་ལྷོད་སོང་སྟེ་གཟོ་བོ་སུམ་བརྒྱ་པོ་འགྱེལ་ནས་འཇག་མ་ཉུག་ཉུག་ཐི་གུ་ཟིང་ངེ་བྱུང་བ་མཐོང་ནས་བྲན་མོས་རྒྱལ་པོའི་གཟོ་བོ་འཕྲུལ་དུ་སྣང་བ་བྱས་བགད་པས་རྒྱལ་པོ་སྤྱན་ཡངས་པས་སྟེའུ་གཅིག་ཐལ། གསོར་ཁ་གཅིག་ཐལ། སོག་ལེ་གཅིག་ཐལ་བས་གཟོ་བོ་བརྒྱས་སེང་གེ་བརྒྱའི་སྣ་ཆད། བུག་པ་བརྒྱ་ཕུག་ཀ་བ་བརྒྱའི་ཟུར་ཉམས་སོ། །དེར་རྒྱལ་པོའི་ཞལ་ནས་འབངས་མོ་མ་ཚུགས་པས་ངའི་སྤྲུལ་པ་ངོ་ཤེས་སོ་གསུངས་ནས་སྤྲུལ་པ་བཤིག་པས་གཞན་རྣམས་ཀྱིས་རྒྱལ་པོས་ཤིང་དང་འདག་པའི་མི་ལ་སྟ་རེ་བརྒྱབ་པས་ཤི་བར་མཐོང༌། བློན་པོ་རྣམས་ཀྱིས་ཤིང་གཟོ་བོ་རྣམས་རྩིག་ཕུག་ན་ཕར་རྐང་པ་ཉུག་ཉུག་སོང་བར་མཐོང༌། ཐུན་མོང་དུ་ཤིང་གཟོ་དང་བརྐོས་དང་ཚོན་རྩི་ཐམས་ཅད་ཚར་བར་མཐོང་ངོ༌། །དེར་ཉི་མ་རྒས་ས་སྲོས་པ་ན་བློན་པོ་མགར་ན་རེ་སྤྲིན་འཁྲིགས་གློག་འགྱུ་ཆར་ཆེན་པོ་འབབ་པར་སྣང་བས་ཤིང་རྩི་(ཇ༤༢བ)


PTT001_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བྱི་དོགས་པའི་ཁེབས་དགོས་ཟེར་ནས་ལས་ཀྱི་རྔ་བོ་ཆེ་བརྡུངས་པས་གྲོང་ཁྱེར་བ་རྣམས་རྒྱལ་པོས་དེ་ཙམ་བརྩིག་པ་ལ་ལས་རྔ་མ་བརྡུངས་ན་ད་མཚན་མོ་བརྡུང་བ་ཅི་ཡིན་ཟེར། དེར་གྲོང་བའི་རེ་ཕྱར་ཐམས་ཅད་བསྡུས་ནས་ཤིང་ལ་འགེབས་སུ་ཕྱིན་པས་སྲོད་སྟེ་ཀ་ལ་སྤྲུལ་པ་ལྔ་སྟོང་གིས་ར་སའི་ཐོག་ཕུབ་ཟིན་འདུག་སྟེ་སྟེང་ན་སྤྲུལ་པའི་མི་ལག་ན་ཕ་གུ་ཐོགས་པ་ཡད་ཡུད་འདུག་པ་བློན་པོ་རྣམས་ཀྱིས་མཐོང་བས་ངོ་མཚར་སྐྱེས་སྟེ་རེ་ཕྱར་རྣམས་མཐོངས་ཀ་ལ་བཀབ་ནས་ལོག་གོ །དེ་ལྟར་ཞག་གཉིས་པོས་ར་སའི་འོག་ཁང་གི་ཕྱི་ཐམས་ཅད་ལེགས་པར་ཟིན་ནས་ནང་པར་གཙང་ཁང་དེ་རྣམས་གང་ལེགས་པ་ཅིག་དུ་ངའི་ཡི་དམ་རང་བྱུང་ཐུགས་རྗེ་ཆེན་པོ་གཙོ་འཁོར་དགུ་པོ་བཞུགས་དགོས་དགོངས་ནས་གཟིགས་སུ་བྱོན་པས་གཙང་ཁང་དབུས་མའི་སྒོ་ཕྱེ་བས་གུང་ལ་སངས་རྒྱས་མར་མེ་མཛད་ལ་འཁོར་ཉེ་བའི་སྲས་བརྒྱད་བཞེངས་པས་བསྐོར་བ་ཁྲོ་བོ་གཉིས་ཀྱིས་སྒོ་སྲུང་བ། དབུས་ན་མི་འཁྲུགས་པ་སྐྱབས་སྦྱིན་ཅན་བཞུགས་པ་གཟིགས། གཙང་ཁང་གཡས་ན་འོད་དཔག་མེད་ལ་བྱང་སེམས་བརྒྱས་སྐྱིལ་ཀྲུང་ཅན་གྱིས་བསྐོར་བ་དང༌། སྒོ་འགྲམ་ཕྱིའི་གཡས་ན་ཕྱག་རྡོར་དང་གཡོན་ན་རྨེ་བརྩེགས་བྱེ་རུའི་མདོག་ཅན་གྲིབ་སེལ་གྱི་ཕྱག་རྒྱ་མཛད་པ་བཞུགས་པར་གཟིགས། གཙང་ཁང་གཡོན་ན་བྱམས་པ་ཆོས་ཀྱི་འཁོར་ལོ་ཆོས་འཁོར་བསྐོར་བའི་ཕྱག་རྒྱ་ཅན་ལ་སྒྲོལ་མ་བརྒྱད་ཀྱིས་བསྐོར་ནས་ཆོས་ཀྱི་བགྲོ་བ་མཛད་པར་གཟིགས། གཙང་ཁང་ལྷོ་མ་ན་ཇོ་བོ་མི་བསྐྱོད་རྡོ་རྗེ་ལ་འཁོར་སྟོང་ཆེན་རབ་འཇོམས་ཕྱག་བཞི་མ་དང་སོ་སོར་འབྲང་མ་ཕྱག་དྲུག་པ། གཤིན་རྗེ་མཐར་བྱེད་ཞལ་དྲུག་ཕྱག་དྲུག་ཞབས་དྲུག་པ་མཐིང་ནག །ཤེས་རབ་མཐར་བྱེད་དཀར་པོ་ཞལ་བཞི་ཕྱག་བརྒྱད། པདྨ་མཐར་བྱེད་དམར་པོ་ཕྱག་བཞི། བགེགས་མཐར་བྱེད་མཐིང་ག་ཕྱག་བཞི་པ་རྣམས་དང་གནོད་སྦྱིན་གྱིས་བསྐོར་ནས་ཁ་བ་ཅན་གྱི་འདྲེ་སྲིན་འདུལ་ཐབས་སྟོན་ཞིང་བཞུགས། དེ་ན་རྣམ་སྲས་དང་ཛམྦྷ་ལ་གཏེར་གྱི་བུམ་པ་སྟོབ་པ་ཅིག་ཀྱང་འདུག་གོ །གཙང་ཁང་བྱང་མ་ཤིན་དུ་ལེགས་ཅིང་ཉམས་དགའ་བར་གཟིགས་ནས་དེ་ན་ལྷ་སུ་ཡང་མི་སྣང་བས་ངའི་ལྷ་རྣམས་འདིར་བཞུགས་པར་བྱའོ་དགོངས་(ཇ༤༣ན)


PTT001_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཕྱིར་བྱོན་པ་དང་ཕྱི་སྒོའི་རྩེར་ཀླུའི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་དཀར་པོ་མིག་གསུམ་པ་སྤྲུལ་མགོ་ཉི་ཤུ་རྩ་གསུམ་པ་ཅིག་གིས་ཞབས་ལ་བཏུགས་ནས་ཕྱག་བྱས་སྤྲུལ་ཞགས་དཀར་པོ་ཅིག་ཕུལ་ནས་རྒྱལ་པོ་ཆེན་པོ་ཁྱོད་ཀྱི་ལྷ་ཁང་འདི་སྟོང་གསུམ་གྱི་སྟོང་ཆེན་པོར་ངས་རྒྱས་པར་བསྐྱང་གིས་ངའི་གཟུགས་ཅིག་ཀྱང་མཛོད་ཅིག་ཟེར་མི་སྣང་བར་གྱུར། དེ་བཞིན་དུ་ཀླུ་དགའ་བོ་དམར་པོ་སྦྲུལ་མགོ་དགུ་པ་སྟོང་གཉིས་བར་མའི་བར་དང༌། ཀླུ་ཉེར་དགའ་དམར་སེར་སྦྲུལ་མགོ་བདུན་པས་སྟོང་ཆུང་ངུའི་བར་བསྐྱང་ངོ་ཟེར། དེ་བཞིན་དུ་གནོད་སྦྱིན་ནཱ་ག་ཀུ་བེ་ར་དམར་པོ་ཞལ་གསུམ་ཕྱག་བཞི་པས་གསེར་གྱི་ཐག་བཟང་ཞིག་ཕུལ་ནས་ངས་མེའི་འཇིགས་པ་ལས་སྲུང་ཟེར། དྲི་ཟ་ཟུར་ཕུད་ལྔ་པ་དེ་འདྲ་བས་མེ་ཏོག་ཕུལ་སྟེ་མི་མ་ཡིན་གྱི་གནོད་པ་ལས་སྲུང་ངོ་ཟེར། སྲིན་པོ་ལང་ཀ་མགྲིན་བཅུ་ཐིང་ག་མགོ་དགུ་སྟེང་ན་རྟ་མགོ་དཔངས་བསྟོད་པ་ཅིག་གིས་གསེར་གཞོང་པ་གང་ཕུལ་སྟེ་མིའི་གནོད་པ་ལས་སྲུང་ངོ་ཟེར། དཔལ་ལྷ་མོས་ལྕགས་ཀྱི་བྲེ་སོ་ཞིག་ཕུལ་ནས་ཆུའི་འཇིགས་པ་ལས་སྲུང་ངོ་ཟེར། དཔལ་མགོན་པོས་མཐའ་དམག་གི་འཇིགས་པ་ལས་སྲུང་ངོ་ཞེས་ཁས་བླངས་སྟེ་ཐམས་ཅད་ཀྱིས་གུས་པས་ཞབས་ལ་བཏུགས་སྟེ་རང་རང་གི་གཟུགས་མཛོད་ཅིག་པར་གསོལ་བ་བཏབ། རྒྱལ་པོས་ཀྱང་ཞལ་གྱིས་བཞེས་སོ། །རྒྱལ་པོས་འཁོར་རྣམས་ལ་ནང་པར་རྟེན་སྤྱན་དྲང་བའི་བཀའ་བསྒོས་སྟེ་ལྷ་གཅིག་ཁྲི་བཙུན་གྱིས་དགའ་སྟོན་གྱི་ཡོ་བྱད་སྦྱར། བློན་པོ་རྣམས་ཀྱིས་ཤིང་རྟ་སོགས་སྟ་གོན་བྱས་སྟེ་ནང་པར་བུ་མོ་བཅུ་དྲུག་པོས་མཆོད་པ་བྱེད་དུ་འོངས། བློན་པོ་རྣམས་དང་བཙུན་མོ་རྟེན་སྤྱན་འདྲེན་དུ་འོངས་ཚེ་ལྷ་རྣམས་མི་བཞུགས་པར་སྤོས་དང་མེ་ཏོག་ཐོ་རེ་འདུག །ཁོང་རྣམས་བྲང་སྟེ་ཏབ་དི་རི་རི་བྱས་པས་ཡང་ཐོག་ན་ནེ་ཙོ་སྨྲ་མཁན་ཞིག་ཡོད་པ་ན་རེ་ཁྱེད་རྣམས་ཐུགས་ཅི་ལ་ཏབ་པར་བྱེད་ཟེར། ལྷ་རྣམས་གར་གཤེགས་ཆ་མེད་པར་གཤེགས་བྱས་པས་ནེ་ཙོ་ན་རེ་མདང་ནམ་ཕྱེད་ཙམ་ན་ལྷ་རྣམས་གཅིག་ལ་གཅིག་ཕྱག་བྱས་སྤོས་དང་མེ་ཏོག་གིས་མཆོད་ནས་ཕོ་བྲང་གི་མཐོངས་ན་ཡར་སོང་ནས་བྱང་ཕྱོགས་(ཇ༤༣བ)


PTT001_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་མའི་གླིང་ན་ཕར་ཞལ་གཏད་ནས་སོང་བས་ང་ཡང་རེ་མ་དགའ་ཞིག་བྱུང་ཟེར། ཁོང་རྣམས་ཀྱིས་བལྟར་ཕྱིན་པས་བྱེ་མའི་གླིང་ལ་ལྷ་རྣམས་ཀྱི་ཞབས་རྗེས་ལ་པདྨ་དམར་ལམ་ལམ་འདུག །དེར་རླུང་འཚུབ་བྱུང་བས་ཞབས་རྗེས་རྣམས་མ་གསལ། མིག་རྡུལ་གྱིས་གང་སྟེ་ཕར་ཅམ་ཚུར་ཅམ་བྱེད་པའི་ཚེ་དྲེའུ་དཀར་མོ་དེ་ར་ས་ལ་སྐོར་བ་བྱེད་ཅིང་སྐད་འདོན་སྣ་ས་ལ་སྣོམ་ཞིང་སོང་བའི་ཕྱིར་ཕྱིན་པས་གཙང་ཁང་བྱང་མ་ན་ཐུགས་རྗེ་ཆེན་པོ་གཙོ་འཁོར་དགུ་གདན་ཁྲི་མེད་པར་གྲལ་བྱས་སྟེ་བཞེངས་ནས་འདུག་པས་རྒྱལ་པོ་དགྱེས་ཅིང་བློན་པོ་རྣམས་ངོ་མཚར་ཆེ་ཟེར་ནས་ཕན་ཚུན་གཅིག་ལ་གཅིག་བལྟ་ཞིང་ཐལ་མོ་སྦྱར་ནས་མོས་གུས་བྱེད། བུ་མོ་བཅུ་དྲུག་པོས་མཆོད་པ་དང་བསྟོད་པ་བྱེད་དོ། །དེ་ནས་རྒྱལ་པོས་བལ་པོའི་ལྷ་གཟོ་བ་ལ་བཀའ་བསྒོས་སྟེ་ཀ་བ་ཤིང་ལོ་ཅན་གྱི་འགྲམ་དུ་ཚོན་རྩི་དང་པིར་སོགས་སྟ་གོན་བྱས་སྟེ་སང་ཉིན་ལྷ་ཇི་ལྟར་བྲི་བ་བགྲོ་བའི་ཕྱིར་རྒྱལ་བློན་དང་གཟོ་བོར་བཅས་པ་ལྷ་ཁང་དུ་བྱོན་པ་དང་ལྷོ་ངོས་ཀྱི་ལོགས་ལ་ཁཱརྶ་པཱ་ཎི་འཇིགས་པ་བརྒྱད་སྐྱོབ་ཀྱི་གླིང་དང་གང་ལ་གང་འདུལ་དེར་སྟོན་གྱི་གླིང་དང་གཉིས་ཁ་དོག་རྫོགས་པ་བྲིས་པ་ལས་ལྷག་པར་རང་བྱུང་དུ་བྱོན་ནས་འདུག་སྟེ་ཐམས་ཅད་ངོ་མཚར་སྟེ་ཕྱག་མཆོད་མཛད། དེ་ནས་སྤྲུལ་པའི་གཟོ་བོ་དེས་གཞན་རྣམས་བྲིས་སོ། །དེ་ནས་ཆོས་ཀྱི་རྒྱལ་པོས་ལྷ་གཅིག་ཁྲི་བཙུན་ལ་བཀའ་བསྩལ་བ། ཁྱོད་ཀྱིས་ང་དང་ཡབ་ཀྱི་ཐུགས་དགོངས་བཀོང་བ་དང་ཆད་བཙན་པའི་ཕྱིར་སྤྱིར་སེམས་ཅན་ཐམས་ཅད་དང་ཁྱད་པར་ཁ་བ་ཅན་པའི་མི་དང་མི་མ་ཡིན་པ་ཐམས་ཅད་ཀྱི་ཕྱག་དང་མཆོད་པའི་རྟེན་མང་དུ་བཙུགས། ངའི་ཆོས་ཀྱི་བཀའ་སྲོལ་གཏོད་པའི་བྱ་བ་ཡང་ཐོག་མར་ཁྱོད་ཀྱིས་བྱས། སླར་ཡང་ནག་པོའི་ཕྱོགས་འགྲིབ་ཅིང་དཀར་པོའི་ཕྱོགས་དར་བའི་ཕྱིར་ལྷ་ཁང་འདི་ཚར་བར་གྱིས་ཅིག་ལྷ་གཅིག་ཁྱོད་ཀྱི་ཡབ་རྒྱལ་པོ་དང་གཉེ་བོ་རྣམས་ཆད་བྱས་ནས་ངས་བོད་ཡུལ་དུ་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་པའི་སྒོ་བལ་ཡུལ་དུ་སྟོན་པར་ཆད་པས་ང་དེ་རྣམས་བཞེང་བའི་ཕྱིར་འགྲོའོ་ཞེས་བཀའ་བསྩལ་བས་ལྷ་གཅིག་མཉེས་སྟེ་བཀའ་བཞིན་འཚལ་ཞེས་གསོལ་ནས་བར་ཁང་(ཇ༤༤ན)


PTT001_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལྷག་མ་ཐམས་ཅད་མཛད། དེ་ཡང་ཐིལ་ཞལ་ཐམས་ཅད་བཻ་ཌཱུརྻ་སྔོན་པོ་ལྟར་ངང་པ་ཆུའི་རི་མོ་ཅན་ལ་སྟེང་གི་ཉ་དང་ཆུ་སྲིན་དང་བྱ་ལ་སོགས་པའི་རི་མོ་དང་འཕྲུལ་གྱི་གཟུགས་སྣང་བ། ཀ་བ་ཐམས་ཅད་རྡོ་རྗེ་ཕུར་བུའི་དབྱིབས། ཀ་གཞུ་གདུང་གདུང་ཁེབས་སོགས་བརྩེགས་ལེགས་ཅིང་དབྱིབས་སྣ་ཚོགས་པ་ཅན། སྟེང་འོག་གི་མཐོངས་ཀའི་ཕྱམ་སྣ་ཐམས་ཅད་ལ་སེང་གེ་དཀར་མོ་གཡུ་རལ་ཅན་བརྒྱ་རྩ་བརྒྱད་འཕྱོང་བ་ལྟར་གནས་ལ། རྩིག་པ་ཐམས་ཅད་ཀྱི་སོ་ཕག་ཁ་དོག་ལྔས་བར་ཁྲུ་རེ་ལྷག་ཙམ་དུ་བཞག་ནས་ཕྱི་ནང་ལྔ་རིམ་དུ་བརྩིགས་སྟེ་སྐབས་སུ་ཐོག་ཕུབ་ཅིང་ཡང་བརྩིགས་པས་གཞལ་ཡས་ཁང་གི་ཚུལ་ཅན། སྟེང་དུ་ཕ་གུ་དང་མུ་ཏིག་གི་དྲ་བ་དྲ་ཕྱེད་དང་གཡུ་བད་སྔོན་པོ་ཤིན་དུ་མཛེས་པ་མདའ་ཡབ་དང་ཤར་བུ་ཅན། ཐམས་ཅད་ལ་རིན་པོ་ཆེས་བརྒྱན་པ། དར་གྱི་ཅོད་པན་དང༌། གདུགས་དང་རྒྱལ་མཚན་དང༌། རྔ་ཡབ་དང་ཁོར་ཡུག་ལྕགས་ཐག་གིས་བསྐོར་བ་དང་བཅས་པ་ལས་དྲིལ་བུའི་ཚོགས་ཆོས་ཀྱི་སྒྲ་ཆེན་འཁྲོལ་བ། གསེར་གྱི་གཎྜི་ར་འོད་འབར་བས་སྤྲས་པ་བྱས་སོ། །གཙང་ཁང་གི་ལྷ་རྣམས་ཙནྡན་གྱི་ལྡེ་གུ་དང་རིན་པོ་ཆེ་སྣ་ཚོགས་པའི་ཕྱེ་མ་དང་དར་ཟབ་སྦྱར་ནས་རྒྱལ་པོས་ཇི་ལྟར་ཞལ་གཟིགས་པ་བཞིན་སོ་སོར་བཞེངས་སྟེ་སྒོ་དཀྱིལ་འཁོར་རིས་ཀྱི་སྒོ་འགྲམ་གཡས་སུ་གནོད་སྦྱིན་ཁང་པ་དང་གཡོན་དུ་ཀླུའི་ཁང་པ་མཛད། ཤར་ལྷོའི་གཡུང་དྲུང་ཁུགས་སུ་ལྕོག་སྟེང་ཁང་གྲུ་སྐས་དང་བཅས་པ་བྱས་སྟེ་དཔལ་ལྡན་ལྷ་མོའི་རྟེན་བཙུགས། ལྷོ་ཕྱོགས་ལ་རང་བྱུང་གི་རི་མོའི་གླིང་གཉིས་ཀྱི་ཁར་འཇམ་དབྱངས་དང་བདེ་བ་ཅན་གྱི་ཞིང་བཀོད། ལྷོ་ནུབ་ཏུ་རིགས་གསུམ་མགོན་པོ། ནུབ་ཕྱོགས་ལ་རིགས་ལྔ་དང་སྤྲུལ་པའི་རྒྱལ་པོའི་རྣམ་ཐར། ནུབ་བྱང་དུ་དུས་གསུམ་སངས་རྒྱས། བྱང་དང་བྱང་ཤར་ལ་ཐུབ་པའི་མཛད་པ་རྣམས། ཤར་ལོགས་ལ་སྒྲོལ་མ་སྤྱན་རས་གཟིགས་ཐུབ་པ་བདུད་འདུལ་སེམས་དཔའི་ཚོགས་བཅས། ཤར་ལྷོར་སྨན་པའི་རྒྱལ་པོའི་ལྷ་ཚོགས། བར་ཁང་དུ་རྟ་མགྲིན་དཀར་པོ་དང་ཇོ་མོ་སྒྲོལ་མ་སོགས་བྲིས། གདུང་རྣམས་(ཇ༤༤བ)


PTT001_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མངོན་པའི་རྒྱུད་རིས། གདུང་རྩར་མདོ་སྡེའི་རྒྱུད་རིས། ཀ་བ་ལ་འདུལ་བའི་རྒྱུད་རིས་སྟེ་མ་འོངས་པའི་དབོན་སྲས་དང་རབ་བྱུང་གི་དོན་དུ་སྡེ་སྣོད་གསུམ་གྱི་རྒྱུད་རིས་བྲིས། ཕྱི་རབས་རྣམས་ཀྱིས་རིག་པའི་ཆོས་གོ་བར་བྱ་བའི་ཕྱིར་གག་སྤང་དང་ཀ་གཞུ་དང་གདུང་ཕྲན་སོགས་ལ་སྒྲུང་དང་ལྡེའུ་དང་བོན་ཤ་བ་ན་མཁའ་ལ་འགྲོ་བ་སོགས་བྲིས། བོན་གྱི་དཔེ་ཕལ་ཆེར་ཀ་བའི་འོག་དུ་སྦས་རི་མོ་རྣམས་མ་འོངས་པ་ཉམས་པ་གསོ་བའི་ཆེད་དུ་ཕྱི་མོ་བེ་བུམ་དུ་བྱས་སྟེ་དཀོར་མཛོད་དང་ཀེའུ་ཚང་དུ་བཞག་གོ །ར་སའི་ལྷ་ཁང་རྨང་མ་ཐིངས་ཀྱི་བར་ཀོང་ཇོ་ལ་ལྷ་ཁང་རྩིག་པའི་དབང་མེད་ནས་ར་མོ་ཆེར་ཀ་བའི་བར་ཤིང་དང་ལ་མས་བརྩིགས་ནས་སྒོ་ཤར་དུ་ཕྱེ་བས་ཞལ་དང་པོ་ནུབ་ཏུ་གཟིགས་པ་དེ་ཤར་དུ་རང་འགྱུར་དུ་བྱུང༌། ཕྱིས་ས་ཕག་གིས་ལེགས་པར་བརྩིགས་སྟེ་རྒྱ་ཕིབས་སྟག་ལྟར་བཀྲ་བས་རྒྱ་སྟག་ར་མོ་ཆེའི་ལྷ་ཁང་དུ་གྲགས། ཞང་ཞུང་བཟའ་ལི་ཐིག་སྨན་གྱིས་ཐེམ་བུ་བཀོག་པའི་ལྷ་ཁང་བཞེངས། དེའི་ཚེ་སུམ་པ་ཀི་ཀང་རྡོས་ངན་སྔགས་ཀྱིས་ཤིག་ལིད་ཕྱ་ར་ཙམ་བཏང་བས་ཤིག་ཕུག་རོན་ཙམ་བྱུང་བ་རྒྱལ་པོའི་མཐུས་མ་ཚུགས་སྐད། རུ་ཡོངས་བཟས་བྲག་ལྷ་ཀླུ་ཕུག་གི་རང་བྱུང་རྣམས་གསལ་བར་བརྐོས་སྟེ་ཚྭ་ལ་བརྒྱད་བཅུ་སྡེའི་དུས་བྲག་ཕྱེ་བྲེ་རེ་ཕེད་པ་ལ་ཚྭ་བྲེ་རེ་བྱིན་ནས་བྲག་ལ་སྐོར་ཁང་བརྐོས། མོང་བཟའ་ཁྲི་ལྕམ་གྱིས་ཡེར་པའི་གཙུག་ལག་ཁང་བཞེངས། ཁ་ཅིག་དུ་རུ་ཡོངས་བཟས་མིག་མང་ཚལ་གྱི་ལྷ་ཁང་བཞེངས། མི་ཉག་བཟས་ལྷ་ས་མཁར་བྲག་བཞེངས་ཅེས་སོགས་སྣང་ཡང་བཙུན་མོ་ལྔ་ཞེས་ཡང་ཡང་བཤད་པས་མི་ཉག་བཟའ་དང་རུ་ཡོངས་བཟའ་གཅིག་པར་སྣང་ལ་མཁར་བྲག་ནི་འདི་ནས་རྒྱལ་རབས་བཞིའི་འོག་དུ་བྱུང་བ་ཡིན་ནོ། །དེ་ནས་སྤྲུལ་པའི་རྒྱལ་པོས་བློན་པོ་ཆེན་པོ་བཅུ་དྲུག་དང་བཅས་སྟེ་བོད་ཡུལ་ཐམས་ཅད་དུ་སྐུའི་སྣང་བ་སོ་སོར་བསྟན་སྟེ་ནུབ་ཕྱོགས་བལ་པོའི་ཡུལ་དུ་སྒོ་བསྟན་པའི་ལྷ་ཁང་བརྒྱ་རྩ་བརྒྱད་དང༌། རྒྱའི་སོ་ཁ་ཕྱིར་འཕུལ་བ་དང་རྒྱ་རྗེ་ལ་ཞལ་གྱིས་བཞེས་པ་ཆད་བཙན་པར་བྱ་བའི་ཕྱིར་རྒྱ་ནག་རི་བོ་རྩེ་ལྔའི་བར་དུ་(ཇ༤༥ན)


PTT001_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཁང་བརྒྱ་རྩ་བརྒྱད་སྒོ་རྒྱ་ནག་ལ་བསྟན་པ་མཛད་ཅིང་ཐམས་ཅད་ཀྱི་མཐའ་མར་མི་ཉག་རབ་སྒང་དུ་ཡོངས་རྫོགས་རབ་དགའི་ལྷ་ཁང་མཛད་དེ་མཐའ་འདུལ་ནས་འདིའི་བར་གྱི་ལྷ་ཁང་རེ་རེ་ལ་ཡང་ངོ་མཚར་བའི་ལོ་རྒྱུས་མང་དུ་ཡོད་པར་སྣང་ངོ༌། །དེ་རྣམས་ལོ་བཅུ་གསུམ་གྱིས་ཐིམ་སྟེ་རྒྱལ་པོ་ཕོ་བྲང་དུ་ཕེབས། ར་སར་སྤྱན་དྲངས་པས་མཐིལ་ཞལ་ཆུ་འདྲ་བའི་ནང་ན་འཕྲུལ་གྱི་གཟུགས་བརྙན་རྣམས་གཡོ་བ་གཟིགས་སྟེ་མཚོ་དེ་བརྡོལ་ནས་སྣང་བ་གསུང་སྐད། བལ་བཟས་མཚོ་མ་ལགས་བྱས་པས་སླར་རྒྱལ་པོས་ཆིབས་ལྕག་བོར་བས་ཀྱང་ཆུ་སྟེང་ན་ལྡིང་བ་འདྲ་བ་ཞིག་བྱུང་ནས་ཐུགས་མ་ཆེས། དེར་ཁྲི་བཙུན་གྱིས་རིན་པོ་ཆེའི་སོར་གདུབ་བོར་བས་སིང་ཁྲ་ལ་ལ་དཀྱིལ་འཁོར་གྱི་རྩར་སོང་བས་དོད་ཐུགས་ཆེས་སྟེ་ལྷ་ཁང་རྣམས་སུ་བྱོན་སྟེ་གཟིགས་པས་སྤྲུལ་པའི་སྐུ་དངོས་སུ་མཁྱེན། སྟེང་ཁང་དུ་གཟིགས་ནས་ཁྱོད་ཀྱི་ཤིང་གཟོ་ལ་སོགས་པ་འདི་རྣམས་ཤིན་དུ་ལེགས་སྟེ་ངའི་འཕྲུལ་གྱི་གཟོ་དང་ཁྱད་མི་སྣང་གསུངས་པས་འཕྲུལ་སྣང་དུ་མཚན་ཐོགས་ཅིང་དང་པོར་ར་ལ་ས་བསྐྱལ་པས་ར་ས་འཕྲུལ་སྣང་དུ་མཚན་ཆགས་ཅིང་ལྷ་ཀླུ་མི་གནོད་སྦྱིན་དགའ་བས་དགའ་བཞི་འཕྲུལ་གྱི་ལྷ་ཁང་ཞེས་ཀྱང་གྲགས་སོ། །ཀོང་ཇོས་ཀྱང་ར་མོ་ཆེར་སྤྱན་དྲངས་སྟེ་རབ་ཏུ་དགྱེས་པ་ཐོབ། བཙུན་མོ་གཞན་གསུམ་གྱིས་ཀྱང་རང་རང་གི་ཐུགས་དམ་གྱི་ལྷ་ཁང་གཟིགས་སུ་ཕུལ་ལོ། །དེ་ནས་མཆོད་པའི་ཡོ་བྱད་རྒྱ་ཆེར་བཤམས། །རྒྱལ་པོ་དཀྱིལ་འཁོར་སྟེང་བྱོན་མེ་ཏོག་བཟུང༌། །ཕྱག་གཉིས་ཐལ་སྦྱར་བདེན་པའི་ཚིག་བརྗོད་པ། །རྐང་གཉིས་གཙོ་བོ་ཐུབ་དབང་ཤཱཀྱའི་སྲས། །གྲངས་མེད་སྤྲུལ་པས་འགྲོ་བའི་དོན་མཛད་པ། །སྟོན་པ་བདེ་བར་གཤེགས་པ་ལ་སོགས་པ། །ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་བདེ་ལེགས་སྩོལ། །ཐབས་མཁས་ཐུགས་རྗེར་ལྡན་པའི་ཆུ་རྒྱུན་གྱིས། །གང་ལ་གང་འདུལ་སྨིན་ཞིང་གྲོལ་བར་མཛད། །རྗེ་བཙུན་སྤྱན་རས་གཟིགས་དབང་ལ་སོགས་པ། །བྱང་ཆུབ་(ཇ༤༥བ)


PTT001_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་རྣམས་ཀྱིས་བདེ་ལེགས་སྩོལ། །རྣམ་དག་དྲི་མ་མེད་པ་རྒྱལ་བའི་བཀའ། །བསྡུ་བ་ནམ་བཞིས་དམ་ཆོས་རྒྱས་པར་མཛད། །རྒྱལ་སྲས་གནས་བརྟན་རབ་འབྱོར་ལ་སོགས་པ། །འཕགས་པའི་གནས་བརྟན་རྣམས་ཀྱིས་བདེ་ལེགས་སྩོལ། །གཞན་ཡང་ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་ཀྱི། །འདས་དང་མ་བྱོན་ད་ལྟར་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། །གནས་འདིར་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །དེ་ལྟར་སྤྲུལ་པའི་ཆོས་ཀྱི་རྒྱལ་པོ་ཡིས། །བདེན་པའི་སྟོབས་བརྗོད་ཤིས་པ་མཛད་པའི་ཚེ། །རྒྱལ་བ་རྒྱལ་སྲས་ཡི་དམ་ཆོས་སྐྱོང་ཀུན། །ཉི་ཟེར་རྡུལ་ཙམ་སྤྲིན་དང་ན་བུན་ལྟར། །འཐིབས་སྟེ་སངས་རྒྱས་ཀུན་གྱིས་མེ་ཏོག་གཏོར། །བྱིན་བརླབས་རྒྱལ་སྲས་རྣམས་ཀྱིས་ཤིས་པ་བརྗོད། །ཚངས་སོགས་ལྷ་ཡིས་མེ་ཏོག་ཆར་ཆེན་ཕབ། །ལྷ་མོ་རྣམས་ཀྱིས་མཆོད་རྫས་ཀུན་གྱིས་མཆོད། །ལྷ་ཡི་རོལ་མོའི་ཚོགས་ཀུན་མཁའ་ལ་འཁྲོལ། །དྲི་ཞིམ་སྤོས་ངད་གོ་མཚམས་མེད་པར་ཁྱབ། །ན་མཁའ་ཁྱབ་པའི་ཡེ་ཤེས་སེམས་དཔའི་ཚོགས། །དམ་ཚིག་པ་ལ་དབྱེར་མེད་བརྟན་པར་གྱུར། །ལྷ་རྣམས་བསྟོད་པའི་དབྱངས་སྙན་རྣམ་མང་གིས། །ཆོས་ཀྱི་རྒྱལ་པོ་མངོན་པར་བསྟོད་དེ་སོང༌། །དེ་ལྟར་གཙུག་ལག་ཁང་མཆོག་རྣམ་གཉིས་ལ། །རབ་གནས་བཀྲ་ཤིས་ལྷུན་གྱིས་གྲུབ་པར་མཛད། །མེ་ལོང་གཟུགས་བརྙན་བཞིན་དུ་ཀུན་གྱིས་མཐོང༌། །གླུ་གར་ལྟད་མོ་ལ་སོགས་བོད་འབངས་དང༌། །མཐུན་པའི་དགའ་སྟོན་ལོ་ཟླ་དུ་མར་སྤྱད། །དེ་ཚེ་རྒྱལ་པོས་དགྱེས་པའི་གླུ་གསུངས་པ། །ཐུགས་རྗེའི་བདག་ཉིད་དཀོན་མཆོག་གསུམ། །ཐར་པའི་ལམ་སྟོན་སྤྱན་རས་གཟིགས། །གུས་པའི་ཡིད་ཀྱིས་གསོལ་བ་འདེབས། །བཀྲ་ཤིས་པའི་གླུ་ལ་དགོངས་སུ་གསོལ། །དེ་རིང་མདུན་གྱི་ན་མཁའ་ལ། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །སྤྲིན་ཕུང་ལྟ་བུར་བཞུགས་པ་མཐོང༌། །བཀྲ་ཤིས་(ཇ༤༦ན)


PTT001_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

རབ་གནས་ལྷུན་གྱིས་གྲུབ། །ཚངས་པ་ལ་སོགས་ལྷ་རྣམས་ཀྱིས། །སིལ་སྙན་རོལ་མོའི་སྒྲ་ཡང་འཁྲོལ། །མེ་ཏོག་མནྡྷའི་ཆར་ཕབ་པས། །བཀྲ་ཤིས་རབ་གནས་ལྷུན་གྱིས་གྲུབ། །སངས་རྒྱས་བསྟན་པའི་རྒྱལ་མཚན་བཙུགས། །ནག་པོའི་ཕྱོགས་ལས་རྣམ་པར་རྒྱལ། །བདུད་དཔུང་བཅོམ་པའི་མཐུ་དཔལ་གྱིས། །བཀྲ་ཤིས་རབ་གནས་ལྷུན་གྱིས་གྲུབ། །དམ་པའི་ཆོས་ཀྱི་རྔ་ཆེན་བརྡུངས། །དུག་ལྔ་གཏི་མུག་རང་སར་ཞི། །དཀོན་མཆོག་གསུམ་གྱི་རྔ་སྒྲ་ཡིས། །བཀྲ་ཤིས་རབ་གནས་ལྷུན་གྱིས་གྲུབ། །དེ་རིང་སྐྱིད་པའི་ཉི་མ་ཤར། །རང་དབང་མེད་པའི་དགའ་སེམས་སྐྱེས། །འདོད་དགུའི་ལོངས་སྤྱོད་ཆར་བཞིན་བབ། །བཀྲ་ཤིས་རབ་གནས་ལྷུན་གྱིས་གྲུབ། །ཡི་དམ་ལྷ་ཡི་བཀྲ་ཤིས་ཀྱིས། །སྲོང་བཙན་སྒམ་པོ་བཀྲ་ཤིས་པ། །བཀྲ་ཤིས་གླུ་རུ་བླངས་པ་ཡིན། །ངའི་བོད་འབངས་རྣམས་ལ་བཀྲ་ཤིས་ཤོག །དེ་ལྟར་ཚངས་པའི་དབྱངས་ཀྱིས་དགྱེས་གླུ་གསུངས། །ལྷ་མིར་བཅས་པའི་འགྲོ་ཀུན་ཡི་རངས་གྱུར། །དེ་ཚེ་ལྷ་མོ་ཡི་གེ་དྲུག་མ་དངོས། །བཙུན་མོ་ཆུང་མ་མོང་བཟའ་ཁྲི་ལྕམ་ལས། །ལྷ་སྲས་གུང་སྲོང་གུང་བཙན་ཞེས་བྱ་བ། །ནོར་བུ་འཛིན་དབང་མངོན་སུམ་མི་གཟུགས་སུ། །བྲག་ལྷ་བཀྲ་ཤིས་གཞལ་ཡས་ཁང་དུ་འཁྲུངས། །བཙས་སྟོན་ཆེར་མཛད་བོད་འབངས་དགའ་མགུར་གྱུར། །དེ་ལྟར་ཐུགས་དམ་ལྷ་ཁང་མཐར་ཕྱིན་ནས། །དགེ་བཅུའི་རྒྱལ་ཁྲིམས་བཙན་ཞིང་བརྟན་པའི་ཕྱིར། །སྤྲུལ་པའི་ཁྲིམས་ར་དངངས་ཤིང་འཇིགས་པ་བཅས། །མི་དགེ་བཅུ་ལ་སྤྱོད་ཅིང་མི་ལྡོག་པ། །དེ་དག་གཤེད་མ་འཇིགས་རུང་གིས་བཟུང་སྟེ། །མགོ་དང་ཡན་ལག་ཉིང་ལག་གཅོད་ཅིང་བཏུབ། །ལྕེ་དང་མིག་འབྲུ་ཁྲོ་ཆུས་པགས་པ་བརྙིལ། །མགོ་དང་ཡན་ལག་མིག་སོགས་ཕུང་པོར་སྤུངས། །དེ་ལྟའི་ཁྲིམས་ར་མཐོང་བས་སྐྱི་གཡའ་བ། །ལྷ་ས་ཁྲ་འབྲུག་ལ་སོགས་བོད་ཡུལ་གྱི། །ཡུལ་ལྗོངས་(ཇ༤༦བ)


PTT001_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་བྲང་ཀུན་ན་ཅིག་ཆར་སྣང༌། །ཡེ་ཤེས་སྒྱུ་མའི་འཕྲུལ་ཐབས་དྲག་པོ་ཡིས། །མི་དགེ་སྤྱོད་ནུབ་ཀུན་ཀྱང་དགེ་བཅུར་གནས། །དེ་ཚེ་ལི་ཡི་ཡུལ་གྱི་དགེ་ཚུལ་གཉིས། །བོད་ཡུལ་སྤྱན་རས་གཟིགས་དབང་དྲུང་སོང་ཞེས། །འཇམ་པའི་དབྱངས་ཀྱིས་མངོན་སུམ་ལུང་བསྟན་ནས། །བོད་ཡུལ་འོངས་པའི་མི་མོས་ཟློག་པའི་ཕྱིར། །དེ་ཀུན་སྤྲུལ་པའི་ཁྲིམས་ར་ཡིན་ནོ་ཞེས། །སེ་གོལ་བརྡབས་པའི་མོད་ལ་མི་སྣང་གྱུར། །སྤྱི་བོའི་འོད་དཔག་མེད་ཞལ་མངོན་སུམ་བསྟན། །སྐལ་པར་འཚམས་པའི་ཆོས་ཀྱིས་སྨིན་མཛད་སྟེ། །སྐད་ཅིག་ལི་ཡུལ་ཕྱིན་པར་བྱིན་གྱིས་བརླབས། །ཕྱི་མར་དགྲ་བཅོམ་གོ་འཕང་ཉིད་ལ་བཀོད། །དེ་ཡང་ལི་ཡུལ་དུ་དགེ་ཚུལ་གཉིས་ཀྱིས་སྤྱན་རས་གཟིགས་བསྒྲུབས་པས་ན་མཁའ་ལ་འཕགས་པ་འཇམ་དཔལ་བྱོན་དེ་ཁྱེད་གཉིས་སྤྱན་རས་གཟིགས་ལྟ་བར་འདོད་ན་ད་ལྟ་བོད་ཀྱི་ཡུལ་ན་རྒྱལ་པོར་སྤྲུལ་ནས་བཞུགས་ཀྱི་དེར་སོང་ལ་ལྟོས་ཅིག་ཞེས་ལུང་བསྟན་སྟེ་མི་སྣང་བར་གྱུར། དེ་མ་ཐག་དུ་གསེག་ཤང་དང་ལྷུང་བཟེད་ཐོགས་སྟེ་བོད་དུ་འོངས། ཐོག་མར་ཁྲ་འབྲུག་དུ་ཕྱིན་པས་ཆད་པ་གཅོད་པ་སྔ་མ་དང་ཐུག་སྟེ་མགོའི་ར་བ་དང་མིག་གི་ཕུང་པོ་སོགས་འདུག་པས་འདི་ལྟ་བུ་ཅི་ཡིན་སུས་བྱས་དྲིས་པས་རྒྱལ་པོས་ཁྲིམས་མཛད་པ་ཡིན་ཟེར་བས་མ་དད་སྟེ་འཕགས་པ་འཇམ་དཔལ་མ་ཡིན་བདུད་འདུག་པ་ཟེར་ནས་ལོག་སྟེ་མགོའི་ར་བ་ལ་དབུ་རར་མིང་ཆགས། ཡང་ལྷ་ས་དང་ཉེ་བར་སླེབ་སྟེ་བོན་པོ་ཞར་བ་རྟ་ཞོན་པ་ཅིག་བྱུང་བ་ལ་ལི་ཡུལ་དུ་འགྲོ་བའི་ལམ་དྲིས་པས་ང་རྒྱལ་པོའི་ལྷ་ཁང་རྩིག་པའི་ཕོ་ཉ་ལ་རིངས་པར་ཡོད། སྟོན་མི་ཁོམ་ཟེར་ནས་སོང༌། སྟོད་ལུང་མདའི་ཆུ་འགྲམ་ན་མི་རོ་མགོ་མེད་དང་མིག་མེད་སོགས་མང་དུ་འདུག་ལྷ་སར་སླེབས་པས་ནུབ་ཕྱོགས་ཀྱི་ལྕགས་རིའི་ཁ་ན་ཆད་པ་གཅོད་པ་རྒྱུན་མི་འཆད་པར་མཐོང་བས་སྤྱན་རས་གཟིགས་ག་ལ་ཡིན་ཟེར་ནས་ཕྱིར་ལོག་དན་འབག་གི་ཐང་ལ་སླེབས་ཚེ་རྒྱལ་པོས་མཁྱེན་སྟེ་བློན་པོ་ཅིག་ལ་རྟ་གུ་རུབ་ནག་པོ་བསྐྱོན་ནས་དན་འབག་གི་ཐང་ལ་མི་ངེད་རང་དང་ཆ་བྱད་མི་འདྲ་བ་སྐྲ་བྲེགས་པ་(ཇ༤༧ན)


PTT001_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

གོས་ངུར་སྨིག་གྲུ་བཞི་གྱོན་པ་གཉིས་འགྲོ་ཞིང་ཡོད་སྟེ་ཁྲིད་ལ་ཤོག་གསུངས་སྟེ་སྤྱན་སྔར་ཁྲིད་ཕྱིན་པས་རྒྱལ་པོས་དེ་གཉིས་ཀྱི་ཞབས་ལ་ཕྱག་མཛད་དེ་ཁྱེད་གཉིས་གང་ནས་འདིར་ཅི་བྱེད་དུ་འོངས་གསུངས་པས་དེ་གཉིས་ན་རེ་བདག་ཅག་གཉིས་འཕགས་པ་འཇམ་དཔལ་གྱིས་ལུང་བསྟན་ནས་སྤྱན་རས་གཟིགས་བལྟར་མཆིས་པ་ལགས་སྟེ་ཟེར། འོ་ན་ཁྱེད་གཉིས་སྤྱན་རས་གཟིགས་བལྟ་བར་འདོད་དམ་གསུངས་པས་དེ་དང་འཚལ་དེ་ཟེར། དེར་ནུབ་ཕྱོགས་བྱེ་མའི་གླིང་ལ་ཁྲིད་དེ་ལ་ཐོད་ཕུད་ནས་ཨ་མི་ཏཱ་བྷའི་ཞལ་བསྟན་ཞལ་བཅུ་གཅིག་པ་དངོས་སུ་བསྟན་ཡང་ཟེར། ཁྱེད་སྤྱན་རས་གཟིགས་སེམས་ཅན་འདི་ཙམ་གསོད་པ་ཙུག་ལགས་ཞུས་པས་བོད་མི་འདི་རྣམས་ཞི་བས་མི་འཐུལ་བས་སྤྲུལ་པ་བྱས་པ་ཡིན་གསུངས་སྟེ་སེ་གོལ་བརྡབས་པས་ཁྲིམས་ར་དང་གཤེད་མ་སོགས་མི་སྣང་བར་གྱུར། དེ་གཉིས་ཡིད་ཆེས་ནས་གདམ་པ་ཞུས་པས། ལུས་ཀྱི་མི་དགེ་བ་གསུམ་སྤོངས་ལ་ཕྱག་དང་སྐོར་བ་བྱེད་ཅིང་མཐོ་རིས་ཀྱི་གཞི་རྟེན་ཚུལ་ཁྲིམས་བསྲུངས་ལ་བསླབ་གསུམ་དང་མི་འབྲལ་བར་གྱིས་ཅིག །ངག་གི་མི་དགེ་བ་བཞི་སྤོངས་ལ་སངས་རྒྱས་དང་དམ་ཆོས་ཐམས་ཅད་ཀྱི་སྙིང་པོ་ཡི་གེ་དྲུག་པ་ཟློས་ཅིག །ཡིད་ཀྱི་མི་དགེ་བ་གསུམ་སྤོངས་ལ་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་སྟེ་བྱམས་པ་དང་སྙིང་རྗེ་དྲག་པོས་བདག་གཞན་བརྗེ་བའི་བློ་སྒོམས་ཅིག་ཆོས་བཟང་པོ་ལས་བསམ་པ་བཟང་པོ་ལྷག་པ་ཡིན་ནོ། །འདི་གསུམ་དང་ལྡན་ན་བྱང་ཆུབ་འགྲུབ་ལ་མི་ལྡན་ན་མདོ་རྒྱུད་མན་ངག་ཐམས་ཅད་བློ་ནས་འདོན་དུ་ཡོད་ཀྱང་སྙིང་པོ་མེད་ཏོ་ཅེས་གདམས་ཤིང་གཞན་ཡང་ཐུགས་རྗེ་ཆེན་པོའི་ཆོས་སྐོར་དུ་མ་གསུངས་སོ། །དེ་ནས་དེ་གཉིས་ཀྱིས། ཀྱེ་མ་ཆོས་རྒྱལ་སྤྲུལ་པའི་སྐུ། །ཨཱརྻ་པ་ལོ་ཐུགས་རྗེ་ཅན། །ཡུལ་དུ་འགྲོ་བས་སྐྱེལ་མ་ཞུ། །ཞེས་ཞུས་པས་ཁྱེད་གཉིས་ཡུད་ཙམ་གྱིས་ཕྱིན་པར་འདོད་དམ་གསུངས། འཚལ་ལོ་ཞུས་པས་ཐུ་བར་བྱེ་མ་བྲེ་རེ་བླུག་སྟེ་སྤྱི་བོར་ཕྱག་བཞག་ནས་བྱིན་གྱིས་བརླབས་པའི་མདོ་ལ་རང་ཡུལ་དུ་སླེབས་སྟེ་བྱེ་མ་གསེར་དུ་གྱུར་ནས་སྣང༌། དེ་ཕྱིན་(ཇ༤༧བ)


PTT001_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ལི་ཡུལ་ཐམས་ཅད་དུ་བོད་ཀྱི་རྒྱལ་པོ་ནི་སྤྱན་རས་གཟིགས་དངོས་སོ་ཞེས་གྲགས། དེ་གཉིས་ཕྱི་མར་དགྲ་བཅོམ་པ་ཐོབ་སྟེ་ཐེ་ཚོམ་ཟོས་པས་དངོས་གྲུབ་ཕྱི་མར་འགྱངས་པའོ། །འདི་ལ་འཇམ་དཔལ་བསྒྲུབས་པས་ང་དང་ལས་འབྲེལ་མེད་ཀྱིས་སྤྱན་རས་གཟིགས་ཀྱི་དྲུང་དུ་སོང་ཞེས་ཀྱང་སྣང་ངོ༌། །གུང་རི་གུང་བཙན་རྒྱལ་སར་དབང་བསྐུར་སྟེ། །དེ་ཡི་ལྷ་སྲས་མང་སྲོང་མང་བཙན་འཁྲུངས། །གུང་སྲོང་ཆབ་སྲིད་ལོ་ལྔར་མངའ་མཛད་ནས། །བཅོ་བརྒྱད་བཞེས་ཚེ་པོ་ཊ་ལ་རུ་གཤེགས། །གུང་སྲོང་འདི་ཡབ་ཀྱིས་ང་གསུམ་བཞེས་པ་ལྕགས་མོ་སྦྲུལ་ལ་འཁྲུངས། ལོ་བཅུ་གསུམ་ན་རྒྱལ་སར་བསྐོས། བཙུན་མོ་འ་ཞ་བཟའ་མོང་རྗེ་ཁྲི་དཀར་ཁབ་ཏུ་བཞེས་པ་ལ་མེ་ཁྱི་ལ་སྲས་མང་སྲོང་མང་བཙན་འཁྲུངས། བློན་པོ་མྱང་མང་པོ་རྗེ་ཞང་སྣང་དང་སྣུབས་བཙན་ཏོ་རེས་བྱས། ཆབ་སྲིད་ལོ་ལྔ་མཛད་དེ་བཅོ་བརྒྱད་ལ་གཤེགས། གུང་སྲོང་བང་སོ་དོན་མཁར་མདའ་རུ་བརྩིགས། །གྲལ་ནི་གནམ་རི་སྲོང་བཙན་གཡོན་ན་ཡོད། །མིང་ནི་གུང་ཆེན་གུང་རི་ལགས་སོ་སྐད། །སླར་ཡང་ཡབ་ཀྱིས་རྒྱལ་སྲིད་ཆོས་བཞིན་མཛད། །བོད་ཡུལ་བདེ་སྐྱིད་ཕུན་ཚོགས་འབྱུང་བའི་སླད། །དགོས་འདོད་སྩོལ་བའི་གཏེར་མང་སྦས་པ་ནི། །ཀ་བ་བུམ་པ་ཅན་དང་ཉེ་བར་སར། །དམ་ཆོས་གཏེར་སྦས་དེ་ཡི་ཕན་ཡོན་གྱིས། །སངས་རྒྱས་བསྟན་པ་ཉི་མ་ཤར་འདྲ་འབྱུང༌། །ཐམས་ཅད་དམ་པའི་ཆོས་ལ་སྤྱོད་པར་འགྱུར། །ཤིང་ལོ་ཅན་ལ་གསེར་དངུལ་རིན་ཆེན་སྦས། །རིན་ཆེན་ལ་སྤྱོད་མཐའ་ནོར་མ་ལུས་འདུ། །སྦྲུལ་མགོ་ཅན་ལ་དྲག་སྔགས་མཐུ་གཏེར་སྦས། །མཐའ་དམག་བགེགས་དང་ལོག་འདྲེན་ཞི་བར་འགྱུར། །སེང་མགོ་ཅན་ལ་ཕྱུགས་ཀྱི་གཡང་ཡིག་སྦས། །བཞོན་ཕྱུགས་འཕེལ་ཞིང་དཀར་ཐོག་བཅུད་ལྡན་འགྱུར། །རཏྣ་དེ་ཝ་ཛམ་ལའི་འོག་དུ་སྦས། །རྒྱན་གོས་ནོར་འབྲུ་གང་ལ་ཅི་འདོད་འབྱུང༌། །སྟག་ཤ་དེ་ཝ་ཀླུ་ཁང་ནང་དུ་སྦས། །ལོ་ལེགས་ཆར་འབབ་ཀླུ་ཡི་གནོད་པ་འཇིལ། །(ཇ༤༨ན)


PTT001_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

བཻ་ཌཱུར་ལྷུང་བཟེད་ཟས་སྣའི་ཚོགས་ཀྱིས་བཀང༌། །གནོད་སྦྱིན་ཁང་སྦས་བཟའ་བཏུང་མ་ལུས་འབྱུང༌། ཁ་ཟས་ལྷག་པར་བཅུད་དང་ལྡན་པ་ཡིན། །ཟངས་ཆེན་གསེར་དང་རིན་ཆེན་ཚོགས་ཀྱི་བཀང༌། །དཀྱིལ་འཁོར་འོག་སྦས་མཆོད་དང་ཞིག་གསོའི་རྒྱུར། །སྐལ་བ་ཅན་ལ་སྨོན་ལམ་བཏབ་སྟེ་སྦས། །གཞན་ཡང་རིན་ཆེན་སྣ་ཚོགས་དུ་མ་རྣམས། །ནང་སྐོར་དུ་མར་དཔག་མེད་སྦས་པ་ཡིས། །ས་ཕྱོགས་འོད་ལྡན་ཆར་ཆུ་དུས་སུ་འབབ། །ཐན་པ་སད་སེར་བཙའ་དང་མུ་གེ་མེད། །ནད་དང་མཐའ་དམག་མི་འབྱུང་བཀྲ་ཤིས་ཤིང༌། །བདེ་ལེགས་ཡོན་ཏན་དཔག་མེད་འབྱུང་བར་འགྱུར། །ཅུང་ཟད་ཞིབ་པར་བཀའ་ཡི་ཐང་ཡིག་བལྟ། །ཐང་ཡིག་ནས་འདི་ལྟར་བཤད་ཅིང་གཏེར་སྒོ་སོགས་རེ་ཞིག་སྣང་ལ་ཀ་བཀོལ་མར་ཤིང་ལོ་ཅན་ལ་ཆོས་གཏེར། སེང་མགོ་ཅན་ལ་ཕྱིར་ལྡོག །བུམ་པ་ཅན་ལ་རིན་པོ་ཆེའི་གཏེར། དཀྱིལ་འཁོར་གྱི་འོག་དུ་སྟག་ཤ་དེ་ཝ། ཀླུ་ཁང་དུ་རཏྣ་དེ་ཝ། བཻ་ཌཱུ་རྻའི་ལྷུང་བཟེད་ཐེམ་པ་ལ་སྦས་ཅེས་ཀྱང་སྣང་ཞིང་སྤྱིར་ཁ་བྱང་སོགས་ཤིན་ཏུ་རྒྱས་པར་ཡོད་འདུག་པ་མ་དཔེ་ལ་ལར་སྣང་ངོ༌། །ཀོང་ཇོས་ཀྱང་ས་དཔྱད་ལེགས་པར་མཛད་པས་བོད་འབངས་ལ་དྲིན་ཆེའོ་ཞེས་རྒྱལ་པོ་དང་ཁྲི་བཙུན་གྱིས་དྲིན་དུ་གཟོ་བར་མཛད་ཏོ། །རྒྱལ་པོའི་ཞལ་ནས་ང་ཡི་ལྷ་ཁང་འདིར། །རྒྱལ་བའི་རྟེན་མཆོག་རྨད་དུ་བྱུང་བ་རྣམས། །རིན་ཆེན་དཔག་མེད་དང་བཅས་བཞུགས་པའི་མཐུས། །ཇི་སྲིད་སངས་རྒྱས་བསྟན་པ་གནས་ཀྱི་བར། །རིན་ཆེན་གླིང་ལྟར་ཡོན་ཏན་དཔག་མེད་ལྡན། །མཆོག་གི་སྤྲུལ་སྐུ་དངོས་སུ་བཞུགས་པའི་ཕྱིར། །ས་བཅུའི་བྱང་ཆུབ་སེམས་དཔའ་སྐྱེས་ཆེན་རེ། །ཟག་པ་ཀུན་ཟད་འཕགས་པ་དགྲ་བཅོམ་རེ། །ཡེ་ཤེས་མཆོག་དངོས་གྲུབ་པའི་དབང་པོ་རེ། །རང་བཞིན་ལྷན་ཅིག་སྐྱེས་མའི་མཁའ་འགྲོ་རེ། །ནམ་ཡང་རྒྱུན་མི་འཆད་(ཇ༤༨བ)


PTT001_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྟག་དུ་བཞུགས། །སྣ་ཚོགས་གཟུགས་འཛིན་ཕལ་གྱིས་རྟོགས་པར་དཀའ། །བོད་ཡུལ་ལྷ་ཁང་ཀུན་ལས་མངོན་པར་མཐོ། །ཡོན་ཏན་ཀུན་ལྡན་ལོངས་སྤྱོད་ཟད་པ་མེད། །མཐའ་བཞི་ལས་རྒྱལ་གྲགས་པས་གླིང་བཞི་ཁྱབ། །ཛམྦུའི་གླིང་ན་འགྲན་ཟླ་བྲལ་ལོ་གསུང༌། །འདི་ལ་འདུལ་བྱ་ཞབས་ཏོག་མཐའ་ནས་རྒྱས། །མཐའ་མི་དབང་འདུས་དཔལ་འབྱོར་མཁའ་དང་མཉམ། །མ་འོངས་དུས་ན་ང་ཡི་དབོན་སྲས་སོགས། །བོད་ཡུལ་ལྷ་ཁང་བཞེང་བར་འདོད་པ་རྣམས། །ས་ཕུད་རྡོ་ཕུད་ར་སའི་གནས་འདིར་སྐྱོལ། །རབ་གནས་ལྷུན་གྲུབ་བགེགས་དང་བར་ཆད་མེད། །བཀྲ་ཤིས་ཡོན་ཏན་ཀུན་ལྡན་འགྱུར་རོ་གསུང༌། །དེ་ནས་ཆོས་རྒྱལ་སྤྲུལ་པའི་སྐུ་དེ་ཡིས། །དབོན་སྲས་མང་སྲོང་དབུ་ལ་ཕྱག་བཞག་ནས། །པང་སྐོང་ཕྱག་རྒྱ་པད་དཀར་ཟླ་བ་སྒྲོན། །ཐུགས་རྗེ་ཆེན་པོའི་ཆོས་སྐོར་བཤད་རྒྱུད་དང༌། །སྒྲུབ་སྐོར་དོན་རྒྱུད་ཐམས་ཅད་རྫོགས་པར་གནང༌། །འོག་མིན་གནས་མཆོག་ར་སའི་གཙུག་ཁང་ལ། །མཆོད་དང་སྐོར་བ་མཐོང་ཐོས་དྲན་རེག་དང༌། །རགས་དང་ཞིག་གསོའི་ཕན་ཡོན་བྱ་ཐབས་སོགས། །རྒྱ་ཆེར་བསྩལ་བ་ཆུ་དར་ལ་བྲིས་ནས། །གནོད་སྦྱིན་ཁང་པ་ལ་སོགས་དུ་མར་སྦས། །མ་འོངས་སྐལ་བར་ལྡན་ལ་སྨོན་ལམ་བཏབ། །གཞན་ཡང་ང་ནས་གདུང་རབས་ལྔ་པ་ན། །ང་ཡི་མིང་ལ་ལྡེ་བཏགས་རྒྱལ་པོ་འབྱུང༌། །དེ་དུས་པཎ་ཆེན་མང་པོ་བོད་དུ་འབྱོན། །གཙུག་ཁང་མང་བཞེང་བསྟན་པ་རྒྱས་པར་འགྱུར། །ངུར་སྨྲིག་གོས་འཛིན་རབ་བྱུང་མང་འབྱུང་བས། །ང་ཡི་དབོན་སྲས་རྣམས་ཀྱིས་སྤྱི་བོར་ཁུར། །མཆོད་པའི་གནས་ཀྱིས་འཚོ་བ་བླ་ནས་སྦྱོར། །ཕན་བདེ་དགེ་ལེགས་མ་ལུས་འབྱུང་ངོ་གསུངས། །དེ་འཕྲལ་མགར་གྱིས་ཟངས་ཀྱི་གླེགས་བུར་བྲིས། །མཆིམས་ཕུའི་དཀོར་མཛོད་ནང་དུ་བཞག་(ཇ༤༩ན)


PTT001_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར། །གཞན་ཡང་བཙུན་མོ་ཕྱི་བློན་ནང་བློན་དང༌། །བོད་འབངས་བྱིས་པ་ཡན་ལ་ཞལ་གདམས་གསུངས༌། །ཐམས་ཅད་ཡི་གེ་དྲུག་པའི་ཆོས་ལ་བཀོད། །དེ་རྣམས་ཐོན་མི་སོགས་ཀྱིས་ཡི་གེར་བྲིས། །མ་འོངས་སྐལ་ལྡན་དོན་དུ་གཏེར་དུ་བཞག །སྤྲུལ་པའི་རྒྱལ་པོའི་ངོ་མཚར་མཛད་པ་རྣམས། །ཀ་བ་བུམ་པ་ཅན་ལ་ཉེ་བར་སྦས། །བཀའ་ཆོས་ཟབ་མོའི་གདམས་པ་དེ་རྣམས་ཀྱིས། །མ་འོངས་བོད་ཡུལ་འགྲོ་བའི་དོན་བྱེད་པར། །བདེན་པའི་སྟོབས་ཀྱིས་བྱིན་བརླབས་སྨོན་ལམ་མཛད། །དེ་ཡང་གབ་པ་མངོན་ཕྱུང་ལས། བཀའ་ཆོས་རྣམས་རིན་པོ་ཆེའི་གཏེར་དུ་བཞུགས་ནས་མ་འོངས་པའི་དུས་འགྲོ་བ་ལ་ཕན་པར་གྱུར་ཤོག་གི་སྨོན་ལམ་བཏབ་པར་འཚལ་ནས་དཀོན་མཆོག་ལ་མཆོད་པ་མཛད། འཁོར་འབངས་ལ་བཟའ་བཏུང་བཀྱེ། ཆོས་སྐྱོང་དཔང་དུ་གསོལ་ནས་ད་ལྟ་བདག་གིས་དཀོན་མཆོག་ལ་མཆོད་པ་དང་སྐྱེ་བོ་ལ་བཟའ་བཏུང་བྱིན་པ་འདི་ལ་བརྟེན་ནས་བདག་གི་བཀའ་ཆོས་ཀྱི་ཤོག་དྲིལ་དུས་ཀྱི་ཕྱི་མ་ལ་དགོངས་པ་འདི་རྣམས་རྙིགས་མའི་དུས་སུ་སྐལ་ལྡན་ལས་འཕྲོ་ཅན་རྣམས་དང་འཕྲད་ནས་བྱང་ཕྱོགས་ཁ་བ་ཅན་གྱི་རྒྱལ་ཁམས་ཐམས་ཅད་འཕགས་པའི་བཀའ་ལ་ཐོགས་པར་གྱུར་ཅིག །ཐོགས་ནས་ཀྱང་རིས་དྲུག་གི་དུ་ཁ་ཐམས་ཅད་དེ་ཉིད་དུ་ཟད་ནས་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །དེའི་ཚེ་བདག་གི་གཙུག་ལག་ཁང་འདི་རྣམས་སུ་འཕགས་པ་རྣམས་འཁུར་ཞིང་ཞབས་ཏོག་གི་འོས་མང་བར་གྱུར་ཅིག །དེའི་བྱིན་རླབས་ཀྱིས་བོད་འབངས་ཐམས་ཅད་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །དེ་ཁོ་ན་འགྲུབ་པར་གྱུར་ཅིག །ཅེས་བཀའ་བསྩལ་པ་དང་ཐམས་ཅད་དགའ་བདེས་ཁྱབ་སྟེ་ཅ་ཅོ་དང་རྩེ་འཇོ་མང་པོ་བྱས་པ་དང་རྒྱལ་པོའི་ཞལ་ནས། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སྣང་གཞི་མེད་དུ་འདུག་གོ །བློ་འདས་བྱར་མེད་ཅིག་འདུག་གོ །ཇི་བཞིན་པའི་ངང་ལས་མ་བཅོས་པར་གློད་ལ་ཞོག་ཞིག་ཞེས་གསུངས་པ་དང་ཐམས་ཅད་ཀྱི་རྒྱུད་ལ་གཉིས་འཛིན་ཞིག་སྟེ་ཇི་བཞིན་པའི་ངང་ལ་གནས་པར་གྱུར་ཏོ། །ཅེས་བྱུང་ངོ༌། །(ཇ༤༩བ)


PTT001_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་དབོན་སྲས་དམ་པ་མང་སྲོང་ལ། །ཐུགས་ཀྱི་གསང་མཛོད་གབ་པ་མངོན་དུ་ཕྱུང༌། །གཞན་ཡང་མ་འོངས་རྒྱ་ཆེར་ལུང་བསྟན་མཛད། །དེ་ནས་ནང་པར་ཉི་མ་ཤར་བ་དང་དབོན་སྲས་ཀྱིས་དབུ་རྩེའི་ཡང་ཐོག་དུ་རང་གི་ན་བཟའ་ལ་སྟན་བྱས་སྟེ་ཞལ་ཟས་མང་པོ་དྲངས་སྟེ་ཕྱག་བྱས་ནས། སངས་རྒྱས་ཀུན་གྱི་འཕྲིན་ལས་དང༌། །སྣང་བ་མཐའ་ཡས་ཐུགས་རྗེ་ལས། །བདེ་བ་ཅན་ནས་ཕོ་ཉར་བྱོན། །བོད་འབངས་ཡོངས་ཀྱི་སྐྱབས་གནས་མཛད། །བདག་ཅག་ཀུན་ལ་ཐུགས་རྗེས་གཟིགས། །རྒྱལ་བའི་སྐུ་དང་ཐ་མལ་མཇལ། །ཟབ་མོའི་ཐུགས་དགོངས་གནང་མོད་ཀྱང༌། །ཆོས་ཉིད་དོན་གྱི་ཐུགས་རྗེ་དེ། །རྒྱལ་བའི་ཐུགས་ལ་མི་གབ་པར། །གབ་པ་མངོན་དུ་ཕྱུང་ནས་ནི། །རང་སྣང་ཡུལ་མེད་བསྟན་དུ་གསོལ། །བློ་འདས་བྱར་མེད་བསྟན་དུ་གསོལ། །མ་བཅོས་ངང་ནས་བསྟན་ནས་ཀྱང༌། །བྱར་མེད་ངང་ལ་གནས་པ་ལས། །སྐུ་གསུམ་ཤུགས་ལས་འཆར་པའི་ཚུལ། །དངོས་ཅག་བློ་ལ་སྦྱར་དུ་གསོལ། །ཞེས་ཞུས་པས་རྒྱལ་པོས་བཀའ་སྩལ་པ། ལྷ་སྲས་ཆེན་པོ་ཉོན་ཞིག །བདག་ནི་སངས་རྒྱས་ཀུན་གྱི་འཕྲིན་ལས་ཡིན། །སྣང་བ་མཐའ་ཡས་དྲུང་དུ་དམ་ཡང་བཅས། །བྱང་ཆུབ་སེམས་ཀྱིས་བོད་འབངས་དོན་ལ་ཡོང༌། །ང་དང་རྒྱལ་བ་གཉིས་སུ་མེད། །འགྲོ་ཀུན་ང་ཡིས་འདུལ་བ་ཡིན། །ཁྱེད་ཀུན་འཕགས་པའི་བྱིན་བརླབས་ཡིན། །རྒྱལ་བའི་དགོངས་རྒྱུད་ཟབ་མོ་རྣམས། །འཕགས་པའི་ལམ་སྟེགས་ཡིན་མོད་ནའང༌། །ཆོས་ཉིད་དོན་གྱི་ཐུགས་རྗེ་དེ། །བློ་དམན་རྣམས་ལ་བསྟན་མི་འོས། །བརྩེ་བས་གབ་པ་མངོན་ཕྱུང་འདི། །མ་རྟོགས་སྒྲོ་དང་སྐུར་བའི་གཞི། །སྐལ་མེད་རྣམས་ལ་ཡེ་གསང་ཆོད། །ཙིཏྟ་སྙིང་གི་དཀྱིལ་དུ་ཆོངས། །ཆོས་ཉིད་ཟད་སར་སྐྱོལ་བ་ཡང༌། །ང་ཡིས་བསྟན་གྱིས་ལེགས་པར་ཉོན། །སྣ་ཚོགས་དག་ཀྱང་རང་སྣང་ཡིན། །ཡུལ་མེད་དེ་ནི་བློ་ལས་འདས། །བློ་འདས་དེ་ནི་བྱར་མེད་ཡིན། །ཇི་བཞིན་པ་ཡི་ངང་གནས་ཡིན། །གནས་པ་མེད་པ་གློད་པའི་མཆོག །དེ་ལྟར་གོ་བའི་གང་ཟག་གིས། །མཐའ་བྲལ་སྤྲོས་པ་ཆོད་པ་ལ། །ལྟ་བའི་མིང་དུ་བཏགས་པ་ཡིན། །རང་གསལ་འཛིན་པ་སྟོར་བ་ལ། །སྒོམ་པའི་མིང་དུ་བཏགས་པ་ཡིན། །དོན་དང་འབྲལ་བ་མེད་པ་ལ། །སྤྱོད་པའི་མིང་དུ་བཏགས་པ་ཡིན། །སྤང་བླང་འཛིན་པ་ཅིག་པ་ལ། །(ཇ༥༠ན)


PTT001_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུའི་མིང་དུ་བཏགས་པ་ཡིན། །རྩོལ་མེད་འགྲོ་དོན་བྱེད་པ་ལ། །ཐུགས་རྗེའི་མིང་དུ་བཏགས་པ་ཡིན། །དེ་ལ་སྐྱོ་དུབ་མེད་པ་ལ། །ཆེན་པོའི་མིང་དུ་བཏགས་པ་ཡིན། །འགྲོ་དོན་མཛད་ཀྱང་སྐྱོན་མ་གོས། །འཕགས་པའི་མིང་དུ་བཏགས་པ་ཡིན། །སྙིང་རྗེས་དབང་དུ་འདུས་པ་ལ། །རྒྱལ་པོའི་མིང་དུ་བཏགས་པ་ཡིན། །འགྲོ་བའི་ཁ་ལོ་སྙོམས་པ་ལ། །སྲོང་བཙན་མིང་དུ་བཏགས་པ་ཡིན། །བློ་ལ་གང་ཕན་བཤད་པ་ལ། །གདམས་ངག་མིང་དུ་བཏགས་པ་ཡིན། །རྗེད་ཐོར་ཤུལ་དུ་བཞག་པ་ལ། །བཀའ་རྒྱུད་མིང་དུ་བཏགས་པ་ཡིན། །འགྲོ་བ་དང་བ་འདྲེན་པ་ལ། །གཙུག་ཁང་མིང་དུ་བཏགས་པ་ཡིན། །རྣམ་རྟོག་རང་སར་གྲོལ་བ་ལ། །སངས་རྒྱས་མིང་དུ་བཏགས་པ་ཡིན། །འགྲོ་བ་ལམ་དུ་འཇུད་པ་ལ། །དམ་ཆོས་མིང་དུ་བཏགས་པ་ཡིན། །བྱར་མེད་བློ་ལ་འབྱོར་བ་ལ། །དགེ་འདུན་མིང་དུ་བཏགས་པ་ཡིན། །རྩོལ་མེད་རང་ལུགས་གློད་པ་ལ། །བྱར་མེད་མིང་དུ་བཏགས་པ་ཡིན། །ཐ་མལ་རྟོག་པ་བསྒྱུར་པ་ལ། །སྐྱེད་རིམ་མིང་དུ་བཏགས་པ་ཡིན། །བློ་ཡི་འཁྲིད་ཐབས་སྣ་ཚོགས་ལ། །ཆོས་སྤྱོད་མིང་དུ་བཏགས་པ་ཡིན། །རྩ་བྲལ་ནང་དུ་ཤེས་པ་ལ། །རྟོགས་པའི་མིང་དུ་བཏགས་པ་ཡིན། །དོན་གོ་གཅིག་ལས་མེད་པ་ལ། །ཉག་གཅིག་མིང་དུ་བཏགས་པ་ཡིན། །དུ་མ་ངོ་བོ་གཅིག་པ་ལ། །ཆོས་སྐུའི་མིང་དུ་བཏགས་པ་ཡིན། །རང་སྣང་ལྷ་རུ་ཤར་བ་ལ། །ལོངས་སྐུའི་མིང་དུ་བཏགས་པ་ཡིན། །སྣ་ཚོགས་ཐབས་ཀྱིས་འདྲེན་པ་ལ། །སྤྲུལ་སྐུའི་མིང་དུ་བཏགས་པ་ཡིན། །རྟོག་མེད་རང་ས་ཟིན་པ་ལ། །མངོན་འགྱུར་མིང་དུ་བཏགས་པ་ཡིན། །བཏགས་པ་ཐམས་ཅད་མིང་ཡིན་གྱི། །མིང་གི་འཛིན་པ་མེད་པར་ཞོག །བསམས་པ་ཐམས་ཅད་བློ་ཡིན་གྱི། །བློ་ཡི་བྱེད་པ་ཞོག་ལ་ཐོང༌། །ཞོག་ཅེས་བྱ་བ་ཚིག་ཡིན་གྱི། །ཚིག་གི་འཛིན་པ་བོར་ལ་ཐོང༌། །ཐོང་ཞེས་བྱ་བ་བློ་ཡིན་གྱི། །བློ་ཡི་བྱེད་པ་དབྱིངས་སུ་སྦོས། །སྦེད་པ་བྱ་བ་བཟང་རྟོག་ཡིན། །བཟང་ངན་མེད་པར་ཁད་དེ་བ། །གབ་སྦས་མེད་པར་ལྷང་ངེ་བ། །འགྲོ་འོང་མེད་པར་ས་ལེ་བ། །སྤང་བླང་མེད་པར་ལྷུག་གེ་བ། །ཕྱོགས་རིས་མེད་པར་ཆམ་མེ་བ། །བཏང་བཟུང་མེད་པར་ཁྱིལ་ལེ་བ། །གསལ་འགྲིབ་མེད་པར་ལྷན་ནེ་བ། །བརྗེད་ཡེངས་མེད་པར་ཆ་ལེ་བ། །བཏང་བཞག་མེད་པར་(ཇ༥༠བ)


PTT001_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཝལ་ལེ་བ། །བློ་ལས་འདས་པའི་ཡུལ་ལ་ལྟོས། །ཚིག་ལས་འདས་པའི་དོན་ལ་ལྟོས། །བཟང་ངན་མེད་པའི་དབྱིངས་ལ་ལྟོས། །ཕྱི་ནང་མེད་པའི་སེམས་ལ་ལྟོས། །ཕོ་མོ་མེད་པའི་རྒྱུད་ལ་ལྟོས། །གཉིས་འཛིན་བྲལ་བའི་དོན་ལ་ལྟོས། །དོན་ཞེས་བྱ་བ་བློ་ལས་འདས། །འདས་པའི་རྗེས་སུ་མ་འབྲང་བར། །བརྗོད་ཚིག་བྲལ་བའི་ངང་ལ་ལྟོས། །བལྟས་པས་མཐོང་བའི་ཡུལ་མེད་ཀྱི། །མ་བལྟས་བཞག་པས་ཆོས་ཉིད་མཐོང༌། །མ་བསྒྲུབས་བཞག་པས་སེམས་ཉིད་འགྲུབ། །མ་བཟུང་གློད་པས་རང་སར་གྲོལ། །དེ་ལྟར་མཐོང་བའི་གང་ཟག་ལ། །འཁོར་འདས་གཉིས་སུ་ངས་མ་མཐོང༌། །དགེ་སྡིག་བཟང་ངན་རྟག་ཆད་དང༌། །ཕོ་མོ་བདེ་སྡུག་ཡིན་མིན་དང༌། །ཉེ་རིང་མཐོ་དམན་གཉིས་མ་མཐོང༌། །གསལ་འགྲིབ་གཉིས་སུ་ངས་མ་མཐོང༌། །མཐོང་བ་མེད་པའི་ངང་ཉིད་ནས། །སྣ་ཚོགས་ཤར་བ་རང་ཉིད་ཡིན། །སྣ་ཚོགས་འགག་པ་མེད་པར་ཞོག །འཛིན་མེད་སྤང་བླང་མེད་པར་ཞོག །སྣ་ཚོགས་འཛིན་བྲལ་ཆོས་སྐུ་ཡིན། །མ་འགགས་གསལ་བ་ལོངས་སྐུ་ཡིན། །སྣ་ཚོགས་གྲོལ་བ་སྤྲུལ་སྐུ་ཡིན། །ཐ་མལ་རྟོག་མེད་ཆོས་སྐུ་ཡིན། །ཆོས་ཉིད་འདོད་པ་ཐ་མལ་ཡིན། །བློ་ལས་འདས་པ་དེ་ཉིད་ཡིན། །འདོད་པ་བྲལ་ན་དོན་དང་འཕྲད། །གཉིས་འཛིན་གྲོལ་ན་གནས་སུ་གཏོལ། །སྤང་བླང་མེད་ན་དངོས་གྲུབ་ཐོབ། །འགྲོ་དོན་བྱེད་ན་འཕྲིན་ལས་རྫོགས། །བློ་ཐག་ཆོད་ན་འགྲོ་སར་ཕྱིན། །ཕྱིན་ས་མེད་ན་གཏོལ་བ་ཡིན། །དེ་ལྟ་བུ་ཡི་གང་ཟག་ལ། །རིག་པ་ཐམས་ཅད་རང་རིག་ཡིན། །ཤེས་པ་ཐམས་ཅད་རང་ཤེས་ཡིན། །གྲོལ་བ་ཐམས་ཅད་རང་གྲོལ་ཡིན། །གསལ་བ་ཐམས་ཅད་རང་གསལ་ཡིན། །སྟོང་པ་ཐམས་ཅད་རང་སྟོང་ཡིན། །འདུག་པ་ཐམས་ཅད་རང་འདུག་ཡིན། །གནས་པ་ཐམས་ཅད་རང་གནས་ཡིན། །བདེ་བ་ཐམས་ཅད་རང་བདེ་ཡིན། །སྡུག་བསྔལ་ཐམས་ཅད་རང་སྡུག་ཡིན། །ཐམས་ཅད་རང་རིག་རང་སྣང་ཡིན། །སྒོམ་དུ་མེད་པས་བསམ་དུ་མེད། །རྒྱུད་ལ་བྱར་མེད་ཡོངས་སུ་མེད། །བཞག་རྒྱུ་མེད་དེ་བཏང་རྒྱུ་མེད། །བརྗེད་རྒྱུ་མེད་དེ་ནོར་རྒྱུ་མེད། །ཡེ་ཤེས་དེ་ལ་རྒྱུན་ཆད་མེད། །ཏིང་ངེ་འཛིན་ལ་ཐུན་མཚམས་མེད། །དམིགས་པ་ལ་ཡང་བཏང་བཟུང་མེད། །རྣམ་པར་རྟོག་པ་བཟང་ངན་མེད། །ཡིད་ཀྱི་(ཇ༥༡ན)


PTT001_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ལ་ཕྱི་ནང་མེད། །དངོས་པོ་མེད་ལ་ཕོ་མོ་མེད། །རེ་དྭོགས་སྤངས་པས་སྐྱོན་དང་བྲལ། །འདོད་པ་མེད་པས་ཐོབ་པ་མེད། །རྩོལ་བ་མེད་པར་སྐྱོན་རྣམས་སྤངས། །འབྲས་བུ་ལ་རེ་བ་མེད་པས་སངས་རྒྱས་ཀྱི་འདོད་པ་ཅིག །བསམ་བརྗོད་བློ་ལས་འདས་པས་སྨྲ་བའི་ངག་དང་བྲལ། །དེ་ལྟར་དུ་རང་དབང་ཐོབ་ཙམ་ན་རྒྱུད་པ་རང་གིས་ཟིན། གྲོལ་ཆ་ནང་ནས་རྙེད། གཟུང་འཛིན་མཚན་མ་ཞིག །སྣང་སྲིད་བཀའ་རྒྱུད་དུ་ཤེས། བྱེད་སྤྱོད་ཆོས་སུ་འགྲོ། མཐོང་ཐོས་སྐུ་གསུམ་དུ་བྱོན། ཡེ་ཤེས་ནང་ནས་བརྡོལ། ཉོན་མོངས་རང་སར་དག །དད་གུས་རང་ལ་ཚུད། འཁོར་འདས་ཀྱི་རྩ་བ་རང་རིག་དུ་ཤེས། སྐྱིད་སྡུག་གསལ་འདེབས་སུ་ཤེས། བདག་འཛིན་ཆོས་སྐུར་གྲོལ་ལོ། །གཞི་མཐོང་བས་ལྟ་བ་མེད། རྩད་ཆོད་པས་སྒོམ་དུ་མེད། རང་ས་ཟིན་པས་སྒྲུབ་ཏུ་མེད། རང་སེམས་ངོ་ཤེས་པས་སངས་རྒྱས་མེད་ཏོ། །ཤེས་རབ་རང་རྡོལ་དུ་བྱོན་པས་ཝལ་པོ་རྗེས་མེད་དུ་འདུག་པ། སྣ་ཚོགས་འགག་མེད་དུ་གྲོལ་བས་ཚོར་བ་རྗེས་མེད་དུ་སངས་པ། རིག་པ་བསླན་སར་ཆགས་པས་ཆོས་སྐུ་གཅེར་མཐོང་དུ་གྲོལ་བ། རིག་པ་རྐྱང་འདེད་དུ་འདུག་པས་གཉིས་སུ་མེད་པའི་སྐུ་རང་སྣང་ཆེན་པོའི་ངང་ལ་ལུས་སོ། །རང་བྱུང་ཡིན་པས་ལྷུན་གྲུབ་ཏུ་བྱུང༌། རང་གསལ་ཡིན་པས་གཏིང་གསལ་དུ་ཤར། རང་སྣང་ཡིན་པས་འོད་གསལ་དུ་སྣང༌། རང་རིག་ཡིན་པས་ཆོས་སྐུར་བྱུང༌། རང་གྲོལ་ཡིན་པས་ཟང་ཐལ་དུ་བྱུང་ངོ༌། །དེ་ཡང་རང་གིས་མ་བྱས་པར་གཞན་གྱིས་བྱེད་དམ། རང་ལ་བསམ་དུ་མེད་པར་གཞན་ལ་མཚོན་པས་རྙེད་དམ། རང་མ་རིག་པར་སེམས་ཅན་ཐུལ་ལམ། འདུ་འབྲལ་མེད་པ་བཙལ་བས་རྙེད་དམ། ཕྱིན་པ་མེད་པ་བདས་པས་ཟིན་ནམ། དངོས་པོ་མེད་པ་ལག་དུ་ལོན་ནམ། བསྟན་རྒྱུ་མེད་པ་མིག་གིས་མཐོང་ངམ། རང་ལ་ཡོད་པ་གཞན་ལ་འཚོལ་ལམ། གསལ་བའི་རྟིང་ལ་ལྟའམ། གྲོལ་བའི་རྟིང་ལ་བཤིག་གམ། དག་པའི་རྟིང་ལ་འཁྲུའམ། འགྲངས་པའི་རྟིང་ལ་ཟའམ། ངོམས་ཀྱི་རྟིང་ལ་འཐུང་ངམ། དྲོས་པའི་རྟིང་ལ་གོན་ནམ། ཤེས་པའི་རྟིང་ལ་འཐོམས་སམ། དེ་ལྟར་སེམས་ལ་རྒྱུ་རྐྱེན་བྲལ་བས་རྩོལ་སྒྲུབ་ཀྱི་བློ་དང་བྲལ་སྟེ་དངོས་མེད་ལ་གཉེན་པོས་བཅོས་སུ་འདུག་གམ། ཡོད་མེད་ཀྱི་བློ་དང་བྲལ་(ཇ༥༡བ)


PTT001_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

བས་རྟག་ཆད་རང་སར་དག །གཉིས་འཛིན་རང་སར་གྲོལ་བས་རེ་དོགས་ཀྱི་མཐའ་སྤངས། ཞེན་འཛིན་རང་སར་གྲོལ་བས་སྐྱེ་མེད་རང་སར་ཟིན། རྟོག་མེད་ནང་ནས་མཐོང་བས་དགྲ་བགེགས་རང་སར་འཐུལ། འོ་འདི་ལྟར་རིག་པ་རྒྱ་ཡན་གཉེན་པོ་མེད་པ་ལ་ཡེ་ཤེས་རང་སྣང་གི་སྤྱོད་པ་ཟེར་བ་ཡིན་ནོ། །རྟོག་མེད་རང་ལུགས་གནས་པ་ལ་སྤང་བླང་མེད་པ་ཟེར་བ་ཡིན་ནོ། །ཡེ་ཤེས་ནང་ནས་ཤར་བ་ལ་རྣམ་རྟོག་རང་གྲོལ་ཟེར་བ་ཡིན་ནོ། །ཡིན་མིན་བློ་ལས་འདས་པ་ལ་དགག་སྒྲུབ་བྲལ་བ་ཟེར་བ་ཡིན་ནོ། །འབད་རྩོལ་མེད་པར་ཟིན་པ་ལ་ཆོས་ཉིད་ཀློང་རྡོལ་ཟེར་བ་ཡིན་ནོ། །ལྷུན་གྲུབ་སྐྱེ་བ་མེད་པ་ལ་འབྲས་བུ་རང་ཤར་ཟེར་བ་ཡིན་ནོ། །དེ་ལྟར་གོ་བ་དང་རྟོགས་པ་དུས་མཉམ། ཤེས་པ་དང་གྲོལ་བ་དུས་མཉམ། གསལ་བ་དང་མཐོང་བ་དུས་མཉམ། འབྱར་བ་དང་རེག་པ་དུས་མཉམ། བརླན་པ་དང་གཤེར་བ་དུས་མཉམ། འོ་དེ་ལྟར་ཤེས་པའི་གང་ཟག་གིས་ལྟ་བ་ལ་ཕྱོགས་རིས་མེད་ཀྱིས་ན་མཁའ་གོན། སྒོམ་པ་ལ་གསལ་འགྲིབ་མེད་ཀྱིས་ཉི་ཟླ་ཁུར། སྤྱོད་པ་ལ་ཐོགས་བརྡུགས་མེད་ཀྱིས་རླུང་ལ་ཞོན། འབྲས་བུ་ལ་བླང་དོར་མེད་ཀྱིས་གསེར་གླིང་ལྟོས། དེ་ལྟར་རྟོགས་པའི་གང་ཟག་གིས་ལྟ་བ་ལ་བལྟ་རྒྱུ་གདའ་ཡེ། སྒོམ་པ་ལ་སྒོམ་རྒྱུ་ལྟར་གདའ་ཡེ། སྤྱོད་པ་ལ་སྤྱོད་རྒྱུ་གདའ་ཡེ། འབྲས་བུ་ལ་སྒྲུབ་རྒྱུ་གདའ་ཡེ། རིག་པ་གཤིས་ཐོག་དུ་སྐྱོལ་མཚན་མ་རང་གྲོལ་དུ་ཐོང་ཕྱི་ནང་གི་འཛིན་པ་ཤིག་བཟང་ངན་གྱི་བླང་དོར་སྤོངས་ཆགས་ཞེན་གྱི་འཛིན་པ་ཁྲོལ་བཟང་འདོད་ཀྱི་ང་རྒྱལ་ཆོག་འགྲན་སེམས་ཀྱི་ཕྲག་དོག་ཤོལ་ཞེ་སྡང་གི་མེ་ཆེན་སོད་གཏི་མུག་གི་མུན་པ་སོལ། བྱར་མེད་ཀྱི་ངང་ལ་ཡེངས་མེད་ཏུ་ཞོག་གཉིས་འཛིན་གྱི་བློ་ནམ་མཁའི་དབྱིངས་སུ་རྒྱས་ཐོབ། དོན་ལ་སྒོམ་རྒྱུ་མེད་ཀྱིས་རིག་པ་རང་སར་ཞོག །འོ་དེ་ལྟ་བུའི་གང་ཟག་གིས། སྐྱེད་རིམ་བསྒོམས་ན་སྣང་སྲིད་ལྷ་རུ་འགྱུར། །རྫོགས་རིམ་དྲན་ན་གཉིས་འཛིན་མཚན་མ་ཞིག །ཟུང་འབྲེལ་འདོད་ན་བར་སྣང་འཇའ་ཚོན་ལྟོས། །དོན་གོ་མཐོང་ན་ཐ་མལ་ཆོས་མེད་སྡོད། །མ་མཐོང་བར་དུ་བླ་མ་བཀའ་རྒྱུད་བསྟེན། །ཆོས་སྤྱོད་བྱེད་ན་རང་འདོད་ཞེན་པ་སྤོངས། །མི་འཇིགས་གོ་ཆ་འདོད་ན་སྒོ་གསུམ་ལྷ་རུ་བསྒྱུར། །གཞན་དོན་བྱེད་ན་འགྲོ་ལ་ཕན་སེམས་སྐྱེད། །རང་དོན་སྒྲུབ་ན་འདུ་འཛི་གཡེང་བ་སྤོངས། །དགྲ་བགེགས་(ཇ༥༢ན)


PTT001_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་ན་རྩ་བྲལ་སྙིང་རྗེ་སྐྱེད། །ཕྱི་མ་བདེ་འབྲས་འདོད་ན་ད་ལྟ་དཀའ་བ་ཆོད། །འགྲོ་བ་དབང་དུ་སྡུད་ན་བདག་པས་གཞན་གཅེས་གྱིས། །སྙོམ་ལས་ལེ་ལོ་དྲན་ན་འཆི་བ་མི་རྟག་སྒོམས། །ཆགས་ཞེན་འཛིན་པ་བྱུང་ན་རྨི་ལམ་སྒྱུ་མར་སྦྱོངས། །བར་ཆད་བདུད་ཀྱིས་བྲེད་ན་རང་སེམས་གཏན་ལ་ཕོབ། །ལྷ་ཆོས་ཚུལ་བཞིན་བྱེད་ན་ཆོས་མིན་ཐམས་ཅད་སྤོངས། །ང་དང་ཡུན་དུ་འགྲོགས་ཀྱང་དེ་ལས་མེད། །སངས་རྒྱས་གཞན་དང་མཇལ་ཡང་དེ་ལས་མེད། །ཅེས་ཆོས་ཀྱི་རྒྱལ་པོས་ཐུགས་ཀྱི་བརྣག་པ་གབ་པ་མངོན་དུ་ཕྱུང་བ་དང་དབོན་སྲས་དུས་དེ་ཉིད་དུ་ཆོས་ཐམས་ཅད་ཆོས་ཉིད་རང་ཤར་རང་གྲོལ་ཆེན་པོའི་ཀློང་དུ་འབད་པ་དང་རྩོལ་བ་མེད་པར་གྲོལ་ལོ། །དུས་དེ་ཉིད་དུ་བདེ་སྡུག་ལ་སྤང་བླང་མེད། འཁོར་འདས་ལ་བཟང་ངན་མེད། འདི་ཕྱི་ལ་གདམ་ཀ་མེད་པར་འཕགས་པ་རྣམས་ཀྱི་ཞལ་མཐོང་བྱ་མཐོང་བྱེད་མེད་པར་མི་ལ་མི་ལྟ་བ་བཞིན་དུ་གཟིགས་སོ། །འཁོར་ཐམས་ཅད་ཀྱང་རིག་པ་རང་གསལ་གྱི་དགོངས་པ་ལ་གཞག་བྱ་འཇོག་བྱེད་མེད་པར་གྱུར་ཏོ། །དབོན་སྲས་རྗེས་སུ་ཐུགས་རངས་སྟེ་ཕྱི་ནང་གི་མཆོད་པ་རྒྱ་ཆེན་པོས་མཆོད་ཅིང་བཀའ་དྲིན་ཆེས་གཟོ་ཡང་འཇིགས་པ་ཅི་ཡང་མི་མངའ་འོ། །དེ་ནས་རྒྱལ་པོ་དར་ཅིག་དགོངས་པ་ལ་བཞུགས་སྟེ་ཅི་ཡང་མི་གསུང་ངོ༌། །དེ་ནས་སྤྱན་ན་མཁའ་ལ་ཁྲལ་ཁྲལ་མཛད་ནས། ཨེ་མ་རྒྱལ་སྲས་ཆེན་པོ་པ། །ང་ཡི་ལྷ་སའི་གནས་གཞི་འདི། །ཉ་འདྲ་ལྗོང་འདྲ་སྦལ་འདྲ་པིར་ཡང་འདྲ། །རིམ་པ་བཞིན་དུ་ཆུ་ཡིས་གཅོད་པར་བྱེད། །ཉ་འདྲ་རྒྱལ་བ་ཡུལ་གྱི་རང་བཞིན་ཡིན། །རས་བྲིས་ཕྱོགས་བཅུའི་སངས་རྒྱས་དངོས་དང་འདྲ། །རྒྱལ་བས་རྒྱལ་བའི་ཞབས་ཏོག་བྱེད་པ་ཡིན། །ཉ་འདྲའི་ཁ་རུ་སེམས་ཅན་སུས་འོངས་པ། །རྒྱལ་བའི་ཡུལ་ལ་རེག་དང་ཁྱད་པར་མེད། །དེ་ཡང་སྔར་སྦྱངས་ལས་འཕྲོ་ཡོང་བ་ཡིན། །འཁོར་བའི་དུ་ཁ་མཐའ་རུ་ཕྱིན་པ་ཡིན། །འབད་པ་དོན་ཅན་ཡིན་ནོ་བོད་འབངས་རྣམས། །ས་འམ་རྡོ་འམ་འབྱིམ་པ་བྱ་སྒོང་ཙམ། །གང་གིས་དེ་ཡི་ཕྱོགས་སུ་སྤུངས་བྱེད་པ། །སངས་རྒྱས་རྣམས་ལ་སྨན་པ་བྱེད་པ་ཡིན། །དེ་ཡང་བདེ་བའི་ལམ་ལ་ཚུད་པ་ཡིན། །ང་ཡི་རིགས་ཅན་རྣམས་ལ་བསྐུལ་བ་ནི། །ཉ་འདྲའི་དུས་སུ་ཤོག་ལྟར་སྦྲོན་པ་ཡིན། །ལྗོང་འདྲའི་དུས་སུ་ཞྭ་ལྟར་བཀོན་པ་ཡིན། །སྦལ་འདྲའི་དུས་སུ་གདན་ལྟར་འདིངས་པ་ཡིན། །པིར་འདྲའི་དུས་(ཇ༥༢བ)


PTT001_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གྱུར་ཙ་ན། །རྒྱ་ཆེན་མཆོད་པ་བཤམས་ནས་ནི། །མོས་གུས་གསོལ་འདེབས་གཅེས་པ་ཡིན། །དེ་ལྟར་བྱེད་ན་ཅུང་ཞིག་གནས་པར་གྱུར། །ནང་གི་ལྷ་སོས་ཕྱི་ཡི་རགས་ལ་ཕན། །ཕྱི་ཡི་རགས་སོས་ནང་གི་ལྷ་རྣམས་རྒྱས། །མཆོད་པ་བཤམས་ཤིང་གསོལ་བ་བཏབ་པ་ན། །བོད་འབངས་བསམ་པ་ཐམས་ཅད་འགྲུབ་པར་འགྱུར། །དུས་ཀྱི་མཐའ་ལ་སྡིག་སྤྱོད་མང་འབྱུང་ཡང༌། །ང་ཡི་ལྷ་ས་མཐོང་ཐོས་རེག་པ་ཡི། །འགྲོ་བ་ཕལ་ཆེར་འཁོར་བའི་གནས་ལས་ཐར། །དེ་ཡང་འཕགས་པ་རྣམས་ཀྱི་ཐུགས་རྗེ་སྟེ། །ང་ཡི་བོད་འབངས་རྣམས་ཀྱི་བསོད་ནམས་ཡིན། །དེ་ཕྱིར་ང་ཡི་སྐྱབས་གནས་ཕོ་མོ་རྣམས། །རྩོལ་བ་མ་ཞན་སྙིང་སྟོབས་སྐྱེད་མཛོད་ལ། །ང་ཡི་ར་ས་མཐོང་ཐོས་རིག་པར་མཛོད། །དེ་ཡང་ཐར་པའི་ལམ་ལ་ཚུད་པ་ཡིན། །སྐྱོན་རྣམས་སེལ་ཞིང་ཡོན་ཏན་སྒྲུབ་འདོད་ན། །ང་ཡི་ར་སར་ཞབས་ཏོག་མོས་པ་གྱིས། །བསམ་པ་ཐམས་ཅད་ཡིད་བཞིན་འགྲུབ་པར་འགྱུར། །ཇི་ལྟར་འདོད་པ་རྒྱལ་བ་རྣམས་ལ་ཞུས། །ཅེས་བཀའ་བསྩལ་ཞིང༌། ངའི་ལྷ་སའི་གནས་འདི་ཆུས་ཉེན་གསོ་དགོས་པའི་སྐབས་ཅིག་འོངས་པས་དེའི་ཆ་རྐྱེན་རྣམས་གཏེར་དུ་སྦོས་ཅིག་གསུངས་སྟེ་ལྷ་སྲས་ཀྱིས་ཀྱང་ཞབས་ཏོག་བྱ་ཐབས་དང་དཀོར་ནོར་མང་པོ་དུས་དེ་ཉིད་དུ་གཏེར་དུ་སྦས་སྟེ་སྐལ་ལྡན་ལ་སྨོན་ལམ་བཏབ་བོ། །གཞན་ཡང་ད་སྟེ་གདུང་རབས་ལྔ་ན་རྒྱལ་པོ་ལྡེ་ཞེས་བྱ་བའི་རིང་ལ་དམ་པའི་ཆོས་རྒྱས་པར་འབྱུང༌། དེའི་ཚེ་སངས་རྒྱས་ཀྱི་རྗེས་སུ་རབ་ཏུ་བྱུང་བ་དབུ་རེག་ཞབས་རྗེན་ངུར་སྨྲིག་གི་ན་བཟའ་གསོལ་བ་ལྷ་མིའི་མཆོད་གནས་མང་དུ་འབྱུང་གིས་དེ་ལས་རང་བཞིན་གྱི་འདི་ཕྱིའི་བདེ་བ་ཐམས་ཅད་འབྱུང་བས་ངའི་དབོན་སྲས་རྗེ་བློན་རྣམས་ཀྱིས་འཚོ་བ་བླ་ནས་སྦྱོར། ཆབ་འོག་ནས་ཕྱུང་ལ་བདེ་བ་བྱིན། དབུའི་མཆོད་གནས་སུ་ཁུར་ཞིག་ཞེས་བཀའ་བསྩལ་སྟེ་དེ་མ་ཐག་མགར་གྱིས་ཟངས་ཀྱི་བྱང་བུ་ལ་བྲིས་སྟེ་མཆིམས་ཕུའི་དཀོར་མཛོད་དུ་བཞག་གོ །དེ་ལྟའི་ཆོས་ཀྱི་རྒྱལ་པོས་རྗེས་བཟུང་བས། །དུས་དེའི་འགྲོ་བའི་བསོད་ནམས་གཞལ་དུ་མེད། །སྟོན་པས་མཛད་བཅུ་བསྟན་པའི་ས་མིན་ཡང༌། །འཕགས་པ་སྤྱན་རས་གཟིགས་དབང་དངོས་སུ་བཞུགས། །རི་བོ་པོ་ཏ་ལ་དང་ཁྱད་པར་མེད། །སོ་སྐྱེ་ངུར་སྨྲིག་རྟགས་འཛིན་མེད་ན་ཡང༌། །སར་གནས་བྱང་ཆུབ་སེམས་དཔའས་བོད་ཡུལ་གང༌། །འོག་མིན་(ཇ༥༣ན)


PTT001_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་ཕོ་བྲང་གཉིས་པ་ཡིན། །ཉན་ཐོས་རང་རྒྱལ་དམན་པའི་སྒྲ་མེད་ཀྱང༌། །ཐེག་ཆེན་ལམ་ལ་སྐྱེ་བོ་ཐམས་ཅད་སྤྱོད། །དེ་ཕྱིར་ཀུན་གཟིགས་རྒྱལ་པོའི་ཞིང་ཁམས་དངོས། །རྟོག་གེས་དྲེགས་པའི་མཁས་རློམ་མེད་ན་ཡང༌། །ཆོས་ཀུན་རྟོགས་པའི་འཕགས་པ་བགྲང་ལས་འདས། །དེ་བས་བདེ་བ་ཅན་གྱི་ཞིང་ཁམས་འདྲ། །གསང་སྔགས་བོན་གྱེར་ཟས་འཚོལ་མེད་ན་ཡང༌། །སྐྱེད་རྫོགས་དངོས་གྲུབ་ཐོབ་པ་བགྲང་ལས་འདས། །དེ་བས་ལྕང་ལོ་ཅན་གྱི་ཞིང་ཁམས་དངོས། །དགེ་བཅུའི་ཁྲིམས་ལ་སྐྱེ་བོ་ཐམས་ཅད་གནས། །གསེར་གྱི་འཁོར་ལོས་བསྒྱུར་བའི་ཆབ་འོག་བཞིན། །ཅི་དགོས་ལོངས་སྤྱོད་འབད་པ་མེད་པར་གྲུབ། །དེ་ཕྱིར་རྫོགས་ལྡན་དུས་ཀྱི་བསྐལ་བ་འདྲ། །ཐམས་ཅད་ཡི་གེ་དྲུག་པའི་ཆོས་སྒྲ་སྒྲོག །སྐྱེད་རྫོགས་དབྱེར་མེད་འཁྱེར་སོ་གསུམ་ལ་སྤྱོད། །ཐ་ན་སྲིན་བུ་གྲོག་མའི་བར་དག་ཀྱང༌། །འདི་ནས་ཤི་འཕོས་ངན་སོང་འགྲོ་མི་སྲིད། །བསྟན་པའི་སྙིང་པོ་རབ་མཆོག་དེ་དུས་དར། །དུས་དེའི་བོད་ཀྱི་བསོད་ནམས་ཨ་ལ་ལ། །འཛམ་གླིང་ཀུན་ལས་ལྷག་པའི་ངོ་མཚར་ལྟོས། །ཡ་མཚན་རྒྱས་པའི་གཏམ་གྱི་ཆ་ཤས་ཙམ། །དུས་ངན་དེང་ཡང་རྣ་བའི་དགའ་སྟོན་གྱུར། །ངོ་མཚར་གཏམ་ལ་རངས་ཤིང་ཡིད་ཆེས་པ། །འདི་ཡང་ཆོས་རྒྱལ་དེ་ཡི་འཕྲིན་ལས་ཀྱི། །ལྷག་མར་ངེས་སྙམ་མི་བཟོད་གུས་པ་འཕེལ། །དེས་ན་ལྷ་ས་བསམ་ཡས་སོགས་ལ་བཀྲ་ཤིས་ཙམ་ལ་རབ་གནས་སུ་བཏགས་པ་ལས་ཆོ་ག་མེད་པར་རབ་གནས་མེད་ལ་ཇོ་བོ་རྗེས་རབ་གནས་ཀྱི་སྲོལ་གཏོད་པས་རྟེན་རབ་གནས་མེད་པ་ལ་རབ་གནས་མཛད་ཅེས་བཀའ་དྲིན་དུ་བྱེད་དོ་ཅེས་དང༌། དེ་དུས་ཉན་ཐོས་ཀྱི་སྡོམ་ཁྲིམས་མེད་པས་སངས་རྒྱས་ཀྱི་བསྟན་པ་མེད་ཅིང་དགེ་བ་རྣམས་ཀྱང་ལེགས་སྤྱད་ཙམ་གྱི་བར་མའི་དགེ་བ་མ་གཏོགས་སྡོམ་པས་བསྡམས་པའི་དགེ་བ་མེད་ཏོ་ཅེས་ཟེར་བ་སོགས་ནི་འཕགས་པ་ལ་སྐུར་པ་འདེབས་པ་སྟེ་སྤྱན་རས་གཟིགས་ཀྱིས་རབ་གནས་མི་ནུས་སོ་ཞེས་སྨྲ་ནུས་པ་ནི་སྙིང་སྟོབས་ཆེ་ལ་སྤྱིར་གླང་དར་གྱིས་བསྟན་པ་བསྣུབས་པས་(ཇ༥༣བ)


PTT001_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

སྲོལ་ཉམས་པ་རྣམས་སླར་ཇོ་བོས་གསལ་བར་མཛད་པ་ཡིན་གྱི་སྔོན་མེད་པ་ག་ལ་ཡིན་སྟེ་ཇོ་བོ་ཉིད་ཀྱང་ཁྲི་སྲོང་ལྡེ་བཙན་གྱི་དུས་ཀྱི་བསྟན་པ་ལྟ་བུ་རྒྱ་གར་དུ་ཡང་མ་བྱུང་བར་འདུག་ཅེས་ཡི་རངས་མཛད་པར་བཤད་ཅིང་དམན་ལམ་གྱི་སྡོམ་པས་མ་ཟིན་པས་སྡོམ་པའི་དགེ་བ་མེད་པར་འདོད་ན་ཐེག་ཆེན་ཁོ་ན་སྟོན་པའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་སྡོམ་པའི་དགེ་བ་མེད་པར་འདོད་དགོས་ལ་སྔོན་ནས་ཐེག་ཆེན་དུ་རིགས་ངེས་པ་ནི་མཆོག་ཡིན་གྱི་དམན་ལམ་སྔོན་དུ་སོང་བའི་རྒྱལ་སྲས་ནི་དེ་ལ་ལྟོས་སྟེ་དབང་བརྟུལ་དུ་བཤད་པ་ཡིན་ནོ། །དེས་ན་ལོག་རྟོག་ལ་རྣམ་དཔྱོད་ཏུ་འཁྲུལ་པ་རྣམས་ཀྱི་གཏམ་རྣ་བར་བཞག་པར་མི་བྱའོ། །དེ་ལྟར་ཆོས་རྒྱལ་སྤྱན་རས་གཟིགས་དབང་དེས། །རྒྱལ་སྲིད་དཀར་པོའི་ཆོས་ཀྱིས་རིང་དུ་བསྐྱངས། །སོ་སོར་ཕན་བདེའི་ཞལ་ཆེམས་བཀའ་བསྒོས་སྟེ། །གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས། །དེ་ཚེ་རབ་ཀྱིས་མཁའ་འགྲོས་སྤྱན་དྲངས་སྟེ། །ཤར་ཕྱོགས་པདྨའི་གླིང་དུ་གཤེགས་པར་མཐོང༌། །ནང་འཁོར་རྣམས་ཀྱིས་སྤྲུལ་པའི་ལྷ་གཅིག་གཉིས། །པདྨ་དང་ནི་ཨུཏྤ་ལར་གྱུར་སྟེ། །རྒྱལ་པོའི་སྐུར་ཐིམ་རྒྱལ་པོ་འོད་དུ་ཞུ། །རང་བྱུང་བཅུ་གཅིག་ཞལ་ལ་ཐིམ་པར་མཐོང༌། །བོད་འབངས་ཐ་མལ་ཡིད་ཆེས་བྱ་བའི་ཕྱིར། །བསྙུན་དང་གཤེགས་པ་སྐད་དུ་དྲིལ་བསྒྲགས་སྟེ། །སྐུ་ཡི་སྣང་བརྙན་ཤིང་རྟར་སྤྱན་དྲངས་ནས། །ཡར་ལུངས་འཕྱོང་པོའི་ནང་དུ་བང་སོ་བརྩིགས། །ཆེ་ཆུང་ཚད་ནི་དཔག་ཚད་མདའ་རྒྱང་གང༌། །ནང་ན་ལྷ་ཁང་ལྔ་ཡང་བཞུགས་སོ་སྐད། །བང་སོ་ནང་རྒྱན་ཅན་ཞེས་ཀྱང་གྲགས་ཤིང༌། །སྤྱིར་དུ་སྨུ་རི་སྨུག་པོ་ཟེར་རོ་སྐད། །བང་སོ་གྲུ་བཞིར་རྩིག་པ་དེ་ནས་བྱུང༌། །དེ་ཡང་སངས་རྒྱས་བྱང་སེམས་རྣམས་ཀྱིས་སྤྱན་རས་གཟིགས་གཙོ་འཁོར་གསུམ་མཛད་པ་མཐར་ཕྱིན་ནས་ཤར་ཕྱོགས་མེ་ཏོག་པདྨའི་གླིང་དུ་མཁའ་འགྲོས་སྤྱན་དྲངས་སྟེ་གཤེགས་པར་གཟིགས། ནང་འཁོར་རྣམས་ཀྱི་སྣང་བ་ལ་སྤྲུལ་པའི་རྒྱལ་པོ་དེས་དགུང་ལོ་བཅུ་གསུམ་ལ་ཆབ་སྲིད་མངའ་མཛད་པ་ནས་ལོ་དོན་གཉིས་སུ་ཆབ་སྲིད་ཆོས་བཞིན་དུ་བསྐྱངས་སྟེ་དགུང་ལོ་བརྒྱད་བཅུ་རྩ་གཉིས་བཞེས་པ་ས་ཕོ་ཁྱི་ལོའི་སྨིན་དྲུག་གི་ཟླ་བའི་ཚེས་བཅུའི་(ཇ༥༤ན)


PTT001_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་དབོན་སྲས་མང་སྲོང་གི་སྤྱི་བོར་ཕྱག་བཞག་སྟེ་བཀའ་བསྩལ་པ། རིགས་ཀྱི་བུ། ངས་ནི་རྒྱལ་ཁྲིམས་ཆོས་ཁྲིམས་སུ་བསྒྱུར་ནས་སངས་རྒྱས་ཀྱི་བསྟན་པ་དར་བར་བྱས། བོད་འབངས་དགེ་བ་ལ་བཀོད་པ་ཡིན་ནོ། །ཁྱོད་ཀྱིས་ཀྱང་ངའི་རྒྱལ་སྲིད་འདི་མ་ཉམས་པར་ཆོས་བཞིན་དུ་སྐྱོངས་ཅིག །ངའི་གཙུག་ལག་ཁང་འདི་གཉིས་ཀྱི་ཞབས་ཏོག་ཁྱོད་ཀྱིས་གྱིས་ལ་དར་དུ་ཆུག་ཞིག་ངའི་ཕོ་བྲང་ལྷའི་གནས་དང་འདྲ་བ་འདིའི་འཛིན་སྐྱོང་གྱིས་ཅིག །ངའི་བཙུན་མོ་དང་བློན་པོ་དང་བོད་འབངས་རེ་ཞིང་གཏད་པའི་ཕ་མ་ལྟ་བུ་གྱིས་ལ་ཕན་པ་དང་བདེ་བས་ཁྱབ་པར་གྱིས་ཅིག །ད་ནས་གདུང་རབས་ལྔ་པ་ན། །ང་ཡི་མིང་ལ་ལྡེ་བཏགས་པ། །ཆོས་སྐྱོང་བ་ཡི་རྒྱལ་པོ་འབྱུང༌། །འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་སྟེ། །དེ་ཡིས་དམ་ཆོས་རྒྱས་པར་བྱེད། །མཐའ་མར་མངོན་པར་འཚང་ཡང་རྒྱ། །དེ་ནས་གདུང་རབས་གཉིས་པ་ལ། །ཕྱག་ན་རྡོ་རྗེའི་སྤྲུལ་པ་སྟེ། །རྒྱལ་པོ་ཁྲི་ཞེས་བྱ་བ་འབྱུང༌། །དེས་ཀྱང་དམ་ཆོས་རྒྱས་པར་བྱེད། །དེ་ནས་བདུད་ཀྱིས་བྱིན་བརླབས་པ། །རྒྱལ་པོ་དུད་འགྲོའི་མིང་ཅན་འབྱུང༌། །དམ་ཆོས་མ་ལུས་སྣུབ་པར་བྱེད། །ཐ་མ་མནར་མེད་དམྱལ་བར་འཚེད། །དེ་ནས་ཡེར་པའི་བྲག་ཁུང་ནས། །ཕྱག་ན་རྡོ་རྗེའི་སྤྲུལ་པ་སྟེ། །དཔལ་ཞེས་བྱ་བའི་དགེ་སློང་གིས། །སྡིག་ཅན་རྒྱལ་པོ་དགྲོལ་བར་འགྱུར། །དེ་ནས་ལོ་སྐོར་བརྒྱད་ཀྱི་བར། །སངས་རྒྱས་བསྟན་པ་མེད་པར་འགྱུར། །དེ་ནས་ལྔ་བརྒྱ་མཐའ་མ་ལ། །སངས་རྒྱས་བསྟན་པའི་མེ་རོ་ཞིག །མདོ་ཁམས་སྒང་ནས་ལངས་པར་འགྱུར། །ཁ་བ་ཅན་གྱི་རྒྱལ་ཁམས་སུ། །དད་ཅན་མང་པོ་འབྱུང་བར་འགྱུར། །སྐུ་གསུང་ཐུགས་ཀྱི་གཟུགས་བརྙན་ཡང༌། །རང་བྱུང་ཉིད་དུ་འབྱུང་བར་འགྱུར། །སྟོན་པའི་རིང་སྲེལ་མཆོད་པར་བྱེད། །ང་ཡང་མ་འོངས་སངས་རྒྱས་འགྱུར། །ཁ་བ་ཅན་པའི་སེམས་ཅན་ལ། །མར་མེ་འཆི་ཀར་གསལ་བ་བཞིན། །བསྟན་པ་ཤིན་ཏུ་རྒྱས་པར་འགྱུར། །ཟབ་མོའི་ཆོས་རྣམས་ཤིན་ཏུ་དར། །ངའི་དམ་ཆོས་ཟླ་བ་སྒྲོན་མེ་དང༌། དཀོན་མཆོག་སྤྲིན་དང༌། པང་ཀོང་ཕྱག་རྒྱ་དང༌། མྱ་ངན་ལས་འདས་པ་དང༌། ལས་རྣམ་པར་འབྱེད་པ་དང་ལྔ་པོ་འདི་ཁྱོད་ལ་གཏད་ཀྱིས་ཁྱོད་ཀྱིས་ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ་རིམ་པར་གཏོད་དུ་ཆུག་ཞིག་ཞེས་ཞལ་ཆེམས་སུ་མཛད་ཏོ། །ཀ་བཀོལ་མར་ལུང་བསྟན་གྱི་ཞལ་(ཇ༥༤བ)


PTT001_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཆེམས་འདི་རྟེན་ལ་ཐིམ་ཀར་བློན་པོ་སྣ་ཆེན་པོ་ལ་གསུངས་པར་བཤད་ལ་ཀ་བཀོལ་མ་ཐང་ཡིག་གབ་པ་མངོན་ཕྱུང་མྱ་ངན་འདས་ཆུང་རྣམས་ན་ཚིག་ཟུར་དང་མང་ཉུང་མི་འདྲ་བར་སྣང་ངོ༌། །དེ་ནས་རྒྱལ་པོ་ཆེན་པོ་འཕྲུལ་སྣང་དུ་གཤེགས་སྟེ་དཀྱིལ་འཁོར་གྱི་སྟེང་དུ་ཁྲི་ལ་བཞུགས་ནས་ཁྱེད་བློན་པོ་བཅུ་དྲུག་པོ་ལས་བཞིས་མགྲོན་བོས་ཅིག །བཞིས་ཤ་འཚོལ་བཞིས་ཆང་འཚོལ་བཞིས་གཡོག་གྱིས་ཅིག་སྣ་ཆེན་པོ་ངའི་སྐུ་སྲུང་ལ་སྡོད་ཅིག་གསུངས་སྟེ་བློན་པོ་གཞན་རྣམས་སོང་བའི་ཚེ་བཙུན་མོ་གསུམ་བྱོན་སྟེ་ལྷ་གཅིག་ཁྲི་བཙུན་གྱིས་གསེར་ཕྱེ་བལ་སྡེར་གང༌། ཀོང་ཇོས་གསེར་དངུལ་གཞོང་པ་གང༌། མོང་བཟའ་ཁྲི་ལྕམ་གྱིས་གསེར་ཕྱེ་བྲེ་གང་རྣམས་ཕུལ་སྟེ་ཕྱག་བྱེད་བསྙུན་རྨེད་ཅིང་རྗེ་བློན་ལྔ་པོ་བཀའ་མཆིད་འབེལ་བར་མཛད་པ་ལས་རེ་ཞིག་ན་རྒྱལ་པོ་བཞེངས་སྟེ་འོ་ཅག་རྗེ་བློན་རྣམས་ངའི་ལྷ་ཐུགས་རྗེ་ཆེན་པོ་ལ་ཕྱག་དང་མཆོད་པ་བྱའོ་ཞེས་གསུངས་ནས་ཐུགས་རྗེ་ཆེན་པོའི་གཙང་ཁང་དུ་བྱོན། ཕྱག་དང་མཆོད་པ་མཛད། རྒྱལ་པོ་ཉིད་ཐུགས་རྗེ་ཆེན་པོའི་མདུན་ན་བཞེངས་པའི་གཡས་སུ་ཁྲི་བཙུན། གཡོན་ན་ཀོང་ཇོ། སྐུ་རྒྱབ་ན་མོང་བཟའ་རྣམས་བཞེངས། བློན་པོ་སྣ་ཆེན་པོ་ཐེམ་པ་ཁ་ན་རྐང་པ་ཕྱི་ན་བཞག་ལག་པ་སྒོའི་སྐྱེས་བུ་གཉིས་ལ་བརྒྱངས། གློ་ལ་རལ་གྲི་བཏགས། མགོ་བོ་ནང་དུ་བཅུག་ནས་འདུག་པའི་ཚེ་རྒྱལ་པོ་ཞལ་ཕྱིར་ལོག་མཛད་ནས། སྣ་ཆེན་པོ་བོད་ཀྱི་བློན་འབངས་བློ་ཉེ་བ་དད་པ་ཆེ་བ་རྣམས་ན་རེ་ངེད་རྒྱལ་པོ་དང་མ་མཇལ་ཟེར་ནས་འོང་གི་དེ་རྣམས་ལ་ང་ལ་དད་གུས་བྱེད་ན་ངའི་ལྷ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ་ཅིག་བསམ་པ་ཐམས་ཅད་འགྲུབ་པ་དང་ཕྲད་པ་དང་ཁྱད་པར་མེད་ཏོ་གསུང་ངོ༌། །ལྷ་གཅིག་ཁྲི་བཙུན་ཞལ་ཕྱིར་ལོག་མཛད་ནས་བོད་འབངས་ཉེ་བ་རྣམས་ངེད་ལྷ་གཅིག་ཁྲི་བཙུན་དང་མ་མཇལ་ཟེར་ན་ལྷ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ་ཅིག་གསུང༌། ཡང་ཀོང་ཇོ་ཞལ་ཕྱིར་ལོག་མཛད་ནས་རྒྱ་དམག་གིས་སྤྱན་མི་འདྲེན་པའི་ཕྱིར་ལྷ་གཉིས་བརྗེས་ལ་ཇོ་བོ་ཤཱཀྱ་ལྷོ་སྒོ་མེ་ལོང་ཅན་དུ་བཞུགས། སྒོ་བརྩིགས་ཞལ་བ་གྱིས་ལ་འཇམ་དབྱངས་ཀྱི་སྐུ་བྲིས་ཅིག །བོད་འབངས་བློ་ཉེ་བ་རྣམས་ལྷ་གཅིག་ཀོང་ཇོ་དང་མ་མཇལ་ཟེར་ན་ངའི་ལྷ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ་ཅིག་གསུང་ངོ༌། །ཀ་བཀོལ་མ་དང་གབ་པ་མངོན་ཕྱུང་ལས་འདི་སྐད་བྱུང་ལ་གཞན་ལས་ཇོ་མོ་གཉིས་ཀྱིས་ཁྲོ་གཉེར་ཅན་དང་སྒྲོལ་མ་ལ་གསོལ་བ་ཐོབ་ཅིག་ངེད་དང་(ཇ༥༥ན)


PTT001_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲད་པ་དང་ཁྱད་པར་མེད་ཏོ་ཅེས་བྱུང་ངོ༌། །དེ་ནས་རྒྱལ་པོས་ལྷ་གཅིག་གཉིས་ཀྱི་སྤྱི་བོར་ཕྱག་བཞག་པ་དང་བལ་མོ་བཟའ་ཁྲི་བཙུན་པདྨ་དཀར་པོ་འདབ་མ་བརྒྱད་པ་ཧཱུྃ་ཡིག་གིས་མཚན་པ་ཅིག་དུ་གྱུར། རྒྱ་མོ་བཟའ་ཀོང་ཇོ་ཨུཏྤལ་སྔོན་པོ་འདབ་མ་བཅུ་དྲུག་པ་ཧཱུྃ་ཡིག་གིས་མཚན་པ་ཅིག་དུ་གྱུར་སྟེ་རྒྱལ་པོའི་ཕྲག་པ་གཡས་གཡོན་ལ་ཐིམ་རྒྱལ་པོས་དབུའི་ཐོད་ཕུད་དེ་སྤྱན་ན་མཁའ་ལ་ཆེར་གཟིགས་ནས་རང་བྱུང་ཐུགས་རྗེ་ཆེན་པོའི་དྲུང་དུ་ཉེ་བར་གཤེགས་པ་ན་དབུའི་ཨ་མི་ཏཱ་བྷ་གཉིས་པོ་མཐོ་དམན་མེད་པར་མཉམ་སྐད་སྟེ་གདའ་སྐད། དེ་ནས་ཕྱག་ཐལ་མོ་སྦྱར་སྟེ་བསྟོད་པ་མཛད་པ། ཆོས་སྐུ་སྟོང་པའི་ངང་ཉིད་ལས། །འགྲོ་བའི་དོན་དུ་བཞེངས་པའི་སྐུ། །ཞི་བའི་ཞལ་བཞི་ཁྲོ་ཞལ་བདུན། །བཅུ་གཅིག་ཞལ་ལ་ཕྱག་འཚལ་ལོ། །རྩ་བའི་ཞི་ཞལ་དཀར་པོ་གསུམ། །རབ་ཏུ་འཛུམ་ཞིང་མཛེས་པ་སྟེ། །ལས་དང་ཉོན་མོངས་ཞི་མཛད་པ། །ཆོས་སྐུའི་ཞལ་ལ་ཕྱག་འཚལ་ལོ། །དེ་སྟེང་བཙོ་མའི་གསེར་མདོག་ཅན། །རྔམ་ཞིང་བཞད་པའི་ཞལ་གསུམ་པོས། །ཚེ་དང་བསོད་ནམས་དཔལ་འབྱོར་གསུམ། །རྒྱས་པར་མཛད་ལ་ཕྱག་འཚལ་ལོ། །དེ་སྟེང་བྱུ་རུ་ལྟར་དམར་བ། །དབང་གི་ལས་མཛད་ཞལ་གཉིས་པོ། །རྣམ་པར་གཙིགས་པའི་ཁྲོ་གཉེར་ཅན། །ལོངས་སྐུའི་ཞལ་ལ་ཕྱག་འཚལ་ལོ། །དེ་སྟེང་དྲག་པོའི་ལས་མཛད་པ། །དུད་སྤྲིན་མདོག་འདྲ་ཞལ་གཉིས་པོ། །འཇིགས་ཤིང་རྔམ་པའི་སྤྱན་གསུམ་བགྲད། །སྤྲུལ་སྐུའི་ཞལ་ལ་ཕྱག་འཚལ་ལོ། །དེ་སྟེང་བླ་མ་སྤྲུལ་པའི་སྐུ། །སངས་རྒྱས་ཀུན་འདུས་ལི་ཁྲིའི་མདོག །འོད་དཔག་མེད་མགོན་རྒྱལ་བ་ཡིས། །གཙུག་རྒྱན་མཛད་ལ་ཕྱག་འཚལ་ལོ། །པདྨའི་འདབ་འདྲ་དང་པོ་ཡི། །ཕྱག་གཉིས་ཐུགས་ཀར་ཐལ་སྦྱར་ནས། །སངས་རྒྱས་ཀུན་གྱི་ཐུགས་རྗེ་རྣམས། །བསྐུལ་བར་མཛད་ལ་ཕྱག་འཚལ་ལོ། །གཡས་ཀྱི་ཕྱག་བཞི་རིམ་པ་བཞིན། །བགྲང་ཕྲེང་འཁོར་ལོ་མཆོག་སྦྱིན་དང༌། །དུས་གསུམ་སངས་རྒྱས་འོད་དཔག་མེད། །ལེགས་པར་བསྣམས་ལ་ཕྱག་འཚལ་ལོ། །གཡོན་གྱི་ཕྱག་བཞི་རིམ་པ་བཞིན། །པད་དཀར་སྤྱི་བླུགས་རིན་པོ་ཆེ། །ཐབས་ཤེས་ཟུང་འཇུག་མདའ་དང་གཞུ། །ལེགས་པར་བསྣམས་ལ་ཕྱག་འཚལ་ལོ། །གཡས་ཀྱི་ཡན་ལག་བཅུ་དགུ་ན། །རིན་ཆེན་ཞགས་པ་ལྷུང་བཟེད་(ཇ༥༥བ)


PTT001_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

གྲི། །རྡོ་རྗེ་མེ་ཤེལ་ཆུ་ཤེལ་གཞུ། །ལྕུག་མ་བསྣམས་ལ་ཕྱག་འཚལ་ལོ། །རྔ་ཡབ་ཕུབ་དང་བུམ་པ་བཟང༌། །དགྲ་སྟ་ཕྲེང་བ་པདྨ་སྔོ། །སྤྱི་བླུགས་ཉི་མ་ཆུ་སྐྱེས་དཀར། །སྙེ་མ་བསྣམས་ལ་ཕྱག་འཚལ་ལོ། །གཡོན་གྱི་ཡན་ལག་བཅུ་དགུ་ན། །སྤྲིན་དཀར་སྤྱི་བླུགས་པདྨ་གྲི། །དུད་ཐོད་ཕྲེང་བ་དྲིལ་བུ་དང༌། །རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །ལྕགས་ཀྱི་འཁར་སིལ་སྤྲུལ་པའི་སྐུ། །ཁང་བཟང་གླེགས་བམ་འཁོར་ལོ་དང༌། །སྐུ་གཟུགས་ཤིང་ཐོག་ཀེ་ས་ར། །རིན་ཆེན་བསྣམས་ལ་ཕྱག་འཚལ་ལོ། །ཆོས་སྐུའི་རྩ་ཕྱག་རྣམ་པ་བཅུ། །ལོངས་སྐུའི་ཡན་ལག་སུམ་བཅུ་བརྒྱད། །སྤྲུལ་སྐུའི་ཉིང་ཕྱག་སྟོང་མངའ་བ། །ནམ་མཁའི་རྒྱལ་པོ་ཁྱོད་ལ་འདུད། །པདྨ་ལྟ་བུའི་ཕྱག་མཐིལ་ལ། །ཨུཏྤལ་ལ་འདྲའི་སྤྱན་མིག་ནི། །རྒྱུ་སྐར་བཞིན་དུ་རྣམ་བཀྲ་བའི། །ན་མཁའི་རྒྱལ་པོ་ཁྱོད་ལ་འདུད། །དབུ་ལ་རྒྱལ་བའི་གཙུག་རྒྱན་ཅན། །ཕྱག་ཞབས་གསེར་གྱི་གདུབ་བུ་འཁྲོལ། །སྐུ་ལུས་དྲི་ཞིམ་སྤོས་ངད་ལྡང༌། །ནམ་མཁའི་རྒྱལ་པོ་ཁྱོད་ལ་འདུད། །སྣ་ཚོགས་དར་གྱི་ན་བཟའ་གསོལ། །རིན་ཆེན་དུ་མའི་རྒྱན་གྱིས་སྤྲས། །ལྟ་བས་མི་ངོམས་མཛེས་པའི་སྐུ། །ན་མཁའི་རྒྱལ་པོ་ཁྱོད་ལ་འདུད། །རི་དྭགས་པགས་པས་ནུ་མ་བཀབ། །ཡན་ལག་རིགས་བཞིའི་སྦྲུལ་གྱིས་བརྒྱན། །མཚན་དཔེ་གཟི་བརྗིད་འབར་བའི་སྐུ། །ན་མཁའི་རྒྱལ་པོ་ཁྱོད་ལ་འདུད། །གངས་རིའི་ངོས་ལྟར་མཛེས་པ་ལ། །ཅུང་ཟད་དམར་བའི་མདངས་དང་ལྡན། །ཐུགས་རྗེའི་འོད་དཀར་འཕྲོ་བའི་སྐུ། །ན་མཁའི་རྒྱལ་པོ་ཁྱོད་ལ་འདུད། །ལྷ་རྒྱལ་གཙུག་གི་ནོར་བུ་ནི། །ལེགས་པར་བཞེངས་པའི་ཞབས་གཉིས་པོ། །པད་ཟླའི་སྟེང་དུ་མཛེས་པའི་སྐུ། །ན་མཁའི་རྒྱལ་པོ་ཁྱོད་ལ་འདུད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་སྤྲུལ་པ་རིན་པོ་ཆེ། །ཐབས་མཁས་ཐུགས་རྗེ་ལྡན་པ་ཁྱོད། །སེམས་ཅན་རྣམས་ལ་གཟིགས་སུ་གསོལ། །འགྲོ་བ་དུ་མའི་སྐྱབས་གནས་ཁྱོད། །སྡུག་བསྔལ་དུ་མས་རྣམ་གཙེས་པའི། །ཉམ་ཐག་ཕོངས་པའི་སེམས་ཅན་ལ། །ཐུགས་རྗེའི་སྤྱན་གྱིས་གཟིགས་སུ་གསོལ། །མ་རིག་འཁྲུལ་པའི་སེམས་ཅན་རྣམས། །ལས་ངན་བསགས་པས་ལུས་ངན་བླངས། །ངན་སོང་གསུམ་དུ་ལྷུང་བ་རྣམས། །(ཇ༥༦ན)


PTT001_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ། །ཞེས་གསུངས་ནས་ཐུགས་ཀར་དབུ་བཏུགས་སྟེ། འཕགས་པ་ཁམས་གསུམ་འཁོར་བ་ན་འཁྱམས་པའི་སེམས་ཅན་ཉམ་ཐག་པ་རྣམས་ལ་གཟིགས་ཅིག་ཞེས་ཐུགས་རྗེ་དྲག་དུ་གཡོས་པའི་རླབས་འབྱིན་ཞིང་གསོལ་བ་དྲག་དུ་བཏབ་པའི་མོད་ལ་རྒྱལ་པོ་འོད་ཀྱི་གོང་བུར་གྱུར་སྟེ་བྱེ་མ་ལ་ཆུ་ཐིམ་པ་ལྟར་རང་བྱུང་བཅུ་གཅིག་ཞལ་གྱི་ཐུགས་ཀར་ཐིམ་པས་ཕྱག་ཐལ་མོ་སྦྱར་བ་ཅུང་ཟད་ཁ་བྱེ་བ་དང་སྐུ་ཅུང་ཟད་ཡོ་བ་དེའི་དུས་བྱུང་ངོ༌། །དེ་ནས་བློན་པོ་སྣ་ཆེན་པོ་དང་ཇོ་མོ་མོང་བཟའ་ཁྲི་ལྕམ་གྱིས་རྒྱལ་པོ་ཡབ་ཡུམ་གསུམ་བསྟངས་ཞན་ནོ་ཁ་བ་ཅན་གྱི་སེམས་ཅན་རྣམས་སུ་ལ་རེ་ཇི་ལྟར་བགྱི་ཟེར་ཞིང་གསོལ་བ་བཏབ་པས་རྒྱལ་པོ་ཡབ་ཡུམ་ཨ་ཙ་མ་འདི་རྣམས་མི་བདེན་པ་ལ་བདེན་པར་འཛིན་མི་རྟག་པ་ལ་རྟག་པར་འཛིན་སྙམ་ནས་ཐུགས་ཀ་ནས་རྒྱལ་པོ་དབུ་ཉུག་མཛད་དེ། ཁ་བ་ཅན་གྱི་སེམས་ཅན་རྣམས་སྔར་སྐྱེས་པ་ལ་མ་ཤི་བ་མེད་པ་དང་གཅིག་ལུས་འདུས་བྱས་ཡིན་པས་འཆི་ངེས་པ་དང་གཉིས་ཚེ་སྐད་ཅིག་ཀྱང་མི་སྡོད་པར་མྱུར་དུ་འཆི་བ་དང་གསུམ་ཡིན་ནོ་ད་ལྟའི་སྤྱོད་པ་འདི་རྣམས་རྨི་ལམ་ལྟ་བུར་ཤེས་པར་གྱིས་ཅིག་གསུངས་སོ། །ནུ་མ་གཡས་ནས་ལྷ་གཅིག་ཁྲི་བཙུན་དབུ་ཉུག་བྱུང་སྟེ་ཚེ་ལ་ངེས་པ་མེད་པས་ནམ་འཆི་ཆ་མེད་པ་དང་གཅིག་འཆི་བའི་རྐྱེན་མང་བས་ནམ་འཆི་མི་ཤེས་པ་དང་གཉིས་ལུས་ལ་སྙིང་པོ་མེད་པས་ནམ་འཆི་མི་ཤེས་པ་དང་གསུམ་ཡིན་ནོ་ད་ལྟའི་ལུས་འདི་མེ་ལོང་ནང་གི་གཟུགས་བརྙན་ལྟར་ཤེས་པར་གྱིས་ཅིག་ཞེས་དང༌། ཀོང་ཇོ་ནུ་མ་གཡོན་ནས་དབུ་ཉུག་མཛད་ནས་འཆི་བ་ལ་ནོར་གྱིས་མི་གཏོངས་པ་དང་གཅིག་གཉེན་གྱིས་མི་ཕན་པ་དང་གཉིས། རང་གི་ལུས་ཀྱི་མི་གཏོངས་པ་དང་གསུམ་ཡིན་ནོ། །ད་ལྟའི་ལུས་འདི་སྒྱུ་མ་ལྟ་བུར་ཤེས་པར་གྱིས་ཅིག་གསུངས་སོ། །ཡང་བློན་པོ་སྣ་ཆེན་པོས་རྒྱལ་པོ་ཡབ་ཡུམ་བསྟངས་ཞན་ནོ་ཁྱོད་དེ་ལྟར་བཞུད་དུ་བཞེད་ན་ངེད་ཤུལ་ན་ཡོད་པ་རྣམས་ཇི་ལྟར་བགྱི་ཞུས་པས་རྒྱལ་པོའི་ཞལ་ནས། སེར་སྣའི་ས་གཞི་བརྡལ་ཡང་སྦྱིན་པའི་རྒྱགས་དང་མ་བྲལ་བར་གྱིས་ཅིག །ཕྲག་དོག་གི་རླུང་དམར་འཚུབས་ཀྱང་ཚུལ་ཁྲིམས་ཀྱི་རྒྱན་དང་མ་བྲལ་བར་གྱིས་ཤིག །ལེ་ལོའི་སྒྲོག་དུ་ཚུད་ཀྱང་བརྩོན་འགྲུས་ཀྱི་རྟ་དང་མ་བྲལ་བར་གྱིས་ཅིག །(ཇ༥༦བ)


PTT001_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

གཡེང་བའི་དམག་གིས་བསྐོར་ཡང་བསམ་གཏན་གྱི་མཁར་དང་མ་བྲལ་བར་གྱིས་ཅིག །དུག་ལྔའི་ཇག་པ་བཀྱེ་ཡང་བཟོད་པའི་གོ་ཆ་དང་མ་བྲལ་བར་གྱིས་ཅིག །མ་རིག་པའི་མུན་པ་འཐིབས་ཀྱང་ཡེ་ཤེས་ཀྱི་སྤྱན་དང་མ་འབྲལ་བར་གྱིས་ཅིག །དེ་ལྟར་བྱས་ན་ཐུགས་རྗེ་ཆེན་པོ་དང་རྟག་དུ་འགྲོགས་པ་ལགས་སོ། །ཞེས་གསུངས་ནས་མི་སྣང་བར་གྱུར་ཏོ། །ཇོ་མོ་མོང་བཟའ་ས་ལྷ་གཅིག་གཉིས་ཀྱིས་བདག་ལ་ཞལ་ཆེམས་རེ་ཞུ་དང་བྱས་པས་ཡང་དབུ་ཉུག་སྟེ་ཁྲི་བཙུན་གྱི་ཞལ་ནས། མཁའ་ལ་ཉི་མ་ཤར་ཙ་ན། །མུན་པ་དག་ལ་སྡོད་དབང་མེད། །སངས་རྒྱས་ཀྱི་བྱིན་རླབས་ཞུགས་ཙ་ན། །དུག་ལྔ་དག་ལ་སྡོད་དབང་མེད། །སེམས་ལ་རྟོགས་པ་ཤར་ཙ་ན། །མ་རིག་པ་ལ་སྡོད་དབང་མེད། །སངས་རྒྱས་ཀྱི་ཐུགས་རྗེས་བསྐུལ་ཙ་ན། །འཇིག་རྟེན་དག་ན་སྡོད་དབང་མེད། །རང་ལུས་དངོས་མེད་དུ་འདོད་ན་ལྷ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ་ཅིག་གསུངས་ནས་མི་སྣང་ངོ༌། །ཀོང་ཇོའི་ཞལ་ནས་དེ་ལྟར་གོ་ཙ་ན་འཕགས་པའི་ཐུགས་རྗེ་མི་བདེན་ངན་སོང་གི་སྡུག་བསྔལ་མི་བདེན་སེམས་ཅན་གྱི་ལས་མི་བདེན་རང་སེམས་སངས་རྒྱས་ལ་ཚེ་འདིའི་སྣང་བ་མི་བདེན་རང་ལུས་དངོས་མེད་དུ་འདོད་ན་ལྷ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ་ཅིག་གསུངས་ནས་མི་སྣང་ངོ༌། །དེ་ནས་ཇོ་མོ་མོང་བཟས་རྒྱལ་པོ་སྤྲུལ་པའི་སྐུ་ཡབ་ཡུམ་བདག་ཅག་ཁ་བ་ཅན་པའི་སེམས་ཅན་ལ་ཐུགས་རྗེས་མི་སྐྱོབ་པར་དེ་ལྟར་གཤེགས་ནས་བདག་ཅག་རྒྱལ་སྲས་མ་ཚར་ཡང་ཚེའི་དུས་བྱེད་ཀར་ཁྱེད་ལྟར་བཞུད་པ་ཅིག་ཞུ་འཚལ་ཞེས་སྨྲེ་སྔགས་བཏོན་པས། རྒྱལ་པོ་ཡབ་ཡུམ་གསུམ་སྐུ་མི་སྣང་བར་འཕགས་པའི་སྐུ་སྟོད་དང་ནུ་མ་སོ་སོའི་ཐད་ལས་གསུང་བྱུང་སྟེ། ཨག་སམ་སེམས་ཅེས་ནང་དུ་མ་འཛིན་སྣང་བ་ཞེས་ཕྱིར་མ་འབོར། སེམས་སྣང་བདག་མེད་ཡིན་གྱིས་སྣང་སེམས་དབྱིངས་སུ་ཞོག །གཟུང་འཛིན་རོལ་པ་ཡིན་གྱིས་ཆོས་ཉིད་རྩལ་སྦྱོང་གྱིས། འཁོར་འདས་གཉིས་མེད་དུ་འདུག་པས་ང་དང་ཁྱོད་ལ་དབྱེ་བ་མེད་གྱིས་འདི་ཕྱི་གཉིས་སུ་མེད་པར་འགྲོགས་ཅེས་གསུངས། ཁྲི་བཙུན་གྱིས་ཁྱོད་ནང་དུ་མ་འཛིན་ང་ཕྱི་རུ་མ་འཛིན་རྒྱལ་པོ་དབྱིངས་སུ་མ་སྒོམ་ང་དང་ཁྱོད་དང་རྒྱལ་པོ་དབྱེར་མེད་ཡིན། ཁྱེད་ནི་ངེད་ཀྱི་དབྱིངས་ན་ཡོད། ངེད་ཀྱི་(ཇ༥༧ན)


PTT001_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཉིད་ཆོས་ཉིད་གཉིས་མེད་དང༌། དུས་གསུམ་གཅིག་པར་རང་ལ་གནས། ནང་ཐོང་ཕྱི་ཤིག་གཉིས་མེད་ཤེས་པ་ཆོས་སྐུ་ཡིན་ནོ་ཨག་སམ་གསུང་ངོ༌། །ཀོང་ཇོའི་ཞལ་ནས་རིག་པ་ནང་དུ་མ་འཛིན་ཚོགས་དྲུག་ཕྱིར་མ་སྤྲོ་གཉིས་འཛིན་མུན་པར་མ་གཞུག་དགག་སྒྲུབ་བྲལ་བ་ཆོས་སྐུ་གསལ་ལ་འཛིན་མེད་ལོངས་སྐུ་སྣ་ཚོགས་འགག་མེད་སྤྲུལ་སྐུ་ང་གསུམ་གཅིག་སྟེ་མ་ལྟ་མ་སྒོམ་འགག་དུ་གནས་མེད་ཞོག་ཨག་སམ་གསུངས་སོ། །དེར་ཇོ་མོ་མོང་བཟའ་ཁྲི་ལྕམ་གྱིས་རྒྱལ་པོ་ཡབ་ཡུམ་དང་སངས་རྒྱས་ཐམས་ཅད་ཀྱི་ཞལ་དུས་དེ་ཉིད་དུ་མཐོང་སྟེ་སྐྱེ་བ་ལ་མི་འཇིགས་འཆི་བ་ལ་མི་དྭོགས་པའི་ཆོས་ལ་མངའ་བརྙེས་པར་གྱུར་ཏོ། །བསྟོད་པ་མཛད་པ་ཐང་ཡིག་ལས་བྱུང་ལ་གཞན་ཞལ་ཆེམས་འདི་རྣམས་ཀ་བཀོལ་མ་གབ་པ་མངོན་ཕྱུང་མྱ་ངན་འདས་ཆུང་གསུམ་ཚིག་མཐུན་པར་སྣང་ངོ༌། །དེ་ནས་བློན་འབངས་ཀྱིས་གསོལ་བ་བཏབ་པའི་ཚུལ་རྒྱས་པ་ནི་མྱ་ངན་འདས་ཆུང་ལས་ད་ལྟར་ཡབ་ཡུམ་གྱིས་བཀའ་ཆོས་ཀྱི་གདམས་པ་མང་དུ་གསུངས་ནས་མི་སྣང་བར་གྱུར་པས་བློན་པོ་སྣ་ཆེན་པོ་མ་དགའ་ནས་སྨྲེ་སྔགས་བཏོན་པ། ཀྱེ་མ་ཀྱེ་ཧུད་འདི་འདྲའི་དུས་བྱུང་ངོ༌། །ཆོས་སྐྱོང་རྒྱལ་པོ་ཆེན་པོ་ནི། །ལྟ་བའི་མིག་པས་འཕངས་པའི་རྒྱལ་པོ་དེ། །ཅུང་ཟད་སྙུང་ཡང་ཀུན་གྱིས་མི་བཟོད་ན། །ཉི་མ་དེ་རིང་འདི་འདྲའི་དུས་བྱུང་ངོ༌། །རྨི་ལམ་ཡིན་ནམ་བདེན་རྫུན་ངོ་མ་ཤེས། །རང་གི་སྙིང་ལས་གཅེས་པའི་རྒྱལ་པོ་དེ། །ན་བཟའ་རྒྱན་རྣམས་མོས་པའི་རྟེན་དུ་བཞག །འདི་འདྲ་མཐོང་བས་བདག་ནི་འོ་དོད་འབོད། །ཆོས་ཉིད་ཞི་བའི་ངང་ནས་ཐུགས་རྗེས་གཟིགས། །ཀྱེ་མ་རྒྱལ་པོ་མཉམ་མེད་རིན་པོ་ཆེ། །ཐུགས་རྗེའི་མངའ་བདག་འཛམ་གླིང་རྒྱན་གཅིག་པོ། །སངས་རྒྱས་བསྟན་པ་འཛིན་སྐྱོང་མི་མཛད་པར། །ཐུབ་པའི་རྒྱལ་ཚབ་སྲོང་བཙན་གང་དུ་གཤེགས། །བོད་འབངས་ལམ་སྣ་དྲོངས་ཤིག་བསྟན་པའི་བདག །ཆོས་ཉིད་འོད་གསལ་ངང་དུ་མ་གཡོས་ཀྱང༌། །གཟུགས་སྐུ་མཐུན་སྣང་སྣ་ཚོགས་དཔག་མེད་ཀྱིས། །སྣང་བ་དབང་བའི་བྱེ་བྲག་སྟོན་མཛད་པ། །འགྲོ་མགོན་སྲོང་བཙན་སྒམ་པོ་གང་དུ་གཤེགས། །(ཇ༥༧བ)


PTT001_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

མིག་མེད་མུན་པར་མ་བཏང་རྒྱལ་བའི་སྲས། །མི་མངོན་ནམ་མཁའི་དབྱིངས་ནས་ཐུགས་རྗེས་གཟིགས། །ཆོས་དབྱིངས་ཟབ་ཅིང་སྤྲོས་བྲལ་རྩི་སྨན་གྱིས། །མཚན་མའི་ཟུག་རྔུ་མ་ལུས་སེལ་མཛད་ཅིང༌། །མཐར་ཐུག་ཉམས་རྟོགས་རྒྱུད་ལ་སྐྱེད་མཛད་པ། །སྨན་པའི་རྒྱལ་པོ་སྲོང་བཙན་གང་དུ་གཤེགས། །བུ་རྣམས་འཁོར་བར་འཁྱམས་སོ་སྤྲུལ་པའི་སྐུ། །མཉམ་ཉིད་ངང་ནས་ཐུགས་རྗེས་བསྐྱབ་ཏུ་གསོལ། །མ་རིག་མུན་པར་འཐོམས་པའི་སེམས་ཅན་རྣམས། །དམིགས་མེད་ཐུགས་རྗེ་ཆེན་པོའི་འོད་ཟེར་གྱིས། །གཉིས་སྣང་འཁྲུལ་བའི་མུན་པ་སེལ་མཛད་པ། །ཐུགས་རྗེའི་ཉི་མ་རྒྱལ་པོ་གང་དུ་གཤེགས། །མ་རིག་མུན་པའི་གྲོང་དུ་ཉི་མ་ནུབ། །བུ་རྣམས་ལོང་ཁྲིད་མཛོད་ཅིག་རྒྱལ་བའི་བཤེས། །ཆུ་ཆེན་བཞི་ཡི་རྦ་རླབས་ཆེན་པོ་ལས། །ཐབས་དང་ཤེས་རབ་གྲུ་ཆེན་རབ་བཅས་ནས། །སྐྱེ་འཆི་མེད་པའི་སྐམ་སར་འདྲེན་མཛད་པ། །མཉན་པའི་རྒྱལ་པོ་ཁྱོད་ནི་གང་དུ་གཤེགས། །ཉམ་ཐག་མགོན་མེད་གྱུར་ཏོ་ཆོས་ཀྱི་རྗེ། །ཆོས་སྐུ་ཞི་བའི་ངང་ནས་བསྐྱབ་ཏུ་གསོལ། །ཆོས་དབྱིངས་ཟབ་མོའི་རྒྱ་མཚོ་ཆེན་པོ་ལ། །ཐབས་མཆོག་མི་གཡོའི་གཟིངས་ཆེན་རབ་བཅས་སྟེ། །གཉིས་མེད་ནོར་བུ་རིན་ཆེན་ལེན་པ་ཡི། །འགྲོ་བའི་དེད་དཔོན་རྒྱལ་པོ་གང་དུ་གཤེགས། །ངམ་གྲོག་གཡང་སར་ལྷུང་ངོ་ཆོས་ཀྱི་རྗེ། །འགག་མེད་ཀློང་ནས་ཐུགས་རྗེས་བསྐྱབ་ཏུ་གསོལ། །མཚན་ཙམ་ཐོས་པས་ཀུན་གྱི་དོན་མཛད་པ། །གང་འདོད་བསམ་པ་ཐམས་ཅད་རེ་འདོད་སྐོང༌། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་འབྱུང༌། །དབང་གི་རྒྱལ་པོ་སྲོང་བཙན་གང་དུ་གཤེགས། །ལམ་སྟོར་མགོན་མེད་སྨག་རུམ་གྱུར་པ་ལ། །ཐུགས་རྗེ་ཉི་མའི་འོད་ཀྱིས་དྲང་དུ་གསོལ། །དུས་གསུམ་མཉམ་ཉིད་འོད་གསལ་ཆེན་པོ་ལ། །སྐྱེ་འགག་སྤྲོས་པའི་མཚན་མ་མ་མཆིས་ཀྱང༌། །ཐུགས་རྗེའི་ཆོ་འཕྲུལ་དཔག་མེད་རབ་སྟོན་པའི། །འཕྲིན་ལས་བསམ་མི་ཁྱབ་དེ་གང་དུ་གཤེགས། །སྲིད་པའི་ཟོ་ཆུན་ཁྱུད་མོར་འཁྱམས་པ་ཡི། །གུས་པའི་སེམས་ཅན་བདག་ལ་ཐུགས་རྗེས་གཟིགས། །དཔེ་དང་བྲལ་བའི་རང་སེམས་ངོ་བོ་ཉིད། །(ཇ༥༨ན)


PTT001_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཅིར་ཡང་གྲུབ་པ་མེད་ཅིང་ཀུན་ལ་ཁྱབ། །མཚོན་དུ་མེད་པའི་ངེས་པ་སྐྱོང་མཛད་པའི། །བྱིན་རླབས་མཆོག་གྱུར་རྒྱལ་པོ་གང་དུ་གཤེགས། །བུ་འབངས་ཀྱེ་ཧུད་མྱ་ངན་དྲན་པ་སྟོར། །ཕ་ཐུགས་རྗེས་གཟིགས་ཅིག་ཆོས་རྒྱལ་སྤྲུལ་པའི་སྐུ། །ཚོགས་ཀྱི་ཁྱད་པར་དབང་གི་བྱེ་བྲག་ལས། །གང་ལ་གང་འདུལ་དེ་ལ་དེ་ཉིད་ཏུ། །ཡི་གེ་དྲུག་མས་ཐམས་ཅད་བདེ་ལ་བཀོད། །ཟབ་མོའི་ལམ་སྟོན་རྒྱལ་པོ་གང་དུ་གཤེགས། །སྟོང་ཉིད་འོད་གསལ་ཆེན་པོའི་ངང་ཉིད་ནས། །གཟུང་དང་འཛིན་པའི་ཆོ་འཕྲུལ་ངོ་བོ་ཉིད། །གཉིས་མེད་ཡེ་ཤེས་འཁོར་ལོ་རབ་སྟོན་པའི། །མཐར་ཐུག་ལམ་སྟོན་རྒྱལ་པོ་གང་དུ་གཤེགས། །ཁྲོ་གཏུམ་ཆེ་བ་མཐའ་ཡི་རྒྱལ་པོས་ཀྱང༌། །མཚན་ཐོས་ཙམ་གྱིས་གདུག་སེམས་རབ་ཞི་ཞིང༌། །རང་དོན་བརྗེད་ནས་གུས་པའི་སེམས་དང་ལྡན། །ཞེ་སྡང་མེ་དཔུང་ཞི་མཛད་གང་དུ་གཤེགས། །རི་རབ་ལྷུན་པོ་ཙམ་གྱི་སྒྲོན་མེ་ཐོགས། །ཞིང་ཁམས་མུ་མཐའ་མེད་པར་བཙལ་གྱུར་ཀྱང༌། །ཁྱོད་འདྲའི་རྒྱལ་པོ་ཀུན་གྱིས་མི་རྙེད་ན། །མཉམ་མེད་རྩོལ་བ་བྲལ་དེ་གང་དུ་གཤེགས། །ཀྱེ་མ་ཀྱེ་ཧུད་དྲིན་ཅན་ཆོས་ཀྱི་རྗེ། །ཀྱེ་ཧུད་ཉམ་ཐག་སྡུག་བསྔལ་མགོན་མེད་ཏོ། །ཀྱེ་ཧུད་བདག་ཅག་བོད་འབངས་འགྲོ་བ་རྣམས། །ཀྱེ་མ་ཀྱེ་ཧུད་འདི་འདྲའི་དུས་བྱུང་ངོ༌། །འགྱུར་མེད་རྡོ་རྗེའི་སྐུ་མཆོག་བརྒྱད་བརྙེས་ཀྱང༌། །བསྙུང་དང་འདས་གྲོངས་གཞི་ནས་སྟོན་པ་དེ། །འཇིག་རྟེན་མཐུན་པར་འཇུག་པ་ལགས་མོད་ཀྱང༌། །བདག་ཅག་མགོན་སྐྱབས་སུ་ཞིག་མཛད་པར་འགྱུར། །ཐེག་པ་རིམ་དགུ་རྒྱུད་སྡེ་ཆེན་པོ་བཞི། །བཀའ་དང་བསྟན་བཅོས་དགོངས་འགྲེལ་མན་ངག་ཀུན། །དོན་བསྡུས་གསུང་བའི་རྒྱལ་པོ་མི་བཞུགས་ན། །གཟུང་འཛིན་གཉིས་སྣང་གང་གིས་སེལ་བར་འགྱུར། །རང་སེམས་རིག་པའི་ངང་དུ་འབྲལ་མེད་ཀྱང༌། །ཆུ་བུར་མིག་གི་ཡུལ་དུ་མི་སྣང་བས། །སྒྱུ་མའི་དཔེ་དང་མཚུངས་པར་བྱུང་འགྱུར་ན། །ཐུགས་ཀྱིས་བཟོད་དམ་ཆོས་རྒྱལ་བརྩེ་བ་ཅན། །བདག་ཅག་རྒྱལ་པོ་བརྗེད་པར་མ་མཆིས་སོ། །སྐྱེ་མེད་མངོན་སུམ་སྟོན་པའི་རིན་པོ་ཆེ། །བསམས་(ཇ༥༨བ)


PTT001_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིན་ཚུགས་པ་མེད་ཏོ་ཇི་ལྟར་བགྱི། །རང་གཞན་བདེ་བ་སྟེར་བའི་རིན་པོ་ཆེ། །ཆོས་ཀྱི་རྒྱལ་པོ་ཁྱོད་དང་བདག་ཅག་རྣམས། །འཆུག་མེད་ལྷན་ཅིག་རྟེན་འབྲེལ་འཛོམ་གྱུར་ནས། །རྟག་དུ་མི་འབྲལ་ཅི་གསུང་བཀའ་སྒྲུབ་ཅིང༌། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་རྣམས། །རྒྱལ་པོ་ཁྱོད་དང་དབྱེར་མེད་གཅིག་པར་ཤོག །རྒྱལ་བའི་བསྟན་པ་ན་མཁའ་གར་ཁྱབ་ཏུ། །མི་མཐུན་རྐྱེན་གྱིས་གཡོ་བ་མ་མཆིས་པར། །འཁོར་བ་མ་སྟོངས་བར་དུ་གནས་པར་ཤོག །ཞེས་སྨྲེ་སྔགས་བཏོན་སྟེ་གསོལ་བ་བཏབ་པས་ཐུགས་རྗེ་ཆེན་པོའི་ཐུགས་ཀ་ན་ཚུར་རྒྱལ་པོ་ཡབ་ཡུམ་གསུམ་དབུ་ཉུག་གིས་བྱོན་པ་ལ་ཇོ་མོ་མོང་བཟའ་དང་བློན་པོ་སྣ་ཆེན་པོས་བཞུགས་པར་ཞུས་པས་མ་གནང་ངོ༌། །དེར་བློན་པོ་སྣ་ཆེན་པོས་རྗེ་ཉིད་མི་བཞུགས་ན་སྤྱིར་སངས་རྒྱས་ཀྱི་བསྟན་པ་ཇི་ཙམ་གནས། ནུབ་པའི་སྔ་ལྟས་ཇི་ལྟར་འགྱུར། ཁྱད་པར་བོད་ཡུལ་དུ་བསྟན་པ་འཛིན་པའི་བྱང་སེམས་དང་རྒྱལ་པོ་ལ་སོགས་པ་ཇི་ལྟར་འབྱུང༌། དམ་ཆོས་ཇི་ཙམ་དུ་གནས། རྒྱལ་པོ་གང་གི་རིང་ལ་ཆོས་ལུགས་གང་དང་གང་ནུབ་དེའི་རྐྱེན་ཅིས་བྱེད། མི་རྣམས་དང་ཆོས་པའི་སྤྱོད་པ་དང་ཉམས་ལེན་ཇི་ལྟ་བུ། རབ་བྱུང་དང་སྔགས་པ་རྣམས་ཀྱི་དར་གུད་སྤྱོད་ལམ་དང་བུད་མེད་རྣམས་ཀྱི་སྤྱོད་པ་ཇི་ལྟ་བུ་མཆིས། གཙུག་ལག་ཁང་ཇི་ལྟ་བུ་འབྱུང༌། ཕྱི་རབས་ཀྱི་རྒྱལ་བློན་ཇི་ལྟ་བུས་བསྟན་པ་སྐྱོང༌། རྒྱལ་པོ་གང་དུ་འཚང་རྒྱ་བློན་པོ་རྣམས་སྐྱེ་བ་འདིའི་འོག་རོལ་དུ་ཇི་ལྟ་བུར་འགྱུར། དུས་ཇི་ཙམ་ན་བྱང་ཆུབ་འཐོབ། ལྷ་སྲས་དང་བཙུན་མོ་རྣམས་ཇི་ལྟར་འགྱུར། བསྟན་པའི་མཇུག་དུ་ཆོས་གང་དར། ཆོས་མཇུག་གང་གིས་སྡུད། ཅེས་སོགས་ཞིབ་ཏུ་ཞུས་པས། རྒྱལ་པོའི་ཞལ་ནས་ཨེ་མ་ཧོ། །བོད་ཡུལ་ཁ་བ་ཅན་གྱི་རྒྱལ་ཁམས་འདི། །ཡང་དག་སངས་རྒྱས་རྣམས་ཀྱིས་རབ་ཏུ་བསྔགས། །ཁྱད་པར་ཅན་གྱི་གནས་སུ་བསྟན་པ་སྟེ། །བྱང་ཆུབ་སེམས་དཔའ་མང་པོ་འབྱུང་བར་འགྱུར། །དེ་ནས་གདུང་རབས་བཞི་ན་རྒྱལ་པོ་ནི། །སོ་སོ་སྐྱེ་བོའི་བྱང་ཆུབ་སེམས་དཔའ་འབྱུང༌། །དེ་ཡི་སྲས་པོ་བྱང་ཆུབ་སེམས་དཔའ་ནི། །འཕགས་པའི་རིགས་ཅན་གང་(ཇ༥༩ན)


PTT001_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་རྒྱལ་པོ་འབྱུང༌། །ཆོས་གཞི་གཙུག་ལག་ཁང་ནི་མང་དུ་རྩིག །མཐའ་འཁོབ་རྒྱལ་ཁམས་མང་པོ་དབང་དུ་སྡུད། །ཕྱོགས་མཚམས་བརྒྱད་ནས་དཔྱ་ཁྲལ་མང་པོ་སྡུད། །རྒྱ་གར་གསང་མཛོད་དམ་ཆོས་མང་པོ་བསྒྱུར། །སྤྲུལ་པའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་དེས། །ལོ་པཎ་སྤྱན་དྲངས་དམ་ཆོས་རྒྱས་པར་བྱེད། །སྦྱངས་པ་ཅན་གྱི་སྐྱེས་བུ་མང་དུ་འབྱོན། །དེ་ལྟར་ཆོས་སྐྱོང་བ་ཡི་རྒྱལ་པོ་དེས། །བོད་འབངས་བདེ་སྐྱིད་དགའ་བདེའི་ལམ་ལ་སྦྱོར། །རྒྱལ་པོའི་མཛད་སྤྱོད་ཕུན་སུམ་ཚོགས་པ་དེས། །འབངས་རྣམས་བདེ་སྐྱིད་ཕུན་སུམ་ཚོགས་པར་འབྱུང༌། །ཞེས་ཁྲི་སྲོང་ལྡེ་བཙན་གྱི་དུས་དང༌། །དེ་ཡི་དབོན་སྲས་བྱང་ཆུབ་སེམས་དཔའ་གཉིས། །གཅིག་ནི་བདུད་རིས་རྒྱལ་པོ་དག་དུ་འགྱུར། །དེ་ལྟར་བདུད་རིས་རྒྱལ་པོ་དེ་ཡིས་ནི། །བོད་འབངས་ཡོངས་ཀྱི་བསོད་ནམས་ཟད་པ་དང༌། །སངས་རྒྱས་བསྟན་པ་ཉམས་པར་གྱུར་པ་ཡིས། །ནག་པོའི་རིས་ཀྱི་ལྷ་འདྲེ་རྒྱལ་གྱུར་ནས། །གནམ་ཐེ་དཀར་པོའི་སྤྲུལ་པ་བློན་པོར་འབྱུང༌། །བོད་ལ་གནོད་པ་བྱ་ཕྱིར་འགོང་པོ་དང༌། །དེ་ནས་གནམ་ཐེ་དཀར་པོའི་སྤྲུལ་པ་དང༌། །འདྲེ་ཡི་སྤྲུལ་པས་སྔགས་པ་གསོད་པར་འགྱུར། །དེ་ནས་དཀར་པོའི་ཕྱོགས་ཀྱི་ལྷ་འདྲེ་འཁྲུགས། །ནག་པོའི་ཕྱོགས་ཀྱི་ལྷ་འདྲེ་ཐམས་ཅད་ཀྱིས། །བདུད་རིས་རྒྱལ་པོ་དེ་ཡི་དཔུང་བྱས་ནས། །བྱང་ཆུབ་སེམས་དཔའ་གཉིས་ནི་དེ་དག་གིས། །གཅིག་ནི་སྤྲུགས་ཞིང་གཅིག་ནི་གསོད་པར་བྱེད། །དེ་ཚེ་ནག་པོའི་ཕྱོགས་རྣམས་དར་གྱུར་ནས། །སངས་རྒྱས་བསྟན་པ་འདི་ནི་ནུབ་པར་བྱེད། །གཙུག་ལག་ཁང་འཇིག་ཕན་ཚུན་ཆད་པས་གཅོད། །དགེ་སྦྱོང་རྣམས་ལ་ལོག་པའི་བཀའ་ཆད་འབེབས། །སྡིག་པ་སྤྱོད་ལ་ལོག་པའི་བྱ་དགའ་སྟེར། །དགོན་གནས་རྣམས་སུ་རི་དྭགས་རྔོན་པ་བྱེད། །གཙུག་ལག་ཁང་དུ་ར་ལུག་ཕྱུགས་རྣམས་འཛུད། །དགེ་སྦྱོང་རྣམས་ལ་ཁུར་པོ་བསྐུར་ནས་འཁོལ། །སྔགས་པ་རྣམས་ནི་ལས་བྱེད་རྔོན་པར་བཀོལ། །ཀྱེ་མ་ཀྱེ་ཧུད་སངས་རྒྱས་བསྟན་པ་ཉམས། །ནག་པོའི་ཕྱོགས་རྣམས་ཤིན་ཏུ་དར་བར་འགྱུར། །སངས་རྒྱས་བསྟན་པ་རིན་ཆེན་ཉམ་(ཇ༥༩བ)


PTT001_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

དམས་པས། །ང་ཡི་ཡི་དམ་སྐུ་གཟུགས་གཏེར་དུ་སྦེད། །རྒྱལ་པོ་དེ་ཡང་གྲི་རུ་བཀུམ་པར་འགྱུར། །དེ་ནི་བཀྲ་མི་ཤིས་པར་ཤེས་ནས་སུ། །བདེ་གཤེགས་སྐུ་གཟུགས་དེ་ཡང་གཏེར་ནས་འདོན། །དེ་སྲས་རིང་ལ་བཀའ་ཆད་དབུ་ཡོགས་ཀྱིས། །རྗེ་རྒྱལ་རྣམས་ལ་འབངས་ཀྱིས་ཁེང་ལོག་བྱེད། །དུས་མཐའ་ངན་པའི་མུ་ཡང་དེ་ནས་ཟུག །ས་ཡི་བཅུད་ཉམས་སྨན་གྱི་ནུས་པ་ཆུང༌། །རོ་རྣམས་མི་ཞིམ་དུས་ལོག་སད་སེར་མང༌། །འབྲུ་རྣམས་སྐྱེ་ཞན་ཕྱུགས་རྣམས་ཞོ་ཤེ་ཆུང༌། །ས་གཞི་སྒང་གཤོང་མང་ཞིང་ཚེར་མ་རྩུབ། །གཡང་ས་ངམ་གྲོག་ལ་སོགས་མ་རུངས་འབྱུང༌། །ཅོང་རོང་ཆུ་བྲག་མི་བདེ་ཉམ་ང་ཞིང༌། །རྩི་ཤིང་སྐམ་ཅིང་ས་རྡོ་རི་བྲག་ཉིལ། །གཟའ་སྐར་རྒྱུ་ལོག་ཆར་ཆུ་མི་སྙོམ་ཅིང༌། །ནད་མང་ཚེ་ཐུང་མུ་གེ་མང་དུ་འབྱུང༌། །འདྲེ་གདོན་མང་ཞིང་འདྲེ་ཆོས་མང་དུ་འབྱུང༌། །འབྱུང་པོ་སྤུན་དགུ་མི་ཡུལ་བབ་པ་ཡིས། །ཕྱུགས་ཀྱི་གཡང་ཉམས་འབྲུ་རྣམས་སྲིས་མི་རྨེ། །འཐབ་རྩོད་མང་ཞིང་ཞེ་འགྲས་མང་དུ་འབྱུང༌། །གོ་ཆ་དར་ཞིང་རྒྱན་ཆ་མཚོན་ལ་བྱེད། །དགྲ་རྐུན་དང་ནི་སློང་འཕྲོག་མང་བར་འགྱུར། །རྒྱལ་ཁམས་འདིར་ནི་མི་བདེ་སྣ་ཚོགས་ཡོང༌། །རྒྱལ་ཁྲིམས་དང་ནི་ཆོས་ཀྱི་ཁྲིམས་ཀྱང་ཉམས། །བོད་ཁམས་ཐམས་ཅད་མཐའ་ནས་མི་བདེ་ཞིང༌། །མི་དགེའི་སྤྱོད་པ་རྣམ་པ་སྣ་ཚོགས་འབྱུང༌། །ཞེས་གླང་དར་གྱི་དུས་དང་སྨད་སིལ་ཆད། །དེ་ནས་བྱང་སེམས་སྤྲུལ་པ་བྱུང་ནས་སུ། །ཆོས་ཀྱི་མེ་རོ་མདོ་ཁམས་སྨད་ནས་སློང༌། །དེ་ནས་དགེ་འདུན་སྡེ་པ་མང་དུ་འཕེལ། །དེར་ཡང་བྱང་ཆུབ་སེམས་དཔའ་མང་པོ་ཡིས། །ང་ཡི་ར་སའི་སྐུ་གཟུགས་འདི་དག་ལ། །མཆོད་དང་ཞབས་ཏོག་མང་པོ་བྱེད་པར་འགྱུར། །ཕྱོགས་རྣམས་ཀུན་དུ་གཙུག་ལག་ཁང་སྐྱོང་ཞིང༌། །དམ་པའི་སྤྱོད་པ་ཚུལ་བཞིན་བྱེད་པར་འགྱུར། །ཞེས་དབུས་གཙང་གི་མི་བཅུའི་བསྟན་པ་དང༌། །དེ་ནས་བདུད་རིས་སྤྲུལ་པ་མང་པོ་ཡིས། །སྡེ་རྩོད་བྱས་ནས་སྡེ་པ་ཉམས་དམས་འགྱུར། །གནས་དགོན་འཐབ་ར་དགེ་སློང་མདུང་ཁ་བྱེད། །གཙུག་ལག་ཁང་(ཇ༦༠ན)


PTT001_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཕྲོག་འཇོམས་བྱེད་པ་འབྱུང༌། །མཆོད་ཆ་རྣམས་ལ་ཐོབ་ཤ་བྱེད་པར་འགྱུར། །ཀྱེ་ཧུད་སངས་རྒྱས་བསྟན་པ་ཐལ་བར་བརླགས། །དེ་ཚེ་ནག་པོའི་ཕྱོགས་རྣམས་དར་འགྱུར་ཞིང༌། །གང་ཟག་རྣམས་ཀྱི་ཤེས་པ་འགྱུར་ནས་ཀྱང༌། །མི་དགེའི་སྤྱོད་པ་སྣ་ཚོགས་བྱེད་པར་འགྱུར། །འཚོ་བ་ལྷ་འདྲེ་རྣམས་དང་ཐུན་མོང་བྱེད། །ས་གཞི་དེ་ཡང་ཤིན་ཏུ་རྩུབ་པར་འགྱུར། །ཆོམ་རྐུན་མི་རྒོད་མང་པོ་འབྱུང་བ་དང༌། །འདྲེ་དང་འདྲ་བའི་མི་ངན་མང་དུ་འབྱུང༌། །འདི་ལ་མཆོད་བྱེད་ཀུན་ལ་འཚེ་བར་བྱེད། །ཅེས་བསྟན་པ་བར་དར་གྱི་སྡེ་ཉམས་པའི་ཚུལ་དང༌། དེ་ཚེ་ནུབ་ཕྱོགས་དག་དུ་སྐུ་བལྟམས་པ། །དགེ་སློང་བྱ་ཡི་གདོང་པ་ཅན་ཞིག་འབྱུང༌། །བྱང་ཆུབ་སེམས་དཔའ་བློ་གྲོས་སྒྲུབ་པར་ལྡན། །རཏྣ་བྷ་དྲ་ཞེས་སུ་གྲགས་པ་ཡིན། །འདི་ལ་མཆོད་བསྟོད་བསྙེན་བཀུར་མང་དུ་བྱེད། །བསྐོར་བ་ཕུ་དུད་རིམ་གྲོ་བྱེད་པར་འགྱུར། །ཞེས་ལོ་ཙཱ་བ་རིན་ཆེན་བཟང་པོ་དང༌། །དེ་ཚེ་རྒྱལ་པོ་འོད་ཀྱི་མིང་ཅན་ནི། །བྱང་ཆུབ་སེམས་ལྡན་བློ་གྲོས་ཅན་ཞིག་འབྱུང༌། །ཞེས་ལྷ་བླ་མ་ཁུ་དབོན། དེ་ཡིས་བྱང་ཆུབ་སེམས་དཔའ་པཎྜི་ཏ། །རྣམ་དག་ཚུལ་ཁྲིམས་གསུམ་དང་རབ་ལྡན་ཞིང༌། །མཁས་ཤིང་སྒྲུབ་ལ་མངོན་པར་བརྩོན་པ་ནི། །རིགས་གསུམ་ཡོན་ཏན་ལྡན་པ་སྤྱན་དྲངས་ནས། །སྐུ་གཟུགས་འདི་ལ་མཆོད་ཅིང་ཕྱག་མང་བྱེད། །བསྙེན་བཀུར་བསྔགས་པ་ཕུན་སུམ་ཚོགས་པར་བརྗོད། །དེ་ཡིས་བསྟན་པ་ཤིན་ཏུ་རྒྱས་པར་བྱེད། །ཅེས་ཇོ་བོ་རྗེ་དང༌། དེ་ཡི་སློབ་མ་ཚུལ་བཞིན་རབ་ཞུགས་པ། །དགེ་སློང་དམ་པ་བསྟན་པའི་མངའ་བདག་ནི། །འདི་ལ་བཀུར་སྟི་ཕུ་དུད་བྱེད་པར་འགྱུར། །འཁོར་ནི་སྟོང་ཕྲག་ཕྱེད་དང་གསུམ་དང་ལྡན། །བྱོན་ནས་འདི་ལ་བཀུར་སྟི་བྱེད་པར་འགྱུར། །ཞེས་རྒྱ་མའི་སངས་རྒྱས་དབོན་སྟོན་དང༌། །བྱང་ཆུབ་སེམས་ལྡན་སྟོན་པ་མང་པོ་སྐྱོང༌། །རིགས་པར་སྨྲ་བ་རྣམ་དག་མང་དུ་འབྱུང༌། །ཨེ་མ་ཧོ། ང་ཡི་ལྷ་སའི་རྟེན་དང་བརྟེན་པ་ལ། །བྱང་ཆུབ་སེམས་ལྡན་སྐྱེས་བུ་དུ་མ་ཡིས། །ལོ་ནི་ཉིས་བརྒྱར་བསྟི་བསྟང་བྱེད་(ཇ༦༠བ)


PTT001_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར། །དེ་ལྟར་སངས་རྒྱས་བསྟན་པའི་སྒྲོན་མེ་ནི། །སྟོན་པ་རྣམས་ཀྱིས་གསལ་བར་བྱེད་པར་འགྱུར། །ཞེས་པོ་ཏོ་བ་དང་རྔོག་ལོའི་བཤད་རྒྱུད་རྣལ་མ་རྣམས་དང༌། དེ་ནས་བསྟན་པའི་སྙིང་པོ་སྒྲུབ་པ་པོ། །བྱང་ཆུབ་སེམས་དང་ལྡན་པའི་དགེ་སློང་ནི། །ཡོན་ཏན་ལྡན་པའི་དམ་པ་དཔག་མེད་འབྱུང༌། །གསང་སྔགས་མངོན་པར་གྲུབ་པའི་དགེ་སློང་ནི། །དམ་པ་མང་པོས་འདི་ལ་བསྙེན་བཀུར་བྱེད། །ཅེས་སོགས་དྭགས་པོའི་བཀའ་རྒྱུད་སྤྱི་དང༌། དེ་ནས་ཁྱད་པར་བསྙེན་བཀུར་བྱེད་པ་ནི། །བྱང་ཆུབ་སེམས་དཔའ་ཤར་ལྷོར་སྐུ་བལྟམས་པ། །གསང་སྔགས་འཛིན་པའི་རྣལ་འབྱོར་ཆེན་པོ་ནི། །སྙིང་པོའི་མཐའ་ཅན་སྐྱེས་བུ་དམ་པ་དེས། །ཞལ་ཡང་བསྒྱུར་ཞིང་བསྙེན་བཀུར་དམ་པ་མཛད། །ཅེས་ཁྱད་པར་དུ་དྭགས་པོ་སྒོམ་པ་ཚུལ་ཁྲིམས་སྙིང་པོས་ལྷ་སར་བྱ་བ་མཛད་པ་དང༌། དེ་ནས་རིགས་པ་ཚུལ་བཞིན་སྨྲ་བ་ཡི། །སྟོན་པ་རྣམས་ཀྱང་ནམ་ལངས་སྐར་སྐྱ་འདྲ། །དེ་ཚེ་དཀར་པོའི་ཕྱོགས་རྣམས་མཐུ་ཆུང་ཞིང༌། །བདུད་ཀྱི་ཚོགས་རྣམས་རྒྱས་པར་གྱུར་པ་ཡིས། །བདུད་ཀྱིས་བྱིན་རླབས་གང་ཟག་མང་པོ་འབྱུང༌། །གཟི་བརྗིད་ཆེ་ཞིང་སྟོབས་ཀྱང་ཆེ་བ་དང༌། །ནུས་པ་ཆེ་ཞིང་མཐུ་ཡང་ཆེ་བ་དང༌། །མངོན་ཤེས་ཕྲ་མོས་བདེན་ཚིག་དག་སྒྲུབ་ཅིང༌། །དེ་རྣམས་རྟོག་ཆོས་མང་པོ་བྱེད་པར་འགྱུར། །ཞེས་མཁས་པར་གྲགས་པ་དུ་མས་སྔོན་སུས་ཀྱང་མ་ཤེས་པའི་ལྟ་བ་ཡིན་ཞེས་རང་གཟོའི་རྟོག་ཆོས་ལ་ངོ་མཚར་དུ་བྱེད་པ་དང༌། སངས་རྒྱས་བསྟན་པ་ལྷ་འདྲེ་མང་པོས་དཀྲུགས། །འདྲ་མིན་ཆོས་ལུགས་མང་པོ་སྟོན་བྱེད་ཅིང༌། །བློ་གྲོས་ཕྱིན་ཅི་ལོག་དུ་སྒྱུར་བར་བྱེད། །མེད་པར་ལྟ་བའི་ཕྱོགས་ཀྱི་ཆ་བཟུང་ནས། །ཀུན་རྫོབ་རྒྱུ་འབྲས་ཁྱད་དུ་གསོད་པར་བྱེད། །ལུས་ངག་ཆོས་སྤྱོད་འགོད་པར་བྱེད་པ་འབྱུང༌། །ཕྱོགས་མེད་རིས་མེད་བྱར་མེད་ཟེར་བ་དང༌། །རྒྱུ་ཟད་རྐྱེན་ཟད་ལྷུན་གྲུབ་ཟེར་བ་དང༌། །ལུང་མ་བསྟན་གྱི་ལྟ་བ་མང་དུ་འབྱུང༌། །རྒྱལ་བས་མ་གསུངས་མཁས་པས་མ་བགྱིས་པ། །ད་ལྟ་ལྷ་ཡིས་བསྟན་ཞེས་འདྲེ་ཆོས་བྱེད། །དེ་རྣམས་འབྱུང་(ཇ༦༡ན)


PTT001_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་འདྲེ་ཡི་ཆས་གུ་གྱོན། །ར་སླག་ཁྱི་སླག་རེ་བ་ཟེ་མོན་གོས། །རྩིད་ཞྭ་འབེ་ལོག་གོས་ངན་ལུས་ལ་གྱོན། །བེར་ཀ་དབྱུག་པ་སྣ་ཚོགས་ཐོགས་པ་འབྱུང༌། །བསོད་སྙོམས་པ་ཅེས་གྲོང་ཁ་འགྲིམ་པར་བྱེད། །ལྟོ་རྒྱབ་ཆེད་ཏུ་བཀའ་ཐུབ་དྲག་པོ་ཡིས། །རང་གི་ལུས་ལ་གནོད་པ་བྱེད་པ་འབྱུང༌། །མངོན་མཚན་ཅན་གྱི་གྲགས་པ་འདོད་ཕྱིར་དུ། །སྔགས་ཀྱི་ཐེག་པ་གླུ་རུ་ལེན་རུ་འབྱུང༌། །དགེ་བའི་ཆོས་སྤྱོད་གླུ་དང་བྲོ་ལ་བྱེད། །བསམ་གཏན་དྲན་པ་ཉམས་ལ་བྱེད་པ་འབྱུང༌། །མེད་པར་ལྟ་ལ་ལྟ་བ་རྟོགས་པར་བྱེད། །སྨྱོན་ཐབས་ཅན་ལ་རྟོགས་ལྡན་བྱེད་པ་འབྱུང༌། །ཐེ་ཚོམ་ཅན་ལ་དམ་པར་འཛིན་པ་འབྱུང༌། །སྨྲ་བ་མཁས་ལ་གདམས་ངག་ཅན་དུ་བྱེད། །རྨོངས་པ་རྣམས་ལ་ཞིག་པོ་ཟེར་བ་འབྱུང༌། །ལོག་སྤྱོད་མཁན་ལ་རྣལ་འབྱོར་པ་ཅེས་ཟེར། །ལུང་མ་བསྟན་ལ་ཆོས་ཀྱི་སྐུ་ཅེས་ཟེར། །སྙན་གྲགས་འདོད་ལ་ཆོས་བཤད་མཁས་ཅེས་ཟེར། །ཆོས་ལུགས་ཡིན་ཞེས་བབ་ཅོལ་མང་པོ་སྨྲ། །འདྲེ་ཡིས་བརླམས་ལ་ཡེ་ཤེས་ཕེབས་ཅེས་ཟེར། །བདུད་ཀྱི་སྤྲོ་སྐྱེད་བྱིན་རླབས་ཆེ་ཞེས་ཟེར། །གདམས་ངག་ཟེར་ཞིང་ལོག་ཆོས་མང་དུ་སྨྲ། །གདམས་པ་ཟེར་ནས་མུ་སྟེགས་གསང་ཚིག་སྟོན། །དེ་སོགས་ལོག་པའི་ལྟ་བ་རྒྱུད་ལ་ཞུགས། །བུད་མེད་ཕོ་སྤྱོད་ཐོ་ཅོ་བྱེད་པ་འབྱུང༌། །རང་ལུགས་མང་ཞིང་འཇིག་རྟེན་ཆོས་ལུགས་ཉམས། །དེ་ཡིས་རང་ཉིད་ངན་འགྲོར་འཁྲིད་པར་བྱེད། །རྒྱུ་འབྲས་བདེན་པར་མི་ཤེས་མི་དགེ་སྣ་ཚོགས་སྤྱོད། །ཆོས་དང་ཆོས་མིན་མི་ཤེས་ངོ་ཚ་མེད་པར་སྤྱོད། །ལོག་ཆོས་རྣམས་ལ་ཤིན་ཏུ་དད་པར་འགྱུར། །བྱས་པའི་ཆོས་ཀྱིས་བྱང་ཆུབ་མི་འཐོབ་པས། །མ་བྱས་ལྷུན་གྲུབ་ཆོས་ཤིག་དངོས་ཞེས་ཟེར། །བྱེད་མི་ནུས་རྣམས་དེ་ལ་དད་པར་འགྱུར། །དགེ་བའི་བཤེས་ལྟར་སྣང་བ་ཡིད་འཕྲོག་འཁྲིད། །སྔགས་པ་ཁ་ཅིག་སྔགས་ལ་རྩིང་ཆོས་བྱེད། །དམ་ཆོས་ཡོན་གྱི་ཆེད་དུ་གསང་བ་སྒྲོག །གསེར་ཆོས་ཟེར་ཞིང་ཆོས་ལ་རིན་ཐང་གཅོད། །འགའ་ཞིག་མ་ཐོས་རྒྱུད་ཀྱང་འཆད་པར་བྱེད། །(ཇ༦༡བ)


PTT001_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལ་དབང་མ་ཐོབ་པར་དབང་བསྐུར་བྱེད། །ལ་ལ་དབང་བསྐུར་ཟེར་ནས་ཡོན་ཡང་སྡུད། །ལ་ལ་རྙེད་བཀུར་ཆགས་ཤིང་འདོད་ལ་ཞེན། །རང་གི་རླུང་སེམས་དབང་དུ་མ་འདུས་པར། །གསང་དབང་ཤེས་རབ་ཡེ་ཤེས་མངོན་སུམ་སྟོན། །དེ་དག་སྨད་འཚོང་བསྟེན་དང་ཁྱད་པར་མེད། །ལ་ལ་དགེ་སློང་ཤེས་རབ་ཡེ་ཤེས་ནི། །བུད་མེད་དང་སྦྱོར་དབང་ནི་སྐུར་བར་བྱེད། །སྡོམ་ཁྲིམས་གཞིག་ནས་དམྱལ་བའི་གནས་སུ་འཕེན། །དེ་དག་ལོག་པའི་ཆོས་ལ་སྤྱོད་པ་ཡིན། །རྙེད་བཀུར་གྲགས་འདོད་དམ་ཆོས་འཆད་པར་བྱེད། །ཐོས་བསམ་སྒོམ་པ་བྱེད་པ་དེ་རྣམས་ཀྱང༌། །འདུ་ཤེས་ཕྱིན་ཅི་ལོག་དུ་བཏང་ནས་ནི། །ཆོས་དང་གང་ཟག་འཛོལ་ནས་ངན་སོང་འགྲོ། །ཚུལ་ཁྲིམས་ཉམས་དང་དམ་ཚིག་ཉམས་པ་དང༌། །ཆོ་ག་ཉམས་དང་སྤྱོད་པ་ཉམས་པ་རྣམས། །ལོག་པའི་ལམ་ཞུགས་དེ་ནི་ངན་འགྲོར་སྐྱེ། །བཙུན་པ་ལ་ལ་ཆོས་གོས་ཙམ་འཛིན་ཞིང༌། །བསླབ་པ་ཉམས་ཤིང་ཚུལ་འཆོས་བྱེད་པ་དང༌། །དད་རྫས་ལོངས་སྤྱོད་བྱས་ནས་རང་གཞན་བསླུ། །རང་གིས་རང་ཉིད་ངན་སོང་གནས་སུ་འཁྲིད། །ལ་ལ་དགེ་འདུན་དཀོར་འབགས་ངན་སོང་འགྲོ། །ལ་ལ་གནས་བཞིའི་དཀོར་འབགས་ངན་འགྲོར་ལྷུང༌། །འགའ་ཞིག་སྔགས་བཙུན་ཟེར་ནས་ཁྱིམ་ཐབ་བྱེད། །ལ་ལ་བཙན་གཟུགས་ཚུལ་གྱིས་ཁེ་བོགས་བྱེད། །ཆ་ལུགས་བཟང་པོས་ཆོས་བརྐུ་རྫུན་ཆོས་བྱེད། །ཀྱེ་མ་ཀྱེ་ཧུད་སངས་རྒྱས་བསྟན་པ་ལ། །བསྟེན་ནས་རང་ཉིད་ངན་འགྲོར་ལྷུང་བྱེད་པ། །དེ་འདྲའི་བཅོས་མ་བབ་ཅོལ་མང་དུ་འབྱུང༌། །སངས་རྒྱས་བསྟན་པ་རིམ་གྱིས་འཇིག་པར་འགྱུར། །ད་ནི་རིང་པོར་མི་ཐོགས་དེ་དག་འབྱུང༌། །ཞེས་སྟོང་པའི་ཚིག་ཙམ་ཁ་ཆོས་སུ་ཁྱེར་ནས་རྒྱུ་འབྲས་ཁྱད་ཏུ་གསོད་པ་དང༌། ཚེ་འདིའི་རྙེད་བཀུར་གྱི་ཆེད་ཏུ་གྲུབ་རྫུ་དང་ཞིག་རྫུ་དང་མཁས་རྫུ་འདེབས་པ་དང༌། ཆོས་ཀྱི་གསང་བའི་མཐར་ཐུག་དགའ་རབ་དབང་ཕྱུག་ལ་སོགས་པའི་དབང་སྡུད་ལ་བྱེད་པ་དང༌། སྔགས་ཀྱི་སྣོད་མིན་འདུས་པའི་དཔོན་སློབ་ཀྱིས་(ཇ༦༢ན)


PTT001_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་སྐད་དུ་འཆོས་པ་དང༌། རབ་བྱུང་གི་གཟུགས་བརྙན་ཆོས་མིན་སྤྱོད་པའི་ཚུལ་ལ་སོགས་ད་ལྟ་ཇི་ལྟར་སྣང་བ་འདི་རྣམས་ལུང་བསྟན་པའོ། །ཨེ་མ་ཧོ། མ་འོངས་དལ་འབྱོར་ཐོབ་པའི་ལུས་ཅན་ཀུན། །སེམས་སྟོབས་སྐྱེད་ལ་རྩོལ་པ་མ་ཞན་མཛོད། །ཡང་དག་དགེ་བའི་བཤེས་གཉེན་དམ་པ་བསྟེན། །དེ་ཡི་ངག་ལ་ངེས་པར་ཚད་མར་ཟུངས། །ཐུགས་ཀྱི་དགོངས་པ་ལོང་ལ་ལེགས་པར་དཔྱོད། །མི་རྟག་འཆི་བར་ངེས་ཀྱིས་དམ་ཆོས་སྒྲུབ་པར་མཛོད། །ནམ་འཆི་ངེས་པ་མེད་ཀྱིས་བརྩོན་འགྲུས་མྱུར་བར་རྩོམས། །འཆི་ཚེ་ཅིས་ཀྱང་མི་གཏོངས་དམ་ཆོས་སྙིང་ནས་མཛོད། །རྒྱུ་རྐྱེན་རྟེན་འབྲེལ་ཡིན་པས་དགེ་བའི་ལས་ལ་འབད། །སྡུག་བསྔལ་སྡིག་ལས་བྱུང་བས་མི་དགེའི་ལས་རྣམས་སྤོངས། །ཀུན་རྫོབ་རྒྱུ་འབྲས་ཡིན་གྱི་ཚུལ་ཁྲིམས་གཙང་མ་སྲུངས། །འཁོར་རྒྱུ་ཉོན་མོངས་སྤོངས་ལ་ངེས་འབྱུང་སེམས་བསྟེན་བྱ། །ལུས་དང་སྲོག་གི་ཕྱིར་ཡང་སྡིག་སྤོངས་དགེ་བ་སྒྲུབས། །འཁོར་བའི་ཉེས་དམིགས་སོམས་ལ་ངེས་འབྱུང་སྐྱོ་ཤས་སྐྱེད། །སེམས་ཅན་རྣམས་ལ་བྱམས་དང་སྙིང་རྗེ་སྐྱེད། །དེ་དག་དོན་དུ་བྱང་ཆུབ་སེམས་སྐྱེད་ལ། །བྱང་ཆུབ་སེམས་དཔའི་བསླབ་པ་མ་ཉམས་སྲུངས། །ཆོས་ཀུན་རང་བཞིན་སྤྲོས་བྲལ་བདག་མེད་སྒོམས། །དོན་དམ་ཀུན་རྫོབ་བདེན་གཉིས་ཟུང་འཇུག་གིས། །བླ་མེད་བྱང་ཆུབ་ལམ་དུ་ཆུད་པར་མཛོད། །ཁྱིམ་པ་དང་ནི་རབ་ཏུ་བྱུང་བ་ཀུན། །རང་རང་སྤྱོད་ཚུལ་ཉམས་པ་མེད་པར་བྱ། །དེ་ཉིད་མ་བཅོས་འགྱུར་མེད་རྣལ་མ་ལྟོས། །མངོན་ཚན་མུ་སྟེགས་སྤྱོད་པ་དང་བྲལ་བས། །རང་སེམས་རང་གིས་བརྟགས་ལ་དཔང་དུ་ཚུགས། །སྟོང་པའི་ཚིག་ལ་མ་ཞེན་བདེན་གཉིས་སྲོལ་དུ་ཆུད། །དམ་ཆོས་ཁ་ལ་མ་གཡེང་དེ་ཉིད་རྣལ་མར་སྤྱོད། །གཞན་ལ་སྒྲོ་སྐུར་མ་འདེབས་རང་སེམས་དཔང་པོར་ཚུགས། །ཆོས་ལ་བཟང་ངན་མེད་ཀྱིས་ཐམས་ཅད་གཅིག་དུ་སློབས། །དེ་ལྟར་བྱས་ན་འདི་ཕྱི་ཀུན་དུ་བདེ་བར་འགྱུར། །ཅེས་བསླབ་བྱ་དང༌། གཞན་ཡང༌། ང་ཡི་ར་སའི་གཙུག་ལག་ཁང་(ཇ༦༢བ)


PTT001_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ། །བསྙེན་བཀུར་མཆོད་བསྟོད་བྱེད་པ་དེ་དག་ནི། །འཕགས་པའི་གང་ཟག་དམ་པ་ཤ་སྟག་གོ །དེ་ཕྱིར་དེ་དག་ཀུན་ལ་གུས་པ་སྐྱེད། །དེ་དག་ཅི་ཕྱིར་འཕགས་པ་ཡིན་ཞེ་ན། །སངས་རྒྱས་རྣམས་ཀྱི་མཛད་པ་ཆེན་པོ་མཛད། །དེ་ཕྱིར་དེ་དག་འཕགས་པའི་གང་ཟག་རྣམས་འབྱུང་ཞིང༌། །འཁོར་ནི་ལེགས་གནས་སྟོན་པའི་གསུང་རབ་དང༌། །སྟོན་པའི་སྐུ་གཟུགས་དངོས་སུ་ཞུགས་པ་དང༌། །རི་བོ་ཡོན་ཏན་ཅན་ཡང་འདི་ལ་ཡོད། །ཙཱ་རི་ཙཱ་གོང་བདེ་མཆོག་རང་བྱུང་གནས། །རྡོ་ཆུ་རིན་པོ་ཆེ་ཡང་དེ་ན་ཡོད། །ཏི་སེའི་གངས་ལ་དགྲ་བཅོམ་ལྔ་བརྒྱ་བཞུགས། །བདུད་རྩིའི་ཆུ་ཡང་རི་བོ་དེ་ན་ཡོད། །གྱེ་རེའི་བྲག་ལ་ཡིག་དྲུག་རང་བྱུང་བཞུགས། །མཁའ་འགྲོའི་ཕྱག་རྒྱ་རི་བོ་དེ་ན་ཡོད། །མ་ཕམ་མཚོ་ལ་ཀླུ་རྒྱལ་བྱང་ཆུབ་སེམས། །ཆུ་བོ་ཡོན་ཏན་ཅན་ཡང་དེ་ན་ཡོད། །ཁྲི་ཤོད་རྒྱལ་མོའི་ཀླུ་སྨན་བྱང་ཆུབ་སེམས། །ཆུ་བོ་ཆེན་པོ་ཀུན་ལ་ཕན་པར་མཛད། །གནམ་མཚོ་ཕྱུག་མོའི་ནང་ན་བྱང་ཆུབ་སེམས། །ཐང་ལྷའི་བྲག་ལ་དགྲ་བཅོམ་ལྔ་བརྒྱ་ཡོད། །སྣུབས་མཚོའི་གླིང་ན་ཀླུ་རྒྱལ་བྱང་ཆུབ་སེམས། །ཧ་བོའི་གངས་ལ་དགྲ་བཅོམ་ལྔ་བརྒྱ་ཡོད། །རི་མཐོ་ས་གཙང་གངས་རི་གཉན་གྱིས་བསྐོར། །སྒྲ་དག་སྐད་སྙན་སམ་སྐྲྀ་ཏ་དང་མཚུངས། །མི་སྐད་ཆོས་ལ་སྦྱར་དུ་བཏུབ་པའི་ས། །ཡངས་ཤིང་མཐའ་ལེགས་ཡོན་ཏན་ཀུན་ལྡན་པ། །དེ་ལྟར་ཁ་བ་ཅན་གྱི་ཡུལ་དབུས་སུ། །སྐྱེས་པའི་དལ་འབྱོར་མི་ལུས་ཐོབ་པ་ཀུན། །ཡོན་ཏན་སློབ་ལ་རྩོལ་བ་མ་ཞན་ཞིག །སྔོན་གྱི་སྨོན་ལམ་དག་པས་ཞིང་འདིར་སྐྱེས། །དད་གུས་མོས་པ་ཡོད་པར་གྱུར་པ་ཡིས། །གཞན་བྱ་མི་དགོས་འདི་ལ་མོས་པས་ཆོག །ཕྱག་མཆོད་སྐོར་བ་དག་ལ་འབད་པ་གྱིས། །མཆོད་ཅིང་གུས་པར་བྱེད་པ་ཐམས་ཅད་ནི། །ཕྱིར་མི་ལྡོག་པར་རྒྱལ་བས་ལུང་བསྟན་པས། །འདི་ལ་གུས་པར་མཛོད་ཅིག་བོད་འབངས་རྣམས། །བདག་ནི་ཁྱོད་ལ་དེ་སྐད་འདོམས་བྱེད་པ། །རྙེད་ཕྱིར་མ་ཡིན་གྲགས་པའི་ཕྱིར་མ་ཡིན། །སྙིང་རྗེས་ཀུན་ནས་(ཇ༦༣ན)


PTT001_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་པའི་ཚིག་ཡིན་པས། །གུས་པས་ཡིད་ཀྱིས་སྤྱི་བོར་བླང་བར་མཛོད། །ཅེས་གསུངས་ནས་ཐུགས་ཀར་ཐིམ་མོ། །སྤྱིར་ལུང་བསྟན་རྒྱས་པར་ཡོད་འདུག་པ་གཏེར་དུ་སླར་ཟློག་ནས་མ་དཔེ་ལ་གསལ་བར་སྣང་ངོ༌། །དེ་མ་ཐག་རང་བྱུང་ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་ཚེས་བཅོ་ལྔའི་ཟླ་བ་ཙམ་ཞིག་བྱུང་སྟེ་འཕྲུལ་སྣང་གི་ཕྱི་ནང་ཐམས་ཅད་ཁྱབ་ཅིང་ཁྱད་པར་དུ་བྱམས་པ་ཆོས་ཀྱི་འཁོར་ལོ་དང་ཇོ་བོ་མི་བསྐྱོད་རྡོ་རྗེ་སྟེ་ལི་མ་གཉིས། གཙང་ཁང་དབུས་ཀྱི་མི་འཁྲུགས་པ། གཡས་ཀྱི་མར་མེ་མཛད་ཁྲོ་བོ་རྨེ་བརྩེགས་སྟེ་དར་སྐུ་གསུམ། ཤར་ལྷོའི་གཡུང་དྲུང་ཁུགས་ཀྱི་སྨན་རྒྱལ། བར་ཁང་ནུབ་ལོགས་ཀྱི་རྟ་མགྲིན་དཀར་པོ་དང་ལྷོ་ངོས་ཀྱི་སྒྲོལ་མ་སྟེ་བྲིས་སྐུ་གསུམ་སྟེ་བརྒྱད་ཀྱི་ཐུགས་ཀར་ཕོག་པས་འོད་ཟེར་ཕོག་པའི་ལྷ་བརྒྱད་ཅེས་གྲགས་ཤིང་དེའི་མོད་ལ་བར་ཁང་གི་རྟ་མགྲིན་དཀར་པོའི་ཐུགས་ཀ་ནས་འོད་ཟེར་དུང་གི་ཕྲེང་བ་ལྟ་བུ་བྱུང༌། བར་ཁང་གི་སྒྲོལ་མ་ལས་འོད་ཟེར་ལྗང་གུ་རིན་པོ་ཆེའི་མདོག་འདྲ་བ་བྱུང༌། བྱམས་པ་ཆོས་ཀྱི་འཁོར་ལོ་ལས་འོད་ཟེར་གྱེན་ལ་ཁྱབ་པ་ཉི་མ་འདྲ་བ་བྱུང༌། ཇོ་བོ་མི་བསྐྱོད་རྡོ་རྗེ་ལས་འོད་ཟེར་གསེར་གྱི་མདོག་ལྟ་བུ་བྱུང༌། སྨན་རྒྱལ་ལས་འོད་ཟེར་བཻ་ཌཱུརྻའི་མདོག་ལྟ་བུ་བྱུང༌། ཁྲོ་བོ་རྨེ་བརྩེགས་ལས་འོད་ཟེར་ལྕགས་ཀྱི་རལ་གྲི་ལྟ་བུའི་སྣ་ལ་ཁྲོ་ཆུང་དཔག་དུ་མེད་པ་བྱུང༌། མར་མེ་མཛད་ལས་འོད་ཟེར་འཇའ་ཚོན་ལྟ་བུར་བྱུང༌། མི་འཁྲུགས་པ་ལས་གསེར་བཙོ་མ་ལྟ་བུ་བྱུང་སྟེ་དེ་རྣམས་ལ་འོད་ཟེར་འཕྲོས་པའི་ལྷ་བརྒྱད་ཏུ་ཡང་གྲགས། འོད་ཟེར་དེ་རེ་རེས་ཀྱང་ར་སའི་ཕྱི་ནང་ཐམས་ཅད་ཁྱབ་ཅིང་འོད་ཀྱི་དྲ་བར་འབྲེལ། ནམ་མཁའི་ཁམས་ཐམས་ཅད་དཔའ་བོ་མཁའ་འགྲོས་གང་སྟེ་གླུ་གར་དང་རོལ་མོས་མཆོད། ལྷའི་མེ་ཏོག་དང་རོལ་མོའི་མཆོད་པས་ཀུན་ནས་གང་ཞིང་ས་གཞི་དང་ནམ་མཁའི་འཇའ་འོད་ཀྱི་རང་བཞིན་དུ་གྱུར་སྟེ་ལྷ་ས་གཉིས་ཀྱི་གསང་བའི་རབ་གནས་ལྷུན་གྲུབ་ཏུ་བྱུང་ངོ༌། །དེར་གྲོང་ཁྱེར་པ་རྣམས་ར་ས་ཐམས་ཅད་འོད་ཀྱིས་ཁྱབ་པའི་ལྟས་འདི་ལྟ་བུ་ར་སའི་(ཇ༦༣བ)


PTT001_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་གསོལ་མཛད་པར་ངེས་ཅེས་དགའ་སྤྲོ་བྱེད། བློན་པོ་བཅུ་དྲུག་པོས་ཀྱང་ཡོ་བྱད་དང་བཅས་སྟེ་སླེབས་ནས་ཕྱག་བྱེད་པར་ཕྱིན་ཙ་ན་རྒྱལ་པོ་ཡབ་ཡུམ་མི་སྣང་བར་ན་བཟའ་རྒྱན་གོས་ཕུད་དེ་མཐོང༌། མོང་བཟའ་དང་སྣ་ཆེན་པོ་ངོམ་ཟུང་གནག་པར་མཐོང་ནས་དར་རྒྱལ་སྣ་ཆེན་པོ་ཁྱོད་རྒྱལ་པོའི་སྐུ་སྲུང་ལ་བཞག་པ་ཡིན་པ་རྒྱལ་པོ་ཡབ་ཡུམ་གསུམ་གར་གཤེགས་ཅེས་ལན་གསུམ་དྲིས་ཀྱང་སྣ་ཆེན་པོས་ལྷ་ལ་ཐིམ་བྱས་ཀྱང་ཡིད་ཆེས་མི་སྐྱེའོ་སྙམ་ནས་སྨྲ་མ་ནུས། ཁ་རོག་བསྡད་པ་དང་སྤས་སྒྱིད་ཐག་རིང་མོ་ན་རེ་ཞང་བློན་ཆེན་པོ་འདིས་ལན་གསུམ་དུ་དྲིས་ཀྱང་ལན་མི་སྟེར་བ་སྣ་ཆེན་པོ་ཁྱོད་ཀྱི་རྐེ་གཅོད་ཟེར་ནས་རལ་གྲི་ཕྱུང་བ་དང་བཙུན་མོས་སྣ་ཆེན་པོ་བསད་ན་དབོན་སྲས་ཆུང་བས་བོད་ནང་འཁྲུག་གིས་འཇིག་སྙམ་ནས་རྒྱལ་པོ་ཡབ་ཡུམ་གསུམ་ཐུགས་རྗེ་ཆེན་པོ་ལ་ཐིམ་མོ་ཞེས་སྨྲས་པ་དང་སྣ་ཆེན་པོས་ད་ནི་སྨྲས་པས་ཆོག་སྙམ་ནས་ངས་སྐུ་སྲུང་བྱས་པ་ཡིན་སྟེ་རྒྱལ་པོས་ལྷ་གཅིག་གཉིས་ཀྱི་སྤྱི་བོར་ཕྱག་བཞག་པདྨ་དང་ཨུཏྤ་ལར་བྱས་སྟེ་ངེད་རྣམས་དང་མ་མཇལ་ཟེར་ན་ངའི་ལྷ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ་ཅིག་འདོད་པའི་དོན་ཐམས་ཅད་འགྲུབ་བོ་གསུངས་ནས་ལྷ་ལ་ཐིམ་ནས་ཐལ་ལོ། །རྒྱལ་པོ་སངས་རྒྱས་ཀྱི་སྤྲུལ་པ་དངོས་ཡིན། ང་ལ་ཆད་པ་བཅད་པར་མི་རིགས་སོ་བྱས་པས་ཁོང་རྣམས་ན་རེ་དཔང་པོ་སུ་ཡོད་ཟེར། སྣ་ཆེན་པོས་རྒྱལ་པོའི་ན་བཟའ་བེར་ནག་དང་ཇོ་མོ་གསུམ་གྱི་ཕྱག་རྟེན་ཡང་མངོན་སུམ། ཇོ་མོ་མོང་བཟའ་ཡང་མངོན་སུམ་མོ་བྱས་པས་ཐམས་ཅད་ཡིད་ཆེས་སྟེ་ངོ་མཚར་རེ་ཆེ་ན་རྒྱལ་པོ་ནི་སངས་རྒྱས་ཀྱི་སྤྲུལ་པ་ཡིན་ངེས་པར་འདུག །སྔོན་རྒྱ་རྗེ་དང་བལ་རྗེས་ཇི་སྐད་ཟེར་བ་ཡང་ཁོང་གིས་ཤེས་ནས་བཀའ་འཕྲིན་གྱི་སྒྲོམ་བུ་བསྐུར་ཟེར། ཐོན་མི་ན་རེ་རྒྱལ་པོ་ནི་སྤྱན་རས་གཟིགས་དབང་ཕྱུག་དངོས་ཡིན་སྟེ་དབུ་ལ་འོད་དཔག་མེད་དངོས་སུ་བཞུགས། ལིའི་ཡུལ་ནས་ཀྱང་སྤྱན་རས་གཟིགས་སུ་ལུང་བསྟན་ཞེས་ཁྲ་འབྲུག་གི་བནྡྷེའི་དང་ལི་ཡུལ་གྱི་བནྡྷེའི་བྱུང་བ་བརྗོད་པས་ཐམས་ཅད་དད་པ་སྐྱེས་(ཇ༦༤ན)


PTT001_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་སྤྱན་རས་གཟིགས་དངོས་སུ་བྱོན་འདུག་པ། རྒྱལ་པོ་ཡབ་ཡུམ་གསུམ་བཞུགས་དུས་མོས་གུས་ཆུང་འདུག་པ། ཨཱརྻ་པ་ལོ་ཞེས་འབོད་ཅིང་ལ་ལ་ནི་ངུ་ལ་ལ་ནི་ལུས་ས་ལ་རྡེབ་ཅིང་འགྲེ་ལྡོག་ལ་ལ་ནི་མོས་གུས་ཀྱི་གསོལ་བ་འདེབས་སོ། །དེའི་ཚེ་ཐོན་མི་སམྦྷོ་དྲས་གདུང་ཤུགས་ཀྱིས་གསོལ་བ་བཏབ་པ། ཀྱེ་མ་ཀྱེ་ཧུད་སྡུག་བསྔལ་ལོ། །རྒྱལ་པོ་སྲོང་བཙན་སྤྲུལ་པའི་སྐུ། །ཁ་བ་ཅན་གྱི་རྒྱལ་ཁམས་སུ། །སྤྱན་རས་གཟིགས་ཀྱིས་ཐུགས་རྗེས་གཟིགས། །སྤྲུལ་པའི་རྒྱལ་པོར་དངོས་སུ་བྱོན། །གདུལ་བྱ་རྣམས་ཀྱི་སྣང་ངོ་རུ། །འདའ་ཚུལ་སྟོན་པར་མཛད་པ་དེ། །ཆོས་ཉིད་མི་འགྱུར་སྤྲུལ་པའི་བརྡ། །ལྷ་ས་སྐྱོང་བར་བསྐོས་ནས་ཀྱང༌། །རྒྱལ་པོ་གཤེགས་པ་ཇི་ལྟར་ཡིན། །ཐུགས་རྗེས་གཞན་དོན་མི་མཛད་པར། །ཐུགས་མཁྱེན་པ་ཅན་དེ་ཅི་དགོངས་ན། །སྐུ་མཛེས་པའི་ཕྱག་རྒྱ་ནམ་ཡོལ་ན། །འཕྲུལ་སྣང་སྟོངས་ཀྱིས་མི་དྭོགས་སམ། །ཕ་རིན་པོ་ཆེ་དེ་ཅི་དགོངས་ན། །བཅོམ་ལྡན་སངས་རྒྱས་ཤཱཀ་ཐུབ་ཀྱི། །ཞིང་ཁམས་མི་མཇེད་འཇིག་རྟེན་འདིར། །ཁྱད་པར་ཁ་བ་ཅན་གྱི་ལྗོངས། །སངས་རྒྱས་གཉིས་པ་ལྟར་གྲགས་པའི། །སྲོང་བཙན་རྒྱལ་པོ་སྤྲུལ་པའི་སྐུ། །ར་ས་འཕྲུལ་སྣང་ཕོ་བྲང་དུ། །འགྲོ་བའི་དོན་ལ་མི་བཞུགས་པར། །རྒྱལ་པོ་ཆེན་པོ་ཅི་ལགས་པ། །ཕ་རིན་པོ་ཆེ་དེ་གར་གཤེགས་ན། །བོད་འབངས་སུ་ལ་རེ་ལགས་པ། །ཀྱེ་ཧུད་ཀྱེ་ཧུད་འཇིག་རྟེན་སྟོངས། །བསམ་གྱིས་མི་ཁྱབ་ཕྱག་རྒྱ་ཆེ། །འོད་གསལ་ཆེན་པོའི་དོན་རྟོགས་པ། །འགྲོ་འོང་མེད་པར་གཟིགས་ནས་ཀྱང༌། །རྒྱལ་པོ་གཤེགས་པ་ཇི་ལྟར་ལགས། །ཕ་རིན་པོ་ཆེ་དེ་གར་གཤེགས་ན། ཁྱབ་རྡལ་ཆེན་པོ་ཆོས་ཀྱི་སྐུ། །གཉུག་མའི་ངང་ལས་མ་གཡོས་ཀྱང༌། །ཐུགས་རྗེས་གཞན་དོན་མཛད་པ་ཡི། །དུས་ལ་མི་གཟིགས་ཅི་དགོངས་པ། །སྐུ་གཟི་མདངས་ཅན་དེ་གར་གཤེགས་ན། །ཀྱེ་ཧུད་སངས་རྒྱས་བསྟན་པ་ཉམས། །རྩ་བ་གནད་ཀྱི་གདམས་ངག་གིས། །སྐལ་ལྡན་འགྲོ་བ་(ཇ༦༤བ)


PTT001_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

མི་འདྲེན་པར། །བོད་འབངས་གདུལ་བྱ་མི་གཟིགས་སམ། །རྗེ་རིན་པོ་ཆེ་དེ་ཅི་དགོངས་ན། །ཞལ་མཛེས་པའི་དཀྱིལ་འཁོར་ནམ་ཡོལ་ན། །ཀྱེ་ཧུད་རྒྱལ་པོ་གཤེགས་པས་བརླག །མཛེས་པའི་སྐུ་ལུས་རིན་པོ་ཆེ། །དངོས་སུ་འགྲོ་དོན་མི་མཛད་པར། །རྒྱལ་པོ་གཤེགས་པ་ཇི་ལྟར་ལགས། །ཀྱེ་ཧུད་བོད་འབངས་ཇི་ལྟར་བགྱི། །བྱིན་རླབས་བརྡ་ཡི་རྒྱུད་པ་དང༌། །བརྟུལ་ཞུགས་སྤྱོད་པ་རྟེན་འབྲེལ་གྱིས། །འགྲོ་བའི་མུན་པ་མི་སེལ་བར། །རྒྱལ་པོ་གཤེགས་པ་ཇི་ལྟར་ལགས། །ཐུགས་མཁྱེན་པ་ཅན་དེ་གར་གཤེགས་ན། །ཀྱེ་མ་བོད་འབངས་སུ་ལ་རེ། །སྐལ་ལྡན་བོད་འབངས་ཕོ་མོ་ཀུན། །རྟག་དུ་འཆི་བ་རྗེས་སུ་དྲན། །མོས་གུས་དམ་ཚིག་ལྡན་པ་ཡི། །སྤྱི་བོའི་རྒྱན་དུ་མི་བཞུགས་པར། །བརྒྱད་བཅུ་རྩ་གཉིས་རྒྱལ་པོའི་ལོ། །ལོན་ནས་རྒྱལ་པོ་འགྲོ་གསུངས་སྟེ། །ད་ལྟ་འཇིག་རྟེན་སྟོང་པར་བཞག །ཀྱེ་ཧུད་བོད་འབངས་སྟོང་པས་ལུས། །དུས་ཁ་སང་གདུགས་ཀྱི་སྔ་དྲོ་ལ། །བརྡ་དང་ཆོ་འཕྲུལ་བཀྱེ་ནས་ཀྱང༌། །བོད་ཀྱི་རྒྱལ་ཁམས་མ་ལུས་ཚོགས། །ཀུན་ཡང་བྲོད་ནས་འོངས་ཙ་ན། །སྒྲ་དང་རོལ་མོ་འཇའ་དང་གུར། །མཁའ་འགྲོའི་ཚོགས་ཀྱིས་ཡོངས་སུ་ཁེངས། །བོད་འབངས་གླིང་བཞི་སྟོང་པར་བཞག །ཉི་མའི་འོད་ཟེར་མཁའ་ལ་བསྡོགས། །བོད་འབངས་མི་རིག་གླིང་དུ་ཚུད། །ཆོས་ཀྱི་རྒྱལ་པོ་མི་བཞུགས་པས། །སངས་རྒྱས་བསྟན་པ་ལན་གཅིག་ནུབ། །ལྷ་སའི་བསྟན་པའི་སྲོག་ཤིང་ཆག །ཀྱེ་མ་རྒྱལ་པོ་རིན་པོ་ཆེ། །འབངས་གདུང་བའི་སྨྲེ་སྔགས་གསན་ལགས་སམ། །ལུས་འདྲེ་ལྡོག་བྱེད་པ་གཟིགས་ལགས་སམ། །གཟིགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །མ་རིག་མུན་པས་གཏིབས་པ་ཡི། །འཁྲུལ་པ་རྩད་ནས་བཅད་དུ་གསོལ། །ཚེ་འདི་དང་ཕྱི་མ་བར་དོ་གསུམ། །ཕ་ཁྱོད་དང་རྟག་དུ་མི་འབྲལ་ཤོག །ཞེས་གསོལ་བ་བཏབ་པས་རྒྱལ་པོ་དངོས་སུ་བྱོན་སྟེ། །ཨེ་མ་ཧོ། སྐུ་གསུམ་མི་ཟད་རྒྱན་གྱི་འཁོར་ལོ་ལས། །འབད་མེད་འཁོར་འདས་ཐོགས་མེད་ཅིར་ཡང་(ཇ༦༥ན)


PTT001_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

འཆར། །འདས་གྲོངས་གཤེགས་པ་བདག་ལ་མེད་པས་ན། །འབྲལ་མེད་རྒྱུན་དུ་གུས་པས་གསོལ་བ་ཐོབ། །སེམས་ཅན་ཀུན་ལ་ཐུགས་རྗེས་རྟག་དུ་གཟིགས། །ང་ཡི་ཞལ་མཐོང་གསུང་ཐོས་སྨོས་ཅི་དགོས། །ཀུན་གྱིས་གསོལ་བ་ཐོབ་ཅིག་བོད་འབངས་རྣམས། །ཅེས་གསུང་བའི་སྣང་བ་བྱུང་ངོ༌། །དེར་ཐོན་མི་འོ་སྐོལ་གྱི་རྒྱལ་པོ་འདི་ནི་ཐུགས་རྗེ་ཆེན་པོ་དངོས་ཡིན་སྟེ་ད་ལྟར་རྒྱལ་པོས་གསུང་བྱོན་པ་དང་མཁའ་ལ་འཇའ་འོད་འཁྲུག་ཞིང་ལྷ་དང་མཁའ་འགྲོ་འདུས་པ་འདི་དང༌། སྐུ་བལྟམས་པ་ན་ཞལ་བཅུ་གཅིག་པ་སོགས་དུ་མར་མཐོང་བ་དང༌། བོད་འབངས་ལ་ཆོས་སྟོན་པའི་ཚེ་ཁོ་བོ་སྐུ་གསུམ་གྱི་བདག་ཉིད་ཡིན་ཞེས་དང༌། སངས་རྒྱས་ཀྱི་ཞིང་ཁམས་དུ་མའི་བཀོད་པ་གསུང་ཞིང་ངའི་འཕྲིན་ལས་དང་རྣམ་འཕྲུལ་ཁྱེད་རྣམས་ཀྱིས་མཐོང་ཐོས་དྲན་ཚོད་འདི་ལས་མེད་པ་མ་ཡིན་གྱི་ཐམས་ཅད་ཀྱང་ངའི་འཕྲིན་ལས་སོ་ཞེས་བཀའ་སྩལ་བ་སོགས་ཀྱིས་ཨཱརྻ་པ་ལོ་ཡིན་པ་མངོན་སུམ་གྱིས་ཡིད་ཆེས་པས་བཙུན་མོ་མོང་བཟའ་དང་བློན་པོ་སྣ་ཆེན་པོ་ལ་ཐེ་ཚོམ་མ་ཟ་ཞིག་ཞེས་སྨྲས་པས་ཐམས་ཅད་ཡིད་ཆེས་སྟེ་རྩེ་གཅིག་དུ་གསོལ་བ་འདེབས་སོ། །དེའི་ཚེ་བློན་པོ་མགར་རྒྱའི་སོ་ཁ་སྲུང་བའི་དཔོན་ལ་ཡོད་པའི་སེམས་ཀྱིས་ཚོར་སྟེ་བོད་ཡུལ་དུ་མྱུར་བར་འོངས་པ་ན་རྒྱལ་པོ་གཤེགས་པ་ཐོས་སྟེ་འཕྲུལ་སྣང་དུ་གདུང་བའི་སྨྲེ་སྔགས་བཏོན་པ། ཆོས་ཀྱི་རྒྱལ་པོ་སྲོང་བཙན་ཁྱོད། །སྐུ་མྱ་ངན་འདས་པའི་འོག་རོལ་དུ། །འབངས་འཁང་བའི་སྨྲེ་སྔགས་ཅུང་ཟད་མཆིས། །རྗེ་མི་མངོན་དབྱིངས་ནས་སྙན་གསོན་འཚལ། །ཡོང་ཕྱི་སྐོར་ལྷོ་ཡི་ཛམྦུའི་གླིང༌། །ནང་སྐོར་པུར་རྒྱལ་བོད་ཀྱི་ཡུལ། །རུ་བཞི་ས་བཅད་མཆིམས་ཡུལ་སྨད། །ཡུལ་ལ་གཡང་བབས་དབུས་ཀྱི་མཐིལ། །ཆུ་ལོ་ཧི་ཏ་ཡི་བྱང་ཕྱོགས་ན། །དཔལ་གཙུག་ལག་བཀྲ་ཤིས་ལྷ་ས་རུ། །རྗེ་སངས་རྒྱས་དངོས་ཤིག་བཞུགས་པ་ནི། །མཚན་ལ་སྲོང་བཙན་སྒམ་པོ་ཟེར། །མཚན་ཐོས་པ་ཙམ་གྱིས་མོས་གུས་སྐྱེ། །ཞལ་མཐོང་བ་ཙམ་གྱིས་སྒྲིབ་པ་འབྱང༌། །རྗེ་དེ་ལྟ་བུ་(ཇ༦༥བ)


PTT001_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་སྤྲུལ་སྐུ་དེ། །སྙན་པ་རྒྱ་གར་ཡུལ་དུ་སྒྲོགས། །བ་རའི་རྒྱལ་པོ་ཤིང་རྟ་ཅན། །ཐལ་མོ་སྦྱར་སྟེ་སཏྭ་བརྗོད། །ཁྱོད་ཀྱིས་ཆེ་བའི་ཡོན་ཏན་རྣམས། །རྒྱ་ནག་ཡུལ་གྱི་རྒྱལ་པོས་གསན། །ཕྱོགས་སུ་ཞལ་གཟིགས་འདུད་པར་མཛད། །མི་ཉག་ཙ་མིའི་རྒྱལ་པོ་ཡང༌། །ཁྱོད་ཀྱི་མཚན་ཐོས་རྐྱང་ཕྱག་འཚལ། །མཚན་བརྗོད་མཁན་དེ་ལ་བྱ་དགའ་སྟེར། །གེ་སར་དམག་གི་རྒྱལ་པོ་ཡང༌། །ཁྱོད་ཀྱི་མཚན་ཐོས་དད་གུས་བྱེད། །ཞབས་དྲུང་སྐྱེ་བར་སྨོན་ལམ་འདེབས། །མི་རྗེ་བྱང་ཆུབ་སེམས་དཔའི་བརྒྱུད། །ཁོང་དེ་ལྟ་བུ་ཡི་རྒྱལ་པོ་དེ། །སྐུ་འཁྲུངས་ས་དབུས་ཀྱི་ལུང་པར་འཁྲུངས། །ཆོས་ཉིད་བདེན་པའི་དོན་རྟོགས་ཤིང༌། །ཐུགས་དམ་ཞལ་གཟིགས་སྤྲུལ་པའི་སྐུ། །དང་ཡན་ཆད་དངོས་སུ་ཞལ་བཞུགས་པ། །སྤྲུལ་སྐུས་འགྲོ་དོན་མཐར་ཕྱིན་མཛད། །དུས་རྙིགས་མའི་སེམས་ཅན་བསོད་ནམས་ཆུང༌། །བདེ་གཤེགས་སྤྲུལ་སྐུ་མྱ་ངན་འདས། །རྗེ་མཉམ་མེད་རྒྱལ་པོ་རིན་པོ་ཆེ། །གྲངས་མེད་བསྐལ་པར་ཚོགས་བསགས་ནས། །སྨོན་འཇུག་སེམས་སྐྱེད་འཕན་པ་ཡིས། །མ་དག་རྙིགས་མ་ལྔ་དུས་ལྡན། །གདུལ་བྱའི་རྟོག་པ་ཐ་དད་ལ། །སྣ་ཚོགས་ཐེག་པའི་དོན་བསྟན་ནས། །སེམས་ཉིད་གཏན་ལ་འབེབས་མཛད་པ། །སྤྲུལ་པའི་རྒྱལ་པོ་གར་གཤེགས་ན། །མཉམ་ཉིད་ཐུགས་རྗེ་ཆེན་པོ་དེ། །འགྲོ་བའི་དེད་དཔོན་མི་མཛད་དམ། །བྱིན་རླབས་ཡེ་ཤེས་འཁོར་ལོ་དེ། །སྣོད་ལྡན་སེམས་ལ་མི་བསྐོར་རམ། །རྗེ་སྤྲུལ་པའི་སྐུ་དེ་གར་གཤེགས་ན། །ཀྱེ་ཧུད་ཀྱེ་ཧུད་རྒྱལ་བའི་སྐུ། །མཛེས་པའི་སྐུ་ལུས་རིན་པོ་ཆེ། །ཞལ་མཐོང་བ་ཙམ་གྱིས་དད་མོས་སྐྱེད། །གསུང་རྒྱང་ནས་ཐོས་ཀྱང་བྱིན་རླབས་འཇུག །ཕྱག་སྐོར་བ་བྱས་ན་ཚོགས་རྫོགས་ཕྱིར། །གདུལ་བྱའི་དོན་དུ་མི་བཞུགས་པར། །སྐུ་ཡལ་བར་དོར་བ་ཅི་ལགས་པ། །གུ་ལིང་དར་ཟབ་ཀྱི་ན་བཟའ་དེ། །ཟིན་ཆུ་རྒྱ་ཡི་ཚོང་དུས་སུ། །དར་གཞན་པས་ཁྱད་པར་རིན་ཐང་ཆེ། །རྒྱལ་པོ་དབང་(ཇ༦༦ན)


PTT001_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་གྱི་ཐོད་ཏུ་འཆིང༌། །དེ་རྒྱལ་པོའི་སྐུ་ལ་མི་གསོལ་བར། །བཅོམས་ནས་འཇོག་པ་ཇི་ལྟར་ལགས། །ཀྱེ་ཧུད་བོད་འབངས་སྟོང་པར་བཞག །ཆིབས་རྟ་ནག་པོ་ཁྱུང་གཤོག་དེ། །བྱང་ཕྱོགས་ཙ་མའི་ཡུལ་ནས་བཏོན། །བྱོལ་སོང་གི་ལུས་ལ་མི་ཡི་སེམས། །གྱི་ལིང་གི་ཡག་ཚངས་ཁོ་ལ་རྫོགས། །བཤུལ་རིང་དུ་གཤེགས་ན་མི་ཆིབས་པར། །གསོས་ནས་འཇོག་པ་ཇི་ལྟར་ལགས། །ཡང་དབེན་གྱི་བཞུགས་གནས་ར་ས་དེ། །ཕྱི་ལྟར་མཛེས་པ་གདུགས་ཀྱི་དབྱིབས། །ནང་ཉམས་སུ་དགའ་བའི་གཙུག་ལག་ཁང༌། །གནས་བྱིན་གྱིས་བརླབས་པའི་འཕྲུལ་སྣང་དེར། །སྐྱེ་མེད་ངང་ལ་མི་བཞུགས་པར། །དྲུང་དུ་འཚོགས་པའི་བོད་འབངས་རྣམས། །ཁྱོད་མིན་མགོན་སྐྱབས་སུ་ལ་བགྱི། །བོད་འབངས་དབང་པོ་རབ་འབྲིང་ལ། །ཡི་གེ་དྲུག་པའི་གདམས་ངག་གི །གསུང་དོན་བདུད་རྩི་མི་གསུང་བར། །འབངས་ཡལ་བར་དོར་བ་ཇི་ལྟར་ལགས། །ཐུགས་མཁྱེན་པ་ཅན་དེ་ཅི་དགོངས་ན། །ཐག་རིང་གི་འབངས་པོ་ཡུལ་སྲུང་བདག །དགྲ་ཡུལ་སོ་མཚམས་གཤགས་གཤགས་ནས། །ཤ་ལྦུ་བར་སོང་ཞིང་ཁོང་ཁྲག་སྐམས། །ཚ་གྲང་གི་དཀའ་བ་སྤྱད་དཔྱད་ནས། །དུས་ད་ལྟ་གདོང་དུ་མི་བཞུགས་པ། །འབངས་ཡི་ཐག་གཅོད་པ་ཇི་ལྟར་ལགས། །ཕ་རིན་པོ་ཆེ་དེ་གར་གཤེགས་ན། །སྐུ་མཛེས་པའི་ཕྱག་རྒྱ་ནམ་བསྡུས་ན། །ཞལ་གཟི་མདངས་ཅན་དེ་གར་ཡོལ་ན། །གསུང་ཚངས་པའི་དབྱངས་དེ་ནམ་ཆད་ན། །ཀྱེ་ཧུད། ཡིད་བཞིན་གྱི་ནོར་བུ་འདམ་དུ་བྱིང༌། །ད་དགོས་འདོད་རེ་བ་སུ་ལ་སློང༌། །ཡན་ལག་དང་པོ་མགོ་བོ་ཆད། །མགོ་མེད་ལུས་པོ་ཇི་ལྟར་བགྱི། །དབང་པོའི་དྭངས་མ་མིག་ཡོང་ལོང༌། །མིག་མེད་མདོངས་པར་གྱུར་པ་ལ། །ལོང་ཁྲིད་མཛོད་ཅིག་རྒྱལ་བའི་སྲས། །རི་བོ་མཆོག་རབ་རྩེ་ནས་ཉིལ། །སུམ་བཅུ་གསུམ་པ་དངངས་ཤིང་སྐྲག །རྒྱལ་ཆེན་བཞི་ཡི་ཕོ་བྲང་ཞིག །གསེར་གྱི་རི་བདུན་རྨང་ནས་འགྱེལ། །རོལ་པའི་(ཇ༦༦བ)


PTT001_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་བདུན་གཏིང་ནས་སྐམ། །ཀླུ་ཆེན་བརྒྱད་པོ་གང་དུ་སྡོད། །ལྕགས་རི་ནག་པོ་མཐའ་ནས་ཞིག །སྐྱེ་འགྲོའི་སེམས་ཅན་དུད་མོར་སོང༌། །ཉི་མ་ནམ་མཁའི་མཐོངས་སུ་ནུབ། །དུས་ཀྱི་སོ་ནམ་ཇི་ལྟར་བྱེད། །བཅོ་ལྔའི་ཟླ་བ་གཟའ་ཡིས་ཟིན། །མཚན་འགྲོས་པ་ལ་ཅི་མ་སྲིད། །རྒྱ་མཚོའི་གླིང་དུ་གཟིངས་ཐག་ཆད། །དེད་དཔོན་ཚོང་པ་ཇི་ལྟར་བགྱི། །ལྡུམ་རའི་མེ་ཏོག་ཧ་ལོ་སྐམ། །བུང་བའི་སྦྲང་རྩི་གང་ནས་འཚོལ། །རྒྱལ་པོ་འོག་མིན་གནས་སུ་གཤེགས། །ངེད་བོད་འབངས་ཀྱི་མགོན་སྐྱབས་སུ་ལ་རེ། །ཁོ་བོ་རྒྱ་ནག་གི་སོ་མཚམས་སུ། །རྨི་ལམ་ངན་ཞིང་རྒྱལ་པོ་དྲན། །ཞལ་མཐོང་བར་འདོད་ནས་ཡར་ལ་འོངས། །ལམ་དུ་ཞུགས་ནས་འོངས་ཙ་ན། །ཆོས་སྐྱོང་རྒྱལ་པོ་དགུང་དུ་གཤེགས། །མྱ་ངན་འདས་སོ་སྐད་པ་ལ། །འབངས་ད་དུང་བདེན་རྫུན་ངོ་མ་ཤེས། །མི་སུ་ལ་དྲིས་ཀྱང་བདེན་ནོ་ཟེར། །གཏམ་ཐོས་པ་ཙམ་གྱིས་གློ་སྙིང་འདར། །སྐམ་སར་ཐོན་པའི་ཉ་བཞིན་དུ། །ལུས་འགྲེ་ལྡོག་བྱེད་པ་གཟིགས་ལགས་སམ། །འབངས་ད་དུང་ཡི་ཐག་མ་གཅོད་ཅིག །ཀྱེ་ཧུད་འཇིག་རྟེན་སྟོང་པར་བཞག །ཐར་པ་ཆོས་ཀྱི་རྒྱལ་མཚན་ནུབ། །མངའ་རིས་བོད་ལ་ཅི་མ་སྲིད། །དགོས་འདོད་འབྱུང་བའི་རེ་ས་གཤེགས། །བོད་ཀྱི་རྒྱལ་ཁམས་སུ་ལ་རེ། །སྡུག་ཕོངས་ཀྱི་ཕ་མ་གྲོངས་ལགས་པས། །བདག་དྭ་ཕྲུག་རྣམས་ལ་ཅི་མ་སྲིད། །རྗེ་སངས་རྒྱས་གཉིས་པ་མྱ་ངན་འདས། །ངེད་བོད་འབངས་རྣམས་ཀྱི་དྲན་པ་སྟོར། །དུས་ཁ་སང་རྒྱལ་པོའི་ཁབ་ཏུ་སླེབས། །གནས་དབུ་རུ་ལྷ་ས་ཡེར་གྱིས་མཐོང༌། །རྗེ་རྒྱལ་པོ་དྲན་སྟེ་ཅུང་ཟད་བརྒྱལ། །འབངས་རང་དབང་མེད་པར་མཆི་མ་ཤོར། །སྙིང་ཡང་མ་དགའ་ཕྱད་མ་ཕྱོད། །ལུས་ཀྱང་བྱེ་ཕྲུག་བཞིན་དུ་འདར། །དྲན་པ་རེས་གསལ་རེས་མ་གསལ། །གདུང་པའི་ཤུགས་ཀྱིས་མྱ་ངན་བགྱིད། །འབངས་ལ་ཐུགས་རྗེས་བཟུང་དུ་གསོལ། །འགྲོ་དྲུག་འཁོར་བའི་འདམ་ནས་དྲོངས། །གདུང་བའི་(ཇ༦༧ན)


PTT001_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱིས་གསོལ་བ་འདེབས། །འབངས་བཞིན་མདངས་ལོག་པ་གཟིགས་ལགས་སམ། །སྨྲེ་སྔགས་འདོན་པ་གསན་ལགས་སམ། །རྗེ་འབངས་ལ་ཐུགས་ཐག་མ་བཅད་ཅིག །མི་མངོན་དབྱིངས་ནས་ཐུགས་རྗེས་གཟིགས། །ཀྱེ་ཧུད་འདི་འདྲའི་དུས་ཅིག་བྱུང༌། །ཆོས་ཀྱི་རྒྱལ་པོ་གཤེགས་པས་བརླག །གནམ་ས་གཉིས་ཀྱི་ཀ་གདུང་འགྱེལ། །མི་ཡུལ་གླིང་བཞི་སྟོང་པར་བཞག །ལྷ་ཡུལ་ན་མཁའ་འོད་ཀྱིས་བཀང༌། །མི་འགྱུར་ཆོས་ཀྱི་བསྟན་པ་ཅིག །ཤཱཀྱ་ཐུབ་པའི་གདུང་རབས་ཆད། །མགོན་པོ་བྱམས་པའི་བསྟན་པ་སྟོངས། །བོད་འབངས་གནམ་ས་སླར་གྱིས་འཁྲིགས། །མུན་པའི་གླིང་ལ་མར་མེ་བརྣལ། །ཆུ་བོའི་གཞུང་དུ་གྲུ་གཟིངས་ཆག །འཇིགས་པའི་འཕྲང་ལ་སྐྱེལ་མས་བོར། །ཀྱེ་ཧུད་མི་ཡུལ་སྟོང་པར་བཞག །ལར་བསམ་གྱིན་ཆོས་ཀྱི་རྒྱལ་པོ་དྲན། །རྗེ་དྲན་པས་ཅི་ཕན་དགུང་དུ་གཤེགས། །གཏམ་མི་སྙན་ཐོས་པས་སྙིང་རླུང་འཇུག །འབངས་མཆི་མའི་སྔས་ལ་མཆི་མའི་སྟན། །ཟས་ཟ་བ་མ་དྲན་ལུས་སྟོབས་ཤོར། །གོས་གོན་པས་མ་དྲན་ངོ་ཚ་ཤོར། །གདོང་ལ་མཆི་མ་རྒྱུན་ཆད་མེད། །ངག་སྨྲེ་སྔགས་བཏོན་པས་གྲེ་བ་འཛེར། །འབངས་དུས་ཀྱི་ཉེས་པས་བསྒྲིབས་པའི་ཕྱིར། །ཞལ་དངོས་སུ་མཇལ་བའི་སྐལ་མེད་ཀྱང༌། །དུས་དོ་ནུབ་གཉིད་ཀྱི་རྨི་ལམ་དུ། །ཕྱག་བཞེས་ཙམ་ཞིག་མཇལ་བར་ཞུ། །གསུང་ལན་ཚིག་གཅིག་གནང་བར་ཞུ། །འགྲོ་བའི་མགོན་པོས་ཐུགས་རྗེས་གཟིགས། །ཀྱེ་ཧུད་དྲིན་ཅན་ཆོས་ཀྱི་རྗེ། །རྗེ་སྤྲུལ་པའི་ཕྱག་རྒྱ་བརྟུལ་བ་དེས། །སྤྱིར་འཛམ་གླིང་བྱང་ཕྱོགས་སྨག་དུ་སྲོས། །སྒོས་དབུ་རུ་ལྷ་ས་འོད་དང་བྲལ། །ལས་ཅན་གྱིས་བྱང་ཆུབ་ཇི་ལྟར་སྒྲུབ། །ལར་བོད་འབངས་རྣམས་ཀྱི་ཐུག་ས་འདས། །ཚོགས་གཉིས་གསོག་པའི་ཞིང་ས་འདས། །ཡོད་འབྱོར་ཕྱུག་པོའི་འབུལ་ས་འདས། །ཁ་དྲག་པོ་ལ་གཉའ་གནོན་མེད། །ཁ་ཞན་པོ་ལ་རྒྱབ་རྟེན་མེད། །རྗེ་སྤྲུལ་སྐུ་དབྱིངས་སུ་(ཇ༦༧བ)


PTT001_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་དེས། །ཁ་སང་དུས་ཀྱི་རྒྱལ་པོ་ལ། །ཕྱི་རབས་བྲོད་པའི་སྐྱེད་པའི་ཕྱིར། །འོད་དང་འཇའ་དང་སྒྲ་ལ་སོགས། །དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ཀྱང༌། །ནམ་མཁའི་ཁམས་སུ་ཁེངས་པར་བྱོན། །རྒྱལ་པོའི་མཛད་སྤྱོད་ཏུར་གྱིས་དྲན། །འབངས་སེམས་ཀྱི་ཚ་གྲང་བཟོད་བླགས་མེད། །འབངས་ཡི་ཐག་མ་གཅོད་སྤྲུལ་པའི་སྐུ། །ལུས་ལ་ཆགས་སྙམ་མི་བགྱི་ཞིང༌། །འབངས་འདི་ཙམ་གདུང་སེམས་ཆེ་བ་ལ། །རྗེས་འབངས་ལ་ཐུགས་རྗེས་མི་གཟིགས་སམ། །ཕས་བུ་ལ་ཕྱི་ཐག་མི་ལྟའམ། །ལར་རྒྱལ་པོ་སྤྲུལ་སྐུའི་རང་བཞིན་ལ། །སྐུ་འདས་དང་མ་འདས་མི་མངའ་ཡང༌། །ངེད་བོད་འབངས་ཀྱི་ཉི་མ་སྒོས་སུ་ནུབ། །བྱང་ཁོག་སྟོད་ཀྱི་ཁོང་སྙིང་བཏོན། །རྗེ་ཆོས་ཉིད་ངང་དུ་གཤེགས་པ་དེ། །སྟོང་ཉིད་ངང་དུ་ཆ་ལ་ལ། །ཟག་མེད་ཀྱི་བདེ་བར་ཕྲི་ལི་ལི། །བྱིན་རླབས་ཀྱི་ཆུ་རྒྱུན་ན་ར་ར། །འོད་གསལ་གྱི་ཉི་མ་ཏ་ལ་ལ། །རྗེ་སྐུ་དང་གསུང་དང་ཐུགས་དང་གསུམ། །འབངས་མོས་པའི་ལུས་ངག་བྱིན་གྱིས་རློབས། །ཚེ་འདི་ལ་མི་མཇལ་ཁོ་ཐག་ཆོད། །དུས་སྐྱེ་བ་འདི་ཡི་འོག་རོལ་དུ། །རྗེ་རྒྱལ་པོ་བཞུགས་པའི་ཞབས་དྲུང་དུ། །མཛེས་པའི་སྤྱོད་ལམ་སྣ་ཚོགས་ཀྱིས། །རྒྱལ་པོ་ཤིན་ཏུ་མཉེས་གྱུར་ནས། །རྟག་དུ་ཞབས་ཏོག་བྱེད་པར་ཤོག །ཞེས་སྨྲེ་སྔགས་དྲག་པོས་གསོལ་བ་བཏབ་པས་དེར་འཁོད་པ་རྣམས་ལ་ལས་དག་མ་དག་གི་བྱེ་བྲག་གིས་སྣང་བ་དུ་མ་བྱུང་སྟེ་ལ་ལས་རྒྱལ་པོ་ལ་མཁའ་འགྲོ་དང་ལྷའི་ཚོགས་ཀྱིས་མཆོད་ཅིང་སྤྱན་འདྲེན་པར་མཐོང༌། སྣ་ཆེན་པོས་རྒྱལ་པོ་ཤིན་ཏུ་སྐུ་ཆེ་བ་ཞིག་གི་ཕྲག་གོང་གཡས་གཡོན་ལ་སྣང་བ་མཐའ་ཡས་དང་སྤྱན་རས་གཟིགས་བཞུགས་པར་མཐོང༌། མོང་བཟས་མེ་ཏོག་གིས་ར་ས་གང་བར་མཐོང༌། བློན་པོ་མགར་གྱིས་རྒྱལ་པོ་རྡོ་རྗེ་དང་དྲིལ་བུ་བསྣམས་ནས་དེར་འཁོད་པ་རྣམས་ལ་བྱིན་རླབས་མཛད་ཅིང་ཁྱོད་སྨྲེ་སྔགས་མ་འདོན་པར་གསོལ་བ་ཐོབ་ཅིག་མཐོང་སྣང་གི་བྱེ་བྲག་བཟང་པོ་འབྱུང་ངོ་གསུང་བར་མཐོང་ངོ༌། །དེ་ནས་(ཇ༦༨ན)


PTT001_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

བློན་པོ་མགར་ན་རེ་རྒྱལ་ཁམས་གཞན་གྱི་མིས་བོད་ཀྱི་བློན་པོ་གདུག་པ་ཅན་རྣམས་ཀྱིས་རྒྱལ་པོ་ཡབ་ཡུམ་གར་གཤེགས་མེད་པ་བྱས་ཟེར་དུ་འོང་གིས་སྤུར་སྦྱོང་བའི་ཚུལ་མ་བྱས་ན་མི་རུང་ངོ་ཞེས་བགྲོས་སྟེ་ལྷ་ལ་ཐིམ་པ་གསངས་ནས་འཕན་ཡུལ་ཟལ་མོའི་སྒང་འོད་ཟེར་དམ་པའི་ཕོ་བྲང་དུ་བཞུགས་པ་ན་མགུར་ཆམ་བྱུང་བ་ལོག་སྟེ་ཚད་པར་ཤོར་ཞབས་ཏོག་ལྷ་གཅིག་གཉིས་ཀྱིས་མཛད་པས་ལྷ་གཅིག་གཉིས་ཀྱང་བསྙུང་སྟེ་སྐུ་འདས་སོང་བར་བསྒྲགས་ནས་དར་སྨན་དང་ས་སྦྱིན་ལ་རྒྱལ་པོ་ཡབ་ཡུམ་གསུམ་གྱི་སྐུ་བཅོས་ན་བཟའ་གསོལ་སྟེ་སྐུ་འབག་སྟག་པགས་ཀྱི་སྟེང་དུ་བཞག་ནས་ཤིང་རྟ་ལ་གདན་དྲངས། ཡར་ལུངས་འཕྱོང་པོའི་ནང་དུ་བང་སོ་བཏབ་སྟེ་རེ་མིག་དབུས་མར་བཞུགས་སུ་གསོལ་སྟེ་ཙནྡན་གྱི་མེས་སྦྱངས་པས་འདུས་པ་རྣམས་ལ་མཐོང་སྣང་གི་བྱེ་བྲག་དཔག་དུ་མེད་པ་བྱུང་སྟེ་བློན་པོ་མགར་གྱིས་དུ་བའི་གསེབ་ནས་རྒྱལ་པོ་ཉིད་བྱོན་སྟེ་ཁྲི་ལ་བཞུགས་ནས་ཆོས་སྟོན་པར་མཐོང༌། སྣ་ཆེན་པོས་མེའི་ནང་ནས་འོད་དཀར་པོ་ཅིག་བྱུང་ནས་དེར་འཁོད་པ་རྣམས་ལ་ཐིམ་པ་དང་རྒྱལ་པོའི་སྐུའི་བཀོད་པ་མང་པོ་དང་ཐུགས་རྗེ་ཆེན་པོ་དང་ཨ་མི་ཏཱ་བྷ་མཐོང༌། དར་རྒྱལ་མང་པོ་རྗེས་རྒྱལ་པོ་དངོས་སུ་བྱོན་པ་དང་བསྟན་པའི་བདག་པོར་མཐོང༌། ཐོན་མིས་རྒྱལ་པོ་ཡབ་ཡུམ་རིན་པོ་ཆེའི་ཁྲི་ལ་བཞུགས་པ་དང་འཁོར་ལོ་བདེ་མཆོག་དུ་མཐོང༌། འབྲི་སེ་རུ་གུང་སྟོན་གྱིས་བསྟན་པའི་བདག་པོ་ལ་བྱང་ཆུབ་སེམས་དཔའ་མང་པོས་བསྐོར་བར་མཐོང༌། སྦས་སྒྱིད་ཐག་རིང་མོས་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དཔག་མེད་དུ་མཐོང༌། དབོན་སྲས་མང་སྲོང་གིས་བསྟན་པའི་བདག་པོ་ལ་དགྲ་བཅོམ་པ་མང་པོས་བསྐོར་བར་གཟིགས། ཇི་མོ་རུ་ཡོངས་བཟས་སྒྲོལ་མའི་ལྷ་ཚོགས་སུ་མཐོང༌། གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའས་གང་བ་དང༌། ཀུན་དུ་བཟང་པོའི་མཆོད་སྦྱིན་གྱིས་ན་མཁའ་གང་བ་དང༌། མཁའ་འགྲོའི་ཚོགས་ཀྱིས་རྒྱལ་པོ་སྤྱན་དྲངས་སྟེ་འགྲོ་བ་དང་(ཇ༦༨བ)


PTT001_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གེའི་ཁྲི་ལ་རྒྱལ་པོ་དངོས་སུ་བཞུགས་པ་དང༌། གཡས་གཡོན་དུ་གཟིགས་པ་དང་ཆོས་གསུང་པ་དང་སྤུར་སྒྲོམ་གཞལ་མེད་ཁང་དུ་གྱུར་པའི་ཟུར་བཞིར་དཔལ་མགོན་བདུན་བཅུ་རྩ་གཉིས་དང་མཆོད་པའི་ལྷ་མོ་མང་པོས་མཆོད་པ་དང༌། སྒྲ་དང་འོད་དང་ས་གཡོ་བ་དང་སྤོས་ཀྱི་ངད་ལྡན་ན་མཁའ་འོད་ཀྱིས་གུར་དུ་འཁྲིག་ཅིང་མེ་ཏོག་དང་རིང་སྲེལ་ཆར་དུ་འབབ་པ་དང༌། འདོད་གཟུགས་ཀྱི་ལྷ་རྣམས་ཀྱིས་མཆོད་ཅིང་མེ་ཏོག་གི་ཆར་འབེབས་པ་དང༌། དཔའ་བོ་རྣམས་གར་བྱེད་ཅིང་མཁའ་འགྲོ་མ་རྣམས་གདུང་དབྱངས་ལེན་པ་དང༌། སངས་རྒྱས་དང་བྱང་སེམས་སྤྲིན་ལྟར་འཐིབས་པ་དང༌། མེའི་དབུས་ན་སངས་རྒྱས་ཀྱི་སྐུ་འཇའ་ཚོན་གྱིས་བསྐོར་བ་ལ་ཐབ་ཀའི་མི་རྣམས་དཔའ་བོ་མཁའ་འགྲོ་གླུ་གར་བྱེད་པར་སྣང་བ་དང༌། རྒྱལ་པོའི་དབུའི་གཙུག་ཏོར་གྱེན་དུ་འཕགས་ཅིང་གསེར་མདོག་ས་གནོན་དང་མཉམ་བཞག་མཛད་པ་དང༌། སྤྱན་རས་གཟིགས་ཕྱག་བཞི་པ་བྱུ་རུ་ལྟར་དམར་བ་དང༌། ལོངས་སྐུ་རིགས་ལྔའི་ཚོགས་སུ་སྣང་བ་དང༌། མེའི་སྒྲ་ལས་ཆོས་ཐམས་ཅད་བདག་མེད་ཏོ་ཅེས་པའི་སྒྲ་གྲག་པ་དང༌། ན་མཁའ་ཐམས་ཅད་དཔའ་བོ་མཐིང་ནག་གྲི་ཐོད་དང་ཁ་ཊཾ་ཅན་གྱིས་གང་བའི་འོད་ཀྱིས་སེམས་ཅན་ཐམས་ཅད་འོད་དུ་ཞུ་ནས་བདག་མེད་མར་གྱུར་སྟེ་ཆོས་ཐམས་ཅད་བདག་མེད་ཅིང་རང་བཞིན་གྱིས་རྣམ་པར་དག་གོ་ཞེས་སྒྲོག་པ་དང༌། གདུང་ཁང་ཞལ་ཡས་ཁང་གི་དབུས་ན་རྒྱལ་པོ་འཛུམ་ཞིང་འགྱིང་བར་བཞུགས་པའི་ཐུགས་པདྨ་ཁ་བྱེ་བའི་སྟེང་ན་དགྱེས་རྡོར་ལྷ་དགུ་བཞུགས་པ་དང༌། པད་ཉི་ལ་འཇིགས་བྱེད་དང་དུས་མཚན་བསྣོལ་བའི་སྟེང་ན་རྒྱལ་པོ་ཆོས་འཆད་ཅན་རིག་མ་བཅུ་དྲུག་གིས་བསྐོར་བ་འོད་ཀྱི་རྣམ་པ་ཅན་དང༌། རྒྱལ་པོས་ཕྱག་ན་བདུད་རྩིའི་བུམ་པ་བསྣམས་སྟེ་ཨ་བྷི་ཥཱི་ཉྩ་ཅེས་དེར་ཚོགས་པ་ཐམས་ཅད་ལ་དབང་བསྐུར་བ་དང༌། མེ་ལས་འོད་ཟེར་དཔག་མེད་འཕྲོས་པའི་འོད་རེ་རེའི་རྩེ་ལ་མཁའ་འགྲོའི་(ཇ༦༩ན)


PTT001_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་དཔག་མེད་གར་བསྒྱུར་ཞིང་ན་མཁའ་སྤྲིན་བཞིན་དུ་འཁྲིགས་ནས་སྐྱེ་མེད་རྡོ་རྗེའི་གླུ་ལེན་པ་དང༌། རྒྱལ་པོའི་བ་སྤུའི་བུ་ག་ཐམས་ཅད་ནས་བདེ་མཆོག་ལྷན་སྐྱེས་ཀྱི་ཚོགས་འཕྲོ་བ་དང༌། སྤྱན་རས་གཟིགས་ཞི་ཁྲོ་དང་མཁའ་འགྲོའི་ཚོགས་ཀྱིས། ཆོས་ཀུན་གདོད་ནས་ལྷན་ཅིག་སྐྱེས། །ཐམས་ཅད་བདེ་སྟོང་ཟུང་འཇུག་ལ། །སྤང་བླང་འདུག་པ་མ་མཐོང་ངོ༌། །ཞེས་སྒྲོག་པ་དང༌། སྤྲིན་གསེབ་ནས་ལུས་སྟོད་ཐོན་པའི་ལྷའི་བུ་མེ་ཏོག་གི་ཆར་འབེབས་པས་ན་མཁའ་གང་བ་དང༌། རྒྱལ་པོ་ལ་འཁོར་སངས་རྒྱས་ལོངས་སྐུ་དཔག་མེད་བཞུགས་ནས་བསྟོད་ཅིང་འདུད་པ་དང༌། བྱང་ཆུབ་སེམས་དཔའ་ཁྱེའུ་དང་བུ་མོའི་གཟུགས་སུ་གནས་པ་མང་པོས་མཆོད་པ་ཐོགས་སྟེ་སྤྱན་འདྲེན་པ་དང༌། མེ་ལྕེ་དཔའ་བོ་མཁའ་འགྲོ་དུ་བ་ལྷའི་བུར་སྣང་བ་དང༌། མེའི་དབུས་ན་པད་སྡོང་ཡལ་ག་གྲངས་མེད་པའི་དབུས་མའི་སྟེང་ན་རྒྱལ་པོ་མཆོག་གི་སྤྲུལ་སྐུར་བཞུགས་ཤིང་ཡལ་ག་རྣམས་ལ་སངས་རྒྱས་བྱང་སེམས་དཔག་མེད་བཞུགས་ནས་བསྟོད་ཅིང་འདུད་པ་དང༌། སྤུར་ཁང་ནས་རྒྱལ་པོ་བྱོན་སྟེ་ཁྲི་ལ་བཞུགས་པའི་སྨིན་མཚམས་ནས་འོད་ཟེར་བཀྱེ་བས་ས་དང་ན་མཁའ་ཐམས་ཅད་འོད་གཅིག་དུ་འཁྲིགས་པ་དང༌། རྩི་ཤིང་ནགས་ཚལ་དང་ས་རྡོ་རི་བྲག་ཐམས་ཅད་སྤུར་ཁང་ལ་སྐོར་བ་བྱེད་པ་དང༌། ཟིན་པ་དང་མ་ཟིན་པའི་སྒྲ་ཐམས་ཅད་སྐྱེ་བ་མེད་པའི་ཆོས་ཀྱི་སྒྲར་གྲགས་པ་ཞག་བདུན་དུ་བར་མ་ཆད་པ་དང༌། མེ་ལྕེ་རྡོ་རྗེ་རྣལ་འབྱོར་མ་དང་སྤྱན་རས་གཟིགས་དང་རྒྱལ་པོ་ཉིད་སྙན་ཤལ་ཤིན་ཏུ་རིང་བ་ལ་ཤཱཀྱ་ཐུབ་པ་དང་སྤྱན་རས་གཟིགས་བཞུགས་པར་མཐོང་བ་དང༌། རྒྱལ་པོ་དང་སངས་རྒྱས་རྣམས་ཆོས་ཀྱི་དགོངས་པ་བསྡུར་བ་དང༌། བྱམས་འཇམ་དབྱངས་ཆོས་བགྲོ་བ་དང༌། སྤུར་ཁང་ནས་རྗེ་བཙུན་མ་གསུམ་དུ་མཛད་ནས་ན་མཁའ་ལ་གཤེགས་པ་དང༌། རྒྱལ་པོའི་བ་སྤུ་རེ་རེ་བཞིན་སངས་རྒྱས་མང་པོ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། རུས་རྒྱན་(ཇ༦༩བ)


PTT001_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་མཁའ་འགྲོས་བསྐོར་བ་དང༌། གསང་འདུས་འཇམ་རྡོར་གྱི་དཀྱིལ་འཁོར་དང༌། རྣལ་འབྱོར་ན་མཁའ་དང༌། ཡེ་ཤེས་མཁའ་འགྲོ་དང༌། མ་ཧཱ་མཱ་ཡ་དང༌། སངས་རྒྱས་མཁའ་འགྲོ་དང༌། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་དང༌། ཕྱག་རྡོར་ཞི་ཁྲོ་དང༌། སྨན་བླ་མཆེད་བརྒྱད་དང༌། ཞི་ཁྲོ་རིགས་བརྒྱའི་ལྷ་དང༌། པདྨ་དབང་ཆེན་དང༌། བཛྲ་ཧེ་རུ་ཀ་ཀེ་སིང་གིས་བསྐོར་བ་དང༌། གཤིན་རྗེའི་གཤེད་དང༌། ཆེ་མཆོག་དང༌། ཕུར་བ་ལ་སོགས་པའི་དཀྱིལ་འཁོར་སོ་སོར་སྣང་བ་དང༌། ཀུན་བཟང་ལ་རིག་འཛིན་གྱིས་བསྐོར་ནས། ཆོས་རྣམས་རང་བཞིན་ཉིད་ཀྱིས་དག །བཟུང་འཛིན་རང་བཞིན་དག་པའོ། །ཞེས་ཆོས་འཆད་པ་དང༌། མ་མགོན་དང་ཕྱོགས་སྐྱོང་བཅུས་བསྐོར་ནས་བསྟན་པའི་བྱ་ར་མཛད་པ་སོགས་བོད་འབངས་རྣམས་ལ་སྣང་བ་ཐ་དད་དུ་བྱུང་ཞིང་ཞི་གནས་དང་ལྷག་མཐོང་གི་བདེ་བས་ཚིམ་སྟེ་ཐམས་ཅད་སྡུག་བསྔལ་དང་བྲལ་ཞིང་དབུགས་ཕྱིན་པར་གྱུར་ཏོ། །དེ་ནས་བང་སོའི་ནང་དུ་ལྷ་ཁང་ལྔ་བྱས་སྟེ་ཕྱི་རི་བོ་ལྟར་བྱིབས་ནས་ལོ་གཅིག་དུ་རྒྱལ་བློན་འབངས་དང་བཅས་པས་སྐོར་བ་བྱས་ཅིང་ཕྱིས་ཀྱང་ལོ་དུས་སུ་མཆོད་པ་དང་སྐོར་བ་མཛད་དོ། །མང་སྲོང་བཅུ་གསུམ་བཞེས་པས་རྒྱལ་ས་མཛད། །རྒྱ་དམག་བོད་དུ་འོང་ཞེས་གཏམ་གསན་ནས། །སྟོན་པའི་སྐུ་ཚད་དགུང་ལོ་བཅུ་གཉིས་པ། །ར་སའི་ལྷོ་སྒོ་མེ་ལོང་ཅན་དུ་བཞུགས། །སྒོ་ལ་ཞལ་བ་བྱས་སྟེ་འཇམ་དབྱངས་བྲིས། །བཙུན་མོ་འབྲོ་བཟའ་ཁྲི་ལོང་ཁབ་ཏུ་བཞེས། མགར་སྟོང་བཙན་ཡུལ་སྲུང་དང་མཆིམས་མང་གཉེར་གྱིས་བློན་པོ་བྱས། ལོ་ནི་བཅོ་ལྔ་རྒྱལ་སྲིད་ཆོས་བཞིན་བསྐྱངས། །དགུང་ལོ་ཉི་ཤུ་རྩ་བདུན་བཞེས་པ་ན། །གཙང་གི་བར་སྣང་སྒང་དུ་འདས་པར་གྱུར། །དེ་ཡི་བང་སོ་སྔ་མའི་གཡོན་དུ་བརྩིགས། །རིན་ཆེན་ནོར་བཀང་སྔོ་(ཇ༧༠ན)


PTT001_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཞེར་ཧྲལ་པོར་གྲགས། །དེ་ཚེ་རྒྱ་དམག་ལྷ་སའི་བར་ལྷགས་པ། །ཁྲོ་རྒྱལ་རྨེ་བརྩེགས་ཐུགས་ཀ་ཕྱེ་བ་ཡིས། །སྤྲུལ་པའི་དམག་ཚོགས་བཀྱེ་བས་ཟློག་པར་མཛད། །མགར་གྱིས་རྒྱ་ཡུལ་ཕུང་པར་བྱས་པའི་ཞེ་གནད་དུ་ཆོས་རྒྱལ་སྲོང་བཙན་གཤེགས་མ་ཐག་དུ་དམག་མང་དུ་བརྩམས་ཀྱང་བློན་པོ་མགར་གྱིས་དམག་དཔོན་བྱས་ནས་ལན་མང་དུ་ཕམ་པར་བྱས། ཕྱིས་བློན་པོ་ཡང་དམག་ཐོག་དུ་འདས། རྒྱལ་པོ་མང་སྲོང་གཤེགས་ཚེ་རྒྱ་དམག་འབུམ་ཕྲག་ལྔ་བོད་དུ་བྱུང༌། ཕོ་བྲང་ཁྲི་རྩེ་དམར་པོ་བསྲེགས། ཇོ་བོ་ཤཱཀྱ་དང་པོ་མ་རྙེད་ཕྱིས་དེ་ན་བཞུགས་པར་ཤེས་ཀྱང་འཇམ་དབྱངས་ཀྱི་སྐུ་བྲིས་པ་འཇིག་མ་ནུས། ཇོ་བོ་མི་སྐྱོད་རྡོ་རྗེ་ཁྱེར། དེའི་ཚེ་ར་སའི་རྨེ་བརྩེགས་ཕྱག་གཉིས་ཁུ་ཚུར་བསྣོལ་བ་གྲིབ་སེལ་གྱི་ཕྱག་རྒྱར་བཞུགས་པའི་ཁུ་ཚུར་གྱིས་ཐུགས་ཀ་ཁ་ཕྱེ་བས་སྤྲུལ་པའི་དམག་དཔུང་འཐོན་སྟེ་རྒྱ་དམག་རྣམས་ཤིན་ཏུ་སྐྲག་པས་འཐོར། ཇོ་བོ་མི་བསྐྱོད་རྡོ་རྗེ་ཤར་ཕྱོགས་འོ་མའི་ཐང་དུ་ཞག་བདུན་ལུས་པས་ཇོ་བོ་འོ་བརྒྱལ་ཐང་དུ་གྲགས། རྒྱའི་དེབ་ཐེར་ནས་བློན་པོ་མགར་གྱི་བུ་ཆེ་བས་དམག་དཔོན་བྱས་སྟེ་རྒྱ་ཕམ་པར་བྱས་ཅེས་བྱུང་བས་ཁོང་རང་རྣམས་ལ་མིའི་དམག་གི་མཐོང་སྣང་བྱུང་བར་གདའ། ཡབ་འདས་ཞག་བདུན་ལོན་པ་ཆུ་བྱིའི་ལོར། །འདུས་སྲོང་མང་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ། །སྦྲགས་ཕུར་འཁྲུངས་སྟེ་དེ་འཕྲལ་རྒྱལ་པོར་གསོལ། །བཙུན་མོ་མཆིམས་བཟའ་བཙན་མོ་ཏོག །བློན་པོ་མགར་གྱི་བུ་གཉའ་བཙན་ལྡེམ་བུ་དང་དབས་ཏ་ར་ཁོང་ལོད་ཀྱིས་བློན་པོ་བྱས། རྩལ་པོ་ཆེ་ཡི་བློན་འབངས་མི་བདུན་བྱུང༌། །རྔོག་རིང་ལ་ནག་པོས་གླང་པོ་ཆེ་ཐེག །རྔོག་གླིང་ཁམས་ཀྱིས་གཡག་བྲུས་པོ་ཆེ་ཐེག །གནོན་རྒྱལ་མཚན་གྱིས་མདའ་སྟེ་ཁ་མས་བྱ་ཁྲ་རྐེད་པར་བཅད། སྤས་རྒོད་མདོངས་ཅན་གྱིས་མིག་རྒྱང་གསུམ་(ཇ༧༠བ)


PTT001_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མདའ་རྒྱང་རེས་སླེབ། མགོས་གཡག་ཆུང་གིས་ཤ་བའི་བླུད་བུ་བྱེ་མས་བཀང་སྟེ་ཀླད་ལ་སྐོར། ཅོག་རོ་འབྲོང་གཤོར་གྱིས་འབྲོང་འཐུར་དུ་རྒྱུག་པ་གྱེན་དུ་འཐེན་ནུས། གནོན་ཁྲི་བདུན་གཡུ་བྱིན་གྱིས་རྟ་བཟང་པོ་གཡང་ལ་འཕྱོངས་བ་གྱེན་ལ་འདྲེན་ནུས་པ་རྣམས་བྱུང་སྟེ་ཕྱིས་རྔ་དང་རོལ་མོའི་རྣམ་གྲངས་མང་དུ་འབྱུང་བའི་ལྟས་ཡིན་སྐད། མངའ་ཐང་ལྷ་འདྲ་མཐུ་རྩལ་ཕ་མཐའ་ཡས། །མཐའ་ཡི་རྒྱལ་པོ་དབང་དུ་འདུས་པར་གྱུར། །ལྷ་སར་མེས་ཀྱི་དགོངས་དུས་མཆོད་པ་བཙུགས། །སྔ་གོང་བོད་རྒྱལ་བྱོན་ལས་མངའ་ཐང་ཆེ། །བྱང་ཕྱོགས་སྐར་མ་སྨིན་བདུན་འཆར་བའི་མཐའ་སྔོན་ནགས་ཤོད་གཟིག་ཕྲེང་ལས་མ་མཆིས་པ་ལ་ག་གོན་དང༌། ཧོར་དང༌། སོག་པོ་བཏུལ་སྟེ་ད་ཤབ་ཧབ་ཀྱི་ལ་རྒྱུད་ལ་གཏུགས་པར་མངའ་མཛད་དོ། །དགུང་ལོ་ཉི་ཤུ་རྩ་དགུར་སྲིད་བསྐྱངས་སྟེ། །ལྗང་གི་ཡུལ་དུ་གནམ་དུ་གཤེགས་པར་གྱུར། །དེ་ཡི་བང་སོ་ཡབ་ཀྱི་གཡོན་དུ་བཏབ། །བང་སོ་ལྷ་རི་ཅན་ཞེས་གྲགས་པ་སྟེ། །ལྕགས་རིས་བསྐོར་བ་ཧོར་གྱི་མི་སྡེས་བརྩིགས། །དེ་སྲས་ཁྲི་ལྡེ་གཙུག་བརྟན་ཞེས་བྱ་བ། །ལྕགས་ཕོ་འབྲུག་ལ་ཕོ་བྲང་ལྡན་དཀར་འཁྲུངས། །བཙུན་མོ་ལྗང་མོ་ཁྲི་བཙུན། བློན་པོ་སྦས་སྐྱེས་བཟང་སྟོང་བཙན། མཆིམས་རྒྱལ་གཟིགས་ཤུ་ཏིང༌། འབྲོ་ཆུ་བཟང་འོར་མ་གསུམ་གྱིས་བྱས། སྨ་ར་དང་བགྲེས་ཉམས་ཆེ་བས་རྒྱལ་པོ་མེས་ཨག་ཚོམས་སུ་གྲགས་སོ། །ལྷ་ཁང་ལྔ་བཞེངས་མདོ་སྡེ་དུ་མ་དང༌། །སྨན་དཔྱད་སོགས་བསྒྱུར་ཕོ་བྲང་འཕང་ཐང་བརྩིགས། །ལྷ་སྲས་ལྗང་ཚ་ལྷ་དབོན་འཁྲུངས་པ་ལ། །རྒྱ་རྗེའི་སྲས་མོ་བླངས་ཚེ་ལྷ་སྲས་འདས། །མེས་ཀྱི་བང་སོའི་དྲུང་དུ་ཟླུམ་པོར་བརྩིགས། །དེ་ཡང་རྦ་བཞེད་ལས་མེས་སྲོང་བཙན་གྱི་བཀའ་ཆེམས་ཀྱི་ཡི་གེ་མཆིམས་ཕུའི་དཀོར་མཛོད་ནས་བློན་པོ་མགར་གྱིས་ཟངས་ཀྱི་བྱང་བུ་(ཇ༧༡ན)


PTT001_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བྲིས་ནས་སྦས་པ་དེ་བལྟས་པས། ངའི་དཔོན་སྲས་རྒྱལ་པོ་ཁྲི་དང་དེ་ཞེས་བྱ་བའི་རིང་ལ་དམ་པའི་ལྷ་ཆོས་འབྱུང་སྟེ་དེ་བཞིན་གཤེགས་པའི་རྗེས་སུ་རབ་ཏུ་བྱུང་བ་དབུ་རེག་ཞབས་རྗེན་སྐུ་ལ་ངུར་སྨྲིག་གི་ན་བཟའ་གསོལ་བ་ལྷ་དང་མིའི་མཆོད་གནས་མང་དུ་འབྱུང་གིས་དེ་ལས་རང་དང་གཞན་གྱི་ཚེ་འདི་དང་ཕྱི་མའི་མཐོ་རིས་དང་ཐར་བའི་བདེ་བ་ཐམས་ཅད་འབྱུང་བས་ངའི་དབོན་སྲས་རྗེ་བློན་རྣམས་ཀྱིས་འཚོ་བ་བླ་ནས་སྦྱོར་ལ་ཆབ་འོག་ནས་ཕྱུང་ལ་བདེ་བ་བྱིན་དབུའི་མཆོད་གནས་སུ་ཁུར་ཞིག་བྱ་བ་འདུག་པ་གཟིགས་པས་ལྡེ་ཞེས་བྱ་བ་དེ་ང་ཡིན་སྙམ་དུ་དགོངས་ནས་བྲན་ཀ་མུ་ལེ་ཀ་ཥ་དང་གཉགས་ཛྙཱ་ན་ཀུ་མ་ར་གཉིས་རྒྱ་གར་དུ་ཆོས་འཚོལ་དུ་བཏང་བས་པཎྜི་ཏ་སངས་རྒྱས་གསང་བ་དང་སངས་རྒྱས་ཞི་བ་གཉིས་གངས་ཏི་སེ་ལ་སྒོམ་མོ་ཞེས་ཐོས་སྟེ་སྤྱན་དྲངས་པས་མ་འདྲོངས། དེ་གཉིས་ཀྱི་ཐུགས་ནས་མདོ་སྡེ་ལས་རྣམ་འབྱེད་དང༌། གསེར་འོད་དམ་པ་དང༌། ཀྲི་ཡ་དང་ཨུ་པ་ཤས་ཙམ་ཞུས། གླེགས་བམ་སྤྱན་དྲངས་ནས་རྒྱལ་པོའི་མཆོད་གནས་སུ་ཕུལ་བས་དེའི་བཞུགས་ཁང་དུ་ལྷ་ཁང་ལྔ་བཞེངས་སྟེ་ལྷ་ས་མཁར་བྲག་བྲག་དམར་མགྲིན་བཟང༌། མཆིམས་ཕུ་ནམ་རལ། བྲག་དམར་ཀ་རུ། མ་ས་གོང་གི་གནས་སྟེ་ལྔ་བཞེངས། ཆོས་མཛད་པའི་བྱིན་རླབས་ཀྱིས་ནུབ་ཕྱོགས་ཟླ་བ་ཚེས་པའི་མཐའ་སྔོན་ལ་ཀེམ་གཡག་མིག་ལས་མ་མཆིས་པ་ལ་ཏང་ཏང་དང་སི་གུར་བཏུལ་སྟེ་སྤ་སྟག་ཤད་དུང་གི་སྒོ་མོ་ལ་གཏུགས་པར་མངའ་མཛད་དོ། །དེའི་ཚེ་ཞང་བློན་ཀུན་རྩེ་བྲོ་ཆག་བྲེལ་བས་མ་དགའ་ནས་ངེད་ཀྱི་བཙན་པོ་འདི་ནི་དད་པ་ཆེ་བ་ཆོས་ལ་དགའ་བྱད་མི་མཚར་བས་བྲམ་ཟེ་ཡིན་ནམ་ཞེས་གླེང་དེ་རྗེའི་སྙན་དུ་གསོལ་བས་ང་བྲམ་ཟེ་ཡིན་པར་གྱུར་ན་ངའི་ཁབ་ལྗང་མོ་ཁྲི་བཙུན་འདི་ལ་བུ་ང་བས་དད་པ་ཆེ་བ་བྱད་མི་སྡུག་པ་ཅིག་ཤོག་ཞིག །ང་བཙན་པོ་མ་ནོར་བ་ཡིན་ན་བུ་ཞང་བློན་རྣམས་ཀྱིས་བཅས་མི་ཐོགས་པ་ཤོག་ཞིག་ཞེས་དམོད་བཙུགས་པས་ཁྲི་བཙུན་ལ་སྲས་ལྷའི་བུ་འདྲ་བ་(ཇ༧༡བ)


PTT001_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

སྣའི་གཟེངས་མཐོ་བ་དཔྲལ་བའི་དབྱེས་ཆེ་བ་ཤིན་ཏུ་མཛེས་པ་གཅིག་བཙས་པས་ཞང་བློན་རྣམས་ན་རེ་བོད་ཀྱི་བཙན་པོ་ཡང་དག་པ་ཟེར། སྲས་ལ་མི་མིན་ལྷའི་དབོན་པོ་ཡིན་ནོ་ཟེར་ནས་མིང་ཡང་ལྗང་ཚ་ལྷ་དབོན་དུ་གསོལ་ལོ། །དེ་ལ་ཁབ་རན་པ་ན་བོད་ཀྱི་མི་སྤྲེའུ་བྲག་སྲིན་གྱི་རྒྱུད་པ་འདི་ཇོ་མོར་མི་འོས། མེས་སྲོང་བཙན་སྒམ་པོའི་ལུགས་སུ་བྱ་ཟེར་ནས་རྒྱ་རྗེ་ལི་ཁྲི་བཞེར་མང་མའི་སྲས་མོ་གྱིམ་ཤང་ཀོང་ཇོ་བྱ་བ་ཡོད་ཟེར་བ་དེ་བླང་བར་འཆམ། གཉགས་ཁྲི་བཟང་ཡང་སྟོན་ལ་འཁོར་སུམ་བཅུ་དང་བཅས་ནས་གཉེ་བོར་བཏང་ནས་རྒྱ་རྗེ་ལ་སྒྲོམ་བུ་ཕུལ་བས་རྒྱ་རྗེས་བུ་མོ་ལ་བསྒོ་བས་བུ་མོས་རང་གི་འཕྲུལ་གྱི་མེ་ལོང་སྲིད་གསུམ་མཐོང་བ་ཞིག་ཡོད་པ་ལ་བལྟས་པས་གྲོགས་སྐལ་བོད་ན་ཡོད་པར་ཤེས། རྒྱལ་བུ་ལྷའི་བུ་འདྲ་བ་མཐོང་ནས་འགྲོ་བར་བྱས་ནས་བོད་ཏུ་འོངས། ཤུལ་དུ་རྒྱལ་བུས་མཚན་ལ་རྟ་བཅགས་པས་འཕང་ཐང་དགེ་རར་སྔགས་པའི་ཟོར་མདའ་འཕངས་པས་ཕོག་སྟེ་གྲོངས། ཅེས་བཤད་ལ། ཁ་ཅིག་དུ་གཙུག་ལག་ཁང་བརྒྱད་ཙམ་བཞེངས་ཟེར་ཡང་ཁུངས་མ་རྣམས་ལས་ལྔ་ཁོ་ན་བཤད། ལ་ལར་གཉགས་ཁྲི་བཟང་ཡང་སྟོན་གྱིས་ཁོ་རང་གི་བུ་མོ་མ་བླངས་པས་ཁྲོས་ནས་རྒྱལ་བུ་བཀྲོངས་ཅེས་ཀྱང་སྣང༌། རྒྱའི་དེབ་ལས་རྒྱ་རྗེ་འཁོར་དང་བཅས་པས་ཀོང་ཇོ་ལ་མཁར་ཆེན་པོ་ཞིང་ཕེང་ཧེན་གྱི་བར་དུ་སྐྱེལ་ཐུང་མཛད། མཁར་དེའི་ཉེས་པ་ཅན་ཐར་དུ་བཅུག་དམག་དང་ལྡབ་ནོར་ལོ་གཅིག་མེད་པར་བྱས། རྒྱལ་བུས་བོད་དུ་རྟ་བརྒྱུགས་པས་རྟས་བསྐྱུར་སྟེ་འདས། ཅེས་སྣང་ངོ། །ཀོང་ཇོ་ཡབ་ཀྱི་བཙུན་མོར་མངའ་གསོལ་སྟེ། །ཇོ་མོ་སྤྱན་དྲངས་ཞལ་མཐོང་མཆོད་པ་དང༌། །གཤིན་པོའི་དོན་དུ་དགེ་བའི་སྲོལ་བཟང་བཙུགས། །ལྕགས་ཕོ་རྟ་ལ་སྤྲུལ་པའི་རྒྱལ་བུ་བལྟམས། །ཆེན་མ་སྣ་ནམ་བཟའ་ཡིས་ཕྲོགས་ནས་བསྙོན། །ཕྱི་ལོ་རྒྱལ་བུ་ཞབས་འཛུགས་དགའ་སྟོན་ཆེ། །སྤྲུལ་པའི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཞེས། །རང་མཚན་རང་གིས་བཏགས་སྟེ་ཡུམ་ངོས་བཟུང༌། །རྒྱལ་རབས་གཞན་ལས་ཀོང་(ཇ༧༢ན)


PTT001_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཇོ་རྒྱ་བོད་ཀྱི་མཚམས་སུ་སླེབས་ཚེ་བློ་བུར་དུ་སེམས་ལ་ཟུག་རྔུ་ཆེན་པོ་བྱུང་ནས་མེ་ལོང་བལྟས་པས་རྒྱལ་བུ་དེ་མེད་པར་རྒན་པོ་བཞིན་མི་མཛེས་པ་བྱད་སྤུས་ཁེངས་པ་ཅིག་མཐོང་ནས་སྡུག་བསྔལ་བའི་ཚེ་བོད་རྒྱལ་པོས་ཕོ་ཉ་མངགས་ནས་ཁྱོད་ཀྱི་སྐྱེས་པའི་འོས་ངའི་བུ་ལྷ་འདྲ་བ་དེ་འདས། ཁྱོད་རང་ང་ལ་བལྟས་ནས་འོང་ངམ་ཕྱིར་ལྡོག་པ་གང་མོས་གྱིས་ཅིག་ཞེས་བྱུང་བས་བུ་མོའི་འདུན་མ་ལན་ཅིག་ཡིན་ཟེར་ནས་བོད་དུ་འོངས་ཅེས་བྱུང་ལ། རྦ་བཞེད་ལས་ལྗང་ཚའི་བང་སོ་ཀྱི་འུ་ཅན་རྩིག་པའི་ཚེ་ཀོང་ཇོ་ཕོ་བྲང་འཕང་ཐང་དུ་བྱོན་པས་རྒྱལ་པོ་ཡིན་ཟེར་བའི་རྒན་པོ་ཨག་ཚོམས་ཅན་ཞིག་ལས་མི་གདའ་ནས་ཉིན་བཞིན་དངུལ་གྱི་ཏམྦུ་རས་རམ་བཏེག་མཚན་བཞིན་མཆུ་སྦྲང་གིས་རམ་བཏེག་ནས་ཡིད་མ་དགའ་བའི་གླུ་ལེན་པ་རྗེ་ལ་གསོལ་བས་འོ་ན་མོ་རང་སྐྱེས་ཆེར་བསྐུར་ལ་ཕ་ཡུལ་དུ་སྐྱོལ་གསུངས། དེ་སྐད་ཀོང་ཇོ་ལ་གསོལ་བས་རྒྱལ་བུ་བྱད་ལེགས་པ་ཅིག་ཡོད་པ་དེ་ང་རང་དང་ལས་མ་མཐུན་པ་ཡིན། ང་ཕ་ཡུལ་དུ་མཆི་བར་མི་སྤྲོ་ཡིས་མེས་དང་འདུ་འོ་ཟེར་ནས་བཙུན་མོར་མངའ་གསོལ། ངའི་ནེ་ནེ་མོ་ཀོང་ཇོའི་ལྷ་གསེར་གྱི་ཤཱཀྱ་མུ་ནི་ལྟ་ཟེར་ནས་ལྷ་སར་བྱོན་པས་ར་མོ་ཆེ་ན་ཇོ་བོ་མི་བཞུགས་པར་འདུག་མཆོད་པ་བྱེད་ཅིང་ཐམས་ཅད་ཏུ་བཙལ་བས་མ་རྙེད་ནས་འཕྲུལ་སྣང་དུ་མཆོད་པ་ལ་བྱོན་པས་ཀོང་ཇོའི་ཞལ་ནས་གཙང་ཁང་སྒོ་ལྔའི་བཅོས་རབས་འདུག་པ་ལ་བཞི་ལས་མེད་འདི་ན་གཙང་ཁང་ཞིག་ཡོད་པར་འདུག་ཟེར་ནས་གློ་འབུར་ལྷའི་ཡ་ཀླད་ཀྱི་འོག་དུ་ཕྱག་གིས་བརྡུངས་པས་སེར་ཀ་ཅིག་བྱུང༌། དེ་བརྐོས་ནས་སྒོ་ཕྱེ་བས་ཤཱཀྱ་མུ་ནི་བཞུགས་པར་མཐོང་ནས་ནེ་ནེ་མོའི་ལྷ་ཞལ་ཀུན་ལ་བསྟན་དུ་གསོལ་ཞེས་ཞལ་མཐོང་གི་མཆོད་པ་བཙུགས། སྔར་བློན་པོ་ཤི་བ་ལ་ཟན་སྐལ་མེད་པས་ངེད་རྒྱ་ནག་ཆོས་དར་བས་མི་ཤི་བ་ལ་བདུན་ཚིགས་ཡོད་བོད་ཆོས་མ་དར་བས་བློན་པོ་སྙིང་རེ་རྗེ་ཟེར་ནས་མི་ཤི་མ་ཐག་དུ་ལྷ་མི་སྟོང་ལ་འཚལ་མ་བསྩལ་སྟེ་བོད་ཀྱི་ཚེ་ཞེས་བྱ་བ་གཤིན་དགེའི་སྲོལ་བཙུགས་ཅེས་བྱུང་ངོ༌། །དེ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐུ་བལྟམས་པའི་ཚུལ་ལ་རྦ་བཞེད་ལས་ཡོས་ལོ་ལ་བལྟམས་ནས་ལོ་(ཇ༧༢བ)


PTT001_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ལ་རྒྱལ་ས་མཛད་པར་བཤད་ཀྱང་ཡབ་ལྕགས་འབྲུག་ལ་འཁྲུངས་ནས་ལོ་དྲུག་བཅུ་རྩ་གསུམ་ལ་འདས་པའི་ཚེ་སྲས་ཀྱི་མེ་ཡོས་ལ་འཁྲུངས་ན་ལོ་བཅུ་དྲུག་ས་ཡོས་ལ་འཁྲུངས་ན་ལོ་བཞི་ལས་མི་འགྲོ་ཞིང་བརྒྱད་སོང་བ་དག་ན་ཤིང་ཕག་ལ་འཁྲུངས་དགོས་པས་ཡི་གེ་ནོར་བ་ཞིག་བྱུང་ཡོད་པར་སྣང་ལ། ཡིག་ཚངས་ཤས་ཆེ་བར་ལྕགས་ཕོ་རྟ་ལ་འཁྲུངས་ནས་ལོ་བཅུ་གསུམ་ན་རྒྱལ་ས་མཛད་པ་ཤས་ཆེར་སྣང་བས་འདི་དག་པ་སྙམ་ལ་བུ་སྟོན་གྱིས་ས་རྟ་ལ་འཁྲུངས་པར་མཛད་ཀྱང་ལོ་བཅུ་གསུམ་གྱིས་སྔས་པར་སྣང་ངོ༌། །རྦ་བཞེད་ལས་ནི་ཀོང་ཇོ་ལ་ཡོས་བུའི་ལོ་ལ་རྒྱལ་བུ་ཆགས་དེའི་དུས་ན་རྒྱལ་པོ་ཕོ་བྲང་བྲག་དམར་འོམ་བུ་ཚལ་ན་བཞུགས། ཡོས་བུའི་ལོ་དཔྱིད་ཟླ་ར་བའི་ཚེས་གསུམ་ལ་བབ་པ་ན་རྒྱའི་ཧྭ་ཤང་མངོན་ཤེས་ཅན་ཞིག་ན་རེ་རྒྱལ་པོ་ཁྱོད་ཀྱི་བཙུན་མོ་ལ་སྲས་བྱང་ཆུབ་སེམས་དཔའ་ཞིག་བཙའ་བར་ངེས་པས་དེ་ལ་རིམ་གྲོ་སྐྱེད་ཅིག་ཞེས་ཟེར། རིམ་གྲོ་ལ་མཆོད་རྟེན་བརྒྱ་རྩ་བརྒྱད་བཞེངས་འཇིམ་པ་ལྷག་མ་ལ་ངའི་སྐུ་ཚབ་བྱེད་གསུང་ནས་མཆོད་རྟེན་དྲེས་ཐག་ཅན་ཡང་བརྩིགས། ནང་པར་ཕོ་ཉ་བྱུང་སྟེ་ཀོང་ཇོ་ལ་སྲས་ཅིག་བལྟམས་སོ་ཞེས་ཟེར། རྒྱལ་པོ་ཡར་ལུང་འཕང་ཐང་དུ་སྲས་བལྟམས་པ་གཟིགས་སུ་བྱོན་པའི་ཚེ་ཀོང་ཇོའི་བུ་སྣ་ནམ་བཟའ་ཞི་སྟེང་གིས་ཕྲོགས་ནས་ང་ལ་སྐྱེས་པ་ཡིན་ཟེར། དེར་བློན་པོ་ཀུན་གྱིས་བརྟག་པ་བྱ་བའི་ཕྱིར་ཐང་ཞིག་གི་བུག་པར་བུ་བཞག་ནས་སུས་ཐོབ་བྱེད་དུ་བཅུག་པས་ཀོང་ཇོས་སྔོན་ལ་ཟིན་པ་སྣ་ནམ་བཟས་ཤི་ནའང་ཤི་སྙམ་ནས་ཕྲོགས་པས་ཀོང་ཇོས་བུ་ཤི་དྭོགས་ནས་ལྷོད་ཀྱིས་བཏང་སྟེ་ཡིན་དང་ངའི་ཡིན་སྟེ་གྲི་མོ་ཁྱོད་ཁྱེར་ཟེར་ནས་བཏང་བས་བུ་ཀོང་ཇོའི་ཡིན་པར་ཤེས། ལོ་གཅིག་ལོན་ཙ་ན་ཞབས་འཛུགས་པའི་དགའ་སྟོན་བྱས་སྟེ་སྣ་ནམ་པ་རྣམས་བེར་ཆུང་རེ་ལག་ན་ཐོགས་ནས་ཞང་པོའི་པང་དུ་ཤོག་ཟེར་བས་རྒྱལ་བུ་ན་རེ། ཁྲི་སྲོང་ལྡེ་བཙན་རྒྱ་ཚ་ལགས། །སྣ་ནམ་ཞང་གིས་ཅི་དགྱི་འཚལ། །གསུངས་ནས་རྒྱའི་པང་དུ་སོང་བས་མིང་ཡང་རང་གིས་བཏགས་ཅེས་བྱུང་ལ། སྐུ་རིམ་གྱི་མཆོད་རྟེན་བརྒྱ་རྩ་བཞེངས་ནས་ད་དུང་(ཇ༧༣ན)


PTT001_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

འཇིམ་པ་ལྷག་མ་ལ་མཆོད་རྟེན་ཆེ་བ་གཅིག་བྱས་པས་འཇིམ་པས་གཟུགས་མ་ཐུབ་ནས་སྲེས་ཐག་གིས་བཅིངས་པས་གླང་པོར་ཤོར་བས་བཞད་གད་དུ་གྱུར་སྟེ་གླེང་པོ་སྲེས་ཐག་ཅན་ཞེས་མིང་ཆགས་ཤིང་རྒྱལ་བུ་སྐུ་ཚེ་རིང་བར་རྟོགས་སྣང༌། ཐང་ཡིག་སོགས་ལས་ཀོང་ཇོའི་སྲས་ཕྲོགས་པའི་ཚེ་སྨྲེ་སྔགས་བཏོན་ནུ་མ་བསྟན་ཡང་སྣ་ནམ་བཟས་ནུ་མ་ལ་རྫས་བྱུགས་ནས་འོ་མ་ཕབ་པས་ངོ་མ་ཤེས་སྟེ་རྒྱལ་བུ་སྣ་ནམ་བཟའ་ལ་ཤོར། ཡུམ་གྱིས་བུ་འདིས་བདག་ལ་ད་ནི་མི་ཕན་པས་བོད་ཡུལ་ཕུང་བར་བྱ་དགོས་སྙམ་ནས་རྗེའི་གདུང་རབས་འཆད་པའི་ཕྱིར་བླ་རི་སེང་གེ་གནམ་དུ་འཕྱོང་བ་འདྲ་བའི་རྩེ་མོར་མངལ་ཁྲག་གིས་འཁོར་ལོ་བྲིས་སྟེ་མཆོད་རྟེན་གྱིས་མནན། བློན་པོ་རིག་པ་ཅན་རྒྱུན་འཆད་པའི་ཕྱིར་བློན་པོའི་བླ་རི་སོག་པོ་ཁྲོས་པ་འདྲ་བའི་སྣ་བཅད། བོད་ནང་འཁྲུག་འབྱུང་བའི་ཕྱིར་སྟག་རི་སེང་རི་མཇུག་མ་འབྲེལ་བ་བཅད། མུ་གེ་འབྱུང་བའི་ཕྱིར་མི་སྣའི་རི་འབྲས་ཀྱི་ལྗང་པ་འདྲ་བའི་རྩ་བ་བཅད། ཀླུའི་གནོད་པ་འབྱུང་བའི་ཕྱིར་མོང་མཁར་གྱི་རི་ཁྱུང་ན་མཁའ་ལ་ལྡིང་བ་འདྲ་བའི་མཆུ་བཅད། དེ་ནས་སྲས་ཀྱིས་ལོ་འཁོར་ཞབས་འཛུགས་ཀྱི་དགའ་སྟོན་གྱི་ཚེ་རྒྱལ་པོ་གུང་ལ་གསེར་ཁྲི་ལ་བཞུགས། སྣ་ནམ་པ་རྣམས་གཡས་གྲལ་བྱས། རྒྱའི་བློན་པོ་རྣམས་གཡོན་གྲལ་བྱས། ཡབ་ཀྱིས་གསེར་སྐྱོགས་འབྲས་ཆང་གིས་བཀང་བ་སྲས་ལ་གཏད་དེ། མ་གཉིས་ལས་སྐྱེས་པའི་བུ་གཅིག་པོ། །ལུས་ཆུང་ཡང་ལྷ་ཡི་རྣམ་འཕྲུལ་ཅན། །སྣོད་གསེར་སྐྱོགས་ཆང་གིས་བཀང་བ་འདི། །བུ་ཁྱོད་རང་གི་ཞང་པོའི་ལག་དུ་གཏོད། །མ་གང་ཡིན་གྱི་ཡིད་ཆེས་དེ་ལ་བྱེད། །ཅེས་དམོད་བོར་ནས་བཏང་བས་སྣ་ནམ་པ་རྣམས་ཀྱིས་བྱིས་པ་དགའ་བའི་རྒྱན་གོས་བསྟན་སྟེ་བོས་ཀྱང་མ་འོངས་པར་སྔར་ལྟར་སྨྲས་སྟེ་སྲས་གོམ་པ་ཐུབ་ཙམ་དེས་གསེར་སྐྱོགས་རྒྱའི་བློན་པོ་ལ་གཏད་ནས་པང་དུ་སོང་བས་ཡུམ་དགྱེས་ཆེས་སྟེ་གླུ་བླངས་པ། ཚེ་སྔོན་མའི་ལས་ཀྱི་འཕེན་པ་ཡིས། །ང་རྒྱ་ནས་འོངས་པའི་བུ་མོ་ལ། །རྗེ་འགྲན་མེད་རྒྱལ་པོའི་སྲས་གཅིག་འཁྲུངས། །ལས་གང་ཡང་སྲིད་པའི་རྔན་ཆེན་ལ། །བུ་རང་ལས་སྐྱེས་པ་གཞན་གྱིས་ཕྲོགས། །གཏམ་བདེན་པའི་ཚིག་(ཇ༧༣བ)


PTT001_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མ་ཉན་ཞིང༌། །བྲང་ནུ་མ་བསྟན་ཡང་མ་ཕན་པས། །ང་རྒྱ་མོའི་ལུས་སེམས་གཞོབ་ཏུ་ཐལ། །སེམས་ཁོང་ཁྲོའི་ན་ཚ་མ་བཟོད་པས། །ཡུལ་བོད་ཀྱི་རི་དཔྱད་ཉམས་སུ་བཅུག །དུས་དེ་རིང་ལྷ་ཡི་ཉི་མ་ལ། །བུ་ཁྱོད་ཀྱི་ཞང་ངོ་ཤེས་པ་ལེགས། །ཨ་མའི་ལུས་སེམས་མལ་དུ་བདེ། །ཡུལ་བོད་ཀྱི་རི་དཔྱད་ཉམས་པ་དེ། །རི་དེ་རྣམས་ལ་སྐྱོན་མེད་བཅོས་སུ་ཡོད། །ཅེས་སྨྲས་པར་བཤད་ལ། ཁ་ཅིག་དུ་མཚན་ཅིར་གདགས་བགྲོས་པས་སྲས་ཉིད་བཞེངས་སྟེ་གནམ་ལྷ་བབས་ཀྱི་བདག་པོ་ས་ལྷུན་གྲུབ་ཀྱི་མངའ་བདག་འགྲེང་མགོ་ནག་ཡོངས་ཀྱི་རྗེ་སྤྲུལ་པའི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཞེས་བྱ་བ་ལགས་སོ་ཞེས་རང་གིས་མཚན་བཏགས་ཅེས་ཀྱང་བྱུང་ངོ༌། །སྲས་ལོ་ལྔ་བཞེས་པ་ན་ཡུམ་གནམ་དུ་བྱོན་པས་ས་དཔྱད་རྣམས་ཕལ་ཆེར་གསོ་མ་ཐུབ་པར་ལུས། སྟག་རི་སེང་རིའི་བར་ཀག་ནི་ས་སྦྲེལ་པ་ཙམ་དང་མེ་སྣའི་རིའི་རྩ་བ་རྩིག་པ་ཅུང་ཟད་བྱས་འདུག་གོ །རྦ་བཞེད་ལས་དེ་ནས་རྒྱལ་བུས་ལོ་བཞི་བཞེས་པ་ཕོ་བྲང་འོམ་བུ་ཚལ་ན་བཞུགས་པའི་ཚེ་རྒྱ་རྗེས་རྒྱལ་པོ་ལ་སྐྱེས་ཆེན་པོ་བསྐུར་ཕོ་ཉ་བ་འབའ་དེའུ་ལ་བུ་རྒྱ་ཕྲུག་གར་མཁན་བྱ་བ་ཡོད་པ་རྒྱལ་བུའི་རྩེད་ཟླར་ཕུལ། ཡབ་རྒྱལ་པོ་དམ་པའི་ཆོས་མཛད་པ་བཞེད་ནས་སྐྱེས་དང་ཕོ་ཉ་བ་འབའ་དེའུ་རྒྱ་གར་དུ་བརྫངས་པས་བཤུལ་དོང་ཕབས་ཀྱི་འཕྲེང་དུ་ཁུ་འཕང་དགུང་བདུན་བབ་འཚོ་བ་ཆད་ནས་གནམ་དུ་བལྟས་པས་ཕྱག་གིས་ཕུག་རོན་ལྔ་འཕུར་བ་ལ་མདའ་བཞི་དུས་གཅིག་ལ་འཕངས་ནས་བཞི་དུས་གཅིག་ལ་བཀུམ། དེ་སྡིག་ཆེ་བར་ཀུན་གྱིས་གླེང་བ་དེ་རྒྱལ་བུ་བྲག་དམར་རྫིང་གོང་ན་རྩེ་བས་གསན། རྩེ་ཟླ་ཁྱུང་པོ་དུམ་ཚུགས། ཅོག་ལ་སྨོན་ལམ་འབད། རྒྱ་ཕྲུག་གར་མཁན་དང་ལྔ་རྫིང་ན་རྩེ་བའི་འདམ་ཁྲོད་རྐང་པའི་འོག་ནས་སྲིན་བུ་དམར་ནར་བྱུང་བས་རྒྱལ་བུའི་ཞལ་ནས་ཕོ་ཉ་བ་འབའ་དེའུས་ཕུག་རོན་བསད་པ་དེ་སྡིག་ཆེའོ་མཆི་ན་སྲིན་བུ་འདི་ཀུན་བསད་ན་སྡིག་ཆེའམ་མི་ཆེ་ཟེར། ཁྱུང་པོ་དུམ་ཚུགས་ཀྱི་མཆིད་ནས་འདི་ལྟ་བུའི་མ་ཉེས་པ་བསད་ན་ཤིན་ཏུ་སྡིག་ཆེ་ཚུར་ལ་གནོད་པ་བྱེད་པ་དང་ཉ་བསད་ན་ཕྱུགས་འཕེལ་ཟེར། རྒྱ་ཕྲུག་ན་རེ་རྒྱའི་ཧུར་བྱ་བའི་གཙུག་ལག་ལས་འདི་ལྟ་བུ་བཀུམ་ན་ཉེ་པོར་སྡིག་ཆེ་མཆི་ཟེར། ཧུར་ལས་ཇི་སྐད་འབྱུང་གསུངས་པས་རྒྱ་ཕྲུག་གིས་ཧུར་ལས་དགེ་བ་བཅུའི་ཆོས་ཡོད་(ཇ༧༤ན)


PTT001_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གསོལ་པས་རྒྱལ་བུས་རྟག་དུ་དེ་གླེང་པ་ཞང་བློན་ཀུན་གྱིས་ཚོར་སྟེ་རྒྱལ་བུ་ཆོས་ལ་དགའམ་ཞེས་དྲིས་པར་ཤིན་ཏུ་དགའ་ཟེར། རྒྱལ་བུའི་ཕྱིར་ཡབ་ཀྱིས་སྒྲོམ་བུ་བསྐུར་ནས་སང་ཤི་དང་མི་བཞི་རྒྱའི་གཙུག་ལག་ལེན་དུ་ཕོ་ཉར་བཏང༌། བཀའ་བཞིན་བསྒྲུབས་ན་བྱ་དགའ་སྦྱིན་ནོ་མ་བསྒྲུབས་ན་གསོད་དོ་བྱས་སྟེ་བཏང༌། དེ་ནས་ཀེའུ་ལེའི་འཕྲང་ལ་ཕྱིན། དེའི་དུས་ན་རྒྱ་རྗེའི་བུམ་བཟང་དབང་པོའི་དྲུང་ན་ཇུ་ཞག་མཁས་པ་ཅིག་ན་རེ་ད་སྟེ་ཟླ་བ་གསུམ་ན་ནུབ་ཕྱོགས་བོད་ནས་འདིར་བྱང་ཆུབ་སེམས་དཔའ་ཞིག་ཕོ་ཉར་འོང༌། དེའི་ཤ་ཚུགས་དང་རྟགས་འདི་འདྲའོ་ཟེར་ནས་འབག་ཞིག་བྲིས། དབང་པོས་དེ་རྒྱ་རྗེའི་སྙན་དུ་བསྲིངས་པས་རྒྱ་རྗེས་ཕོ་ཉ་དེ་དེར་སྡོད་དུ་མ་འཇུག་པར་རིམ་གྲོ་སྐྱེད་ལ་ངའི་དྲུང་དུ་ཐོང་བྱ་བ་བྱུང༌། ཕོ་ཉ་དེ་དུས་སུ་བྱུང་ནས་རྒྱའི་ཧྭ་ཤང་གིས་ཕྱག་བྱས། བསྒོ་བ་བཞིན་མར་བཏང་པས་རྒྱ་རྗེ་དང་མཇལ་སྟེ་བཙན་པོའི་སྒྲོམ་བུ་ཕུལ། རྒྱ་རྗེ་ན་རེ་ཁྱོད་རྒྱ་དེའུའི་བུ་ཡིན་ན་འདིར་ངའི་ཞང་བློན་དགྱིར་མི་རུང་ངམ་གསུངས། དེ་ལ་བསམས་པས་ང་འདིར་འདུག་ན་ཚེ་འདི་ལ་སྐྱེད་ན་བོད་ཡུལ་དུ་ཆོས་བཟང་པོ་ཁུངས་འབྱུང་བའི་ཕྱིར་སངས་རྒྱས་ཀྱི་བསྟན་པའི་སྡེ་སྣོད་ཀྱི་དཔེ་ཙམ་ཞིག་བཙན་པོའི་ཕྱག་དུ་ཕུལ་ལ་སླད་ཀྱིས་ཐབས་བྱ་བར་སྙན་དུ་གསོལ་སྙམ་སྟེ། བདག་འདིར་སྡོད་པར་གནང་བ་ནི་བཀའ་དྲིན་ཆེ་ན་བོད་ཀྱི་བཙན་པོའི་བཀའ་ནན་ཆེར་བསྩལ་བས་བདག་གི་ཕ་ལས་ཀྱིས་བཀུམ་ན་གློ་བ་ལ་བཅགས། སླར་བོད་ཏུ་མཆིས་ལ་ཕ་དང་གྲོས་སུ་བགྱེས་སྟེ་ཐབས་ཀྱིས་འབངས་སུ་མཆིའོ་ཞེས་ཞུས་པས་རྒྱ་རྗེ་ན་རེ་ངའི་སྙིང་དུ་མི་ཁྱོད་ལས་སྡུག་པ་ནི་མ་བྱུང་ན་ཁྱོད་བྱ་དགའ་ཅི་འདོད་གསུངས། ཕོ་ཉའི་མཆིད་ནས་བྱ་དགའ་གནང་ན་སངས་རྒྱས་ཀྱི་གསུང་རབས་བམ་པོ་སྟོང་ཞུའོ་ཞུས་པ་དང་རྒྱ་རྗེ་ན་རེ། ཀེའུ་ལེ་གཅན་གཟན་གྱི་འཕྲང་སོང་ཙ་ནའང་གནོད་པ་མ་བྱས་པར་རིམ་གྲོ་ཆེར་བྱས་བྱུང༌། བུམ་སངས་དབང་པོའི་ཇུ་ཞག་མཁན་ན་རེའང་ཁྱོད་བྱང་ཆུབ་སེམས་དཔའི་སྤྲུལ་པར་འོང་ཟེར། ཧྭ་ཤང་མངོན་ཤེས་ཅན་གྱིས་ཀྱང་ཁྱོད་ལ་ཕྱག་བྱས། ཁྱོད་ཀྱི་སྤྱོད་པ་དང་སྦྱར་ནའང་སངས་རྒྱས་ཀྱི་ལུང་ན་ལྔ་བརྒྱའི་མཐའ་མ་ལ་གདོང་དམར་གྱི་ཡུལ་དུ་དམ་པའི་ཆོས་ཁུངས་འབྱིན་པའི་དགེ་བའི་བཤེས་གཉེན་(ཇ༧༤བ)


PTT001_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

འོང་བར་ལུང་བསྟན་པ་དེའང་ཁྱོད་ཡིན་པར་གོར་མ་ཆག་ངས་ཀྱང་གྲོགས་བྱ་ཡི་གསུངས་སྟེ་མཐིང་ཤོག་ལ་གསེར་ཆུས་བྲིས་པའི་ཆོས་བམ་པོ་སྟོང་གནང༌། བྱ་དགའ་གཞན་ཡང་ཆེ་ཐང་དུ་གནང་ནས་ཕོ་ཉ་ལྔ་སླར་བོད་ཡུལ་དུ་འགྲོ་བའི་ལམ་ན་ཕ་བོང་མགྲོན་པོ་རྒྱུ་མི་ཕོད་པ་སུས་མཐོང་བ་དེ་རྦབ་གྲིར་འཆི་བ་ཡོད་པ་དེ་གྲོང་ཁྱེར་ཨེག་ཆུའི་ཀི་ཡ་ཧྭ་ཤང་ནུས་པ་ཅན་སྟག་ལ་ག་ཤ་འགེལ་ནུས་པ་མངོན་ཤེས་ཡོད་པ་དེ་ལ་ཁོ་རང་གི་མཁན་པོས་བཀའ་བསྒོས་ནས་ཞག་གསུམ་བསྒོམས་པས་ཕ་བོང་བཀྲུམ་ནས་བཏུལ། ཤུལ་དུ་ལྷ་ཁང་ཞིག་བརྩིགས། ལུང་པ་དེ་ཡང་ཞིང་དུ་རྨོས། ལྷ་རིས་བཅད་དེ་ཨེག་ཆུར་འོངས་པ་ལ་བོད་ཀྱི་ཕོ་ཉ་བས་སྒོམ་ལུང་མནོས། ཅི་འགྱུར་གྱི་ལུང་ཞུས། ངའི་ཕ་དང་ཕྲད་དམ། ངས་བོད་དུ་སངས་རྒྱས་ཀྱི་ཆོས་ཚུགས་སམ། བོད་དུ་སངས་རྒྱས་ཀྱི་གསུང་རབ་བསྒྲགས་ན་བོད་ཀྱི་བགེགས་སྲིན་སྲོག་ལ་སྡོ་བ་མི་འབྱུང་ངམ། བཙན་པོ་ཡབ་སྲས་བདེའམ་ཞེས་དྲིས་པས། དེར་ཧྭ་ཤང་གིས་མངོན་ཤེས་ཀྱིས་བལྟས་པས་བཙན་པོ་སྐུ་གཤེགས། རྒྱལ་བུ་སྐུ་ནར་མ་སོན་པས་བློན་པོ་ནག་པོ་ལ་དགའ་བ་རྣམས་ཀྱིས་ཁྲིམས་བུ་ཆུང་བྱས་ནས་ཆོས་བཤིག་བྲག་དམར་མགྲིན་བཟང་བྱ་བའི་ཐུགས་དམ་ཞིག་འདུག་པ་རྨང་ནས་བསྒྱེལ། ད་ཆོས་དར་བར་བྱེད་ན་ཁྱོད་ཀྱིས་བཙན་པོའི་ཞམ་རིང་བ་མཛོད་ལ་སླད་ཀྱིས་རྒྱལ་བུ་དེ་སྐུ་ནར་སོན་པ་དང་དེའི་ཞལ་ནས་མུ་སྟེགས་རིག་བྱེད་ཀྱི་ཆོས་ཤིག་གླེང་དུ་འོང་གིས་དེ་ཙ་ན་འདི་སྙན་དུ་གསོལ་ཅིག་དང་དེས་རྒྱལ་བུ་དད་པ་སྐྱེའོ། །དེའི་རྗེས་ལ་འདི་སྙན་དུ་གསོལ་བས་དད་པ་ཆེར་སྐྱེའོ། །དེའི་རྗེས་ལ་འདི་སྙན་དུ་གསོལ་བས་རྒྱལ་བུ་ཆོས་བྱེད་པར་འགྱུར་རོ་ཞེས་གསུངས་སྟེ་གླེགས་བམ་གསུམ་བསྐུར། བོད་ལ་ཆོས་ཀྱི་སྐལ་བ་ཡོད། མཐར་ཆོས་རྒྱས་པར་འོང༌། དེའི་དགེ་བའི་བཤེས་གཉེན་ཟ་ཧོར་རྒྱལ་པོའི་བུ་དགེ་སློང་ཤཱནྟ་རཀྵི་ཏ་ཅེས་བྱ་བ་དེ་ཁྱོད་བོད་ཀྱི་འདུལ་སྐལ་ཡིན་ནོ་གསུང་ནས་ཟླ་བ་གཉིས་ཟན་དྲངས། དེ་ནས་ཉིན་ལམ་གཉིས་སུ་བསྐྱལ་ནས་གཅིག་ལ་གཅིག་རྐང་པ་ལ་ཕྱག་བྱས་སྟེ་གྱེས་སོ། །དེ་ནས་སང་ཤི་བྲག་དམར་མགྲིན་བཟང་བཤིག་པ་གློ་བ་ལ་ཆགས་སྟེ་ཕོ་ཉ་བ་མི་ལྔ་པོས་རྒྱའི་རི་དེའུ་ཤན་(ཇ༧༥ན)


PTT001_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའི་རྩེ་ན་མི་མ་ཡིན་གྱིས་གཏིབས་པའི་ཁྲོད་དུ་ཞག་བདུན་གྱིས་ཚར་བར་བརྩིགས་པའི་ཨཱརྻ་མཉྫུའི་ཕོ་བྲང་ཡོད་པ་ལས་དཔེ་ལེན་དུ་མཆིས་པའི་ཚེ་མི་གཅིག་གིས་རི་ལ་འཛེགས་མ་ཤེས། གཅིག་གིས་རྩེ་ལ་ཕྱིན་ཡང་ཅི་ཡང་མ་མཐོང༌། གཅིག་གིས་ལྷ་ཁང་མཐོང་ཡང་སྒོ་མ་རྙེད། གཅིག་གིས་སྒོ་མཐོང་ཡང་དྲ་བ་འདྲ་བ་ཞིག་གིས་བཀབ་སྟེ་ནང་དུ་མ་ཏོལ། སང་ཤིས་ནང་དུ་ཕྱིན་ནས་འཕགས་པ་འཇམ་དཔལ་ལ་སོགས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་མཆོད་པ་ཕུལ། དགྲ་བཅོམ་པ་ཀུན་ལའང་ཕྱག་མཆོད་བྱས། འཕགས་པ་ཀུན་དང་གཏམ་བྱས་སྟེ་དེའི་འདུག་ལུགས་དཔེར་བྱ་བའི་ཕྱིར་ཡིད་ལ་བཟུང་སྟེ་ཕྱིར་དོན་པ་དང་རི་དེའི་གཅན་གཟན་ཀུན་གྱིས་ཕྱག་བྱས་ནས་རི་སྒབ་ཏུ་བསྐྱལ་སྟེ་བོད་དུ་འོངས་སོ་ཞེས་བྱུང་ངོ༌། །རི་དེ་ནི་རི་བོ་རྩེ་ལྔར་གྲགས་པ་དེ་ཡིན་ནོ། །སྤྲུལ་པའི་རྒྱལ་བུ་སྐུ་ནར་མ་སོན་པར། །ཡབ་རྗེ་ཁྲི་ལྡེ་གཙུག་བརྟན་གནམ་དུ་གཤེགས། །དེ་ཡི་བང་སོ་མུ་ར་རི་ལ་བརྩེགས། །གྲལ་ནི་འཕྲུལ་གྱི་རྒྱལ་པོའི་གཡོན་ན་ཡོད། །མིང་ནི་ལྷ་རི་གཙུག་ནམ་བྱ་བ་ལགས། །དེ་མ་ཐག་དུ་རྒྱལ་བུ་དབང་བསྐུར་སྟེ། །བོད་ཡུལ་རྒྱལ་ཁམས་ཀུན་ལ་མངའ་དབང་བསྒྱུར། །འོན་ཀྱང་ནག་པོའི་སྡིག་བློན་འདུས་པ་ཡིས། །དམ་ཆོས་བྱར་མི་གནང་བའི་ཁྲིམས་ཆུང་བྱས། །ཇོ་བོ་སར་བཅུག་མཐའ་མར་མང་ཡུལ་བསྐྱལ། །དེ་ཚེ་བོད་ལ་མི་ཤེས་དུ་མ་བྱུང༌། །རྒྱལ་པོ་ནར་སོན་ཆོས་ཀྱི་བསམ་པ་འཁྲུངས། །མགོས་ཀྱི་བློན་ཆེན་པདྨ་གུང་བཙན་སོགས། །ཆོས་བློན་དུ་མས་རྒྱལ་པོའི་དགོངས་པ་བསྒྲུབས། །བསྟན་དགྲའི་སྡིག་བློན་འགའ་ལ་བཀའ་ཆད་ཕབ། །ཇོ་བོ་སྤྱན་དྲངས་གཙང་ཁང་ལྷོ་མར་བཞུགས། །དེ་ཡང་རྦ་བཞེད་ལས་ཡབ་རྒྱལ་པོ་ལོ་དྲུག་བཅུ་རྩ་གསུམ་བཞེས་པ་ན་ཡ་འབྲོག་སྦྲ་ཚལ་དུ་ཆིབས་སྒྲོན་པས་གྲོངས། རྒྱལ་བུ་(ཇ༧༥བ)


PTT001_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཆབ་སྲིད་བཞེས་མ་ཐག་དུ་སྐུ་ནར་མ་སོན་པར་ཞང་བློན་མ་ཞང་གྲོམ་པ་སྐྱེས་ན་རེ་རྒྱལ་པོ་སྐུ་ཚེ་ཐུང་བ་ཆོས་བྱས་པས་ལན་སྟེ་བཀྲ་མི་ཤིས། ཚེ་ཕྱི་མ་སྐྱེ་བ་ལེན་ཟེར་བ་རྫུན་ཡིན། ཚེ་འདིའི་རྐྱེན་ཟློག་བོན་གྱི་བྱེད། སུ་ཆོས་བྱེད་པ་ཕོ་རེང་དུ་མཐར་སྤྱུག་གོ་ཞེས་ཁྲིམས་བུ་ཆུང་བཅས། བློན་ཆེན་ཆོས་ལ་དགའ་བ་མང་འབལ་གཉིས་ལ་བཀྱོན་ཕབ་སྟེ་བོད་ནག་པོར་བཏང༌། ར་མོ་ཆེ་ན་གསེར་གྱི་ལྷ་ཤཱཀྱ་མུ་ནི་རྒྱའི་ལྷ་ཡིན་པས་སླར་རྒྱ་ཡུལ་དུ་བསྐྱལ་བར་བྱ་ཟེར་བ་ལས་ལྷ་དེ་དང་པོ་རྟ་པ་མི་གཅིག་གིས་བང་དུ་ཐེག་པ་ལས་མ་ཐེག་པར་འབྲེང་པའི་དྲ་བར་བཅུག་སྟེ་མི་སུམ་བརྒྱས་སྒོར་ཕྱུང༌། དེ་ནས་མི་སྟོང་གིས་མཁར་བྲག་གདོང་གི་ཐད་ཀར་ཕྱིན་པ་དང་མི་སྟོང་གིས་ཀྱང་མ་ཐེག་སྟེ་དེ་ཉིད་ཏུ་བྱེ་མའི་དོང་དུ་སྦས་ནས་རྦ་རྗེ་ཁོལ་ལ་གཏད་ནས་བཞག་རྒྱའི་ཧྭ་ཤང་རྒན་པོ་ཅིག་དགོན་གཉེར་བྱེད་ཅིང་ཡོད་པ་དེ་སླར་རྒྱ་ཡུལ་དུ་བསྐྲད་པས་ཧྭ་ཤང་གིས་རྒྱ་བོད་མཚམས་སུ་ཕྱིན་པ་དང་ཧྭ་ཤང་གི་མཆིད་ནས་ངའི་ལྷམ་ཡ་གཅིག་ཁར་སང་གི་འགྲོ་ལམ་དུ་ལུས་པས་ད་དུང་བོད་ཡུལ་དུ་དམ་པའི་ཆོས་མེ་སྟག་ཙམ་ཞིག་འབྱུང་ཟེར་སྐད། ཅེས་བྱུང་ངོ༌། །འདི་ལ་བརྟེན་ནས་རྦ་བཞེད་ལྷད་ཅན་ཁ་ཅིག་དུ་སྟོན་རྩེན་རྩོད་པའི་ཚེ་ཧྭ་ཤང་མ་ཧྭ་ཡ་ནའི་ལྷམ་ཡ་གཅིག་རྩོད་པའི་གྲྭར་ལུས་པས་ད་དུང་བོད་དུ་ངའི་ཆོས་ལུགས་འཛིན་པ་འོང་ཞེས་སྨྲས་ཤིང་ཕྱིས་ཀྱི་མཁས་པ་དག་ཧྭ་ཤང་དེ་ཆོས་མི་ཤེས་ཀྱང་རྟགས་མཚན་ཅུང་ཟད་ཤེས་པ་ཅིག་སྟེ་ཕྱིས་སེམས་ངོ་མཐོང་བས་འཚང་རྒྱ་ཟེར་བ་འདི་རྣམས་ཁོའི་ལུགས་སུ་འདུག་ཞེས་གསུང་ངོ་ཞེས་ལྷད་བཅུག་པ་འགའ་ཟུང་སྣང་ཞིང་རྟོག་གེ་པ་ཐེག་ཆེན་གྱི་ཆོས་རྒྱ་མཚོ་ལྟ་བུའི་རྒྱུས་མེད་པ་ལ་བློན་པོའི་ནང་དུ་མཁས་པའི་མིང་ཁྲལ་བབ་པ་དུ་མས་འདི་རྒྱུ་མཚན་ཆེ་ཆེ་སྐད་དུ་སྒྲོག་པར་སྣང་ཡང་རྦ་བཞེད་ཁུངས་མ་ལས་དེ་མེད་ཅིང་སར་དུ་བཅུག་པ་ཡིན་མིན་ཕྱིས་ཀྱི་མཁས་པ་དག་ཞེས་སོགས་ཀྱིས་གསལ་བར་ཤེས་ལ། སྤྱིར་བདེན་པ་མཐོང་བ་དང་ཆོས་མཐོང་བ་དང་སེམས་ངོ་མཐོང་བ་སོགས་ཧྭ་ཤང་གི་ཆོས་སུ་བྱེད་ན་སངས་རྒྱས་ཀྱི་ཆོས་ཕལ་ཆེར་ཧྭ་ཤང་གི་ལུགས་སུ་(ཇ༧༦ན)


PTT001_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཞིང༌། སེམས་རྟོགས་ན་ཡེ་ཤེས་ཡིན་པས་སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་བསྒོམ་པར་བྱའོ་ཞེས་སོགས་ལ་དངོས་སུ་རྒོལ་བ་ཡིན་པས་རྟོག་གེ་ལ་ཆོས་རྒྱུས་ཆུང་ལ་ཆགས་སྡང་ཆེ་བ་ཆོས་སྤོང་ལ་མཁས་ཉམས་རེ་བ་ངན་སོང་གི་ལམ་དུ་རྡོ་རྟ་འདྲེན་པ་རྣམས་ཀྱི་གཏམ་གྱི་བག་ཆགས་ཙམ་ཡང་རྣ་བར་བཞག་པར་མི་བྱའོ་ཞེས་པ་ནི་ཞར་ལས་འོངས་པའི་དྭོགས་དཔྱོད་དོ། །རྦ་བཞེད་དུ་སྔ་མའི་འཕྲོར། མཁར་བྲག་གི་ལྷ་ཁང་ནི་རྨང་ནས་བསྒྱེལ། མགྲིན་བཟང་གི་ལྷ་ཁང་ནི་བཤིག་སྟེ་ཅོང་ནི་མཆིམས་ཕུའི་གཡའ་ལ་བསྐྱལ་སྟེ་དེ་ཉིད་ཕྱིས་བསམ་ཡས་དགེ་རྒྱས་ཀྱི་ཅོང་ལགས། ལྷ་ས་བི་ཧར་དུ་བཟོ་གྲ་བགྱིས། བཤས་བྱས་ནས་ལྡེར་ཚོ་ལ་པགས་པ་གཡོགས། ཕྱག་ན་ནང་ཆ་དང་ལུག་ཁོག་བཀལ། ཕྱིན་ཆད་མི་ཤི་བ་ལ་ཚེ་དགྱིད་དུ་མི་གནང༌། རྒྱའི་ལྷ་ཆོས་དགྱིད་པ་མཆིས་ན་ཕོ་རེང་དུ་རྟག་དུ་སྤྱུག་གོ་ཞེས་པའི་ཁྲིམས་བུ་ཆུང་བཅས་པའི་ཚེ་ཞང་ཁྲི་ཐོག་རྗེ་ཐོག་ལ་འབར་ནི་ཐང་ལ་བརྒྱལ་བརྒྱལ་ནས་ཨཱ་ཨཱ་ཨཱ་ཞེས་ལན་གསུམ་འབོད་ཀྱིན་རྒྱབ་གས་ནས་ཤི། ཅོག་རོ་སྐྱེས་བཟང་རྒྱལ་འགོང་ནི་ལྕེ་རྐན་དང་རྐང་ལག་རིལ་གུ་གུ་ཐུལ་དུ་སོང་ནས་གུམ། བླ་འོག་གི་མི་དང་ལྟས་མཁན་ཀུན་མཐུན་པར་རྒྱའི་ལྷ་ས་ཐམས་སུ་བཅུག་པས་རྒྱ་ལྷ་ཁྲོས་ཟེར་ནས་རྒྱའི་ལྷའི་མེས་པོ་དང་པོ་རྒྱ་གར་ཡུལ་ནས་འོངས་པས་རྒྱ་གར་དང་ཉེ་བ་མང་ཡུལ་དུ་བསྐྱལ་བར་མོ་བཟང་ནས་བྱེ་སྟོངས་ནས་བཏོན་སྟེ་མང་ཡུལ་དུ་དྲེའུ་གཉིས་ཀྱིས་ཁྱོགས་བགྱིས་སྟེ་བསྐྱལ་བའི་དུས་སུ་ཡུལ་ངན་ཆེན་པོ་བྱུང༌། ཚེ་མི་དགྱིད་པའི་ཁྲིམས་བུ་ཆུང་བྱས་པའི་འོག་དུ་བ་ལམ་གླག་དུ་རྦ་གསལ་སྣང་གི་བུ་མིང་སྲིང་གཉིས་དུས་གཅིག་ལ་གུམ་པའི་ཚེ་ལྷའི་ཡབ་མེས་ཀུན་ན་རེ་ཆོས་བདེན་ཟེར་ཧྭ་ཤང་ལ་འདྲི་སྙམ་ནས་ཧེན་ཁང་ན་ཧྭ་ཤང་མངོན་ཤེས་ཅན་རྒན་པོ་ཅིག་ཡོད་པ་བོས་སྟེ་ཞུས་པས། ཚེ་སྔ་ཕྱི་ཡོད་ཆོས་བདེན་ཟེར་བས་སྒོར་ནི་བོན་དགྱིད་དུ་བསྩལ། ནང་དུ་ནི་གྱོད་དང་བསྡོས་སྟེ་ལྷ་མི་སྟོང་ལ་འཚལ་མ་བསྩལ་ནས་ཚེ་བགྱིས། ར་མོ་ཆེ་ནས་ཧྭ་ཤང་རྒན་པོ་དེ་བཀུག་ནས་བུ་མིང་སྲིང་གཉིས་ཀྱི་བདུན་ཚིགས་ཞུས་པས་ཧྭ་ཤང་ན་རེ་ལྷར་སྐྱེ་བ་དགའ་(ཇ༧༦བ)


PTT001_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ཁྱེད་རང་གི་བུར་སྐྱེ་བ་དགའ་གསུང༌། ཕ་ནི་ལྷར་སྐྱེ་བ་དགའ། མ་ནི་རང་གི་བུར་སྐྱེ་བ་དགའ་ནས་ཧྭ་ཤང་གིས་བུའི་རུས་པུ་ལ་ཆོ་ག་བྱས་སྟེ་གདུང་ཤ་རི་རམ་དུ་སོང་བས་ལྷར་སྐྱེ་བར་ལུང་བསྟན། བུ་མོའི་ཁར་མུ་ཏིག་སྲན་མ་ཙམ་མཚལ་ཆུས་བསྐུས་པ་འདན་པ་གཡོན་དུ་བཅུག་སྟེ་ཡིད་ཆེས་པའི་རྟགས་སུ་ཆོ་ག་བྱས་ནས་རྫ་ཁོག་དུ་བཅུག་སྟེ་མའི་མལ་འོག་དུ་སྦས་ནས་སང་ཕོད་ཁྱོད་རང་གི་བུར་སྐྱེའོ་ཞེས་ལུང་བསྟན་པས་སང་ཕོད་གསལ་སྣང་གི་ཁབ་ལ་བུ་ཞིག་སྐྱེས་སྟེ་ཁ་ནས་མུ་ཏིག་འདན་ཡོན་དམར་པོ་བྱུང་བས་མལ་འོག་གི་རྫ་ཁ་ཕྱེ་བས་ཤུལ་ཉ་རེ་འདུག་བཙས་ནས་ལོ་གཅིག་ལོན་པ་དང་མ་བསླབས་པར་ཞིང་དང་ནེ་ནེ་མོ་ཡང་ངོ་ཤེས་སྟེ་སྔོན་བཞིན་དུ་འབད་པ་ལ་སོགས་པ་བྱུང་བས་ཚེ་ཕྱི་མ་ཡོད་པར་ཤེས། དེ་ནས་རྒྱའི་ཧྭ་ཤང་དེ་ལ་གསལ་སྣང་གིས་སྒོམ་ལུང་ནོད་དེ་གཞན་ལ་གསངས་ནས་རྟག་དུ་བསྒོམས་པའི་རྗེས་ལ་སངས་རྒྱས་ཀྱི་གསུང་རབ་འཚོལ་བའི་སླད་དུ་རྒྱ་གར་དང་བལ་ཡུལ་དུ་མཆི་མཆི་བར་རྗེའི་སྙན་དུ་གསོལ་བ་ལས། རྗེའི་ཐུགས་ལ་འདི་ཆོས་ལ་དཀར་བས་རྒྱ་གར་དང་བལ་ཡུལ་དུ་འགྲོ་བར་ངེས་སྙམ་དུ་ཐུགས་དཔག་མཛད་ནས་འོ་ན་ངས་མང་ཡུལ་གྱི་ཁ་བློན་དུ་བསྐོའོ་གསུངས་ནས་བསྐོས་སྟེ་མང་ཡུལ་དུ་མཆིས། ཞང་གིས་ཁྲིམས་བུ་ཆུང་བཅས་པའི་ལུང་བཅག་ནས་ཐལ་བྱུང་རྒྱ་གར་དུ་མཆིས། མ་ཧཱ་བོ་དྷི་དང་ནཱ་ལནྡཱ་མཆོད་པ་བྱས་ཡོན་ཕུལ་བས་དགུན་ཟླ་འབྲིང་པོ་ལ་ཆར་བབ། བྱང་ཆུབ་ཤིང་ལས་འོ་མ་བྱུང༌། བལ་ཡུལ་དུ་སྟོན་མོ་སརྦ་ཝ་སེ་བགྱིས། ཧེན་ཁང་དུ་ཡོན་ཕུལ་ནས་མཆོད་པའི་ཚེ་དགེའོ་ཞེས་པའི་སྒྲ་དང་འོད་བྱུང༌། བལ་ཡུལ་གྱི་རྗེ་ལ་ངོ་ཆེན་ཞུས་ནས་མཁས་ཤིང་གསལ་བ་ཡོན་ཏན་མང་པོ་མངའ་བའི་ཤཱནྟ་རཀྵ་ཏ་བོད་དུ་བོ་དྷི་ས་ཏྭ་ཞེས་གྲགས་པ་དེ་མང་ཡུལ་དུ་སྤྱན་དྲངས་ནས་གཙུག་ལག་ཁང་གཉིས་བརྩེགས། བལ་ཡུལ་དུ་བལ་རྗེའི་འབངས་བྱས་རྐྱེན་རིས་བཅད། རྒྱ་བལ་གྱི་མཁས་པ་ཀུན་ལས་ཆོས་བསླབས། གསལ་སྣང་གི་ཁྱིམ་དུ་བཤོས་གསོལ་སྟེ་ཡོན་ཕུལ་ཆོས་ཞུས་པའི་རྗེས་ལ། བོད་ཀྱི་རྒྱལ་པོའི་དགེ་བའི་བཤེས་(ཇ༧༧ན)


PTT001_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་མཛད་དེ་གཤེགས་པར་ཅི་གནང༌། བདག་ལ་སེམས་སྐྱེད་ཅིག་ཞུ་ཞེས་གསོལ་བ་ལས། མཁན་པོའི་ཞལ་ནས་སེམས་སྐྱེད་ཞུ་ན་ཡོན་ཕུལ་ཞིག་གསུང༌། དེར་གསེར་དངུལ་སོགས་རིན་པོ་ཆེ་དང༌། ཟོ་རིང་དང༌། ཟབ་དར་དང༌། བེར་དང༌། ཇ་སྐྱོགས་དང༌། གུ་རུབ་དང༌། སྣལ་གོས་སོགས་རུང་ངོ་འཚལ་མ་ལུས་པར་ཕུལ། ད་དུང་ཕུལ་ཞིག་གསུང་བས་ཅང་མེད་ཀྱང་ལུས་ལ་འཚལ་བའི་རྐེ་རགས་དང་རལ་ཀ་ཡང་ཕུལ་བས་སེམས་སྐྱེད་གནང་ནས་ང་བོད་ཀྱི་འདུལ་སྐལ་ཡིན་སྟེ་བོད་ཀྱི་རྒྱལ་པོ་ཤྲི་བཙན་པོ་དང་ཁྱོད་གཉིས་མ་སྐྱེས་པས་བོད་ཀྱི་རྒྱལ་པོ་གདུང་རབས་དགུ་བརྗེས་ཀྱི་བར་དུ་ང་རྒྱ་གར་ཟ་ཧོར་ཡུལ་དང་བལ་ཡུལ་གཉིས་ཕར་འགྲོ་ཚུར་འགྲོ་ལ་སྡོད་ཀྱི་འདུག་ད་ཤྲི་བཙན་པོ་དང་ཁྱོད་གཉིས་ནར་སོན་སྟེ་དུས་ལ་བབ་པས་ཡུལ་བྱན་དཀར་དུ་ཆུ་བོ་ལོ་ཧི་ཏའི་འགྲམ་ཧས་པོ་རིའི་དྲུང་དུ་ཡུལ་བྲག་དམར་དུ་བསམ་ཡས་ལྷུན་གྱིས་གྲུབ་པ་ཞེས་བྱ་བའི་གཙུག་ལག་ཁང་ཞིག་བརྩིགས་ཤིང་དགེ་བའི་བཤེས་གཉེན་བྱའོ། །ཁྱོད་ནི་ཚེ་འདི་ལ་ངོ་ཤེས་ཤིང་སེམས་སྐྱེད་པ་མ་ཡིན་སྟེ་ཚེ་རབས་དུ་མའི་སྔོན་རོལ་ནས་སེམས་བསྐྱེད་པའི་ཆོས་ཀྱི་བུ་རབ་ཡིན་སྟེ་མིང་ཡང་ཡེ་ཤེས་དབང་པོར་གདག་གོ་གསུངས་ནས་སྤྱི་བོར་ཕྱག་གིས་བྱུགས་སྟེ་བྱིལ་བྱིལ་མཛད། ཞུས་པ་རྣམས་བཀས་གནང༌། དེའི་ཚེ་ན་མཁའ་ལས་ཀྱང་དགེའོ་ཞེས་སྒྲ་ལན་གསུམ་དང་འོད་བྱུང༌། ཡོན་ཕུལ་བ་རྣམས་སླར་གནང་ནས་གཅིག་ཀྱང་མ་བཞེས་པར་མཁན་པོ་ནི་སླར་བལ་ཡུལ་དུ་གཤེགས། གསལ་སྣང་མར་འོངས། བཙན་པོའི་ཞལ་མཇལ་དུ་ཚེས་གཅིག་ལ་མཆི་བའི་ཕོ་ཉ་བ་བཏང་སྟེ་སྙན་དུ་གསོལ་བས་གནང་སྟེ་ཕོ་བྲང་རླུང་ཚུབས་སུ་མཆིས་ནས་རྗེ་ལ་ཞེ་ས་ཕུལ། རྗེའི་ཞལ་ནས་གསལ་སྣང་ཁྱོད་ལྷ་ཆོས་ཤ་སྟག་བྱེད་ཅིང་འདུག་ཟེར་ན་ཁོང་གིས་ཁྱོད་སྤྱུགས་མ་དྭོགས་སམ་ཞེས་བཀའ་བསྩལ་པ་དང་ལན་དུ་མང་ཡུལ་གྱི་སྟོད་ན་མཆིས་པས་སྤྱུགས་པ་དང་ཡང་འདྲ་ཞེས་གསོལ་ལོ། །བཞེས་པ་འདྲེན་པའི་ཚེ་ས་དབེན་པར་སོང་སྟེ་རྗེ་ལ་ལྷ་ཆོས་བཟང་པོ་མཛད་པར་རིགས་པ་དང༌། (ཇ༧༧བ)


PTT001_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་པོ་བོ་དྷི་ས་ཏྭ་མཁས་པ་བཙུན་པ་མངོན་པར་ཤེས་པ་མངའ་བ་ལ་སོགས་ཡོན་ཏན་དུ་མ་ཡོད་པ་ཅིག་དགེ་བའི་བཤེས་གཉེན་དུ་ཞུ་བ་གསོལ་བ་ལས་མཁན་པོ་འདི་སྐད་དུ་གསུངས་ཞེས་ཞིབ་ཏུ་ཞུས་པས། རྗེས་ཞལ་ནས་ཞང་བློན་གྱིས་ཁྱོད་བསད་པར་འོང་གིས་ངས་ཞང་ཉེ་བཟང་ལ་ལྐོག་དུ་བསྒོ་སྟེ་ཞང་བློན་འདུན་སར་ཁད་ཀྱིས་སོལ་དུ་གཞུག་གོ་ཁྱོད་རེ་ཞིག་ཡུལ་དུ་སོང་ལ་ཡིབ་ལ་སྡོད་ཅིག་ཞེས་བཀའ་བསྩལ་ནས་གསལ་སྣང་ཡུལ་དུ་མཆིས་སྟེ་སྒོམ་མོ། །དེའི་ཚེས་སང་ཤིས་རྒྱ་ནག་དུ་ཕྱིན་པའི་ཕོ་ཉའི་སུག་ལས་གྲུབ་ནས་སླར་བོད་དུ་མཆིས་པ་དང་རྒྱ་རྗེའི་ལན་དང་སྐྱེས་བཙན་པོའི་ཕྱག་དུ་ཕུལ། བློན་ཆེན་པོའི་ཐབས་བསྩལ་མིང་ཡང་རྒྱ་ཕྲུག་མཛངས་པ་པོར་བཏགས། རྒྱལ་པོ་སྐུ་ནར་མ་སོན་པས་རྒྱའི་ཆོས་རྣམས་ཕུའི་རྫ་གསེབ་ཏུ་སྦས་སོ། །ཡང་རྒྱལ་པོས་ཞང་ཞུང་ཡུལ་གྱི་དཀོར་གཉན་པོ་ཡོད་པ་བླངས་སྟེ་དཀོར་མཛོད་དུ་བླུག་པའི་ཕྱིར་ཕོ་ཉ་མང་དུ་བཏང་བ་ལས་སྔ་ཕྱི་གཅིག་ཀྱང་མ་ལོག་པས་རྒྱ་ཕྲུག་འདི་བཏང་ན་ལོན་འོང་ཟེར་ནས་དཀོར་བླུག་པའི་ཕོ་ཉར་བཏང་བ་ལས་ལམ་དུ་ཞང་ཞུང་གི་ལྷ་མུ་ཙ་མེན་དང་མཇལ་སྟེ་ལྷ་མོ་དེ་རོ་སྨད་གཡུའི་ན་བུན་གྱིས་འཁྲིགས། རོ་སྟོད་མུ་ཏིག་གི་སེ་མོ་དོ་དང་རིན་པོ་ཆེས་བརྒྱན་པ་ཅིག་སང་ཤི་ལ་ཐལ་མོ་སྦྱར་ཕྱག་བྱས་སྟེ་རིན་པོ་ཆེའི་རྒྱན་གྱིས་མཆོད་སྟེ་སྨྲས་པ། བྱང་ཆུབ་སེམས་དཔའ་ཁྱོད་མཁར་ནག་པོའི་དཀོར་བླུག་དུ་གཤེགས་ན་བདག་གི་རྟ་སེར་པོ་རྔོག་ནག་འདི་ལ་བཅིབས་ལ་ཁྱུང་ལུང་གི་སྒོར་ཕྱིན་པ་དང་གྱ་རྟའི་ལྕག་འདི་སྔ་རུ་ཆིངས་ལ་དོད་ནང་དུ་དཀོར་བླུག་ཅིག་དང་ཉེ་ཞོ་མ་མཆིས་པར་འགྱུར་རོ་ཞེས་སྨྲས་ནས་མི་སྣང་བར་སོང༌། སང་ཤིས་དེ་ལྟར་བྱས་དཀོར་གཉན་པོ་རིལ་བླུག་སྟེ་མཁར་ནག་མཆིས་པའི་ཁང་པ་ཅིག་སྒོ་ཕྱེ་བས་ནང་ན་མི་འདོམ་བཅུ་གཉིས་པ་ཅིག་ཉལ་ནས་མཆིས་ན་སང་ཤི་གདའ་ནས་ལངས་སྟེ་ཐལ་མོ་སྦྱར་ཕྱག་འཚལ་སྟེ་སྔས་ན་གསེར་སྐྱོགས་བདུན་ཆང་གིས་བཀང་བ་དང་མདུན་ན་གཡུ་འོད་མེ་ལྟར་འབར་བ་ཞིག་འདུག་པས་སང་ཤི་ལ་ཕུལ། དེ་ནས་ཡང་གླན་གྱི་མཛོད་ན་གཡག་སྐད་(ཇ༧༨ན)


PTT001_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ངུར། རྟ་སྐད་ནི་འཚེར། ར་སྐད་ནི་སྦྲེ་མི་དག་ཞིག་ཡང་ཡུད་གདའ། སྒྲོམ་བཞིའི་ནང་ན་གླན་གྱི་མེ་ལོང་མཆིས་པའི་ཟུར་མོ་ཁབ་ཀྱི་མིག་ཙམ་ཞིག་ཁ་ཕྱེ་བས་རྒྱལ་པོའི་ཕོ་བྲང་དང༌། སྣང་སྲིད་ཐམས་ཅད་དང༌། བདག་གི་གློ་སྙིང་ནང་རོལ་ཀུན་ཀྱང་དེ་ན་གདའ་ནས་སླར་སྦས་སྟེ་སྒོར་བྱུང་བ་ན་རྟ་ལྕག་ཕྱེད་ཚལ་དུ་གས་ནས་གདའ་སྐད། སང་ཤི་དངོས་བོད་ཡུལ་དུ་འཁོར་སྟེ། དེ་ནས་རྒྱལ་པོ་སྐུ་ནར་སོན་པ་དང་ཡབ་མེས་ཀྱི་ཡི་གེ་གཟིགས་ནས་ཞང་བློན་རྣམས་དང་གྲོས་མཛད་སྟེ། ངའི་ཡབ་མེས་ཀྱི་ཡི་གེ་ན་འབངས་བདེ་བའི་ཚིས་རྣའི་ལེའུ་ཚེ་དང་སྦྱར་ན་ངའི་ཡབ་མེས་ཀྱིས་རྫུ་འཕྲུལ་བརྙེས་པ་འདྲ་གསུངས། བློན་པོ་དག་ན་རེ་ཡབ་མེས་ཀྱི་ལེའུ་ཚེ་དེ་ཅི་འདྲ་བ་ཞིག་བདོག་ཟེར། དེར་བཙན་པོས་རྒྱ་བཟང་མེ་མགོ་ལ་གསུངས་པ། ངའི་ཡབ་ཀྱི་སྐུ་རིང་ལ་རྒྱའི་གཙུག་ལག་ལེའུ་ཀེ་ཙེ་ཅེས་བྱ་བ་ཞིག་བྱུང་ཞེས་གྲག་ན་དེ་ཇི་ལྟ་ཞེས་གསུངས་པ་དང༌། མེ་མགོས་ལེའུ་ཙེ་ཇི་ལྟར་ལགས་པ་ཡི་གེ་བཀླགས་པ་དང༌། བཙན་པོའི་ཞལ་ནས་གཙུག་ལག་དེ་ནི་ཏེ་པོར་བཟང་ངོ་ངའི་ཡབ་མེས་ཀྱི་ཆོས་ལུགས་བཟང་པོ་ཅིག་སྐུ་ཉམས་སུ་བཞེས་སོ། །ད་འཇིག་རྟེན་གྱི་སྤྱོད་པ་བཟང་པོ་ཅི་འབྱུང་ན་བལྟ་ཞེས་གསུངས་པ་དང་སང་ཤིས་བསམས་པ། ཧྭ་ཤང་མངོན་ཤེས་ཅན་གྱིས་ནམ་རྒྱལ་པོ་མུ་སྟེགས་ཀྱི་ཆོས་གླེང་བའི་དུས་སུ་ལྷ་ཆོས་སྙན་དུ་གསོལ་ཞིག་བྱ་བ་དེ་ནི་འདི་ཡིན་པ་འདྲ་ཞེས་བསམས་ནས་རྒྱའི་ལྷ་ཆོས་བཟང་པོ་བྱུང་ན་ལེའུ་ཙེ་དེ་དག་དེའི་ཕྲུ་མའི་སྒོར་ཡང་མི་ཚུད་དོ་ཅེས་གསོལ་བ་དང༌། བཙན་པོའི་ཞལ་ནས་རྒྱའི་ལྷ་ཆོས་བཟང་པོའི་གཏན་ཚིགས་ཁྱོད་ལ་ཡོད་ཏམ་ཞེས་བཀའ་གནང་བ་དང༌། བདག་ཅག་རྒྱ་ལ་མཆིས་སོ་ཞེས་གསོལ་ནས་རྗེ་འབངས་དབེན་པར་གསངས་སྟེ་དྷརྨ་མཆིམས་ཕུའི་རྫ་ལ་སྦས་པ་བླངས་སྟེ་ཀིམ་ཧྭ་ཤང་གི་ལུང་བཞིན་དུ་བྲིམས་པ་ནི། དང་པོར་དགེ་བ་བཅུའི་མདོ་བཀླགས། དེ་ལ་རྒྱལ་པོ་དད་པ་སྐྱེས་སྤྱོད་པ་དག་བར་གོ །དེ་ནས་རྡོ་རྗེ་གཅོད་པ་བཀླགས་དེས་ལྟ་བ་དག་པར་གོ་རྒྱལ་པོ་དད་པ་ཆེར་སྐྱེས། དེ་ནས་སཱ་ལི་ལྗང་པ་བཀླགས་ལྟ་སྤྱོད་ཟུང་འབྲེལ་དུ་གོ་(ཇ༧༨བ)


PTT001_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཆོས་ལ་ཡིད་ཆེས། ལ་ལ་ནས་དང་པོ་དགེ་བ་བཅུ་དང་ཕུང་པོ་ལྔ་སྤྱན་སྔར་བྲིམས་བཟང་རབ་ཅེས་གསུངས། དེ་ནས་སཱ་ལི་ལྗང་པ་བྲིམས་པས་ཆོས་ཐམས་ཅད་རྒྱུ་རྐྱེན་ལས་བྱུང་བར་ཐུགས་ཆེས་ནས་ཀྱང་ཟེར། བཙན་པོའི་ཞལ་ནས་འདི་ལྟ་བུའི་ཆོས་བཟང་པོ་འདི་ངའི་སྐུ་རིང་ལ་རྙེད་པ་གནམ་བྱམས་ས་བྱམས་ལྷ་ཐམས་ཅད་ལ་གཏང་རག་གཏང་ངོ༌། །གསལ་སྣང་ཡང་ང་ལ་ལྷ་ཆོས་མི་སྤྱད་དུ་མི་རུང་ཟེར་བ་ཡང་བདེན། ལྷ་ཆོས་འདི་ལྟ་བུ་ཕྱག་དུ་ཕུལ་བ་འདི་ལས་དགའ་བ་མེད་ཀྱི་གསལ་སྣང་ལ་དངུལ་གཡུང་དྲུང་གི་སྟེང་དུ་གསེར་ཆེན་པོ་སྦྱིན་ནོ། །སང་ཤི་ལ་ཕྲ་མེན་གཡུང་དྲུང་གི་སྟེང་དུ་གསེར་ཆུང་ངུ་སྦྱིན་ནོ། །ཁྱོད་ཀྱིས་སྤྱན་དྲངས་པའི་རྒྱ་ཡུལ་གྱི་དྷརྨ་ཀུན་དང་མང་ཡུལ་གྱི་ཆོས་རྣམས་རྒྱ་མེ་མགོ་དང༌། རྒྱ་གར་ཨཱ་ནནྟ་དང༌། རྒྱ་ལས་སྐད་མཁས་པ་སུ་ཡོད་པས་བསྒྱུར་ཞིག་ཞེས་བཀའ་བསྩལ་ནས་དེ་གསུམ་གྱིས་ཧས་པོ་རིའི་བྱ་ཁུང་དུ་ཆོས་བོད་སྐད་ཏུ་བསྒྱུར་བའི་དྲུང་དུ་གཞན་བློན་པོ་དམ་ཏ་ར་ཀླུ་གོང་དང༌། ཞང་མ་ཞང་སོགས་མཆིས་སྟེ་གྲི་བོ་ཁྱེད་གསུམ་དེ་ན་ཅི་བྱེད། མ་ཞང་གི་ཁྲིམས་བུ་ཆུང་ལས་མི་ཤི་བ་ལ་ཚེ་བྱེད་ན་ཕོ་རེང་དུ་གཏན་དུ་སྤྱུག་ལྷོ་བལ་གྱི་ལྷ་མཆོད་དུ་མི་གནང་བ་མ་ཐོས་སམ། བྱ་བ་མང་འདུག་མི་ཕོད་པ་དེ་ནི་ཆོས་ཀྱི་སྐད་འདྲ་ན་རྗེའི་སྙན་དུ་མ་གསོལ་བ་ལ་བྱེ་མའི་ནང་དུ་སུབས་ལ་ཞོག །ཕྱིས་ཁྲིམས་བུ་ཆུང་དང་སྦྱར་སྟེ་ཤགས་གདབ་བམ། ཞེས་བཀའ་ཡོ་གལ་འཆོས་པའི་མདུན་ས་ནས་མཆིད་ནན་དྲག་པོ་བརྡས་པ་དང༌། སང་ཤིས་རྗེ་ལ་གསོལ་བས་གསལ་སྣང་སླར་མ་འོངས་ཀྱི་བར་དུ་དར་ཅིག་མ་བསྒྱུར་ཞིག་གསུང༌། ཞང་བློན་ཆོས་ལ་དགའ་བ་རྣམས་ཀྱིས་རྗེ་ལ་སང་ཤི་སྟོད་ཀྱི་ཕོ་ཉར་གསལ་སྣང་གི་གྲོགས་སུ་བཏང་བར་ཞུས་པས་བཙན་པོའི་ཞལ་ནས་སང་ཤི་ལྟ་བུ་རྒྱ་ཕྲུག་མཛངས་པ་ཞོ་ཤ་ཕུལ་སྟེ་དམ་པའི་ཆོས་བླངས་པའི་སྟེང་དུ་སྟོད་དུ་མངགས་ནས་ཤི་ན་འཕངས་སོ་སྟོད་ནས་སླར་མ་ལོག་ན་བུ་ཡང་མེད་རབས་འཆད་དོ། །ཅེས་གསུངས་པས། སང་ཤིས་གསོལ་བ། རྗེ་ལྷ་སྲས་དང༌། བོ་དྷི་(ཇ༧༩ན)


PTT001_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཏྭ་དང༌། སྦ་གསལ་སྣང་དང༌། བདག་ཅག་སྨོན་ལམ་གཅིག་པས་ཆོས་བཟུང་བ་ལ་བདག་ཀྱང་རྟེན་ཙམ་དུ་འཚལ་བར་བས་ཀྱི་བདག་རབས་མི་འགུམ། སྟོད་དུ་མཆིས་ཀྱང་རྒྱ་གར་ཡུལ་ནས་དགེ་སློང་ཁྲིམས་མ་ཉམས་པ་གཉིས་ཅིག་ཚེ་འདས་མ་ཐག་བདག་གི་བུར་མཆིའོ་ཞེས་གསོལ། དེ་ནས་རྗེ་བློན་ཞང་ཉ་བཟང་བློན་ཆེན་མགོས་སོགས་ཆོས་བློན་ཀུན་ཚོགས་ནས་ཆོས་བྱ་བར་མོལ་གཏམ་བྱས་པ་ལ་ཞང་ཉ་བཟང་གིས་སྙན་དུ་གསོལ་བ། མེས་སྲོང་བཙན་གྱིས་ལྷ་ཆོས་མཛད་པས་བོད་ལེགས་རྒུ་བྱུང་བ་དང་ལྷ་སྲས་ཡབ་ཀྱིས་ཀྱང་མཛད་པ་ལས་ཡབ་ནོངས་པའི་འོག་དུ་ཞང་མ་ཞང་གིས་བཤིག །རྒྱའི་ལྷ་དེ་དང་པོ་རྟ་པ་གཅིག་གིས་པང་དུ་ཐེག་པ་ལ་རྒྱ་ཡུལ་དུ་བསྐྱལ་བར་ཆད་པའི་ཚེ་མི་སྟོང་གིས་ཀྱང་མ་ཐེག །མང་ཡུལ་དུ་བསྐྱལ་བའི་ཚེ་དྲེའུ་གཉིས་ཀྱིས་ཐེག་ཆོས་བཤིག་པའི་ཞང་བློན་འགའ་ཞིག་ཡང་ཧད་པོར་གུམ། བླ་འོག་གི་ཕྱག་སྤྲིན་པ་དང་ལྟས་མཁན་ཀུན་ཀྱང་རྒྱའི་ལྷ་ཁྲོས་པ་ལས་བྱུང་ཟེར་བ་དང་སྦྱར་ན་སྐུ་དང་ཆབ་སྲིད་ལ་མི་གནོད་པར་བློ་བུར་ཆུད། རྒྱའི་ལྷ་ཡང་སླར་བླངས་ལ་མཆོད་ཅིང་སྔོན་ལྷ་སྲས་ཡབ་ཀྱིས་ཆོས་མཛད་པ་བཞིན་མཛད་ན་ལེགས་པ་འདྲ་ཡིས་ཀྱང་ཞང་མ་ཞང་རོ་ངན་ལ་ཆོས་ལ་མི་དགའ་བས་ཐུགས་དགོངས་མི་འགྲུབ་སྟེ་མཆི་ཞེས་གསོལ་བ་དང༌། བློན་པོ་མགོས་ན་རེ་དེ་ལ་ཐབས་བགྱི་བར་རྔོ་ཐོག་གིས་ཁོ་བོའི་རྗེས་སུ་རྟིང་གནོན་མཛོད་ཅིག་སླད་ཀྱིས་རྗེའི་དགོངས་པ་སྒྲུབ་པོ་ཅེས་ཆད་བྱས། མགོས་ཀྱིས་བླ་འོག་གི་ཕྱག་སྤྲིན་པ་དང་མོ་མ་དང་ལྟས་མཁན་ཀུན་ལ་ལྐོག་དུ་བྱ་དགའ་བསྩལ་ནས་རྒྱལ་པོ་སྐུ་ཆགས་ཆེ་ཆབ་སྲིད་ལ་གནོད་པ་འོང་བར་ལུང་མཐུན་པར་སྨྲ་བར་བསྩལ། དེ་ལ་ཇི་ལྟར་བྱ་བའི་ལུང་སྨྲར་བསྩལ་པ་ལ་རྗེའི་སྐུ་རིམ་དུ་ཞང་བློན་སུ་ཆེ་བ་ཟུང་གཅིག་དགུང་ལོ་གསུམ་མཆད་པའི་ནང་དུ་དལ་དུ་བཅུག་ན་རྗེའི་སྐུ་ཚེ་དང་ཆབ་སྲིད་འཕེལ་ལོ་ཞེས་ལུང་ཕོག །དེ་སྐྱེ་བོ་འདུ་བ་ཀུན་ན་མང་དུ་གླེང་བ་དང་ཡང་མགོས་ཀྱིས་བཤུལ་ལམ་འགྲིམ་པའི་མགྲོན་པོ་རྣམས་ལ་ཞང་(ཇ༧༩བ)


PTT001_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཞང་ལ་བསྙུན་པོ་གདའ་པའི་གླེང་བ་དེ་བདེན་ནོ་ཞེས་ཐོས་ཙམ་དུ་སྨྲར་བཅུག་མ་ཞང་གིས་ཐོས་པས་གློ་བ་ལ་བཅགས་པར་གྱུར། ནུབ་ཕྱོགས་ཀྱི་རྒན་མོ་ཞིག་གིས་ཀྱང་མ་ཞང་གི་ངོ་ལ་ཅེར་བལྟས་སྟེ་ཞང་མ་ཞང་ནི་རྗེའི་གདུང་སོབ་པ་བོད་འབངས་ཡོངས་ལ་གཅེས་བསྙུན་ཆེན་པོས་ཐེབས་ཟེར་བ་བདེན་ནམ་ཟེར་བས་མ་ཞང་བདེན་ངེས་སྙམ་སྟེ་ཁྱིམ་དུ་བུབ་ཉལ་བྱས་ངུས་པས་ནང་འཁོར་བ་ན་རེ་ཅི་ཉེས་ཟེར་བ་ལ་ནད་ཆེན་པོ་བྱུང་ཞེས་རྒྱལ་ཁམས་ཀུན་ན་གླེང་ཟེར། རྒྱལ་ཁམས་ཀྱི་ཁ་ལ་གཏད་ར་མེད་མི་བདེན་ཟེར་ཡང་ཞང་གིས་མེ་ལོང་བལྟས་པས་རྒས་འདུག་པས་རྒྱལ་ཁམས་ཀྱི་ཁ་ལ་ཡེ་ཤེས་ཀྱི་སྤྱན་ཡོད་ཟེར་བ་བདེན་ཟེར་ནས་མྱ་ངན་ཆེར་བྱེད་དོ། །དེ་མགོས་ཀྱིས་ཐོས་ནས་རྗེ་འབངས་ཀུན་ཚོགས་པའི་དུས་སུ་ཞང་ཉ་བཟང་གིས་རྒྱལ་པོ་སྐུ་ཆགས་ཆེ་བའི་རིམ་གྲོ་བྱ་བར་རིགས་སོ་དེ་ལ་རྗེའི་ཞབས་ཏོག་པ་སུ་ཆེ་བ་ཁས་ལོང་ཟེར་བས་མགོས་རྒན་ལངས་སྟེ་རྗེའི་ཞབས་ཏོག་དུ་ང་ཆེ་བུ་ཚའི་དགེ་དང་ཡིག་ཚངས་སུ་དེ་ཆེ་བློན་ང་ལས་ཆེ་བ་སུ་ཡོད། གཅིག་ངས་བྱེད་ཟེར། མ་ཞང་ཡང་འགྲན་པས་ལངས་སྟེ་བློན་ང་ལས་ཆེ་བ་ནི་མེད་ན་རྗེའི་ཞབས་ཏོག་བ་གཅིག་ངས་བྱེད་ཟེར། ད་མཆད་པ་གར་བརྩིག་ཅེས་གླེངས་པས་མགོས་ན་རེ་ཕག་རིར་བྱའམ་ཡང་ན་འཇུའི་སྤང་བཟང་དུ་བྱ་ཟེར། མ་ཞང་ན་རེ་སྣ་ནམ་བྲང་བུར་རྩིག་གོ་ཟེར་ནས་རྨང་བྲེས་པས་མ་ཞང་གིས་འཕྲིགས་ནས་རྡོ་དགའ་མོ་སྣ་ནས་སྐྱེས་ཅིག་ཟེར། ཆུས་མི་བྲེལ་བའི་ཐབས་རཱ་འཐུད་པའི་ནང་དུ་ཆུ་འོངས་ནས་ཕྱིར་འགྲོ་བ་བྱས། མི་ལྟོགས་པའི་ཟས་མི་འཁྱག་པའི་གོས་མི་སུབས་པའི་གསེང་ལ་སོགས་པ་བྱས། མཆོད་པ་འབྱོངས་ནས་བློན་པོ་གཉིས་ནང་དུ་མཆིར་མི་རུང་བས་རྗེས་མགོས་རྒན་ཐོན་ཞིག་པར་བཀའ་བསྒོས། མགོས་དང་ལོ་ཏེ་གུ་སྣང་གོང་གཉིས་གྲོས་བྱས་ནས་མགོས་ཀྱིས་རྐང་པ་ལ་བྱ་རྒོད་ཀྱི་ལྷམ་གོན་ལུས་ལ་ཕ་བ་གོ་གོའི་ཐུལ་བ་གོན་ནས་བློན་ཆེན་པོ་དང་ཞང་མ་ཞང་ནང་དུ་ཆུད་པ་དང་འདིར་ཞང་གི་གཟིམས་མལ་བྱ། འདིར་(ཇ༨༠ན)


PTT001_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ངའི་བྱ། འདིར་ཆུ་ཞོག་ཟེར་ཞིང་ཕར་འགྲོ་ཚུར་འགྲོ་བྱེད་པ་དང་མ་ཞང་ཡང་ཕྱིར་ཀྲི་ལེ་ལེ་འབྲ་འབྲེང༌། དེའི་འཕྲོ་ལ་མགོས་ཀྱིས་ཐལ་མོ་བརྡབས་ནས་ཕ་གི་ན་ཅི་ཡིན་ན་ཟེར་ནས་བྲོས་པའི་རྐང་པ་ནས་བཟུང་པས་རྒོད་སྤུ་སྦར་གང་ལག་ན་གདའ། ཕ་བ་གོ་གོ་འཐུལ་བས་མིག་གིས་ཅི་ཡང་མ་མཐོང༌། ལོ་ཏེ་གུས་སྒོ་ཕ་བོང་གིས་བཀག་མགོས་རྒན་གྱི་ལྟོ་འོག་དུ་སོང་བ་ཞེས་ནང་ན་འཁུན། རིང་ཞིག་ན་ཁྱིམ་བྱའི་སྐད་གྲག་ནས་ཆུ་ཤོར་སྙམ་དྲེའུ་ཡོས་ཟན་ལག་པ་བརྡུང་བའི་སར་བརྐོས་པས་ཆུས་མི་བྲེལ་བའི་རྭ་འཐུད་པ་མཐོང་ནས་བཤིག་ནང་ནས་མདའ་ལ་ཡི་གེ་བྲིས་ནས་སྣ་ནམ་པས་བྲུས་ཅེས་པ་ཕྱིར་འཐེན་སྐད། ཅེས་བྱུང་ངོ༌། །དེ་ཚེ་རྒྱ་གར་ཟ་ཧོར་རྒྱལ་པོའི་སྲས། །འཛམྦུའི་གླིང་ན་མཁས་ཤིང་བཙུན་པའི་མཆོག །ཤཱནྟ་རཀྵི་ཏ་ཞེས་ཞི་བའི་འཚོ། །བོད་ཡུལ་འདུལ་སྐལ་ཁོ་ནར་སྐུ་བལྟམས་པ། །ཡོན་ཏན་དཔག་ཡས་སེམས་དཔའ་ཆེན་པོ་དེ། །སྨོན་ལམ་དག་པའི་ཕོ་ཉས་སྤྱན་དྲངས་སྟེ། །རྒྱལ་པོས་གཙུག་གི་ནོར་བུ་མཆོད་དུ་བསྟེན། །དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །བོད་ཡུལ་འདྲེ་སྲིན་གདུག་པ་ཀུན་ཁྲོས་སྟེ། །ནད་དང་མུ་གེ་མ་རུང་དུ་མ་བྱུང༌། །བོད་འབངས་རྣམས་ཀྱི་སེམས་སྲུང་བགྱི་བའི་སླད། །མཁན་པོ་སླར་ཡང་བལ་པོའི་ཡུལ་དུ་བྱོན། །ཨོ་ཌྱན་རྒྱལ་པོའི་སྲས་ལས་རབ་བྱུང་བ། །དགེ་སློང་པདྨ་སམྦྷ་ཝ་ཞེས་བྱ། །འཛམྦུ་གླིང་ན་ནུས་མཐུ་ཆེ་བ་ཡི། །སྔགས་མཁན་མཆོག་དེ་སྤྱན་འདྲེན་གྱིས་ཅིག་དང༌། །བོད་ཡུལ་ལྷ་སྲིན་འཐུལ་བར་འགྱུར་རོ་གསུང༌། །སླད་ནས་མཁན་པོ་རྣམ་གཉིས་སྤྱན་དྲངས་སྟེ། །པདྨའི་སྦུབས་ལས་བརྫུས་སྟེ་སྐུ་བལྟམས་ཅིང༌། །ཚེ་ཡི་རིག་འཛིན་མཐར་ཕྱིན་(ཇ༨༠བ)


PTT001_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དངོས་གྲུབ། །སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱིས། །བསྟན་མ་བཅུ་གཉིས་ཐང་ལྷ་ཤམ་པོ་སོགས། །ལྷ་སྲིན་དྲེགས་པ་ཅན་རྣམས་མ་ལུས་བཏུལ། །ཉི་ཚེའི་དམྱལ་བ་མང་དུ་སྟོངས་པར་དྲངས། །བྱེ་མ་ཐམས་ཅད་ཚལ་དང་ནེ་སིང་དང༌། །གྲམ་པ་ཐམས་ཅད་ཞིང་ས་གཤིན་པོར་བྱ། །རི་ཀུན་ནགས་དང་སྤང་དུ་བསྒྱུར་བ་ཡིས། །བོད་ཡུལ་ཤིན་ཏུ་བཟང་པོར་མཛད་དགོངས་ཚེ། །བོད་འབངས་བསོད་ནམས་དམན་པས་མ་ཐེག་སྟེ། །བློན་པོ་རྣམས་ཀྱི་བློ་བུར་ཆུད་མ་གྱུར། །དེ་ཡང་རྦ་བཞེད་ལས་མ་ཞང་ཆོས་ལ་མི་དགའ་བ་ལ་སྐྱོན་ཕབ་པའི་ལས་དེ་གྲུབ་པ་དང་རྗེ་བློན་ཚོགས་པའི་དུས་ཞང་ཉ་བཟང་གིས་སྔར་ལྟར་གསོལ་བ་དང༌། རྒྱལ་པོས་བཀའ་བསྩལ་པ་ཞང་ཟེར་བ་བདེན་ང་ཡང་དེ་ལྟར་དགོངས་པས་ཞང་བློན་དག་གྲོས་བྱའོ་ཞེས་བཀའ་བསྩལ་ནས་སླད་ཀྱིས་རྗེ་བློན་མང་པོ་ཚོགས་པ་དང་བཀའ་བསྩལ་པ། ངའི་ཡབ་མེས་ཀྱིས་ལྷ་ཆོས་མཛད་པ་མ་ཞང་གིས་བཤིག་པ་དེ་ཏེ་པོར་མ་ལེགས། ཞང་ཉ་བཟང་ཡང་འདི་སྐད་ཟེར་བས་རྒྱའི་ལྷ་ཡང་སླར་སྤྱན་དྲངས། དེར་རང་ཡང་ཆོས་བྱར་རུང་བས་བྱ་གསུངས་ནས་ཆོས་བྱ་བར་གྲོས་འཆམས། ད་ཆོས་བྱེད་པ་ལ་རྒྱ་གར་དང་བལ་པོའི་མཁན་པོ་ལས་ཆོས་མཁས་པའི་ལོ་རྒྱུས་ཅན་སུ་ཡོད་ཏམ་སྨྲ་དགོས་སོ་ཞེས་གླེངས་པ་དང༌། རྗེའི་ཞལ་ནས་བ་ལམ་གླག་ན་རྦ་གསལ་སྣང་ཡོད་སྟེ་ངའི་དྲུང་དུ་བོས་གསུངས་ནས་ཕོ་ཉ་བཏང་བས་སྦ་གསལ་སྣང་སྤྱན་སྔར་མཆིས་སྟེ་སྔར་བཞིན་བཀའ་བསྩལ་བས་གསལ་སྣང་གིས་གསོལ་བ། སྔོན་ནི་རྒྱ་གར་ཟ་ཧོར་ན་མཆིས་ད་ལྟ་ནི་བལ་ཡུལ་ན་མཆིས་སྟེ་ཟ་ཧོར་གྱི་རྒྱལ་པོའི་བུ་དགེ་སློང་ཤཱནྟ་རཀྵི་ཏ་ཅེས་བྱ་བ་གཙུག་ལག་ལ་མཁས་པ་ཅིག་མཆིས་ལགས་ཅེས་གསོལ་བ་དང༌། དེ་མི་དགུག་དུ་མི་རུང་གིས་ཁྱོད་ཡུལ་དུ་མ་འགྲོ་བར་བལ་ཡུལ་དུ་སོང་ལ་བལ་རྗེ་ལ་ངའི་བཀའ་འཕྲིན་དང་སྒྲོམ་བུ་བྱིན་ལ་ཟ་ཧོར་གྱི་བནྡྷེ་ཅི་ཁུགས་སུ་སྒྲུབས་ལ་ཁྱེར་ལ་ཤོག་ཞིག་ཞེས་བཀའ་བསྩལ་བ་དང༌། ཐལ་བྱུང་དུ་བལ་ཡུལ་དུ་མཆིས་སྟེ་བཀའི་སྒྲོམ་བུ་བལ་(ཇ༨༡ན)


PTT001_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ལ་ཕུལ། གཉི་གས་མཁན་པོ་བོད་ཡུལ་དུ་གཤེགས་པར་ཞུས་པས་གནང་ནས་བལ་པོའི་ལོ་ཙཱ་བ་ཞམ་རིང་དུ་ཁྲིད་དེ་བྱོན། མང་ཡུལ་དུ་སྤྱན་དྲངས་ནས་ཕོ་བྲང་དུ་ཕོ་ཉ་བཏང་སྟེ་མཁན་པོ་སྐུ་དངོས་མཆིས་སྟེ་མང་ཡུལ་དུ་བཞུགས་ནས་མཆིས་ཞེས་གསོལ་བས། ནང་འཁོར་བ་ལང་གྲོ་སྣང་ར་དང༌། གཉེར་སྟག་བཙན་གདོང་གཟིགས་དང་སྦྲང་རྒྱས་ལེགས་ཟིགས་དང་གསུམ་མང་ཡུལ་དུ་བསུ་བར་བཏང་སྟེ་ཁྱེད་གསུམ་གྱིས་རིམ་གྲོ་གྱིས་ལ་ཧེན་ཁང་བི་ཧར་དུ་ཕྱགས་ཕོབ་ཅིག་ཞེས་བཀའ་ལས་བྱུང་བ་བཞིན་བསུས་ནས་མཁན་པོ་དང་ལང་གྲོ་ར་ས་བི་ཧར་དུ་བཞུགས་སུ་གསོལ། གསལ་སྣང་ཕོ་བྲང་དུ་མཆིས་སྟེ་སྐུ་གཉེར་ཁུམས་པར་གསོལ་བ་དང༌། ཞང་བློན་ཆེན་པོ་དག་གིས་ལྷོ་བལ་གྱི་བནྡྷེ་ཆོས་ལོག་པ་དང་ངན་སྔགས་ཕྲ་མེན་གྱི་དག་དགྱིད་དམ་མི་དགྱིད་ལ་རྟོག་དུ་གསོལ་བས་མཆིམས་མེ་ལྷ་དང་སེང་མགོ་ལྷ་ལུང་གཟིགས། སང་ཤི་དང་གསུམ་རྟོག་དུ་བཏང་བས་བརྟགས་ན་སྐད་མ་གོ་དར་ཆགས་སྒོ་གསེབ་ཀྱི་ཚོང་དུས་ན་ཁ་ཆེ་སྐྱེས་བཟང་གི་བུ་ཨཱ་ནནྟ་ལོ་ཙཱ་སློབ་འཕྲོ་ལ་ཆད་པ་བྱུང་ནས་ཚོང་བྱེད་པ་དེ་ལ་ལོ་ཙཱ་བཅོལ། ཨཱ་ཙཱརྻ་ཅི་འདྲ་དྲིས་པས། སྤྱོད་པ་ལེགས་སོ་ཅོག་ལ་མི་བྱ་བ་མེད། ཉེས་སོ་ཅོག་ལ་མི་བཏང་བ་མེད། ལྷར་དཀོན་མཆོག་གསུམ་མཆོད། གཙོ་བོར་སེམས་ཅན་ལ་ཕན་པ་བྱ་བར་མཆིས་ཅེས་སམ། ངན་སྔགས་ཕྲ་མིན་མི་མཐུན་པའི་ཕྱོགས་ནི་མི་བགྱིད། ཁོང་རང་གི་ལྷ་སངས་རྒྱས་ནི་སྲོག་ཆགས་ཀུན་ལ་ཕན་པར་དགྱིད་པ་ཅིག་མཁན་པོ་དངོས་ནི་སྤྱོད་ལམ་ཉེས་སོ་ཅོག་དང་གཞན་ལ་གནོད་པའི་བག་མི་བགྱིད། ལེགས་སོ་ཅོག་དང་སྲོག་ཆགས་ཀུན་ལ་ཕན་པ་ནི་ལྷུར་དགྱིད་པ་ཅིག་སྟེ་ཐུགས་འཕྲིག་བཞེས་པའི་བག་མ་མཆིས་ཞེས་གསོལ་བས་སྤྱན་དྲངས་སྟེ་ཕོ་བྲང་བྲག་དམར་དུ་ཞལ་སྔར་མཇལ་བ་དང་ལ་ཉེ་བརྟག་གོ་གསུང༌། བཙན་པོའི་གསེར་ཕྱེ་བྲེ་གང་གི་ཕྱག་རྟེན་བྱས་སྟེ་ཕྱག་འཚལ་བ་དང་མཁན་པོའི་ཞལ་ནས་ང་ངོ་མཁྱེན་ནམ་གསུང༌། བཙན་པོའི་ཞལ་ནས་བདག་གིས་དེ་སྔ་ཞལ་མ་མཇལ་གསུང༌། མཁན་པོའི་ཞལ་ནས་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་གཙུག་ལག་ཁང་རྒྱན་སྲུང་གི་(ཇ༨༡བ)


PTT001_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

བྱིས་པ་གསུམ་མཆིས་པའི་ཚེ་བྱེ་མའི་མཆོད་རྟེན་བྱས་སྟེ་ངས་པཎྜི་ཏ་དང༌། ཁྱེད་ཀྱིས་རྒྱལ་པོ། གསལ་སྣང་གིས་ཕོ་ཉ་བྱས་སྟེ་མཐའ་འཁོབ་ཀྱི་རྒྱལ་ཁམས་སུ་དམ་པའི་ཆོས་དཔེལ་བར་སྨོན་ལམ་བཏབ་པ་མ་ངེས་སམ་ཞེས་གསུངས་པས་བཙན་པོས་སྒོམ་ཡུན་ཐུངས་པས་མ་དྲན་གསུང༌། རྒྱལ་པོས་ཨཱ་ཙཱརྻ་ལ་ཉེ་བརྟགས་སམ་ཞེས་ཞུས་པས་ཞལ་ནས་བརྟགས་ལགས་སྟེ་རྒྱལ་པོ་ཁྱེད་ཀྱི་དབུ་ལ་ཐོད་བཅིངས་པ་དང་སྦྱར་ན་སྟོད་དུ་མངའ་རིས་ཞྭ་ཙམ་ཞིག་འཆགས། ཞབས་ལ་ཕྱགས་གསོལ་བ་དང་སྦྱར་ན་སྨད་དུ་མངའ་རིས་ལྷམ་ཙམ་ཞིག་འཆགས། སྐུ་ལ་སྐེ་རགས་མ་བཅིངས་པ་དང་སྦྱར་ན་བར་འདིར་རྒྱལ་ཁྲིམས་མྱུར་དུ་འཇིག་ཉེན་ཡོད། འོན་ཡང་རིན་པོ་ཆེའི་ཕྱག་རྟེན་ཕུལ་བས་དམ་པའི་ཆོས་བྱར་བཏུབ་གསུངས། དེ་ནས་ཕོ་བྲང་རླུང་ཚུབས་སུ་ཨཱ་ནནྟས་ལོ་ཙཱ་བགྱིས་སྟེ་དགེ་བ་བཅུ་དང༌། ཁྲིམས་བཅོ་བརྒྱད་དང༌། རྟེན་འབྲེལ་བཅུ་གཉིས་ལ་སོགས་པའི་ཆོས་བཤད་དེ་ཟླ་བ་བཞིའམ་གཉིས་ལོན་པ་དང་འདྲེ་སྲིན་ནག་པོ་ལ་དགའ་བ་ཀུན་ཁྲོས་ནས་ཕོ་བྲང་འཕང་ཐང་ཆུས་ཁྱེར། དམར་པོ་རི་ལ་ཐོགས་རྒྱབ། མི་ནད་དང་ཕྱུགས་ནད་དང་ལོ་ཉེས་བྱུང་བས་བོད་འབངས་ཐམས་ཅད་ཁ་ལོག་ནས་བཙན་པོས་ཆོས་བྱས་པས་ལན་ཨཱ་ཙཱརྻ་ཡར་སྤྱུགས་ཅིག་ཟེར་སྟེ་ཆོས་དགྱིད་དུ་མ་སྟེར་རོ། །དེར་ཨཱ་ཙཱརྻ་རྔ་ཁང་སྟེང་ན་དར་དཀར་གྱི་ཡོལ་བའི་ནང་ན་སྒོམ་བྱེད་པ་ལ་རྒྱལ་པོས་རྦ་གསལ་སྣང་དང༌། སང་ཤི་དང༌། ཞང་ཉ་བཟང་དང༌། སེང་མགོ་དང༌། གཉེར་སྟག་བཙན་ལྔ་ཞམ་རིང་དུ་ཁྲིད་གསེར་ཕྱེ་བྲེ་གང་ཁྱེར་ནས་ཕྱག་དང་སྐོར་བ་ལན་བདུན་བྱས་སྟེ་སྤྱང་སློག་ནས་གསེར་ཐུམ་མཁན་པོའི་མདུན་དུ་བོར་སྟེ་བྱོན། དེ་ལྟ་བུ་ནུབ་གསུམ་མཛད་པའི་རྗེས་ལ་བཙན་པོས། བདག་སྐལ་པ་ཆུང་ལ་བོད་ནག་པོ་ལ་ཞེན་པའི་སྐབས་སུ་སྐྱེས་པས་དེ་ལས་ལྡོག་པར་དཀའ། ཐབས་མི་མཁས་ན་ལྷ་ཆོས་མི་འགྲུབ་པར་བློ་བུར་ཆུད། རེ་ཞིག་མཁན་པོ་སླར་བཞུད་ལ་བལ་ཡུལ་དུ་བཞུགས་ཤིག་སླད་ཀྱིས་ཐབས་བགྱིས་སྟེ་བཏུབ་མ་ཐག་དུ་སྤྱན་འདྲེན་བཏང་ངོ་ཞེས་ཞུས་པས་ཨཱ་ཅཱརྻས་བལ་རྗེ་དང་འཁོར་ལ་གསེར་(ཇ༨༢ན)


PTT001_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེ་ཁྱོར་གང་བསྣམས། གཞན་རྣམས་སླར་རྒྱལ་པོ་ཉིད་ལ་ཕུལ་སྟེ་མཁན་པོའི་ཞལ་ནས་སྔར་ཡབ་མེས་ཀྱི་སྐུ་རིང་ལ་ལྷ་ཀླུ་གདུག་པ་ཅན་དམ་འོག་དུ་མ་བསྩལ་བས་བོད་ཁམས་གདོན་མ་ནོན་པ་མཐུ་ཆེ་བ་ཆོས་ལ་མི་དགའ་བའི་དབང་དུ་སོང་བས་ཆོས་མཛད་པའི་ཚེ་གཟིགས་ལྟས་ངན་པ་བྱུང་བ་དང༌། ཆོས་མ་ཚུགས་པ་དང་རྒྱལ་པོའི་སྐུ་ཚེ་ཐུང་བ་ཡང་འདི་ལས་གྱུར་པས་སླད་ཀྱིས་ང་ཡང་ཆོས་མཛད་ན་ལྷ་ཀླུ་གདུག་པ་ཅན་རྣམས་དམ་འོག་དུ་བསྩལ་འཚལ་སྟེ་ཨོ་ཌྱན་གྱི་རྒྱལ་པོའི་སྲས་དགེ་སློང་པདྨ་སམྦྷ་ཝ་ཞེས་བགྱི་བ་འཛམྦུའི་གླིང་ན་སྔགས་མཁན་འདི་པས་མཐུ་ཆེ་བ་མི་བཞུགས་སྟེ་བདག་གིས་དེ་སྤྱན་དྲངས་ལ་བོད་ཁམས་སུ་ཆོས་འབྱུང་བ་ལྔ་བརྒྱའི་མཐའ་མ་ལ་བབ་པས་མུ་སྟེགས་ཀྱི་རྒོལ་བ་ནི་མི་མཆི་ན་ནང་པ་སངས་རྒྱས་པ་ཉིད་དམ་གཞན་ཞིག་འགྲན་ཟླ་འཚོལ་བ་ཞིག་བྱུང་ན་རྫུ་འཕྲུལ་ནི་པདྨ་སམྦྷ་ཝ་དང་འགྲན། གཏན་ཚིགས་ནི་བདག་དང་ཤགས་སུ་བཀྱེ་ལ་པདྨ་སམྦྷ་ཝས་དམ་འོག་དུ་བསྩལ་ན་རྒྱལ་པོའི་དགོངས་པ་ཡང་འགྲུབ། སངས་རྒྱས་ཀྱི་ཆོས་ཀྱང་སླད་ནས་རྗེས་སུ་བརྟན་པར་འགྱུར་བས་དེ་བཞིན་དགྱིད་པར་རྗེ་འབངས་དང་ཆད་བྱས། ཨཱ་ཅཱརྻ་བསྐྲད་པ་ལྟར་བྱས་ནས་ཡར་བཞུད་པའི་ཚེ་སེང་མགོ་ལྷ་ལུང་གཟིགས་སྔོན་ཤ་མི་འཚལ་བའི་སྡོམ་པ་བླངས་སྟེ་སྲུང་བ་ལས་སླན་ཆད་མར་འཚལ་པའི་སྡོམ་པ་བླངས་སྟེ་ཨཱ་ཅཱརྻ་གླང་སྣ་གྲུ་ཚུགས་སུ་བསྐྱལ། དེ་ནས་ལང་གྲོ་སྣང་བ་དང་གསལ་སྣང་གཉིས་ཀྱིས་མཁན་པོ་བལ་ཡུལ་དུ་བསྐྱལ། སླར་ཕོ་བྲང་དུ་ལོག་ནས་བཙན་པོས་རྒྱ་ཡུལ་དུ་ཕོ་ཉར་བཀའས་གནང་སྟེ་བླ་ནས་དགོངས་པ་འགྲུབ་ན་དངུལ་ཆེན་པོ་བླ་ཐབས་སུ་བུ་ཆེན་པོ་ལ་འཚལ་བར་གཙིགས་བཅས། བཙན་པོས་ཆོས་མཛད་པར་ཞང་བློན་མཐའ་དག་ལ་ཐབས་ཀྱིས་བཀའ་བསྩལ་བར་རྗེ་འབངས་ཆད་བྱས་སྟེ་ཕོ་ཉའི་ཁང་དཔོན་སྦྲན་གཙང་གཞེར་འོག་དཔོན་དུ་སང་ཤི་ཆོས་ཀྱི་སྤྱན་པ་རྦ་གསལ་སྣང་བསྐོས་དཔོན་གཡོག་སུམ་བཅུ་ཙམ་མཆི་བར་ཆས་པའི་ཚེ། རྒྱའི་ཕོ་ཉ་བུམ་སངས་དབང་པོའི་དྲུང་ན་ཇུ་ཞག་མཁན་མཁས་(ཇ༨༢བ)


PTT001_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིན་བཞིན་ཇུ་ཞག་བརྩི་བ་ཞིག་མཆིས་པ་དེས་དབང་པོ་ལ་གསོལ་བ། ནུབ་ཕྱོགས་ནས་ཕོ་ཉ་བ་ཞིག་དེ་རིང་སང་ལམ་དུ་ཞུགས་སྟེ་ཟླ་བ་དྲུག་ཞག་དྲུག་གིས་བུམ་སངས་སུ་ཕྱིན་པར་མཆི། ཕོ་ཉའི་ནང་ན་བྱང་ཆུབ་སེམས་དཔའི་སྤྲུལ་པ་གཉིས་ཅིག་མཆིས་སྟེ་དེའི་རྟགས་དང་ཤ་ཚུགས་འདི་འདྲའོ་ཟེར་ནས་འབག་གཉིས་བྲིས། དབང་པོས་རྒྱ་རྗེ་ལ་ཕོ་ཉ་བཏང་སྟེ་གསོལ་བ་དང་བཀའ་ལན་དུ་བྱང་ཆུབ་སེམས་དཔའ་དེ་གཉིས་འོངས་པ་དང་རིམ་གྲོ་ཕུ་དུད་སྐྱེད་ལ་དེར་སྡོད་དུ་མ་གཞུག་པར་མར་ཐོང་ཞིག་ཞེས་བྱུང༌། ཟླ་བའི་དུས་བཞིན་ཕོ་ཉས་བུམ་སངས་སུ་ཕྱིན་ཚེ་སྤྱན་པ་དང་འོག་དཔོན་འབག་བྲིས་པ་དང་མཐུན་ནས་དར་གྱི་ལྡིང་ཁང་དུ་བཅུག་ནས་རིམ་གྲོ་དང་ཕུ་དུད་བསྐྱེད་དེ་ཤིང་རྟ་ལ་བསྐྱོན། ཕོ་ཉ་གཞན་རྣམས་རྟ་ལ་བསྐྱོན་ནས་ཀེག་ཤིར་ཕྱིན་པའི་ཚེ་སྔར་བྱང་ཆུབ་སེམས་དཔའི་སྤྲུལ་པ་གཉིས་མཆི་བར་གྲགས་པས་མིང་ཡང་དར་ཁང་དར་ཁང་ཟེར། བཤུལ་ཐོག་ཐོག་དུ་ཧྭ་ཤང་དང་རྒྱ་འབངས་དད་པ་ཅན་སྤྲིན་བཞིན་དུ་འདུས་སྟེ་ཕོ་ཉ་ལྡིང་ཁང་ཅན་གཉིས་ལ་མཆོད་པ་ཆེར་བགྱིས་ནས་ཀེག་ཤིར་བསྐྱལ། རྒྱ་རྗེས་ཀྱང་རྩིག་ངོས་དང་ན་མཁའ་ཀུན་དར་གྱིས་གཡོགས་སྟེ་བཀབ་ནས་བདུད་སྤོས་དང་རོལ་མོས་བསུས་སྟེ་མཆོད་ནས་ཅི་དགའ་བར་རང་ཉམས་སུ་གནང༌། རྦ་གསལ་སྣང་ཁྱོད་ནི་བྱང་ཆུབ་སེམས་དཔའ་ཡིན་ངེས་སྔར་འབག་བྲིས་པ་ཡང་འདི་ཡིན། ཧྭ་ཤང་མངོན་ཤེས་ཅན་ན་རེ་ཁྱོད་ནི་བྱང་ཆུབ་སེམས་དཔའ་རྟ་སྐད་བྱ་བའི་སྤྲུལ་པ་ཡིན་ནོ་ཡང་ཟེར། ངའི་ཐུགས་སུ་ཁྱོད་ལས་འཐད་པ་མ་བྱུང་ན་ཁྱོད་ལ་བྱ་དགའ་ཅི་འདོད་པ་བྱིན་ནོ་ཞེས་བཀའ་བསྩལ་བ་ལས་གསལ་སྣང་གིས་གསོལ་བ། རྗེའི་ཞལ་མཐོང་སྟེ་གློ་བ་དགའ་བའི་སྟེང་དུ་བཀའ་ལུང་སྙན་པ་དེ་ལས་བྱ་དགའ་ཆེ་བ་མ་མཆིས་ན་གཞན་ཅི་ཡང་མི་འཚལ་སྟེ་སྒོམ་ལུང་འབོགས་པའི་ཧྭ་ཤང་ཞིག་དང་སྤྲད་པར་ཅི་གནང་ཞེས་གསོལ་བ་དང་རྒྱལ་པོས་གནང་ཆེན་ཉུང་ངུ་ཞིག་རྒྱ་རྗེའི་གུ་རུབ་ལ་བསྐྱོན་ནས་བཏང་བ་ཨོག་ཆུར་ཕྱིན་སྟེ་ཧྭ་ཤང་བཀུག་སྟེ་མཆིས་པ་དེ་ལས་སྒོམ་ལུང་དང་མན་ངག་ནོད་དེ་འགྲོ་ཁར་གསལ་སྣང་ལ་རྒྱ་བྱེའུ་ཤོག་སྲང་བརྒྱ་པ་ཅིག་དང༌། དར་ཡུག་ལྔ་བརྒྱ། ཕྲ་མེན་(ཇ༨༣ན)


PTT001_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བྱ་དང་ཕྲ་མེན་གྱི་གཞོང་པ་སྲང་བརྒྱ་པ་ཅིག་མུ་ཏིག་སྲན་མ་ཙམ་འདོམ་གང་བ་ཕྲེང་བཅུ། ཟ་འོག་བེའུ་བེན་ཙེ་ཧྭན་ཡུག་གཅིག་སྟེ་བྱ་དགའ་གཞན་པས་ལྷག་པར་དཔགས་སྟེ་བཙལ། བོད་ཀྱི་བཙན་པོའི་བཀའ་ཤོག་གི་སྒྲོམ་བུ་དང་བསྟུན་པའི་ཆད་བྱས། བཙན་པོ་ལ་སྐྱེས་སུ་དར་ཡུག་ཁྲི། ཕྲ་མེན་གྱི་ཞྭ་དང་བླ་གོར་གྱི་སྡེར་མ་འདོམ་གང་པ་ཅིག་བསྐུར། ཕོ་ཉ་གཞན་རྣམས་ལའང་བྱ་དགའ་ཆེ་ཐང་དུ་བསྩལ་ནས་མཆིད་ལན་དང་བཅས་སྟེ་སླར་བོད་ཡུལ་དུ་མཆིས། བོད་ཡུལ་དུ་བཙན་པོས་ཞང་བློན་རྣམས་ལ་སངས་རྒྱས་ཀྱི་ཆོས་མཛད་པར་བཀའ་བགྲོས་མ་ཐག་དུ་གསལ་སྣང་སླེབས་སྟེ་སྐྱེས་ཚོ་ཕུལ་ནས་ཕྱག་བྱས་སྟེ་སུག་ལས་གྲུབ་པོ་ཅེས་གསོལ་ལོ་ཞེས་བྱུང་ངོ༌། །ཀུན་མཁྱེན་བུའི་ཆོས་བྱུང་དུ་ཧྭ་ཞང་མངོན་ཤེས་མཁན་གྱིས་ཕོ་ཉ་འོང་ཞེས་འབག་བྱས་ཅེས་སྣང་ཡང་ཇུ་ཞག་ནི་རྩིས་མཁན་ཡིན་གྱི་ཧྭ་ཤང་མིན་ལ་ཧྭ་ཤང་ནི་རྒྱ་ནག་གི་རབ་བྱུང་བསམ་གཏན་པའི་མིང་ཡིན་ནོ། །ཨོ་ཌྱན་གྱི་མཁན་པོ་སྤྱན་དྲངས་ཚུལ་ལ་མཁན་པོ་ཉིད་ཀྱི་རྣམ་ཐར་དང་ལོ་རྒྱུས་མང་དག་ལས། མཁན་པོ་བོདྷི་ས་ཏྭས་སྔོན་བྱ་རྫི་མའི་བུ་སྤུན་བཞིས་མཆོད་རྟེན་བྱ་རུང་ཁ་ཤོར་བལ་ཡུལ་དུ་བཞེངས་ནས་མཐའ་འཁོབ་ཀྱི་རྒྱལ་ཁམས་འདུལ་བའི་ཕྱིར་རྒྱལ་པོ་དང༌། འདུལ་འཛིན་དང༌། སྔགས་མཁན་དང༌། ཕོ་ཉར་སྨོན་ལམ་རིམ་བཞིན་བཏབ་སྟེ་ད་ལྟ་རྒྱལ་པོ་ཉིད་དང༌། ང་དང༌། པདྨ་སམྦྷ་ཝ་དང༌། རྦ་གསལ་སྣང་རྣམས་ཡིན་པས་སྨོན་ལམ་གྱི་མཐུས་སྤྱན་འདྲོངས་སོ་ཞེས་ལུང་བསྟན། རྒྱལ་པོ་ཐུགས་སྒམ་པས་རྨི་ལམ་དུ་བྱུང་བ་སྐད་བགྱིས་སྟེ་རྦ་གསལ་སྣང་དང་སེང་མགོ་ལྷ་ལུང་གཟིགས་གཉིས་ལ་གཡོག་དུ་རྣ་ནམ་རྡོ་རྗེ་བདུད་འཇོམས། ལྕེ་ཛྙ་ན་སིདྡྷི་མཆིམས་ཤཱཀྱ་བྲབྷ་བྲང་ཏི་ཛ་ཡ་རཀྵི་ཏ། ཤུད་བུ་དཔལ་གྱི་སེང་གེ་དང་ལྔ་སློབ་དཔོན་སྤྱན་འདྲེན་དུ་བཏང་བས་སློབ་དཔོན་གྱིས་མཁྱེན་སྟེ་བལ་ཡུལ་ཡང་ལེ་ཤོད་ནས་རྫུ་འཕྲུལ་གྱི་མང་ཡུལ་གུང་ཐང་དུ་བྱོན། ཕོ་ཉ་བ་རྣམས་ཀྱིས་མཇལ་བས་སྐུ་ལ་མོས་པ་ཐོབ། ཕྱག་རྟེན་གྱི་གསེར་ཕྱེ་བསྐུར་བ་ཕུལ་བ་(ཇ༨༣བ)


PTT001_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ནས་མ་འོངས་པར་དེར་གསེར་ཁ་འབྱུང་བར་བྱིན་གྱིས་བརླབས། ཕོ་ཉ་རྣམས་འཕངས་སེམས་སྐྱེས་པས་རྡོ་དང་གསེག་མ་ལ་འཁར་སིལ་བསྣུན་པས་ཐམས་ཅད་གསེར་དུ་གྱུར། མང་ཡུལ་གྱི་རི་གཡས་གཡོན་སྤོ་བའི་རྫུ་འཕྲུལ་བསྟན་པས་དད་དེ་གཤེགས་པར་གསོལ་བས་ད་ལྟ་འདྲེ་རྣམས་འདུལ་ཞིང་ཕྱི་ལ་འོང༌། མངལ་སྐྱེས་ཀྱིས་ལྷ་འདྲེའི་ཟེར་མི་ཐུབ་པས་སྔོན་ལ་སོང་ཞིག་གསུངས་སྟེ་བྱིན་གྱིས་བརླབས་ནས་བཏང༌། ཞང་ཞུང་གི་ལྷ་མུ་ཙ་མེན་གྱིས་རི་བར་དུ་བཅར་བར་བྱས་པ་གསེག་ཤང་གི་ཡུ་བ་བསྣུན་པས་རི་ཕན་ཚུན་དུ་བྱེ་སྟེ་སློབ་དཔོན་སྟེང་གི་ན་མཁའ་ལ་བྱོན། ཁ་ལ་རོང་སྒོར་བསྟན་མ་བཅུ་གཉིས་ཀྱིས་ཐོག་ཕབ་པ་ཕྱག་མཐིལ་དུ་ཆུ་བླུག་པ་ལྟར་བཟེད་དེ་ཁྲག་གི་ཐིགས་པ་སྲན་མ་ཙམ་དུ་སོང༌། འུ་ཡུག་དུ་རྡོ་རྗེ་ལེགས་པས་བསུས་ཤིང་མཆོད། གངས་དཀར་མས་ཐོ་བཙམས་པ་སློབ་དཔོན་གྱིས་ལྟ་སྟངས་མཛད་པས་གངས་ཞུ་སྟེ་དཔལ་མཚོའི་ནང་དུ་བྲོས། སྡིགས་མཛུབ་བསྟན་པས་མཚོའི་ཁོལ་སྟེ་ཀེང་རུས་སུ་ལྷགས་སོང༌། མཚོ་ཁར་ཡེར་བྱུང་བ་ལ་རྡོ་རྗེ་བསྣུན་པས་མིག་གཅིག་ཞར་སྟེ་ཤ་མེད་གངས་དཀར་རྡོ་རྗེ་སྤྱན་གཅིག་མ་ཞེས་བཏགས། གཉན་ཆེན་ཐང་ལྷས་སྦྲུལ་ཆེན་པོའི་གཟུགས་ཀྱིས་ལམ་བཀག་པ་ཕྱག་འཁར་བསྣུན་པས་དྲི་ཟ་ཟུར་ཕུད་ལྔ་པར་བྱས་སྟེ་གདུགས་ཚོད་དྲངས། གནམ་སྨན་དཀར་མོ་དང་བྱང་སྨན་ཏིང་ལོ་བཙུན་གྱིས་སྐུ་ལ་ལྷགས་པ་བཏང་བས་མ་ཚུགས་པར་ཟིལ་གྱིས་མནན། གཡར་མོ་ཐང་ལ་སོགས་པར་རྫུ་འཕྲུལ་གྱིས་བྱོན་སྟེ་མདོ་ཁམས་ཀྱི་ལྷ་འདྲེ་བཏུལ། ཡར་ལྷ་ཤམ་པོས་གཡག་དཀར་པོ་རི་ཙམ་དུ་སྤྲུལ་སྟེ་ཐོ་བཙམས་པ་ལྕགས་ཀྱུའི་ཕྱག་རྒྱས་སྣ་ནས་བཟུང༌། ཞགས་པ་དང་ལྕགས་སྒྲོག་གི་ཕྱག་རྒྱས་བསྡམས། དྲིལ་བུའི་ཕྱག་རྒྱས་བཙོགས་པས་བཀའ་ཉན། རྨ་ཆེན་སྦོམ་ར་བཏུལ། ལྷ་འདྲེ་དེ་ཐམས་ཅད་ཀྱིས་སོ་སོར་སྲོག་སྙིང་ཕུལ་དམ་ལ་བཏགས། མལ་གྲོ་གཟི་ཅན་ལ་ཀླུ་གཏེར་བཅུག་ཤབ་སྨད་ཐང་ལྷའི་མཚོ་(ཇ༨༤ན)


PTT001_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

མལ་འགྲོའི་ནང་སོགས་ན་དམྱལ་བ་ཉི་ཚེ་བའི་གནས་ཆུ་ཐམས་ཅད་ཟངས་ཞུན་ལྟར་འཁོལ་ཞིང་ས་གཞི་ལྕགས་བསྲེགས་པ་འདྲ་བ་ན་མཁའ་ལ་བྱ་རྒྱུ་བ་ཡང་འཚིག་ཞིང་ལྷུང་བ་དེ་ལྟ་བུ་མང་དུ་ཡོད་པ་རྣམས་སུ་དཀྱིལ་འཁོར་གྱི་ཆོ་ག་མཛད་དེ་གཟུངས་ཆུ་དང་བྱེ་མ་གཏོར་བས་དམྱལ་བ་པ་རྣམས་དག་པའི་ཞིང་དུ་དྲངས། དམྱལ་བའི་མེ་ཞི་སྟེ་ས་གཞི་ཡུལ་དུ་རུང་བར་གྱུར། ཕོ་བྲང་རླུང་ཚུབས་སུ་བཙན་པོ་དང་མཇལ་སྟེ་ཞབས་ལ་བཏུགས། བསམ་ཡས་ཀྱི་སའི་དཔྱད་མཛད། ཕྱོགས་ཀྱིས་སྤོས་པ་བཞི་ལ་གཏེར་ཀ་དང་མཚམས་ཀྱི་འགྲམས་པ་བཞི་ལ་མེ་བཙའ་མཛད། ན་མཁར་རྡོ་རྗེའི་གར་མཛད་པའི་གྲིབ་མ་གང་བྱུང་དུ་བཙགས་པས་ལྕགས་རི་ཟུར་མང་རྡོ་རྗེ་འགྲོས་སུ་བྱུང༌། མི་མ་ཡིན་ཐམས་ཅད་བྲན་དུ་བསྐུལ་སྟེ་རྒྱལ་ཆེན་བཞིས་ལག་དཔོན་བྱས་ནས་བརྩིགས་པས་ཉིན་མོ་མིས་བརྩིགས་པ་ལས་མཚན་མོ་ལྷ་འདྲེས་བརྩིགས་པ་མཐོ་ཞིང་ཤིང་གཟོ་ལ་སོགས་པ་ཐམས་ཅད་ལེགས་པར་བྱུང༌། བསམ་ཡས་ཀྱི་གཙུག་ལག་ཁང་ཡོངས་སུ་རྫོགས་པ་རྒྱལ་པོའི་ཐུགས་དགོངས་མཐར་ཕྱིན་པར་མཛད་དོ། །འདི་དག་དུ་མཁན་པོ་བོ་དྷི་ས་ཏྭས་རྒྱལ་པོ་ལ་ཕྱག་བྱས་པ་དེ་བཞིན་དུ་སློབ་དཔོན་ཡང་མཛད་དེ་འོང་སྙམ་ནས་རྒྱལ་པོས་ཕྱག་མ་མཛད་པ་ལ་མགུར་བཞེངས་བྱ་བ་སོགས་འདུག་པ་ནི་ཕྱི་རབས་སུ་ལྷད་བཅུག་པར་དྭོགས་སྟེ་རབ་བྱུང་གི་གཟུགས་ཙམ་ལ་ཡང་འདུད་དགོས་པ་སོགས་སྔར་གྱི་བཀའ་ཁྲིམས་ཡིན་ལ། རྒྱ་གར་ན་སངས་རྒྱས་ཀྱི་རྗེས་སུ་ཞུགས་པའི་རབ་བྱུང་ལྟ་ཞོག་ཕྱི་རོལ་པའི་ཀུན་དུ་རྒྱུ་དང་བྲམ་ཟེ་སོགས་ཀྱང་རྒྱལ་པོ་ལ་ཕྱག་མི་བྱེད་དེ་རྒྱལ་པོ་དང་ཕྲད་ན་རྒྱལ་བ་དང་ཚེ་དཔེལ་བ་བྱས་ནས་ཕྱོགས་གཅིག་དུ་འདུག་པར་བྱེད་ལ། རྒྱལ་པོས་དེ་དག་ལ་ཕྱག་བྱེད་པར་བཤད་ཅིང༌། བོད་དུ་རབ་བྱུང་རྣམས་ཁྱིམ་པའི་དཔོན་ལ་ཕྱག་བྱེད་པ་ནི་རྗེ་ས་སྐྱ་པཎྜི་ཏ་ཧོར་གོ་དན་གྱི་ནད་སེལ་བ་ལ་འབྱོན་པའི་ཚེ་ས་སྐྱར་(ཇ༨༤བ)


PTT001_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཆེན་ཤཱཀྱ་བཟང་པོ་བསྐོས་ནས་འུ་ཡུག་པ་དང་ཤས་རིན་པ་མ་གཏོགས་དགེ་བའི་བཤེས་གཉེན་ཐམས་ཅད་ཀྱང་ཕྱག་འཚལ་དུ་བཅུག་པ་ཕྱིན་ནས་དར་བ་ཡིན་པས་ཕྱི་རབས་ཀྱི་འདྲ་བཟོ་བྱས་ནས་བཅུག་པར་སྣང་ལ། གཞན་ཡང་གཏེར་བཏོན་རེ། གངས་ཀྱི་སེང་གེ་རེ། ཁྱུང་རེ། ཨུ་དུམ་ཝ་རའི་མེ་ཏོག་རེ་རྣམས་དུས་མཉམ་སྐྱེ་ལ་གཏེར་བཏོན་རྒྱལ་རིགས་སོགས་རིགས་བཞི་པོ་གང་དུ་སྐྱེ་བར་ཨུ་དུམ་ཝ་རའི་མེ་ཏོག་དཀར་སེར་དམར་སྔོ་ཐ་དད་པ་རེར་སྐྱེ་བར་བྲིས་པ་སོགས་ལྷད་མང་དུ་བཅུག་སྣང་སྟེ་མདོ་ལས་ཨུ་དུམ་ཝ་རའི་མེ་ཏོག་ནི་རྫིང་བུ་དལ་འབབ་ཀྱི་འགྲམ་ན་ཨུ་དུམ་ཝ་རའི་ཚལ་ཡོད་པ་ལས་གཞན་དུ་མི་སྐྱེ་ལ་དེར་ཨུ་དུམ་ཝ་རའི་ཤིང་ལོ་མང་བ་ཅན་རྟག་དུ་སྐྱེ་ཡང་མེ་ཏོག་ནི་སངས་རྒྱས་དང་འཁོར་ལོས་བསྒྱུར་བ་ནམ་འབྱུང་བའི་ཚེ་མ་གཏོགས་མི་འབྱུང་ཞིང་དེ་འདས་པ་ན་མེ་ཏོག་དེ་བསྐམས་པར་གསུངས་ལ། འདུལ་བ་ལུང་ལས་ཀྱང་ཀུན་དུ་རྒྱུ་རབ་བཟང་གིས་ཚལ་དེར་རྟག་པར་གནས་པ་ལས་མེ་ཏོག་དེ་མཚན་མར་བཟུང་ནས་དེ་སྐབས་སུ་ཉེ་བར་མཐོང་བ་ན་སངས་རྒྱས་མྱ་ངན་ལས་འདའ་བར་ཤེས་སྟེ་ཕྱིན་ནས་རབ་ཏུ་བྱུང་བར་བཤད་ལ། སྔགས་ལས་ཀྱང༌། ཨུ་དུམ་ཝ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །ཞེས་འཆད་པ་ཡིན་ནོ། །དེས་ན་གཏེར་བཏོན་རེ་ལ་ཨུ་དུམ་ཝ་རའི་མེ་ཏོག་སྐྱེ་ན་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་སྐྱེས་བུ་ངོ་མཚར་བ་ཐམས་ཅད་ལ་ཡང་སྐྱེ་དགོས་པས་མདོ་སྔགས་གཉིས་ཀའི་སྒྲོམ་འཇིག་ཞིང་མི་ཤེས་པ་རྣམས་ཀྱིས་ལྷད་འདི་ལྟ་བུ་བཏབ་པས་ཆོས་ཀྱི་རྣམ་གྲངས་ཆུད་ཟོས་པར་བྱས་སྟེ་དཔྱོད་ལྡན་རྣམས་དྭོགས་པའི་གནས་སུ་གྱུར་ཅིང་ཆོས་སྤོང་ལ་ཇི་མི་སྙམ་པ་རྣམས་གསང་སྔགས་རྙིང་མ་མཐའ་དག་ལ་སྐུར་བ་འདེབས་པ་འདི་བྱུང་བ་ཡིན་ནོ། །རྦ་བཞེད་ལས་ནི་མཁན་པོ་བོ་དྷི་ས་ཏྭས་སྤྱན་དྲངས་པར་འདོད་པར་སྣང་སྟེ་དེ་ཉིད་ལས། གསལ་སྣང་རྒྱ་ནག་ནས་འཁོར་མ་ཐག་དུ་བཙན་པོས་ད་ནི་བོ་དྷི་ས་ཏྭ་སྤྱན་དྲོངས་ཅེས་བཀའ་བསྩལ་ནས་གསལ་སྣང་གིས་ཀྱང་བོ་དྷི་(ཇ༨༥ན)


PTT001_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཏྭ་སྤྱན་འདྲེན་དུ་བལ་ཡུལ་དུ་མཆིས་པ་དང་བོ་དྷི་ས་ཏྭས་ཀྱང་པདྨ་སམྦྷ་ཝ་དང་ལྷ་ཁང་རྩིགས་པའི་ཕྱ་མཁན་དང་གཉིས་མང་ཡུལ་དུ་སྤྱན་དྲངས་སྟེ་བསྡོངས་འདུག་པས་མཁན་པོ་གཉིས་ཀ་གསལ་སྣང་གིས་མང་ཡུལ་ནས་གཟིངས་བཅས་ནས་ཆུ་ཀླུང་ན་སྤྱན་དྲངས་འུ་ཡུག་གི་ཐད་ཀར་གཤེགས་པ་དང་པདྨ་སམྦྷ་ཝའི་ཞལ་ནས་སང་གི་གྲོ་ལམ་ནི་ཉི་ཚེ་བའི་དམྱལ་ཁམས་ཅིག་ཡོད་ཀྱིས་སྙིང་རྗེ་ཞིག་བྱ་དགོས་གསུངས་ནས་གཟིངས་ལས་བབ་སྟེ་འུ་ཡུག་དུ་གཏོར་མ་དང་དགོངས་པ་མཛད་པས་ཆབ་འཇམ་ཙམ་དུ་གྱུར། དེ་ནས་གནམ་གྱི་ཆུ་ཁོལ་དུ་བྱོན་ནས་དེར་སྔ་དྲོ་གཅིག་དགོངས་པ་མཛད་པས་ཆུ་ཡང་འཇམ་ཙམ་རེད་སྟེ་རླངས་པ་ཆད་པ་ཡང་ཞག་གསུམ་ཙམ་བགྱིས། དེ་ནས་གལ་སྟེ་ལ་ཡང་ཟེར་གཤེ་ཆུ་ལ་བཤུལ་ཕྱུང་ནས་གཤེགས་པ་དང༌། བོད་ཁམས་སུ་ཆོས་མཛད་དུ་མི་སྟེར་བའི་ཀླུ་དཀར་པོའི་ཕྲུ་གུ་མི་སྲུན་པ་ཅིག་ཡོད་པ་དེ་དམ་འོག་དུ་གཞུག་ཅིང་འདུལ་དེའི་དྲུང་ན་ཡང་ཉི་ཚེ་བའི་དམྱལ་བ་ཞིག་ཡོད་པས་དེར་ཡང་སྙིང་རྗེ་ཞིག་བྱ་དགོས་གསུངས་ནས་འདམ་སྙིང་དྲུང་དུ་བྱོན་པ་དང༌། ཀླུ་ཚངས་པ་བྱ་བའི་མི་ཚན་གཅིག་ན་རེ་མཁན་པོ་ལ་གནོད་སྦྱིན་འདུལ་བའི་ཐབས་བལྟ་ཅེས་ཞུས་པ་དང་མཁན་པོས་ཟངས་ཁལ་ཚད་མ་ཞིག་ཕྱུང་ནས་དེར་ལུང་བོང་གི་རོ་ཞིག་བཅོས་ནས་ཟངས་ལ་ཞབས་བསྣུན་ནས་སྤུབ་པས་ཐང་ལྷ་ཁྲོས་སྟེ་དགུན་ཟླ་འབྲིང་པོ་ལ་གངས་རྩེ་ལ་ཏུག་ཅོམ་བྱུང༌། སྤྲིན་ནག་པོ་ཞིག་ཡང་ཆགས་ནས་སེར་བ་བབ། གློག་དང་འབྲུག་སྒྲ་དྲག་པོ་བྱུང༌། དེ་ཕྱིན་ཆད་ཡུལ་ཕྱོགས་དེ་དུལ་སྟེ་ཐབ་ཀྱང་སྔོན་པས་གཡུང་བར་གྱུར། དེ་ནས་དེ་ཉིད་ཏུ་དགོངས་པ་མཛད་པ་དང་སྙིང་དྲུག་གི་ཆུ་ཁོལ་བའི་རླངས་པ་ཅད་ནས་འཇམ་ཙམ་དུ་རེད་པ་ཟླ་བ་གཅིག་བགྱིས་སོ། །ཡང་ཐང་ལྷ་དམ་འོག་དུ་གཞུག་པར་དགོངས་པ་དང་ཐང་ལྷའི་གངས་ལ་སྤྲིན་ནག་པོ་ཆགས་གློག་དང་འབྲུག་དང་སེར་བ་བབ་པ་དང་མཁན་པོའི་ཞལ་ནས་ཀླུ་ཕྲུ་གུ་མི་སྲུན་པ་ཅིག་རྒྱ་མཚོར་བྲོས་གསུངས་ནས་ཞག་གསུམ་དགོངས་པ་མཛད་(ཇ༨༥བ)


PTT001_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཐུག་ཆོམ་ཡང་མ་མཆིས། ཡུལ་ཡང་འཇམ་པར་གྱུར། ཀླུ་དམ་ལ་ཐོགས་སྟེ་ཐང་ལྷས་བཀའ་ཉན་དུ་ཁས་བླངས་གདུགས་ཚོད་དྲངས་སོ། །དེ་ནས་མ་ལེ་ཤོར་བྱོན་ནས་འཕན་ཡུལ་གཟིགས་པས་ཡུལ་ངན་རྟ་རོ་དམར་པོ་ཁ་ཕྱེ་བ་འདྲ་བ་འདི་ལ་མི་འགྲོ་གསུངས་ནས་སྟོད་ལུངས་ཡ་རལ་ན་ཡར་བྱོན། བཙུན་མོ་ཕྲེང་གི་བྲག་ལ་ཨ་ཙ་ར་འགྲོ་འཕྲོ་ལ་རེངས་པ་འདྲ་བ་འདིའི་གོང་མ་བཅད་ན་མུ་སྟེགས་ཅན་གྱི་རིགས་བོད་དུ་འཆོར་གསུངས་ནས་བཅད། གཞོང་པར་གྲོ་ཐོབ་གསུང་ནས་ཆུ་མ་མཆིས་བྱས་པས་ཆབ་དབྱུང་བར་བྱ་གསུང་ནས་གསེག་ཤང་གི་ཡུ་བ་ས་ལ་ཐམས་ཐམས་བརྒྱབ་པས་ཆུ་ཁ་བཅུ་བྱུང་སྟེ་གཞོང་པའི་ལྷ་ཆུར་གྲགས། སྙེ་འཕྲེང་དུ་ངའི་གྲོ་རན་གསུང་བ་དང་མཁར་ནག་གི་མཚོ་འདི་ལ་ཀླུ་བཙན་དྲག་པོ་འདུག་པས་འདུལ་ལོ་གསུངས། འདི་ཤིན་ཏུ་ཐུ་བ་ཞིག་འདུག་པས་འདུལ་བྱེད་ཅིག་བྱ་གསུངས་ནས་བྲག་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་པའི་སྐུ་ཅིག་བསྐྱེད་པས་རང་བྱུང་དུ་བྱུང༌། བལ་པོའི་རྡོ་མཁན་ན་རེ་བོད་ཀྱི་རྡོ་ལ་གཟོ་བཏུབ་མི་བཏུབ་བལྟའོ་ཟེར་ནས་བྲག་ལ་ཤ་བའི་གཟུགས་ཅིག་བརྐོས་སོ། །དེ་ནས་དམ་ཤོད་ལ་བྱོན་ཟུར་མཁར་འཕྲང་ལ་རྡོའི་མཆོད་རྟེན་ལྔ་མཛད། ཟ་ཧོར་གྱི་མཁན་པོ་ཕོ་བྲང་དུ་གཤེགས་ནས་བཙན་པོ་ལ་བརྡ་སྦྱར། བཙན་པོ་བསུས་སྟེ་ཕྱག་མཛད་པས་སློབ་དཔོན་གྱིས་བསྙུན་རྨེད། སློབ་དཔོན་གྱིས་ཕ་བང་ཞིག་ལ་ཕྱག་གཡས་པའི་ཐལ་མོ་ཕྱིར་མཛད་པས་ཕ་བང་ཤགས་ཀྱིས་གས། ད་ཕྱགས་གར་འབེབས་ཅེས་པ་ལ། སང་ཤིས་དེའི་བར་བྲག་དམར་མགྲིན་བཟང་འཁོར་ས་སྒོ་མ་མཆིས་པ་ཅིག་ལ་ནང་ལྷ་ཁང་རྒྱའི་དེའུ་ཤན་ལ་དཔེ་བླངས་པ་ཅིག་བཞེངས་ཚར་ནས་དེར་ཕྱགས་ཕེབས་པར་ཞུས། དེ་དུས་ཨཱ་ཅཱརྻ་བོདྷི་ས་ཏྭས་བཙན་པོ་ལ་གསོལ་བ། སྔོན་སངས་རྒྱས་འཇིག་རྟེན་ན་བཞུགས་པའི་ཚེ་ལྷ་མ་སྲིན་དམ་འོག་དུ་མ་ཚུད་པ་མ་མཆིས་པར་རིགས་པ་ལ་བོད་ཡུལ་ན་དམ་འོག་དུ་མ་ཚུད་པའི་ལྷ་འདྲེ་གདུག་པ་ཅན་མང་དུ་མཆིས་པས་བཙན་པོ་ཆོས་མཛད་དུ་མི་སྟེར་བ་ལ་ད་ལྟ་འདིར་འཛམ་བུའི་(ཇ༨༦ན)


PTT001_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་ན་ནུས་པ་ཆེ་བའི་པདྨ་འབྱུང་གནས་ཅེས་བྱ་བ་འདི་སྤྱན་དྲངས་ནས་བཞུགས་པས་སྔོན་ཆོས་མཛད་དུ་མི་སྟེར་བར་འཕང་ཐང་དུ་ཆུ་བོ་ཆེ་གཏོང་བ་དང༌། ཤམ་པོའི་གངས་བསྙིལ། བོད་ཁམས་སུ་མི་ནད་ཕྱུགས་ནད་དང་མུ་གེ་ལོ་ལྔར་འབེབས་པ། ལྷ་སའི་མཁར་དུ་ཐོག་འབེབས་ཤིང་མེས་གཏོང་བ་སོགས་གཟིགས་ལྟས་ངན་པ་གཏོང་ཞིང་བར་ཆད་དགྱིད་པའི་བགེགས་རྣམས་རི་རབ་ངོས་ཀྱི་རྒྱལ་པོ་ཆེན་པོ་བཞི་མི་ལ་ཕབ་སྟེ་དེའི་ཐན་ལས་བྱུང་བ་བཞིན་དམ་ལ་འདོགས་པའི་ཆོ་ག་ནི་སྔགས་མཁན་འདིས་རྔོ་ཐོགས། བཙན་པོ་ཆོས་མཛད་པ་ལ་རྩོད་ཅིང་རྒོལ་བ་བྱུང་ན་ཕྱི་རྒོལ་གྱི་གཏན་ཚིགས་སྨྲ་བ་ནི་ཁོ་བོ་ལས་མཁས་པ་མ་མཆིས། གཙུག་ལག་ཁང་རྩིག་པའི་ལྟས་དང་བཀྲ་ཤིས་མི་ཤིས་དང་ཆོས་ཚུགས་མི་ཚུགས་རྟོག་པའི་ཕྱ་མཁན་མཁས་པ་འདི་ཙམ་དུ་གཞན་ན་མེད་པས་ཁྲིད་དེ་འོངས་པ་ཡིན། དེ་ལྟར་མཛད་ན་རྒྱལ་པོའི་དགོངས་པ་ཡང་འགྲུབ་བོ་ཅེས་གསུངས་སོ། །དེར་སང་ཤིས་མགྲིན་བཟང་གི་མངའ་གསོལ་བ་སློབ་དཔོན་པདྨ་ལ་ཞུའོ་ཞེས་ཞུས་སྟེ་རྒྱལ་པོའི་གནང་ཆེན་གཟིམས་མལ་བ་ཀུན་ཡང་མཆིས། སློབ་དཔོན་པདྨས་ལྷ་མངའ་གསོལ་བས་ལྷ་ཐམས་ཅད་ནས་ནང་ནས་བཀད་སར་བྱོན། ནམ་ཕྱེད་ན་བློན་པོ་རྣམས་ཀྱིས་མར་མེ་ཁྱེར་ནས་བལྟས་པས་ནང་ན་འཇིམ་གཟུགས་གཅིག་ཡང་མེད་དེ་སྟོང་བར་འདུག་ནང་པར་བལྟར་ཕྱིན་པས་འཇིམ་གཟུགས་ཐམས་ཅད་སྔ་མ་ཁོ་ན་བཞིན་ནང་ན་བཞུགས་ནས་སློབ་དཔོན་པདྨས་མཆོད་པ་བྱེད། ལྷ་རྣམས་གཏམ་སྨྲ་བ་དང་བཤོས་གསོལ་བ་མཐོང༌། མར་མེ་ཐམས་ཅད་རང་འབར་རོལ་མོ་ཐམས་ཅད་རང་འཁྲོལ་སྤོས་ཐམས་ཅད་རང་བསྲེགས་ཅིང་འཐུལ། འཕན་ལྔ་བཏགས་པ་ལྔ་བརྒྱར་འཕེལ། ཅོང་རང་བརྡུང་ཞིང་འཁྲོལ། རྒུན་འབྲུམ་རྡོག་པོ་སྙིམ་པ་ཙམ་པ་དེ་སུས་ཀྱང་འཚལ་བར་རྔོ་མ་ཐོགས། དེའི་ནང་པར་སློབ་དཔོན་པདྨས་དཀྱིལ་འཁོར་བྲིས་སྟེ་གཟིམས་མལ་བ་ལྷ་ལུང་འཚོ་བཞེར་སྙན་ལེགས་ལ་པྲ་རྟེན་བྱས་སྟེ་པྲ་སེ་ན་ཏ་ཕབ་སྟེ་སྨྲར་བསྩལ་བས་བོད་ཀྱི་ཀླུ་མི་སྲུན་པ་རིལ་གྱི་མིང་སྨྲས་སྟེ་འཕང་ཐང་དུ་(ཇ༨༦བ)


PTT001_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ཕབ་པ་ཤམ་པོ། ལྷ་སར་ཐོག་འབེབས་པ་ཐང་ལྷ། མུ་གེ་དང་ལོ་ཉེས་དང་མི་ནད་གཏོང་བ་བསྟན་མ་བཅུ་གཉིས་ལ་སོགས་པ་ཀུན་སྨྲས། དེའི་སང་རིགས་བཟང་པོའི་བུ་ཚ་ཕ་མ་མེས་ཕྱི་ཚང་བ་བཅུ་ཙམ་བསགས་སྟེ་པྲ་རྟེན་བགྱིས་ནས་རྒྱལ་པོ་ཆེན་པོ་བཞིའི་པྲ་ཕབ། གནོད་སྦྱིན་མེ་ལྷས་ཞལ་མངོན་སུམ་དུ་བསྟན། ལྷ་ཀླུ་མ་རུངས་པ་དངོས་སུ་མི་ལ་ཕབ་ནས་པདྨ་སམྦྷ་ཝས་བསྡིགས་ཤིང་གཟེར། དཀར་པོ་ལ་ཆོས་བཤད་ནས་དམ་ལ་འདོགས་པ་ནི་བོ་དྷི་ས་ཏྭས་མཛད། དེས་མ་ཐུལ་བ་པདྨ་སམྦྷ་ཝས་སྦྱིན་སྲེག་མཛད་ནས་མ་མཆིས་པར་བྱས། དེ་འདྲ་བ་ལན་གཉིས་བགྱིས་སྟེ་སློབ་དཔོན་པདྨའི་ཞལ་ནས་ལྷ་ཀླུ་དམ་འོག་དུ་ཚུད་ལགས་སྟེ་ད་དུང་དེ་འདྲ་བ་ལན་གཅིག་དགྱིད་འཚལ། སླན་ཆད་ལྷ་ཆོས་ཅི་བདེར་མཛད་པ་དང་གཙུག་ལག་ཁང་དགོངས་པ་བཞིན་དུ་རྩིགས་ཅིག་གསུང༌། ཟུར་ཕུད་རྐྱང་དུ་ཚལ་དུ་ཀླུ་བཏུལ་བས་གཟི་ཅན་དངོས་སུ་བྱུང་ནས་སའི་སྟེང་ན་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཆེ། སའི་འོག་ན་རྒྱལ་པོ་ང་ཆེ་བས་ངེད་ཅག་གྲོགས་པོ་བྱས་ལ་རྒྱལ་པོ་ལྷ་ཁང་རྩིག་པའི་གསེར་ཕྱེ་ཁལ་བཅུ་བཞི་བྱིན་གྱིས་གསེར་ཁུང་གླང་པོ་སྣར་ལེན་དུ་ཐོང་ཟེར་ནས་ཕུལ། ཤམ་པོ་བཏུལ་བས་སློབ་དཔོན་གྱི་ཐོག་དུ་ཆུ་ཕབ། སློབ་དཔོན་གྱི་སྦས་སྣ་ནས་རྡོ་རྗེ་གདེངས་པས་ཆུ་གྱེན་ལ་ལོག་སྟེ་ལྷ་རྫིང་དུ་མིང་ཆགས། རྡོ་རྗེ་བརྒྱབ་པས་ཆུ་ཁོལ། ཤམ་པོ་ཁོ་རང་གངས་ཞུ་བའི་རྩེ་ལ་བསྡད་ནས་སློབ་དཔོན་ང་ལ་དེ་ཙམ་དུ་ཐོ་འཚམ་ཟེར། སློབ་དཔོན་གྱི་ཞལ་ནས་ཁྱོད་ང་ལ་དེ་བས་དེ་ཙམ་དུ་ཐོ་འཚམ་པ། ད་ངའི་དམ་འོག་དུ་མ་ཞུགས་ན་ཁྱོད་སྲེག་གོ་གསུངས་པས། ང་ནག་པོའི་རིགས་ཡིན་ཆོས་བགྱི་བའི་སྐབས་མ་མཆིས་ད་མན་ཆད་གནོད་པ་མི་བྱའོ་ངའི་དྲུང་དུ་སེར་ཆགས་མ་བཏང་ཞིག་ཟེར་ནས་དམ་བཅས། དེ་ནས་ད་དུང་སྦྱིན་སྲེག་ཞིག་བགྱིའོ་གསུང་བ་དང༌། བཙན་པོ་དབུ་འཁྲུ་བར་བཞེད་པ་ལ་བོ་དྷི་ས་ཏྭའི་ཞལ་ནས་བོད་ཀྱི་བཙན་པོ་དབུ་བསིལ་ཟེར་ན་ཆབ་གང་ནས་ལེན་གསུངས་པས་བཞེང་བླ་ན་རེ་འོམ་བུ་ཚལ་ནས་ལེན་ཞེས་གསོལ། (ཇ༨༧ན)


PTT001_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་པོའི་ཞལ་ནས་རི་རབ་ཀྱི་བྱང་ངོས་ན་ཆུ་མིག་རྟ་རྣ་བྱ་བ་ཡོད། དེ་ནས་ཆུ་བླངས་སྟེ་དབུ་བསིལ་ན་རྒྱལ་པོ་སྐུ་ཚེ་ཡང་རིང༌། ལྷ་སྲས་རིགས་རྒྱུད་ཀྱང་འཕེལ། ཆབ་སྲིད་ཀྱང་ཆེ། དགོས་རྒུ་ཡང་འགྲུབ་པས་ཆབ་དེ་སུས་ལེན་ནུས་གསུང་བ་རྒྱལ་པོའི་སྙན་དུ་གསན་ནས་བསྒྲགས་པའི་སར་མཁན་པོ་པདྨ་སམྦྷ་ཝའི་ཞལ་ནས་དེ་ངས་རྔོ་ཐོགས་གསུངས་ནས་ག་ཤའི་འོག་ནས་བཀྲ་ཤིས་ཀྱི་བུམ་པ་གསེར་ལས་བགྱིས་པ་ཅིག་ཕྱུང་བ་ལ་ཁ་དར་དཀར་གྱིས་བཅང་བཞིར་བླས་རྒྱས་བཏབ་སྟེ་མཁན་པོས་སྔགས་བཏབ་ནས་ན་མཁའ་ལ་འཕངས་པས་ཇེ་མཐོ་ཇེ་མཐོ་ལ་མི་སྣང་བར་སོང༌། དར་ཅིག་ནས་ཛབ་ཁུང་དུ་རྨ་བྱའི་སྒྲོས་བྱབས་པ་དང་ཟན་ཟ་ཡུན་ཙམ་ན་བུམ་པ་ན་མཁའ་ལ་སེར་རྒྱང་གིས་སློབ་དཔོན་གྱི་པང་དུ་བྱུང༌། ཁ་ཕྱེ་བས་ཆུ་འོ་མ་འདྲ་བས་གང་འདུག་དེས་དབུ་ཁྲུས་ཅེས་བློན་པོ་ཀུན་ལ་གཏད་ནས་འདུན་སར་བྲིམས་པ་ལས་འདུན་ས་ཆུང་ངུ་ནས་ལུང་གསལ་བ། འདི་མོན་གྱི་སྨྱོ་ཆུ་ཡིན་སྟེ་སྐུའི་རིམ་གྲོར་མི་སྨན་པས་ཕོ་ལ་ཐོང་ཞེས་མ་མཆིས་པར་བགྱིས། གཞན་ཡང་སློབ་དཔོན་པདྨའི་ཞལ་ནས་བོད་བྱིན་སྐྱིད་པར་བགྱི་བས་བཻ་ཤྲ་ཝ་ཎ་ལས་ནོར་བསླངས་སྟེ་ནོར་མེད་པ་ལ་ནོར་སྦྱིན། ཛམྦུ་གླིང་གི་དཀོར་ཁུང་སྲིད་དོ་ཅོག་ཀྱང་བོད་ཁམས་སུ་འབྱུང་བར་བྱ། དམ་ཤོད་གྲ་དོལ་སྟག་ལ་ཕུ་སོགས་ཆུ་དཀོན་པ་དང་ཆུང་བ་རྣམས་སུ་ཆུ་ཕྱུང་ལ་གྲམ་པ་ཐམས་ཅད་ཞིང་དུ་བྱས་ལ་ཞིང་གིས་བོད་ཀུན་འཚོ་བར་བྱ། གཙང་པོ་དང་མཚོ་ཀུན་སྒྲོམས་སུ་བཅུག་ལ་མིས་འཕྱོང་དུ་རུང་བར་བྱ། ངས་ཨོ་ཌྱན་དུ་གཙང་པོ་འདི་བས་ཆེ་བ་ཞིག་སྦུབས་སུ་བཅུག་གསུངས། དམ་ཤོད་ཀྱི་བྱེ་མ་ཐམས་ཅད་ཚལ་དང་ནེ་གསིང་དུ་བསྒྱུར། བོད་ཡུལ་ངན་པ་ཀུན་བཟང་པོར་བྱས་སྟེ་ཐམས་ཅད་ཉམས་དགའ་བར་བྱའོ་ཞེས་དེ་ལྟར་མཁན་པོས་རྒྱ་ཆེན་པོར་གསུངས་པ་དང༌། འགྲུབ་བམ་མི་འགྲུབ་འདུན་ས་ཆུང་ངུ་ནས་རྗེ་བློན་མོལ་སྟེ་བཀའ་གྲོས་མཛད་ནས་དེ་ལྟར་འོང་མི་འོང་ཉམ་སད་པ་ལས་ཨོ་ཌྱན་གྱི་མཁན་པོས་སྔ་དྲོ་གཅིག་བསྒོམས་པས་མཚོ་མོ་མགུར་གྱི་བྱེ་(ཇ༨༧བ)


PTT001_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཞབས་ནེ་གསིང་དུ་སྔོ་ཕྱུར་ལ་བཏང༌། དེའི་ཕྱི་འབྲེང་བྲག་དམར་གླ་བ་ཚལ་གྱི་སྨད་ནགས་སུ་བཏང༌། ཀླུ་རྫིངས་སུ་ཆུ་བྱུང༌། ད་དུང་ཉམ་སོད་དང་བྱས་ནས་སྔ་དྲོ་གཅིག་བསྒོམས་པས་ཟུར་མཁར་ནས་ཆུ་རྗེན་ནར་གྱིས་བྱུང་སྟེ་ཆུ་མིག་བྱུང་བ་དང་འོང་ངེས་པར་འདུག་པས་བློན་པོ་དག་ན་རེ་བོད་ཡུལ་བཟང་པོར་བྱས་པའི་སྔགས་མཁན་གྱི་མཐུ་དང་སྦྱར་ན་ཆབ་སྲིད་རྒྱ་གར་གྱིས་ཕྲོགས་སྟེ་འགྲོ་ཞེས་འདུན་ས་ཆུང་ངུར་གྲོས་བྱས་ནས་འཕྲོ་འགུམ་པར་ཆད་དེ་སློབ་དཔོན་གྱིས་ད་ཞིང་བྱའོ་གསུངས་པས་ཞིང་ཡར་ལུངས་ཀྱིས་ཆོག་ཟེར་སྟེ་སྔགས་མཁན་ལ་ཕྱག་བྱས་སྟེ་བྱ་དགའ་ཆེན་པོ་ཕུལ་ནས་སླར་རྒྱ་གར་དུ་བཞུད་པར་ཞུ་བ་ཕུལ་བས་རྒྱལ་པོ་མ་དགྱེས་ནས་སློབ་དཔོན་ལ་གསེར་ཕྱེ་བྲེ་གང་ཕུལ་ཕྱག་དང་བསྐོར་བ་བྱས་སྟེ་སྔར་ལྟར་ཞུས་པས་སློབ་དཔོན་གྱི་ཞལ་ནས་ང་གསེར་འདོད་པ་མ་ཡིན་སྟེ་བོད་མཐའ་འཁོབ་ཏུ་འདྲེ་སྲིན་གདུག་པ་ཅན་བཏུལ་ལ་བཙན་པོ་ཆོས་བྱར་བཏུབ་པར་བྱ། བོད་ཡུལ་བཟང་པོར་བྱས་ལ་འབངས་བདེ་བ་ལ་དགོད་པའི་ཕྱིར་འོངས་ཀྱི་གསེར་འདོད་ན་འདི་ཙུག་བྱས་པས་ཆོག་གསུངས་ནས་མཁན་པོས་རྡོ་དང་ཤིང་དང་རྩ་དང་བྱེ་མ་སོགས་ཕྱག་གིས་བཟུང་ཚད་རེག་ཚད་གསེར་ཕྱེར་རེད་དེ་བཙན་པོའི་ཐུགས་སྲུང་བའི་ཆེད་དུ་གསེར་ཕྱེ་ཁྱོར་གང་བསྣམས། ལྷག་མ་བཙན་པོ་རང་ལ་ཕུལ་སྟེ་བྲག་དམར་འོམ་བུ་ཚལ་དུ་རྗེ་འབངས་ཉི་ཤུ་རྩ་གཅིག་ལ་མན་ངག་ལྟ་བའི་ཕྲེང་བ་བཤད་ནས། རྒྱལ་པོ་ཆེན་པོ་ངའི་གསང་སྔགས་འདི་ལྟ་བ་ཆོས་ཀྱི་སྐུ་དང་བསྟུན། སྤྱོད་པ་བྱང་ཆུབ་ཀྱི་ཕྱོགས་དང་བསྟུན། ལྟ་བའི་ཕྱོགས་སུ་སྤྱོད་པ་མ་ཤོར་བར་མཛོད། ཤོར་ན་དགེ་མེད་སྡིག་མེད་དུ་སོང་ནས་ཆད་པར་ལྟ་བ་སྐྱེས་ནས་ཕྱིས་གསོར་མི་རུང༌། སྤྱོད་པའི་ཕྱོགས་སུ་ལྟ་བ་འབྲེངས་ནས་དངོས་པོའི་མཚན་མས་བཅིངས་ནས་གྲོལ་བར་མི་འགྱུར། ངའི་སྔགས་སེམས་ཕྱོགས་འདི་ལྟ་བ་ཤས་ཆེ་སྟེ་མ་འོངས་པ་ན་ཚིག་གི་དོན་མི་ཤེས། རྒྱུད་ལ་འཁེལ་བའི་ལྟ་བའི་གདེང་ནི་མེད་ཅིང་མ་རྙེད་ནས་མང་པོ་ཅིག་ངན་སོང་དུ་འགྲོ་བར་འགྱུར་རོ། །(ཇ༨༨ན)


PTT001_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་སྤྱོད་ཡ་མ་བྲལ་བ་འགའས་སེམས་ཅན་མང་པོའི་དོན་ཡང་བྱེད་པར་འགྱུར། སྤྱིར་གང་ཟག་གིས་བཅོས་སྟེ་འདྲ་མིན་མང་བས་བྱིན་རླབས་ཉམས་པས་རྟོགས་པ་ཅན་ཉུང༌། མ་བསླད་པ་འདི་ཀུན་སྦས་ན་ནམ་ཞིག་ལས་ཅན་འགའ་ཞིག་གི་དོན་དུ་འགྱུར་གསུངས་ནས་དཔེ་མང་པོ་ཅིག་རྫ་ལ་སྦས་སོ། །བཙན་པོ་ལ་དབང་རིམ་མཛད་ནས་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ལུང་གནང༌། ཕུར་བུ་འབུམ་སྡེ་བཤད་ནས་སྨོན་ལམ་འོག་མིན་གྱི་གནས་སུ་གདབ་གསུང་སྟེ། བདག་དང་གཏན་པ་མེད་པའི་སྦྱིན་བདག་རྣམས། །ཚེ་རབས་འདི་དང་ཚེ་རྒྱུད་གར་སྐྱེས་ཀྱང༌། །འོག་མིན་ཞིང་མཆོག་དག་པར་ལྷན་ཅིག་དུ། །རྣལ་འབྱོར་ཐེག་ཆེན་འབྲས་བུ་སྤྱོད་པར་ཤོག །ཅེས་གསུངས་ནས་སྦྱིན་སྲེག་གི་འཕྲོ་མ་གྲུབ་པར་སླར་གཤེགས། སྐྱེལ་མིས་ཆིབས་ཁྲོད་ནས་ཡར་ལ་སྤྱན་དྲངས། མཁན་པོ་རྒྱ་གར་ཡུལ་དུ་སྐྱེལ་མི་བཏང་བ་དང༌། བློན་པོ་ཁ་ཅིག་ན་རེ་སྔགས་མཁན་དེ་མ་བསད་ན་དེ་ནུས་པ་ཆེ་བོད་ལ་བྱད་བྱས་པར་འོང་བས་འདུན་ས་ནས་བཅད་དེ་གསོད་མི་བཅོ་བརྒྱད་བཏང་ཟེར་ནས་དོང་ཕབས་ཀྱི་འཕྲང་ལ་བསྒུགས་པ་དང་སློབ་དཔོན་དཔོན་གཡོག་མང་ཡུལ་དུ་སླེབས་སྟེ་བྱོན་པའི་དགོངས་མོ་སང་ནི་འོ་ཅག་ལ་གནོད་འཚེ་བྱེད་པ་འོང་ངོ་ཞེས་སྐྱེལ་མི་རྣམས་ལ་གསུངས། འཕྲང་དུ་བྱོན་པ་དང་སྟག་སྣར་གསོད་མི་བཅོ་བརྒྱད་པོ་རྣམས་ཀྱིས་ལ་ལས་མདའ་བཀང༌། ལ་ལས་མདུང་མནན། ལ་ལས་གྲི་ཕྱུང་སྟེ་སློབ་དཔོན་ལ་རྡེག་པར་བྱས་པའི་ཚེ་སློབ་དཔོན་གྱིས་ཕྱག་རྒྱ་བཅིངས་པས་མི་བཅོ་བརྒྱད་པོས་སྨྲས་ཡང་མ་ཤེས་བརྡེག་པ་བས་འགུལ་ཡང་མ་ནུས་སྟེ་འཇིམ་གཟུགས་དང་གྱང་རིས་བཞིན་དུ་རེངས་པའི་ནང་ནས་གཤེགས་སྟེ་མང་ཡུལ་གྱི་ལ་ཁར་བྱོན་ནས་སྐྱེལ་མི་ཀུན་བརྫངས་པ་ལས་མཁན་པོའི་ཞལ་ནས་བོད་ཁམས་སུ་ལྷ་ཀླུ་འདྲེ་སྲིན་དམ་འོག་དུ་ལན་གསུམ་བཅུག་ན་བཙན་པོ་ཡང་སྐུ་ཚེ་རིང༌། དབོན་སྲས་ཆབ་སྲིད་ཆེ། སངས་རྒྱས་ཀྱི་ཆོས་ཀྱང་ཡུན་རིང་དུ་གནས་པ་ཅིག་ན་འཕྲོ་(ཇ༨༨བ)


PTT001_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་པ་ཡིད་ལ་གཅགས། ཆོས་འཁོར་གཅིག་ནི་འབྱོངས་ནས་འོང་སྟེ་སྤྱིར་སངས་རྒྱས་ཀྱི་ཆོས་གང་བྱུང་སར་མུ་སྟེགས་ཀྱི་འགྲན་ཟླ་རེ་བྱུང་ནས་རྩོད་པ་བྱེད་དགོས་པ་ལ་བོད་ཁམས་སུ་ཆོས་བྱུང་བ་ལྔ་བརྒྱའི་ཐ་མ་ལ་བབ་པ་ལས་ཆོ་མ་བྱུང་བས་མུ་སྟེགས་ཀྱི་རྒོལ་བ་ནི་མི་འབྱུང་ན་སངས་རྒྱས་པ་ཉིད་ནང་རྩོད་པ་ཅིག་དུ་འགྱུར། ཆོས་ལ་ཡང་རྐེད་ཉག་ཕག་རེ་འོང༌། བོད་ཁམས་སུ་འཁྲུག་པ་ཆེན་པོ་ཅིག་ཀྱང་འབྱུང་ཞེས་བཀའ་བསྩལ་སྟེ་སྐྱེལ་མི་རྣམས་ལ་ཡུངས་དཀར་པར་གང་གཏད་ནས་ང་ལ་མདའ་འཕེན་པ་རྣམས་ལ་ཐོབ་ཅིག་དང་དོད་འགྲོ་ནུས་པར་འགྱུར་རོ་གསུངས་ནས་སྐྱེལ་མི་མར་ལ་ལྡོག །ད་རེ་ཞིག་མི་ཡུལ་ན་ང་ལ་གདུལ་བྱ་མེད་གསུངས་ནས་ལྷོ་ནུབ་མཚམས་སུ་སྲིན་པོ་འདུལ་དུ་འགྲོ་གསུངས་སྟེ་ཆིབས་ཁ་ནས་འཕུར་ནས་སྤྲིན་གྱི་གསེབ་ན་ཕར་ཆོས་གོས་སྤུར་རེ་གསེག་ཤང་ཁྲོལ་ལེ་བཞུད། སྐྱེལ་མིས་གསུང་བཞིན་དུ་དོང་ཕབས་ཀྱི་གསོད་མི་འབག་བྲིས་པ་བཞིན་སོང་བ་རྣམས་ལ་ཡུངས་དཀར་བཏབ་པ་དང་འགྲོ་ནུས་ཅིང་སྨྲ་ཤེས་པར་གྱུར་ཏོ། །སྐྱེལ་མི་རྣམས་ཕོ་བྲང་དུ་ཕྱིན་ནས་ཇི་སྐད་གསུང་བ་བཞིན་ལོ་རྒྱུས་སྙན་དུ་གསོལ་བས་བཙན་པོ་ཡང་ཐུགས་ལ་རབ་ཏུ་བཅགས་པར་གྱུར་ཏོ། །ཅེས་བྱུང་ངོ༌། །དེས་ན་རྦ་བཞེད་ལས་བསམ་ཡས་ཀྱི་རྨང་མ་བཏིང་བར་སློབ་དཔོན་སྲིན་ཡུལ་དུ་གཤེགས་པ་འདྲ་བ་ཞིག་སྣང་བ་འདི་ནི་སློབ་དཔོན་ཆེན་པོའི་ལོ་རྒྱུས་རྣམས་ཕྱོགས་གཅིག་དུ་བསྡེབས་ནས་བྲིས་པ་ཅིག་ཡིན་པ་སྙམ་སྟེ་བསམ་ཡས་རབ་གནས་ལ་སློབ་དཔོན་ཆེན་པོ་ངེས་པར་བཞུགས་པ་འཁོར་སའི་རི་མོ་ལ་གསལ་བ་དང༌། བཀའ་གཙིགས་ཆེན་མོར། སློབ་དཔོན་པདྨ་འབྱུང་གནས་ཀྱིས། །ལྷ་འདྲེ་ཟིལ་གནོན་ཞེས་པ་བླངས། །ཅེས་བྱུང་ངོ༌། །སྤྱིར་སློབ་དཔོན་ཆེན་པོས་བཙན་པོ་ལ་ནང་གི་སྐྱེད་རྫོགས་སྡེ་གསུམ་བསྟན་ནས་སྨིན་གྲོལ་དུ་མཛད། བཙན་པོས་ཀྱང་བཙུན་མོ་མཁར་ཆེན་བཟའ་འཚོ་རྒྱལ་དབང་ཡོན་དུ་ཕུལ་བས་བློན་པོ་རྣམས་མ་རངས་སྟེ་སྔོན་དུ་བཙུན་མོ་ཕྲོགས་ད་ནི་རྒྱལ་སྲིད་འཕྲོག་(ཇ༨༩ན)


PTT001_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

པར་ངེས་སོ་ཟེར་ནས་སླར་གཤེགས་པར་བགྲོ་བ་ཞིག་བྱུང་བར་སྣང་བས་བློན་པོ་རྣམས་ཀྱིས་ཞུས་པར་སླར་གཤེགས་པ་ལྟར་བྱས་ནས་རྒྱལ་པོ་དང་བཀའ་བགྲོས་སྟེ་བོད་ཀྱི་ཙཱ་རི་ཏྲ་དང་མཁར་ཆུ་ལ་སོགས་པའི་གནས་རྣམས་དང་གཡའ་ཁྲོད་དང་གངས་ཁྲོད་སོགས་མི་མ་ཡིན་གྱི་གནས་རྣམས་སུ་སྤྱན་དྲངས་སྟེ་གཙོ་བོར་མི་མ་ཡིན་གྱི་དོན་མཛད་ནས་སླར་བསམ་ཡས་སུ་གཤེགས་པར་སྣང་ལ་ས་སྐྱ་བླ་མ་དམ་པའི་ཆོས་བྱུང་ལས་ཀྱང་དེ་འདྲ་བར་བཤད་དོ། །ཆོས་དང་བོན་དུ་རྩོད་དེ་བོན་རྣམས་བསྣུབས། །ལྗི་ཞིང་བཙན་པའི་བཀའ་ཡི་འདེམས་ཁ་བོད། །ཀུན་གྱིས་ལྷ་ཁང་མཐར་ཕྱིན་སྒྲུབ་པར་ཞུས། །ས་གཞི་གསེར་གཞོང་གུར་གུམ་བཀང་འདྲ་བར། །ཡོས་བུའི་ལོ་ལ་ལྷ་ཁང་རྨང་བཏིང་ནས། །ཨོ་ཊྱནྤུ་རིའི་གནས་ལ་དཔེ་བླངས་སྟེ། །དབུ་རྩེ་རིགས་གསུམ་དབུས་ཀྱི་རི་རབ་མཆོག །ཕྱོགས་རེར་གླིང་གསུམ་གླིང་བཞི་གླིང་ཕྲན་བརྒྱད། །ཉི་ཟླའི་ཚུལ་དུ་ཡག་ཤ་ལྟག་འོག་གཉིས། །མཐིལ་ཀུན་དཀར་ཞལ་རྒྱ་མཚོའི་རོ་མོ་ཅན། །ཕྱི་རོལ་ཁོར་ཡུག་ཚུལ་དུ་ལྕགས་རིའི་རྩེར། །རིང་བསྲེལ་ཅན་གྱི་མཆོད་རྟེན་སྟོང་རྩ་བརྒྱད། །རི་རབ་ལྷུན་པོའི་རྭ་རྩེའི་ཚུལ་དུ་ནི། །འབྱུང་བའི་ཁ་གནོན་མཆོད་རྟེན་རྣམ་བཞིར་བཅས། །ཕྱི་ལྟར་གླིང་བཞིའི་འཇིག་རྟེན་ཁམས་ཀྱི་ཚུལ། །ནང་ལྟར་ཞིང་ཁམས་ཆེན་པོ་གཅིག་གི་ཚུལ། །གསང་བ་ཕོ་བྲང་དཀྱིལ་འཁོར་ཆེན་པོའི་ཚུལ། །བྱང་ཆུབ་ཕྱོགས་ཆོས་སོ་བདུན་ཡོངས་རྫོགས་པ། །ཛམྦུའི་གླིང་ན་འགྲན་ཟླ་བྲལ་བར་བཞེངས། །རང་བྱུང་མ་ཧཱ་བོ་དྷི་ལ་སོགས་པའི། །རྟེན་རྣམས་མཆོག་གི་སྤྲུལ་སྐུ་དངོས་སུ་བཞུགས། །བཙུན་མོ་གསུམ་གྱིས་ལྷ་ཁང་རེ་རེ་བཞེངས། །སྤྱི་ཡི་བཀའ་སྲུང་གང་འཐད་བགྲོས་པ་ན། །སངས་རྒྱས་གཉིས་པ་པདྨའི་ཞལ་སྔ་ནས། །རྗེ་ལ་ཞལ་(ཇ༨༩བ)


PTT001_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བདུད་ཀྱི་སྤྲུལ་པ་འབྱུང༌། །དམ་ཆོས་བསྣུབས་པའི་དབང་གིས་རྒྱལ་ཁྲིམས་འཇིག །དེ་ཚེ་གནམ་ཐེ་དཀར་པོའི་སྤྲུལ་པ་ཡི། །ཧོར་གྱིས་བོད་ཁམས་དབང་བྱེད་སྡུག་བསྔལ་འགོད། །དེ་བས་ཧོར་གྱི་ཕོ་ལྷ་ཤིང་བྱ་ཅན། །གནམ་ལྷ་བྱང་ཆུབ་སྲུང་མར་བསྐོས་པ་ན། །འཇིག་མི་ནུས་པས་དེ་ཉིད་དགུག་གོ་གསུང༌། །བི་ཧར་གླིང་དུ་རྒྱལ་པོའི་རྟེན་བཅས་སྟེ། །ཏ་ར་ཀླུ་གོང་ལ་སོགས་དམག་དཔུང་གིས། །ཧོར་གྱི་སྒོམ་གྲ་བཅོམ་ནས་རྟེན་རྣམས་ཁྱེར། །ཨོ་ཌྱན་ཆེན་པོ་ཕྱག་རྡོར་དངོས་སུ་བཞེངས། །རྒྱལ་ཆེན་རྣམ་སྲས་བྲན་དུ་བཀོལ་ནས་ནི། །དེ་ཡིས་གནོད་སྦྱིན་དམག་དཔུང་ཀུན་བསྐུལ་སྟེ། །ལྷ་ཡི་དགེ་བསྙེན་བདུད་ཀྱི་དམག་དཔོན་ཆེ། །སྡེ་བརྒྱད་དབང་བྱེད་སྐྱེ་འགྲོའི་དབུགས་ལེན་པ། །བི་ཧར་རྒྱལ་པོ་ལས་མཁན་བཅས་པ་བཀུག །དམ་ལ་བཏགས་སྟེ་ཆོས་འཁོར་གཉེར་དུ་བཏད། །འདི་ཡི་བཀོད་པའི་གསི་ཐང་འབྱུང་བ་ལ། །རྣམ་སྲས་འཇང་ཡུལ་མ་ཞེས་གྲགས་པ་ཡིན། །དེ་ལྟར་ཆོས་འཁོར་ཆེན་པོ་དཔལ་བསམ་ཡས། །མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང༌། །ཡིད་ཀྱིས་དཔག་པར་དཀའ་བའི་བཀོད་པ་ཅན། །འཛམ་གླིང་ཙམ་ན་འགྲན་ཟླ་བྲལ་བ་དེ། །ཡོས་ཀྱི་ལོ་ལ་རྨང་བཏིང་ཡོས་ལོས་འབྱོངས། །ལོ་བསྐོར་གཅིག་གིས་རྫོགས་པར་ཚར་རོ་སྐད། །དེ་ཡང་བསམ་ཡས་ཀྱི་དཀར་ཆག་ཆེན་མོར་གྲགས་པ་རྦ་བཞེད་ལས། དེ་ནས་ཆོས་ཀྱི་འདུན་ས་ནི་བྲག་དམར་མཚོ་མོ་མགུར་དུ་ཕུབ། གསལ་སྣང་ནི་ཆོས་ཀྱི་ཚུགས་དབོན་བླར་བསྐོས་ནས་དུས་དེར་བོན་པོ་དང་བོན་བློན་རྣམས་ཁ་ལོག་སྟེ་ཆོས་མི་བྱེད་བོན་བྱའོ་ཟེར་བས་བོ་དྷི་ས་ཏྭའི་ཞལ་ནས་རྒྱལ་ཁམས་གཅིག་དུ་ཆོས་ལུགས་གཉིས་བྱུང་ན་ཤིན་ཏུ་སྡིག་ཆེ། འོ་ཅག་རྩོད་པ་བྱས་ལ་ཁྱེད་རྒྱལ་ན་ང་འགྲོ་བོན་སྤེལ། ཆོས་རྒྱལ་ན་བོན་བསྣུབས་ལ་དམ་པའི་ལྷ་ཆོས་བྱ་གསུང༌། སླད་ཀྱིས་ཆོས་དང་བོན་འགྲན་པར་ཆད་ན་དེ་ལ་དཔང་པོ་མེད། དེ་ནས་ཕག་གི་ལོ་ལ་ཕོ་བྲང་ཟུར་ཕུད་(ཇ༩༠ན)


PTT001_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བུ་ཚལ་ན་བཞུགས་པའི་ཚེ་ཆོས་ཀྱི་ཁ་འཛིན་ཞང་ཉ་བཟང་དང༌། གཉེར་སྟག་བཙན་གཤོང་གཟིགས་དང༌། སེང་མགོ་ལྷ་ལུང་གཟིགས་དང༌། ཉང་ཤོ་མ་དང་བཞི་བོ་དྷི་ས་ཏྭའི་ཁ་འཛིན་དང་ཤགས་འདེབས་སུ་བསྐོས། བོན་གྱི་ཁ་འཛིན་ངམ་ཏ་ར་ཀླུ་གོང༌། རྩིས་པ་ཆེན་པོ་ཁྱུང་པོ་དུམ་ཚུགས། ཁྱུང་པོ་རྩེ་བ་ཆེ་མི་དང་ཅོག་ལ་སོགས་བསྐོས་སྟེ་རྩོད་པ་ལས་བོན་ཁུངས་ངན་ལ་གཏན་ཚིགས་ཆུང༌། ལྷ་ཆོས་ཁུངས་བཟང་ལ་གཏན་ཚིགས་རྒྱ་ཆེ་ཟབ་ལ་གཏིང་རིང་གཤགས་བཟང་ལ་རྣོ་སྟེ་མ་ཐུབ་ནས་འཕན་ཡུལ་གྱི་བྱི་བོན་པོས་བསྒྱུར་བའི་གཤིན་ཁུགས་པ་ཐམས་ཅད་ཀྱང་བསེ་རགས་སུ་གྱུར་པས་ཕྱིན་ཆད་བོན་དགྱིད་དུ་མི་གནང་བར་ཆད། གཤིན་གྱི་ཕྱིར་གནག་རྟ་དང་སྲོག་ཆགས་གསོད་པ་དང་ཤ་འདེབས་སུ་མི་གནང༌། རྗེའི་སྐུ་རིམ་དང་བར་ཆད་སེལ་བ་ལ་འདྲེ་སྲིན་ལ་དུས་བོན་རེ་བྱེད་ན་ཚེ་མི་དང་ཞང་ཞུང་མ་གཏོགས་གཞན་དགྱིད་དུ་མི་གནང་བར་བཅང་སྟེ་བོན་གྱི་དཔེ་ཀུན་ཆུ་ལ་བསྐུར་ལྷག་མ་ཕྱིས་མཆོད་རྟེན་ནག་པོར་མནན་ནོ། །དེ་ནས་སླན་ཆད་ཆོས་བྱ་བ་དང་ལྷ་ཁང་རྩིག་པར་ཆད་པ་དང༌། བློན་པོ་མགོས་བཤུམས་པ་ལ་བཙན་པོས་བཀའ་བསྩལ་པ། ཁྱོད་ལྷ་ཆོས་བྱ་ཞིང་ལྷ་ཁང་རྩིག་པར་མི་དགའ་འམ། བློན་པོས་གསོལ་པ། ལྷ་ཆོས་ནི་བཟང་ན་ང་ཚོས་བྱེད་ཡོང་རྩ་ན་རྒས་གཏུགས་པས་མི་ལེན་སྟེ་བློ་བ་ལ་བཅགས་མོད། རྗེ་ལྷ་གཅིག་དམ་ཆོས། དེ་ཡང་གཏིང་རེ་ཟབ། མོན་བུ་དེ་ཡང་སྨྲ་རེ་མཁས། ཅེས་གསོལ་བ་དང་འོ་ན་བློན་ཆེན་འོར་ཆེ་གསུངས་ནས་ཤོ་ལ་གེས་སོ། །དེ་ནས་ཤཱཀྱ་མུ་ནི་སླར་མང་ཡུལ་ནས་སྤྱན་དྲང་བར་བྱས་སྟེ་རྟ་པ་གཅིག་གིས་པང་དུ་བླངས་ནས་སྤྱན་དྲངས་སྟེ་ར་མོ་ཆེར་བཞུགས་སོ། །དེ་ནས་ཡོས་བུའི་ལོའི་དཔྱིད་བསམ་ཡས་ཀྱི་རྨང་འདིངས་པར་ཆད་ཙམ་ན་གསལ་སྣང་གིས་བླའི་གཙུག་ལག་ཁང་མ་བརྩིགས་པར་སླས་ཀྱི་ལྷ་ཁང་བཞེངས་སུ་གསོལ། རྦ་ཕ་ཚན་བོན་དགྱིད་དུ་མི་གནང་བར་ཆོས་ལ་བཀོད། རྦ་ལྷ་གཟིགས་ཀྱིས་གྲོགས་པོ་ཉང་རོ་ཀོང་གི་དགེ་བའི་བཤེས་གཉེན་བྱས་ནས་ཆོས་བསླབས་དགེ་བསྙེན་གྱི་ཁྲིམས་ལྔ་ཕོག །(ཇ༩༠བ)


PTT001_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཉང་རོ་ཀོང་གིས་ཀྱང་ཕ་ཚན་ཕུ་ནུའི་དགེ་བའི་བཤེས་གཉེན་བྱས་སྟེ་ཉང་རིལ་དཀར་པོར་བསྒྱུར། དེ་ནས་ཡོས་བུའི་ལོ་དེ་ཉིད་ལ་བསམ་ཡས་རྩིག་པར་ཆད་དེ་བཀའ་བགྲོས་པ་ལས་བློན་པོ་མགོས་ཀྱི་མཆིད་ནས། རྗེ་གཅིག་ལགས་ཐབས་ཀྱིས་མ་མཛད་ན་བོད་འབངས་ཁ་ལོག་ནས་ཆོས་བགྱིར་མི་བཏུབ་ཐུགས་དམ་བཞེང་བའང་མི་འགྲུབ་པས་གདམ་ཀ་བོར་བ་ཞིག་བགྱི་བར་མཆི་ཞེས་ལྐོག་དུ་ཆད་ནས་བོད་འབངས་ཀུན་ཚོགས་སྟེ་འདུས་པ་ན་རྗེས་བཀའ་བསྩལ་བ། ཛམྦུ་གླིང་ན་བོད་ཀྱི་རྒྱལ་པོ་ཆེ། བོད་ཀྱི་རྒྱལ་པོ་ལ་ང་བས་ཆེ་བ་ནི་སྔར་མ་བྱུང་ན་ང་ལ་ཕྱག་རིས་མེད་པས་ད་ང་ཕྱག་རིས་ཆེ་བ་ཞིག་བྱེད་པས་ཁྱེད་བོད་འབངས་མཛངས་པ་རྣམས་གླེངས་ཅེས་གསུང་པས་བློན་ཆེན་མགོས་རྒན་ན་རེ། རྗེའི་བཀའ་བསྩལ་ནི་འདུད་པས་གཉན། ཁྲིམས་ཀྱི་ལ་རྩེ་ནི་དགུང་བས་མཐོ། ཕྱག་རྗེས་གང་མཛད་པ་བཀའ་ལུང་ཞུའོ་ཞེས་གསོལ་བ་དང་རྗེའི་ཞལ་ནས་ངའི་མཁར་པོ་ཆེ་ཞང་པོ་རྒྱའི་ཡུལ་མཐོང་བ་ཞིག་རྩིག་གམ། ཤེལ་གྱི་མཆོད་རྟེན་ཤར་རི་ཙམ་པ་ཅིག་རྩིག་གམ། ཝ་ལུང་གྲོག་པོ་གསེར་ཕྱེས་འགེངས་སམ། ཧས་པོ་རི་ཟངས་ཀྱིས་བཏུམས་ནས་གཟེར་མགོ་ཐམས་ཅད་ནང་དུ་བསྟན་པ་ཅིག་བྱའམ། གཙང་པོ་འདི་ཟངས་ཀྱི་སྦུབས་སུ་བཅུག་ལ་འཕྱོང་དུ་རུང་བ་ཞིག་བྱའམ། ཀ་ཆུའི་ཐང་ལ་ཁྲོན་པ་འདོམ་དགུ་བརྒྱ་དང་དགུ་བཅུ་རྩ་གཅིག་པ་འབྲུའམ། ལྷ་ཁང་བྲེ་ཙམ་པ་ཅིག་རྩིག་གམ་དེ་རྣམས་གང་བྱེད་འདོམས་ཤིག་ཅེས་བཀའ་བསྩལ་བས་རྗེའི་བཀའ་ལུང་ཆེ་ལ་སྒྲུབ་དཀའ་བས་གདམ་ཀ་གང་ཡང་ཁས་ལེན་པར་མ་ཕོད་དེ་འབངས་ཀུན་བྲེད་པ་དང༌། ཞང་ཉ་བཟང་ན་རེ། རྗེ་གཅིག་ལགས་མཁར་པོ་ཆེ་དེ་ལྟ་བུ་འཕྲོས་ན་འཇིག་ཆེ་ན་མི་འབྱོངས། ཤེལ་རིན་པོ་ཆེ་དཀའ་བས་མཆོད་རྟེན་དེ་ཙམ་ཡང་མི་འབྱོངས། ཝ་ལུང་གྲོག་པོ་གསེར་ཕྱེ་བས་བྱེ་མས་ཀྱང་མི་ཁེངས། ཧས་པོ་རི་བཟར་བུ་ཚུན་ཟངས་སུ་སོང་ཡང་མི་འཐུམས། གཙང་པོ་སྦུབས་སུ་དགུན་ཆུད་ཀྱང་དབྱར་འཁྱེར། ཀ་ཆུའི་ཐང་ལ་ཁྲོན་(ཇ༩༡ན)


PTT001_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདོམ་གང་བྲུས་པས་ཆུ་རྡོལ་འོང་ན་དགུ་བརྒྱ་དང་དགུ་བཅུ་རྩ་གཅིག་ཇི་ལྟར་བྲུ། ལྷ་ཁང་བྲེ་ཙམ་པ་ཅིག་བྱ། དེ་ལས་འོས་ཅང་གདའ་འམ་ཟེར། བོད་འབངས་དགའ་ནས་དེ་ལ་འོར་ཆེ་བཏབ། ཏ་ར་ཀླུ་གོང་ཆོས་ལ་གནག་པས་སྦ་ལྕག་ས་ལ་བརྡབས་ནས་ལྷ་ཁང་རྩིག་པ་དེ་ཆོས་ཡིན་པས་ང་མི་དགའ་ངེད་རང་བོན་བྱ་ཟེར་བས། རྗེའི་ཞལ་ནས་ངའི་བཀའ་གཅོག་པ་ཏ་ར་བྱང་དུ་སྤྱུགས་ཅིག་གསུང་བས་འབངས་སྒབ་མི་གཉིས་ཀྱིས་རྩྭ་ཐག་གིས་བཏགས་སྟེ་ཚེར་ལྕག་གིས་འབྲབ་ཅིང་བྱང་དུ་སྤྱུགས་སོ། །དེས་འབངས་ཀུན་བྲེད་ནས་ཅང་མི་ཟེར་རོ། །དེ་ནས་ལྷ་ཁང་གི་ས་བརྟག་པའི་ཕྱིར་མཁན་པོ་དང༌། བཙན་པོ་དང༌། གསལ་སྣང་དང༌། གཉེར་གདོང་གཟིགས་སྟེ་བཞིས་ཧས་པོ་རིའི་རྩེར་ཕྱིན་སྟེ་བལྟས་པ་ལས། དེ་ཙམ་ལ་བསམ་ཡས་ཀྱི་གཞི་དེ་སྐྱ་བ་ཐོར་རེ་བ་རྩི་སྐྱ་ཅན་འཇག་སྐྱ་ཕྱོད་དེ་མཆིས་པ་ལས་གོང་བཅད་དེ་སློབ་དཔོན་གྱིས་ས་དཔྱད་མཛད་པ་ནི། ཤར་རི་རྒྱལ་པོ་གདན་ལ་བཞུགས་པ་འདྲ། ཧས་པོ་རི་བཙུན་མོ་དར་དཀར་གྱི་གོ་ཟུ་གྱོན་པ་འདྲ། རི་ནག་ལྕགས་ཕུར་བཏབ་པ་འདྲ། མེ་ཡར་དྲེའུ་ཆུ་འཐུང་བ་འདྲ་བས་བཟང༌། ས་གཞི་འདི་འཁར་གཞོང་གུར་གུམ་གྱིས་བཀང་བ་འདྲ་བས་ཐུགས་དམ་འདིར་བཞེངས་ན་བཟང་བར་ལུང་བསྟན། ཕྱག་འཁར་གྱིས་ཕྱག་བྲིས་མཛད། ཆིབས་བྲེས་ཀྱི་ར་བ་ཞིག་རྩིག་ཞེས་བསྙད་བཏགས་ནས་རྩྭའི་སྤྱི་བོ་བསྡུས་སྟེ་མདུད་པས་ཐོ་ཡོར་ལྟར་བསྐོར་ནས་ཕྱི་ར་སྔོན་ལ་བརྩིགས་ཅེས་བྱུང་ངོ༌། །རྒྱལ་རབས་གཞན་ལས་རྒྱའི་རྩིས་མཁན་གྱིས་སའི་དཔྱད་འདི་བྱས་པར་ཡང་བཤད་ལ། བཙན་པོས་ལྕགས་རི་ལ་ང་རང་གི་མདའ་རྒྱང་གང་བྱེད་གསུང་བ་ལ་བློན་པོ་རྣམས་ཀྱིས་དེ་ནི་ཕལ་པའི་མདའ་རྒྱང་གསུམ་ལས་རིང་བས་མདའ་དེ་བློན་པོའི་མདའ་ལ་མཛད་པར་ཞུ་དགོས་ཞེས་མདའི་ནང་དངུལ་ཆུས་བཀང་སྟེ་ཕུལ་བ་འཕངས་པས་སྔར་གྱི་སུམ་ཆ་ཙམ་དུ་ལུས། བློན་པོའི་འཕྲུལ་དུ་མཁྱེན་ནས་བོད་ཀྱི་བསོད་ནམས་ལ་དེ་བས་མ་ཤོང་གསུང་སྟེ་ཕལ་པའི་མདའ་རྒྱང་ཕྱེད་དང་(ཇ༩༡བ)


PTT001_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལོགས་རེ་ལ་ཡོད་དོ། །ཐོག་མར་ས་ཕུད་རྡོ་ཕུད་ཡེར་པར་ཕུལ་སྟེ་མཆོད་རྟེན་བཞེངས། ལྷ་སར་ས་ཕུད་ལ་འཕྲུལ་སྣང་གི་གཙང་ཁང་དབུས་མའི་སྒོ་སྲུང་རྒྱལ་ཆེན་བཞི་བྱས། ཤིང་གི་ཕུད་ལས་སྒོ་མོ་ཆེ་རྟ་བབས་ཀྱིས་བརྒྱན་པ་ཕུལ་ལོ། །བརྩིགས་ཚུལ་དངོས་ནི་རྦ་བཞེད་ལས། དེ་ལྟར་ས་བརྟག་པའི་ཆོ་ག་བགྱིས། དེ་ནས་ས་ཆོག་བྱས་སྟེ་ཡ་རབས་ཞང་བློན་གྱི་བུ་ཚ་ཕ་མ་མེས་ཕྱི་ཚང་བ་བཞི་བཙན་པོ་དང་ལྔའི་བཙན་པོས་གསེར་གྱི་ནན་རི་གསོལ་གསེར་གྱི་འབྱོར་ཕྱག་དུ་བསྣམས། བུ་ཚ་རྣམས་རྒྱན་གྱིས་བརྒྱན་སྟེ་རིན་པོ་ཆེའི་སྣོད་དུ་སྦོག་སྔོན་འཚལ་ཁ་རྒྱགས་སྨྲ་ཞིང་ཐིག་འཐེན། བཙན་པོས་ཐེབས་གསུམ་བརྐོས། དེ་ནས་བུ་ཚ་བཞིས་རེ་མོས་ཀྱིས་བརྐོས། ཁྲུ་གང་གྲུ་བཞིར་ཕྱིན་པ་དང་འབྲས་དཀར་མོ་དང་ནས་དཀར་མོ་ཕུལ་དོ་ཙམ་མ་འདྲེས་པར་འདུག་གྲམ་པ་དང་གྱོ་མོ་སོགས་ནི་མ་བྱུང༌། ས་ཞག་སྐྱ་ནར་ཞིག་བྱུང་ནས་འབྱོར་བཞག །དེ་ལ་བོ་དྷི་ས་ཏྭ་རབ་ཏུ་དགྱེས་སྟེ་བཙན་པོའི་དབུ་ལ་བྱུགས་སྟེ་ཕ་ལ་ཕ་ལ་སིདྡྷི་སིདྡྷི་གསུངས། དེ་བཙན་པོས་མ་གོ་ནས་ལོ་ཙཱ་བ་ལ་དྲིས་པས་བཟང་ངོ་བཟང་ངོ་གྲུབ་པོ་གྲུབ་པོ་གསུངས་ཟེར། གཞན་ཡང་བགེགས་མནན་དགོས་གསུངས་སྟེ་མཆོད་རྟེན་བཞིའི་བླ་ཕུར་བཏབ། དེ་ནས་རྨང་འདིངས་པར་ཞུས་པས་སློབ་དཔོན་གྱི་ཞལ་ནས། རྒྱལ་པོ་ཁྱེད་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡང་ཇོ་མོ་སྒྲོལ་མ་ལས་བསྐྱེད་པ་ཡིན། མཐར་སངས་རྒྱས་ནས་རྡོ་རྗེའི་གདན་དུ་ཆོས་འཁོར་བསྐོར་བར་བསྐུལ་བ་ཡང་ཇོ་མོ་སྒྲོལ་མས་བྱེད། ད་ལྟ་ཐུགས་དམ་བཞེང་པའི་བར་ཆད་ཀྱང་ཇོ་མོ་སྒྲོལ་མས་སེལ་བ་ཡིན་པས་སྔོན་ལ་ཇོ་མོའི་སྒྲུབ་ཁང་རྩིགས་ཅིག་པར་ལུང་ཕོག་སྟེ་རྒྱལ་པོས་ཀྱང་ཐོག་མར་ལྷོ་ངོས་སུ་ཨཱརྻ་པ་ལོའི་གླིང་བརྩིགས་སྟེ་ཐོག་ཕུབ་པ་དང༌། སློབ་དཔོན་ཁང་པ་ལེགས་སྟེ་གཟུགས་མཁན་མེད་ཅེས་བཙན་པོས་གཡོལ་བས་ཡོ་བྱད་སོགས་ཅིག་གཟུགས་མཁན་འོང་གིས་གསུང༌། ཧེན་ཁང་བི་ཧར་ན་ཚུར་ལ་རྒྱ་མཚལ་བུ་ཅན་ནམ་རྒྱ་མཚལ་ན་མཁན་ཡང་ཟེར་བ་ཞིག་ཚོན་རྩིའི་ཀོང་བུ་ཀོང་ཙེ་གང་(ཇ༩༢ན)


PTT001_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཁུར་པིར་ཆགས་གཅིག་ཐོགས་སྟེ་འཇིམ་གཟུགས་དང་རི་མོ་བྱེད་པ་ལ་འཛམྦུ་གླིང་ན་ང་མཁས་སྟེ་བོད་ཀྱི་རྒྱལ་པོ་ལྷ་ཁང་རྩིག་ཟེར་ན་ངས་གཟུགས་ཤེས་ཟེར་བ་དེ་བཀུག་ནས་ལྷ་བཟོ་ན་རེ་ལྷ་རྒྱ་གར་དང་རྒྱའི་ལུགས་གང་བགྱི་ཟེར། གྲོས་བགྱིས་པས་མཁན་པོའི་ཞལ་ནས་སངས་རྒྱས་རྒྱ་གར་དུ་བྱོན་པ་ཡིན་པས་རྒྱ་གར་ལུགས་སུ་གྱིས་གསུང༌། བཙན་པོའི་ཞལ་ནས་བོད་ཀྱི་ལུགས་སུ་བགྱིས་ན་བོད་ནག་པོ་ལ་ཞེན་པ་རྣམས་དད་པ་སྐྱེད་རེ་བ་ལགས་པས་ལྷ་བོད་ལུགས་སུ་བྱ་བར་ཅི་གནང་ཞེས་ཞུས་པས་འོ་ན་བོད་འབངས་ཀུན་བསྡུས་ཅིག་བོད་ལུགས་སུ་བྱའོ་གསུངས། བོད་མིའི་གཟུགས་སུ་དགྱིད་པའི་དཔེ་བོད་འབངས་ཚོགས་པ་ལས་དེའི་ནང་ནས་གཟུགས་བཟང་བ་ཁུ་སྟག་ཚབ་ལ་དཔེ་བགྱིས་སྟེ་གཙོ་བོ་ཨརྻ་པ་ལོ་ཁརྶ་པཱ་ཎི་བཞེངས། ཐང་བཟང་སྟག་ལོད་ལ་དཔེ་བྱས་སྟེ་ཡི་གེ་དྲུག་པ་གཡས་སུ་བྱས། རྨ་གསང་ཀོང་ལ་དཔེ་བྱས་སྟེ་རྟ་མགྲིན་སྒོ་སྲུང་དུ་བྱས། ལྷ་མོའི་དཔེ་བུད་མེད་ལ་མཛེས་པ་ཅོག་རོ་བཟའ་ལྷ་བུ་སྨན་ལ་དཔེ་བགྱིས་སྟེ་སྒྲོལ་མ་གཡས་སུ་བྱས། ཅོག་རོ་བཟའ་ནུ་ཆུང་ལ་དཔེ་བྱས་སྟེ་འོད་ཟེར་ཅན་མ་གཡོན་དུ་བྱས། ལྷ་ཀུན་ཆར་ནས་ཡོ་བྱད་སྟ་གོན་མཛད་དེ་ཉི་ཤུ་དགུའི་གདུགས་ལ་ཞལ་སྲོས་པའི་ཚེ་སློབ་དཔོན་གྱིས་མཆོད་པ་བཤམས་དེ་ནམ་སྲོས་པ་དང་ལྷ་ཁང་གི་སྟེང་ཨཱརྻ་པ་ལོའི་ཐོག་ནས་འོད་ཉི་མ་ཤར་བ་ཙམ་ཞིག་ཇེ་ཆེ་ཇེ་ཆེར་གྱུར་ནས་བྲག་དམར་ཕུ་མདའ་འོད་ཀྱིས་ཁྱབ། དེའི་རྒྱུ་ཞུས་པས་མཁན་པོའི་ཞལ་ནས་ཨ་མི་ཏཱ་བྷས་བོད་ལ་དགོངས་པའི་འོད་ཡིན་པས་སང་ཉིན་ལྷ་ཁང་དབུས་ཀྱི་སྟེང་དུ་ཨ་མི་ཏཱ་བྷའི་ལྷ་ཁང་ཡང་ཐོག་ཞིག་རྩིག་དགོས་གསུང་ནས་ཨ་མི་ཏཱ་བྷ་གཙོ་འཁོར་ལྔའི་ལྷ་ཁང་ཞིག་མོད་ལ་བརྩིགས་སྟེ་ཞལ་བསྲོས། ཨཱརྻ་པ་ལོའི་ཞལ་སྲོ་ཆེན་མོ་མཛད་པའི་ཚེ་གཟུགས་མཁན་ལ་བྱ་དགའ་བསྩལ་བར་བགྱིས་སྟེ་བེག་ཙེ་ཡང་དར་ལས་བྱས་པ་གཉིས་བཏིང་བས་གཟུགས་མཁན་གར་སོང་གཏོལ་མ་མཆིས་སྟེ་སྤྲུལ་པ་ཡིན་པ་འདྲ་ཞེས་སོ། །དེ་ནས་མཁན་པོའི་ཞལ་ནས་བཙན་པོ་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ཇོ་མོ་སྒྲོལ་(ཇ༩༢བ)


PTT001_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པས་ཐོག་མར་སྒྲོལ་མ་ལ་གསོལ་བ་ཐོབ་བསྙེན་པ་གྱིས་ཅིག་གསུངས། སློབ་དཔོན་ལས་ལུང་ནོད་ནས་ཨཱརྻ་པ་ལོའི་གླིང་དུ་བསྒོམས་པས་རྟ་མགྲིན་གྱི་སྐུས་རྟ་སྐད་ཉིན་མཚན་ལན་གསུམ་དུ་ཕྱུང་བ་རྩེ་རྒོད་རྣམས་དང་ཞམ་རིང་ནང་པ་དང་ལྷ་ཁང་སྲུང་བ་ཀུན་གྱིས་ཐོས། སློབ་དཔོན་གྱི་ཞལ་ནས་རྒྱལ་པོས་གྲུབ་པ་བརྙེས་སྟེ་རྟ་མགྲིན་གྱིས་རྟ་སྐད་ལན་གསུམ་དུ་བཏོན་པ་དེ་ཛམྦུའི་གླིང་སུམ་གཉིས་སུ་ཐོས་སྟེ་རྒྱལ་པོའི་ཆབ་སྲིད་མངའ་རིས་ཀྱང་དེ་ཙམ་མོ་གསུང༌། དེ་ནས་ཡོས་བུའི་ལོ་ལ་དབུ་རྩེའི་རྨང་འདིངས་པར་ཞུས་པས་སློབ་དཔོན་གྱི་ཞལ་ནས་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པ་ཛམྦུ་གླིང་ན་བྱིན་རླབས་ཆེ་བ་ཞིག་བྱེད་པས་མདོ་སྡེ་འདུལ་བ་མངོན་པ་སྟེ་མཚན་ཉིད་ཀྱི་སྡེ་སྣོད་ཐམས་ཅད་དང་གསང་སྔགས་ཀྱི་རྒྱུད་སྡེ་ཀུན་དང་མཐུན་ཞིང་མི་འགལ་བ་འགྲན་གྱི་དོ་མེད་ཅིག་བགྱི་འཚལ་གསུངས། སློབ་དཔོན་གྱིས་དེ་ལྟ་བུ་མཁྱེན་ཏམ་ཞུས་པས་ངས་ཤེས་སྟེ་དེ་ལྟ་བུ་ཞིག་ཨོ་ཏྱནྟ་པུ་རི་ན་ཡོད། དེ་ཅི་འདྲ་ཞུས་པས་དེ་ནི་སྔོན་མུ་སྟེགས་ཀྱི་རིག་འཛིན་སྒྲུབ་པ་པོས་རོ་སྒྲུབ་བྱེད་པ་ལ་དངོས་སྒྲུབ་ལེན་པའི་སྒྲུབ་གཡོག་མཚན་རྟགས་དང་ལྡན་པ་ཅིག་ཀུན་དུ་བཙལ་པས་མ་རྙེད་པ་ལ་མ་ག་དྷའི་དགེ་སློང་སྒྲུབ་པ་པོ་ལ་ཉེ་གནས་ཅིག་ཡོད་པ་དེ་དེའི་མཚན་རྟགས་དང་ལྡན་ནས་དགེ་སློང་ལ་གསེར་གྱི་མཎྜལ་ཉེ་འུ་བཀྲམ་པ་ཡང་ཡང་ཕུལ་བས་ཁྱོད་ང་ལས་གདམས་ངག་ནོད་དམ་ཟེར། རིག་འཛིན་གྱིས་སྨྲས་པ། ཁྱོད་ཀྱི་ཉེ་གནས་དཔའ་པོའི་རྟགས་ཅན་ཞུའོ་བྱས་པས་དེས་དེ་ལ་ཕུལ་ལོ། །དེ་ནས་སྒྲུབ་ཁང་དུ་ཕྱིན་པ་དང་རོ་སོག་ཕོན་ཙམ་པ་ཅིག་དཀྱིལ་འཁོར་གྱི་སྟེང་ན་འདུག་གོ །དགེ་ཚུལ་ཁྱོད་རོ་ལ་དཔའ་བའི་རྟགས་ཡོད་པས་མ་འཇིགས་པར་དེའི་ལྕེ་ཆོད་ཅིག་ལྕེ་དེ་གསེར་གྱི་རལ་གྲིར་སོང་བ་དེ་གར་གཏད་སར་འགྲོ་ནུས་པ་ཡིན་སྟེ་ང་འོག་མིན་དུ་རིག་འཛིན་སྒྲུབ་ཏུ་འགྲོ་བ་ཡིན། རོ་གསེར་དུ་གྱུར་པ་དེ་ཁྱོད་ལ་རྔན་པར་སྦྱིན་ནོ་ཟེར་ནས་དེས་མཉམ་པར་བཞག་དགེ་ཚུལ་རོ་ལ་ཞོན་ནས་ལྕེ་གཅོད་དུ་བཅུག་པ་དང་རོ་འགུལ་ཞིང་མིག་འཕྲུལ་ཁ་ཏབ་ཏབ་བྱེད་པ་དང་ལྕེ་དར་ཤམ་ཙམ་(ཇ༩༣ན)


PTT001_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཉུག་ཉུག་བྱུང་བ་ལན་གཉིས་སུ་མ་ཟིན་པ་དང༌། ད་རེས་ལྕེ་མ་ཟིན་ན་དང་པོར་ངེད་རང་གཉིས་གསོད། དེ་ནས་སྟོང་གསུམ་གྱི་སེམས་ཅན་གསོད་དུ་འོང་བ་བསྒྲིམས་ལ་ཆོད་ཅིག་ཟེར། དེ་ནས་རོ་དང་ཁ་སྤྲད་དེ་བསྒྲིམས་པ་དང་སོས་ལྕེ་ཟིན་ནས་བཅད་པ་དང་རལ་གྲིར་གྱུར་ནས་ན་མཁའ་ལ་གཡུགས་པས་དགེ་ཚུལ་ན་མཁའ་ལ་འཕུར་བ་ལ་རིག་འཛིན་ན་རེ་ཁྱོད་ནང་པ་སངས་རྒྱས་པ་ལ་ཕམ་པ་འོང་བ་ཡིན་པས་རལ་གྲི་འདི་ང་དཔང་ན་མར་ལ་ཤོག་ཞིག་ཟེར། དེ་ལྟ་ཡིན་མོད་ངས་ལྟད་མོ་ལྟ་ཡིས་ཟེར་ནས་རི་རབ་ཀྱི་ཁར་སོང༌། གླིང་བཞི་རི་རབ་ཉི་ཟླ་གཟའ་སྐར་ལྕོག་བཞི་སུམ་བཅུ་རྩ་གསུམ་བཀོད་པ་དང་བཅས་པ་བལྟས་པས་ལེགས་པར་མཐོང༌། དེ་ནས་མར་འཛམ་གླིང་ངོས་སུ་རལ་གྲི་གཡུགས་པས་རིག་འཛིན་གྱི་དྲུང་དུ་བྱུང༌། རིག་འཛིན་ན་རེ་རོ་ལས་གསེར་དུ་གྲུབ་པ་འདི་དགེ་ཚུལ་ཁྱོད་གྱིས་ཅིག །འདིས་དགེ་སློང་ལྔ་བརྒྱའི་འཚོ་བ་ལྡེང་སྟེ་རུས་པ་ལ་མ་བཅད་ཅིག །བཅད་ན་ལོག་འཚོར་འགྱུར་སྟེ་ཕྱིས་མི་སྐྱེའོ། །གཞན་དུ་ན་བཅད་ཀྱང་ནུབ་མོ་སྐྱེའོ། །ཞེས་ཟེར་སྟེ་རལ་གྲི་གཡུགས་ནས་འོག་མིན་དུ་སོང་ངོ༌། །དགེ་ཚུལ་དེས་སློབ་དཔོན་ལ་སྨྲས་པས་འོ་ན་དགེ་སློང་ལྔ་བརྒྱའི་བཞུགས་གནས་གཙུག་ལག་ཁང་ཞིག་དགོས་པས་མགོན་པོ་ལ་ས་གཞི་ཞུ་བའི་གཏོར་མ་བྱའོ་ཟེར་ནས་བ་ལིམ་བྱས་པས་བྱ་རོག་གིས་ཁྱེར་ནས་མཚོ་ཞིག་གི་དཀྱིལ་ན་དེའུ་ཡོད་པའི་ཁར་བཞག་གོ །དེ་འུ་དེའི་ཁར་གཙུག་ལག་ཁང་བརྩིགས་སྟེ་གླིང་བཞི་རི་རབ་གླིང་ཕྲན་ཉི་ཟླ་དང་བཅས་པ་ལ་དཔེ་བྱས་ནས་བཞེངས་པའི་གཙུག་ལག་ཁང་ཨོ་ཏྱནྟ་པུ་རི་བྱ་བ་ཡོད། དེ་ལ་དཔེ་བྱའོ་གསུང་ངོ༌། །དེ་ནས་སྟོད་བལ་ཡུལ་ནས་གཟུགས་མཁན་དང་ཕྱ་མཁན་བཀུག་སྟེ་ས་བརྟག་པའི་ཆོ་ག་སྔར་བགྱིས་པ་ལས་ཡང་ལན་གཅིག་བྱས་པའི་ཚེ་ཤར་རི་ཧས་པོ་རི་ནས་ཕ་བང་དྲངས་སྟེ་གཞི་དབུ་རྩེའི་རྨང་བཏིང༌། ས་ཡར་(ཇ༩༣བ)


PTT001_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ལུངས་གད་པ་ཐོག་ནས་བླངས། ཤིང་ཤུག་པ་དང་ཙནྡན་ལས་བྱས་སྟེ་བརྩིགས་ནས་ཁང་པ་ནི་ཚར། སྐུ་གཟུགས་ཅི་ལྟ་བ་ཞིག་བགྱི་དགོངས་པ་ལས་བཙན་པོ་མནལ་བའི་རྨང་ལམ་དུ་མི་དཀར་པོ་ཅིག་ན་རེ། རྒྱལ་པོ་ཁྱོད་སངས་རྒྱས་ཀྱི་སྐུ་གཟུགས་ཅི་ལས་བྱ་བར་སེམས་ཟེར་སློབ་དཔོན་ལ་འདྲི་བྱས་པས། དེ་ན་རེ་ས་གཞི་འདི་ཇོ་མོ་སྒྲོལ་མས་བྱིན་གྱིས་བརླབས་ཏཱ་རེ་དངོས་ཀྱིས་ཞབས་ཀྱིས་བཅགས་པ་ཡིན། ཧས་པོ་རིའི་རྩེ་མོ་ལ་ཤཱཀྱ་ཐུབ་པ་གཙོ་འཁོར་བཅུ་གསུམ་སྔོན་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པ་ཡོད་ཀྱིས་དེ་སྤྱན་དྲོངས་ལ་གྱིས་ཟེར། དེ་ག་ན་ཡོད་སྟོན་དང་བྱས་པས་བ་དམར་པོ་འབུས་འདེབས་པའི་ས་ན་ཡོད། འདོང་ཞེས་ཁྲིད་དེ་ཧས་པོ་རིར་ཕྱིན་པ་དང་བྲག་ཀུན་བལྟར་བཅུག་ནས་འདི་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འདི་དང་འདི་ཞེས་ཀུན་གྱི་མཚན་ཡང་སྨོས་ནས་ལྷ་བཅུ་དགུ་འདུག་ཁྲོ་བོ་དང་བཅས་པ་ཀུན་བསྟན་སྟེ་རྒྱལ་པོ་དགྱེས་ཆེས་ནས་ཧེ་ཧེ་བྱས་པས་མནལ་སད་དེ་རྨི་ལམ་དུ་རེད་ནས་ནམ་ནངས་མ་ཐོག་དུ་བློན་པོ་གནོན་ཁམས་ཁྲིད་དེ་རྨང་ལམ་དུ་བསྟན་པའི་ས་དེར་གཤེགས་སྟེ་གཟིགས་པ་དང་ཅི་ཡང་མི་འདུག་འདི་ན་འདུག་པ་ཡིན་པ་ལ་བྱས་སྟེ་བཙན་པོས་བྱེ་མ་ལ་ཞབས་སུག་བྱས་པས་རྡེ་འུ་བྱ་མཆུ་ཙམ་ཞིག་འདུག་གོ །དེ་བསལ་བས་རྡོ་སྒུ་ཐེའུའི་རྗེས་མེད་པ་གཙུག་ཏོར་ནག་པོ་ལྡེམ་མེ་བ་སྤྱན་ཁྲ་ཧྲིག་གེ་བའི་བྱང་ཆུབ་ཆེན་པོ་ཅིག་གདའ། རྨང་ལམ་དུ་བྱུང་བ་དང་མཐུན་པར་བྲག་ལ་འོལ་བྱི་ཙམ་གདའ་བས་དགྱེས་ཆེས་ནས་བལ་པོ་རྡོ་མཁན་འགུགས་སུ་བཏང༌། སྐུ་གཟུགས་དེ་ཉིད་དུ་བགྱིས་ནས་ཤིང་རྟ་ལ་བཞག་པའི་ཚེ་ས་ལན་གཅིག་གཡོས། དྲི་གཙང་ཁང་གི་ནང་དུ་ཕྱིན་པའི་ཚེ་ས་ལན་གཅིག་གཡོས། དེ་ནས་ཁྲི་ལ་བཞུགས་པ་དང་བཙན་པོ་དགྱེས་སྟེ་མན་དྷི་དང་གསེར་རྐ་གསོལ་ན་བཟའ་དང་རྒྱལ་པོ་ཉིད་ཀྱི་གསེར་གྱི་རྐ་རགས་སྐུ་ལ་བཅིངས་སོ། །དེའི་སྟེང་འཇིམ་པས་གཡོགས། གཟུགས་མཁན་ན་རེ་བཙན་པོའི་ལྷ་ཁང་དང་སྦྱར་ན་(ཇ༩༤ན)


PTT001_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཆུང་ཟེར་ནས་འཇག་མ་བཀྲིས་ནས་གཡོགས་འདག་བ་བྱུགས། དེ་ལ་གསེར་གྱི་གྱིམ་བག་གསོལ་ནས་བཞག་གོ །རྒྱུ་རྡོ་ལས་བྱས་གཟོ་གོང་ལུགས་སུ་བྱས་པ་ལྷོ་ངོས་ཀྱི་གཡས་གྲལ་ལ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ། བྱམས་པ། སྤྱན་རས་གཟིགས། སའི་སྙིང་པོ། དགའ་བའི་དཔལ། ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་དང་དྲུག་གོ །བྱང་ངོས་གཡོན་གྲལ་ལ་ཀུན་བཟང༌། ཕྱག་རྡོར། འཇམ་དཔལ། སྒྲིབ་པ་རྣམ་སེལ། དགེ་བསྙེན་ཆེན་པོ། དྲི་མ་མེད་པར་གྲགས་པ་ཁྲོ་བོ་མི་གཡོ་བ་དམར་པོ་དང་གཙོ་འཁོར་བཅུ་གསུམ་མོ། །གསང་འདུས་ལ་འགྲེལ་བ་བརྒྱ་རྩ་བརྒྱད་ཡོད་པ་ལས་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་ལྷ་བཅུ་དགུ་ལ་དྲུག་མ་ཤོང་ནས་བྱང་ཆུབ་ཆེན་པོའི་རྒྱབ་ཏུ་གྱང་ལོགས་ལ་རི་མོར་བྲིས་ནས་ཡོད་དོ། །ལྟེ་བའི་རྒྱུད་རིས་ནི་སྐུ་གསུམ་འབྱུང་བའི་མདོ་བྲིས། ལྟེ་བའི་ཁ་ཕྱིར་བལྟ་ལ་མདོ་སྡེ་པདྨ་དཀར་པོའི་རྒྱུད་རིས་ནང་བལྟའི་སྐོར་ཁང་ལ་འདུས་པ་རིན་པོ་ཆེའི་ཏོག་གི་གཟུངས། རྔ་ཁང་ལ་རྗེའི་ཐུགས་དམ་མདོ་སྡེ་དཀོན་མཆོག་སྤྲིན་གྱི་རྒྱུད་རིས་བྲིས། འོག་ཁང་གི་སྲུང་མ་མཁའ་འགྲོ་མ་སེང་གེ་ཁྲིའི་རལ་པ་ཅན་ལ་གཏད་དོ། །བར་ཁང་གི་ཤིང་ཐམས་ཅད་གླ་པ་སེང་ལྡེང་ལས་བྱས་ལྡེར་ཚོའི་རྒྱུ་བ་མེན་གྱི་ཀོ་བ་བཟོ་རྒྱ་ནག་པོའི་ལུགས་སུ་བྱས། གཙོ་བོ་དཔལ་རྣམ་པར་སྣང་མཛད། གཡས་ན་འདས་པའི་སངས་རྒྱས་མར་མེ་མཛད། གཡོན་ན་མ་འོངས་པའི་སངས་རྒྱས་བྱམས་པ་མགོན་པོ། མདུན་ན་སྟོང་གི་ལྷ་ཤཱཀྱ་ཐུབ་པ། ཚེས་བརྒྱད་ཀྱི་ལྷ་སྨན་བླ་བཻ་ཌཱུརྻ། ཉའི་ལྷ་སྣང་བ་མཐའ་ཡས་བྱས། ཉི་ཤུ་གསུམ་གྱི་ལྷ་ཇོ་མོ་སྒྲོལ་མ་རི་མོར་བྲིས། གཡས་གཡོན་གྱི་ལྷ་བྱང་སེམས་ཉེ་བའི་སྲས་བརྒྱད་དགེ་བསྙེན་དྲི་མ་མེད་པ་དང་དགའ་བའི་དཔལ་ཁྲོ་བོ་ཀང་ཀིང་གཉིས་སྟེ་རྒྱ་ནག་གི་སྐད་ཡིན་དོན་འོག་ཁང་དང་མཐུན། ཀྲྀ་ཡའི་ལྷ་ཚོགས་བཅོ་ལྔ་དང་བསྟུན། ནང་ལ་ཡུམ་རྒྱས་པའི་གླེང་གཞིའི་རྒྱུད་རིས། གདོང་ལ་རྒྱལ་ཆེན་བཞི། སྐོར་ཁང་ཁ་ཕྱི་བལྟ་ལ་མཆོད་རྟེན་བརྒྱད་པ་མངོན་པར་བྱུང་བའི་མདོ། ནང་བལྟ་ལ་སྤྲིན་ཆེན་པོའི་(ཇ༩༤བ)


PTT001_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

མདོ། རྔ་ཁང་ལ་ཕྱོགས་བཅུའི་སངས་རྒྱས་དང་གཤིན་རྗེའི་གཤེད་ཀྱི་ལྷ་ཚོགས་དང་བསམ་ཡས་ན་གནས་པའི་ཆོས་སྐྱོང་རྣམས་ཀྱི་འབག །བར་ཁང་རྒྱལ་པོ་ཤིང་བྱ་ཅན་ལ་གཏད་དོ། །སྟེང་ཁང་གི་ཤིང་ཐམས་ཅད་ཐང་མ་དང་གསོམ། ལྡེར་ཚོའི་རྒྱུ་རས་དང་འཇག་མ། བཟོ་རྒྱ་གར་གྱི་ལུགས། གཙོ་བོ་རྣམ་སྣང་ཀུན་དུ་རིག་པ་ཞལ་བཞི་ངོ་བོ་གཅིག་པ་རེ་རེ་ལ་འཁོར་གཉིས་གཉིས་སྟེ་ཉེ་བའི་སྲས་བརྒྱད། རྡོ་རྗེ་རྒྱལ་མཚན་ལ་སོགས་ཕྱོགས་བཅུ་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་ཁྲོ་བོ་མི་གཡོ་བ་ལ་སོགས་པ་བཞི་ཕྱག་རྡོར་སོགས་བཞི་སྟེ་བུདྡྷའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་སུ་བྱས། རྒྱུད་རིས་མདོ་སྡེ་ས་བཅུ་པ་བྲིས། རྒྱལ་པོ་ཟངས་མའི་འབེ་ལོག་ཅན་ལ་གཏད་དོ། །ཐོག་ཐམས་ཅད་རྒྱ་ཕུབས་ཟ་འོག་རིས། ལྕོག་བཞི་ན་སྟེང་གི་ཞིང་ཁམས་མདངས་དགའ་བ་ཅན་གྱི་སངས་རྒྱས་དགའ་བའི་དཔལ། འཁོར་བྱང་ཆུབ་སེམས་དཔའ་དགའ་བའི་བྱིན་པ་སོགས་པའི་རྒྱུད་རིས་བཞི། གནོད་སྦྱིན་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་བཞི་ལ་གཏད། གཎྜི་ར་གསེར་ལ་ཤེལ་གྱི་ཏོག་ཅན་བཙུགས། དེ་ནས་འཁོར་ས་བར་པ་བརྩིགས་སྟེ་ལྷོ་ཕྱོགས་རོལ་མོ་མཆོད་རྫས་ཀྱི་བང་མཛོད་གསུམ་ན་རོལ་ཆས་བཀང༌། གནོད་སྦྱིན་ལག་ན་དབྱུག་ཐོགས་མཆེད་གསུམ་ལ་གཏད། ནུབ་ངོས་མདོ་རྒྱུད་ཆོས་ཀྱི་བང་མཛོད་གསུམ་ན་རྒྱ་དཔེ་བོད་དཔེ་རྒྱ་ནག་གི་དཔེའི་གླེགས་བམ་རྣམས་ཀྱིས་བཀང་ཨ་ཙ་ར་ལག་ན་གྲི་ཐོགས་མཆེད་གསུམ་ལ་གཏད། བྱང་ངོས་རིན་ཆེན་གཏེར་གྱི་བང་མཛོད་གསུམ་ན་གསེར་དངུལ་ཟངས་ལྕགས་ལ་སོགས་པས་བཀང་སྟེ་གཤིན་རྗེ་ལག་ན་དབྱུག་ཐོགས་གསུམ་ལ་གཏད། རྒྱུད་རིས་མདོ་སྡེ་རྒྱ་ཆེར་རོལ་པ་བྲིས། བར་གྱི་སེ་རྒྱོངས་ལ་བསྐལ་བཟང་གི་སངས་རྒྱས་སྟོང་དང༌། དེ་ནས་མུན་བསྐལ་དྲུག་བཅུའི་རྗེས་ལ་སངས་རྒྱས་ཁྲི་འབྱུང་བ་བྲིས་སྟེ་མ་ཤོང་བ་གྲུ་སྐས་ཀྱི་རྩིག་ལོགས་ལ་བཀོད་ནས་ཡོད། དེ་ནས་འཁོར་ས་ཆེན་པོ་བསྐོར་སྟེ་རྣམ་སྣང་ངན་སོང་སྦྱོང་བའི་དཀྱིལ་འཁོར་དུ་བཞེངས། མདའ་ཡབ་ཀྱི་ངོས་གསུམ་ལ་རིགས་ལྔའི་ལྡེར་ཚོ་ཕྱིར་བལྟ་བ། ནང་དུ་སྡོང་པོས་བརྒྱན་པ་ཚོང་དཔོན་གྱི་བུ་ནོར་བཟང་གིས་(ཇ༩༥ན)


PTT001_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་བཤེས་གཉེན་བརྒྱ་རྩ་བསྟེན་པ་བྲིས། དེས་མ་ཁེངས་པ་འཕགས་པ་སྣང་བརྒྱད་ཀྱིས་བཀང་ནས་ཡོད། ཆོས་སྐྱོང་ཀླུའི་རྒྱལ་པོ་ཨ་ནནྟ་ཨུ་ལི་ལ་གཏད་དོ། །རྒྱབ་ཏུ་རྡོ་རིང་པདྨ་ཅན་ལ་བཀའ་བཙིགས་རྡོ་ལ་བརྐོས། སྟེང་དུ་སེང་གེ་བཞག་ནས་ཆོས་སྐྱོང་སིངྷ་མུ་ཁ་ལ་བཏད། དབུ་རྩེའི་སྒོ་གསུམ་པྲཛྙཱ་པཱ་ར་མི་ཏ་རྣམ་པར་ཐར་པའི་སྒོ་གསུམ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་གསུམ་དང་བསྟུན། རྩིག་པ་དང་ཤིང་བཟོ་བརྐོས་སྟེ་རྨང་བཙུགས་ཆུ་ཁུང་གཏོད། ནང་དུ་ཀ་བའི་རྨང་བྱས། དེའི་སྟེང་དུ་ཀ་བ་ཀ་ལོ་གདུང་ཕྱམ་སྤང་ལེབ་སོ་ཕག་བཀྲམ། ཁ་ལན་ཀན་གྱིས་བསྐོར། ལོགས་ལ་སུམ་ཆའི་འོག་དུ་སྐར་ཁུང་ཕྱི་རུབ་ལ་ནང་ཡངས་པ་རྒྱ་མཚོ་ལྟ་བུ་བྱས། བྱ་མི་འཇུག་པའི་ཕྱིར་དྲ་བ། སྦྲང་བུ་མི་འཇུག་པའི་སྒོ་གླེགས། རླུང་གིས་མི་ཕྱེད་པའི་འཁོར་གཏན། དེ་འབྱེད་པའི་དབྱུག་གུ་སྐམ་ཁ་བྱས། སྟེང་དུ་འཛེག་པའི་གྲུ་སྐས་དྲུག་གི་འོག་མ་རྡོ་བར་མ་སོ་ཕག་སྟེང་མ་ཤིང་ལས་བྱས། ལག་འཛིན་གྱི་གདང་བུ་བྱས། མི་འགུལ་བའི་ལྕགས་གཟེར་བཏབ། དེ་ལྟར་བྱ་བ་འདུལ་བ་དང་བསྟུན་རྒྱུད་རིས་མདོ་སྡེ་དང་ལྡེར་ཚོ་གསང་སྔགས་དང་བསྟུན། ལྡེར་ཚོ་བདུན་བཅུ་དོན་བརྒྱད། མདོའི་རྒྱུད་རིས་བཅུ་བཞི། ཀ་བ་སྟོང་དང་རྩ་གཉིས། སྒོ་མོ་ཆེ་སུམ་བཅུ་སོ་དྲུག་སྒེའུ་ཆུང་བཞི་བཅུ་རྩ་གཉིས། གྲུ་སྐས་ཆེན་པོ་དྲུག་ཅོང་ཆེན་པོ་བརྒྱད་དང་དང་དང་ཆེན་པོ་གསུམ་གྱིས་བརྒྱན་པ་བྱས་སོ་ཞེས་བྱུང་ལ། སློབ་དཔོན་ཆེན་པོ་པདྨའི་རྣམ་ཐར་ལས་ནི་དབུ་རྩེའི་འོག་ཁང་རྒྱ་ནག་ལུགས། བར་ཁང་རྒྱ་གར་ལུགས། སྟེང་ཁང་ལིའི་ལུགས་སུ་བཞེངས་པར་གསུངས་ལ། སྤྱིར་བརྟེན་གཙོ་བྱང་ཆུབ་ཆེན་པོ་ནི་རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོ་དང་སྐུ་ཚད་མཉམ་པས་སྟོན་པ་སངས་རྒྱས་པའི་དུས་ཀྱི་ཐུན་མོང་གི་སྣང་ངོའི་སྐུ་ཚད་ཡིན་ཞིང་ཕྱིས་ཇོ་བོ་རྗེ་ལ་སོགས་པས་ཀྱང་མ་ཧ་བོ་དྷི་དང་ཁྱད་པར་མི་འདུག་ཞེས་གསུངས་པས་སྟོན་པ་དངོས་དང་ཁྱད་པར་མེད་ཏོ། །སྤྱིར་ཁྲ་འབྲུག་དང་བསམ་ཡས་གཉིས་ཀའི་གཙང་ཁང་གཙོ་བོ་གསང་འདུས་ཡེ་ཤེས་ཞབས་ལུགས་ལྷ་བཅུ་དགུ་པར་གསུངས་ཤིང་(ཇ༩༥བ)


PTT001_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

དེར་འཇམ་དཔལ་རྡོ་རྗེ་གཙོ་བོར་ཡོད་མོད་ཀྱང༌། གཙོ་བོ་འཕོས་ཤིང་གསང་བའི་ཁ་སྦྱོར་གྱི་སྐུ་སྦས་ནས་སྤྲུལ་སྐུ་དང་རྒྱན་ཅན་ཙམ་བསྟན་པར་སྣང་ངོ༌། །གླིང་གཞན་རྣམས་བཞེངས་ཚུལ་ནི་རྦ་བཞེད་ལས། མངོན་པ་དང་བསྟུན་པའི་གླིང་བཅུ་གཉིས་ཉི་ཟླ་དང་བཅས་པ་བཞེངས་སྟེ་དང་པོར་ཤར་ལུས་འཕགས་པོ་གླིང་གཡོག་དང་བཅས་པ་ལ་དཔེ་བྱས་སྟེ་ཟླ་གམ་དུ་བྱས། དབུས་སུ་རྣམ་དག་ཁྲིམས་ཁང་གླིང་ལྡེར་ཚོ་ཐུབ་པའི་སྐུ་གཙོ་འཁོར་ལྔ་ཟླ་འོད་གཞོན་ནུར་གྱུར་པའི་རྒྱུད་རིས་རྒྱལ་པོ་དུང་གི་ཐོར་ཚུགས་ཅན་ལ་གཏད། སྤྱིར་གླིང་བཅུ་གཉིས་པོ་ལ་ལྟེ་བ་ལ་སྒོ་རེ་དང་འཁོར་ས་ལ་སྒོ་གཉིས་རེ་ཡོད། གཡས་གཡོན་གྱི་གླིང་གཡོག་གཉིས་ལས་མཁྱེན་རབ་འཇམ་དཔལ་གླིང་ན་ཀོ་བ་ལས་བྱས་པའི་འཇམ་དཔལ་གཙོ་འཁོར་བདུན་སྒོ་སྲུང་གཤིན་རྗེའི་གཤེད་གཉིས་འཇམ་དཔལ་སངས་རྒྱས་པའི་ཞིང་བཀོད་དང་ཕལ་པོ་ཆེའི་རྒྱུད་རིས་གཤིན་རྗེ་མེའི་འཁོར་ལོ་ཅན་ལ་གཏད། བརྡ་སྦྱོར་ཚང་མང་གླིང་ན་ཐུབ་པ་གཙོ་འཁོར་བདུན་རྒྱུད་རིས་རིན་པོ་ཆེ་སྣ་ཚོགས་པ། ཕྱི་བཙུན་པའི་གཡོས་ས་རྒྱལ་པོ་འབྲུག་གི་སློག་པ་ཅན་ལ་གཏད། ལྷོའི་གླིང་སོགས་ཁ་གསུམ་ལས་བདུད་འདུལ་སྔགས་པའི་གླིང་ན་ཐུབ་པ་བདུད་འདུལ་ལུགས་འཁོར་ལྡེར་ཚོ་བཞི། ལྟེ་བ་ལ་མདོ་སྡེ་ས་བཅུ་པ། འཁོར་ས་ལ་གཙུག་ན་རིན་པོ་ཆེའི་མདོ་དབང་ཕྱུག་མ་ཉེར་བརྒྱད་གཏད། ཨཱརྻ་པ་ལོའི་གླིང་སྔར་ལྟར་ལས་གློ་འབུར་ན་སྐུའི་རྟེན་དུ་ཙནྡན་གྱི་རུས་པ་ལ་གུ་གུལ་གྱི་ཤ་དངུལ་གྱི་པགས་པས་གཡོགས་པའི་རྒྱལ་པོ་ཉིད་ཀྱི་སྐུ་འབག་ཞིག་བླ་འབུམ་ཡུམ་ཆེན་མོ་ཞིག་ཕྲ་མེན་གྱི་མཆོད་རྟེན་ཞིག་རྒྱུད་རིས་ཟ་མ་ཏོག་བཀོད་པ་བསེའི་ལྷ་མོ་སྟོང་རྩ་གཉིས་འཁོར་ས་ལ་ས་བཅུའི་པའི་མདོ་དྲང་སྲོང་དྷརྨ་ར་ཙ་འཁོར་སྡེ་བརྒྱད་དང་བཅས་པ་ལ་གཏད། རྒྱ་གར་གླིང་ན་ཇོ་བོ་ཤཱཀྱ་རྒྱ་གར་ལུགས་གཙོ་འཁོར་ལྔ། ཚེ་དཔག་མེད་དང་འདུས་པ་རྣམ་པར་དག་པའི་རྒྱུད་རིས། མདུན་ན་ལོ་པཎ་སྒྲ་བསྒྱུར་གྱི་ཁང་པ་སྒོ་སོ་སོར་ལྟ་བ་གནོད་སྦྱིན་རཱ་ཧུ་ལ་ལ་གཏད། ནུབ་ཀྱི་གླིང་ཟླུམ་པོ་གསུམ་ལས་བཻ་རོ་ཙ་ནའི་གླིང་ན་རྣམ་སྣང་ཟངས་ལས་(ཇ༩༦ན)


PTT001_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་འཁོར་གསང་བའི་ཡུམ་བཞི། རྒྱུད་རིས་རྣམ་སྣང་མངོན་བྱང༌། གནོད་སྦྱིན་གླང་མགོ་ཅན་ལ་གཏད། དགའ་ལྡན་བྱམས་པ་གླིང་ན་བྱམས་པ་གཙོ་འཁོར་བདུན། གཤིན་རྗེའི་གཤེད་གཉིས། རྒྱུད་རིས་མི་དགེ་བ་སྤྱད་པས་ཤཱ་ཀྱའི་བསྟན་པ་མར་འགྲིབ་པ་དང་ཚེ་ལོ་བཅུ་པ་ནས་བྱམས་པས་དགེ་བ་བྱེད་དུ་བཅུག་པས་ཡར་འཕེལ་བ་དང༌། སྒྲོལ་མ་ཕྱག་འཚལ་ཉེར་གཅིག །བསམ་ཡས་ཀྱི་དཔེ་རིས། ཞང་རྒྱལ་ཚ་ལྷ་སྣང་གིས་ལག་དཔོན་བྱས་པའི་ལས་ཐབས་དང་ལྟུང་བཤགས་ཀྱི་ལྷ་ཚོགས་བྲིས། མཁའ་འགྲོ་མ་གུང་གི་གོས་ཅན་ལ་གཏད། མི་གཡོ་བསམ་གཏན་གླིང་ན་རྣམ་སྣང་ཡབ་རྒྱལ་པོའི་ཐུགས་དམ་གཉན་པོ་བྱིན་རླབས་ཅན་རིགས་ལྔ། འཁོར་ཉན་ཐོས་བཅུ་དྲུག་རྒྱུད་རིས་གསེར་འོད་དམ་པ་ངེས་དོན་གྱི་ལུགས། རྒྱལ་པོ་དངུལ་གྱི་མགོ་ཅན་ལ་གཏད། བྱང་གི་གླིང་གྲུ་བཞི་གསུམ་ལས་རིན་པོ་ཆེ་སྣ་ཚོགས་གླིང་ན་ཐུབ་པ་གཙོ་འཁོར་ལ་རྒྱུད་རིས་དགའ་ལྡན་དུ་ཡུམ་ལ་ཆོས་བཤད་པ་དང༌། དྲིན་ལན་བསབ་པའི་མདོ། རྒྱལ་པོ་གཡིའི་སྦར་ཅན་ལ་གཏད། སེམས་སྐྱེད་བྱང་ཆུབ་གླིང་ན་ཕྱག་རྡོར་གྱི་ཕོ་བྲང་རི་བོ་མཆོག་རབ་ཀྱི་སྟེང་ན་ཕྱག་རྡོར། རྡོ་རྗེ་ཕུར་པ། བདུད་རྩི་འཁྱིལ་པ་གསུམ་གྱིས་བར་ཆད་སྲུང༌། སངས་རྒྱས་མ་ཆགས་པདྨ་ཅན་ན་མཁའ་ལ་བྱོན་པ་ལ་བྱང་སེམས་སྒྲིབ་པ་རྣམ་སེལ་གྱིས་ཞུས་སྟེ་ས་བཅུའི་བྱང་སེམས་རྡོ་རྗེ་སྙིང་པོ་ལ་སོགས་པ་བུདྡྷའི་ལྷ་བཞི་བཅུ་ཞེ་གཉིས་ཀྱིས་སེམས་ཀྱིས་ཞུས་པ་དེའི་བར་བར་ན་ཕྱོགས་བཅུའི་སངས་རྒྱས་ཀྱིས་དེ་དག་ལ་བྱིན་གྱིས་བརླབས་པ་བྲིས། རྒྱུད་རིས་དཀོན་མཆོག་སྤྲིན་འཁོར་ས་ལ་རྟག་དུ་ངུ་ཤེས་ཕྱིན་ཚོལ་བ་རྒྱལ་པོ་གསེ་གབ་དང་མཁའ་འགྲོ་མ་གསེའི་འགྲོས་ཅན་ལ་གཏད། དཀོར་མཛོད་བི་ཧར་གླིང་ན་ཐུབ་པ་གཙོ་འཁོར་དགུ། ཡབ་སྲས་མཇལ་བའི་མདོ། རྒྱུད་རིས་གློ་འབུར་རྣམས་ན་བསམ་ཡས་འབྱོངས་པའི་དཀོར་ལྷག་མ་འདི་ན་འདི་ཡོད་ཀྱི་རྩིས་ཡིག །སྲུང་མ་ཁྲམ་གང་གི་རྒྱལ་པོ། སྤྱི་རྒྱལ་པོ་པེ་ཀར་ལ་གཏད། ཡཀྵ་གོང་མ་གང་བ་བཟང་པོའི་ཁང་པ་ན་ཐུབ་པ་གཙོ་འཁོར་ལྔ། རྒྱུད་རིས་སངས་རྒྱས་སྟོང་རྩ། གང་བ་བཟང་པོ་ལ་གཏད། ཡཀྵ་འོག་མ་ནོར་བུ་བཟང་པོའི་ཁང་པ་ན་ལྡེར་ཚོ་(ཇ༩༦བ)


PTT001_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྒྱུད་རིས་མཚུངས་ཤིང་ནོར་བུ་བཟང་པོ་ལ་གཏད་དེ་ཉི་ཟླའི་དོད་ཡིན་ནོ། །ཤར་ཕྱོགས་ཀྱི་ལོགས་གླིང་དང་བཅས་པ་ཁ་དོག་དཀར་པོ་ཤེལ། ལྷོ་མཐིང་ག་བཻ་ཌཱུརྻ། ནུབ་དམར་པོ་པདྨ་རཱ་ག་བྱང་སེར་པོ་གསེར་གྱི་རང་བཞིན་རྣམས་ལོགས་ཞལ་གཉེར་མ་ཆུ་གཉེར་འདྲ་བ། ཐང་ལ་དཀར་ཞལ་ཕྱིའི་རྒྱ་མཚོ་ལ་དཔེ་བྱས་པ་ཡང་བྱས་སོ། །གཞན་ཡང་ནུབ་ན་ཚང་མང་ཀེ་རུ་གླིང་གི་སྟེང་ཁང་སློབ་དཔོན་བོ་དྷི་ས་ཏྭའི་གཟིམས་མལ་དང་བ་སོ་ལྷ་ཁང༌། འོག་ཁང་དཀར་ཐབ་གནོད་སྦྱིན་མྱུ་གུ་ཐོགས་པ་ལ་གཏད། ལྷོར་དག་བྱེད་ཁྲུས་ཀྱི་ཁང་པ་ཙནྡན་གྱིས་གང་བ། འོག་སོ་ཕག་ལོགས་ལ་རབ་ཏུ་བྱུང་བ་སྐྱོ་བ་སྐྱེ་བའི་ཕྱིར་ཀེང་རུས་ཀྱི་རྣམ་པ་འདུལ་བ་ནས་གསུང་པ་ལྟར་བྲིས། གནོད་སྦྱིན་དབྱུག་ཐོགས་ལ་གཏད། བྱང་ན་མཐུ་རྩལ་གླིང་ན་སེ་བ་ཕུང་པོ་གཅིག་སྦྱིན་སྲེག་བྱས་པའི་ཡལ་ག་བརྒྱད་ལ་ཀླུ་ཆེན་པོ་བརྒྱད་བྱས། དབུས་ན་ཕྱག་རྡོར་དཀར་པོ་ཞི་བ་འདུལ་བྱེད་དུ་བཞེངས། རྒྱུད་རིས་ཉ་སྦལ་ཆུ་སྲིན་སོགས་བྲིས། སྲུང་མ་ས་བདག་རྒྱུན་འདལ་གཉན་བུ་རང་ཆས་སུ་ཡོད་ཅིང༌། ནང་ཆུ་ཤེལ་གྱིས་ཁྱབ་པ་སུས་ཀྱང་ལྟ་བར་རྔོ་མི་ཐོགས་པ་ཅིག་མཆིས། དེ་ནས་མཆོད་རྟེན་དཀར་པོ་བྱང་ཆུབ་ཆེན་པོའི་མཆོད་རྟེན་སེང་གེས་བརྒྱན་པ་ཉན་ཐོས་ཀྱི་ལུགས་སུ་བཞེངས། ཤུད་བུ་མི་རྒྱལ་ཏོ་རེས་ལག་དཔོན་བྱས་པ་གཉན་པས་ཤི་སྟེ་ཡང་ཤུད་བུ་ཁྲི་འབྲེང་ཁེང་བཙན་གྱིས་བྱས། གནོད་སྦྱིན་སྐར་མདའ་གདོང་ལ་གཏད། མཆོད་རྟེན་དམར་པོ་སྐུ་ཚེ་བརྟན་པ་བྱང་ཆུབ་སེམས་དཔའི་ལུགས་པདྨས་བརྒྱན་པ་སྣ་ནམ་རྒྱལ་ཚ་ལྷ་སྣང་གིས་བཞེངས། གཟའ་མིག་དམར་ལ་གཏད། མཆོད་རྟེན་ནག་པོ་དེ་བཞིན་གཤེགས་པའི་གདུང་གིས་བརྒྱན་པ་རང་སངས་རྒྱས་ཀྱི་ལུགས་ངན་ལམ་ཏ་ར་ཀླུ་གོང་གིས་བཞེངས། གནོད་སྦྱིན་ལྕགས་མཆུ་ཅན་ལ་གཏད། མཆོད་རྟེན་སྔོན་པོ་ཆོས་ཀྱི་འཁོར་ལོ་དེ་བཞིན་གཤེགས་པའི་ལུགས་སྒོ་བཅུ་དྲུག་གིས་བརྒྱན་པ་མཆིམས་རྡོ་རྗེ་སྤྲེ་ཆུང་གིས་བཞེངས། གནོད་སྦྱིན་ཉི་མའི་གདོང་ཅན་ལ་གཏད། དེའི་ཚེ་འདྲེ་མོ་འོད་ཅན་མས་མི་རྣམས་ཉལ་བའི་མགོ་མཇུག་ལྡོག་པ་སོགས་འཚེ་བ་མང་དུ་བྱས་པས་བྱམས་པ་གླིང་དུ་མཆོད་རྟེན་(ཇ༩༧ན)


PTT001_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

འོད་འབར་བརྩིགས་སྟེ་མནན། མཆོད་རྟེན་ལྔ་པོ་ལ་ནང་རྫོངས་མ་མཆིས་ནས་རྗེས་སློབ་དཔོན་ལ་ཞུས་པས་མ་ག་དྷའི་རྒྱལ་པོའི་ཁབ་ཀྱི་སྒོ་མདུན་ན་དྷ་རུ་ཙེ་དོ་བྱ་བའི་མཆོད་རྟེན་ཞིག་གི་ནང་ན་རྒྱལ་པོ་མ་སྐྱེས་དགྲའི་སྐལ་བ་དེ་བཞིན་གཤེགས་པའི་རིང་སྲེལ་མ་ག་དྷའི་བྲེའི་ཁལ་གཅིག་བཞུགས་པར་གྲགས་སོ་གསུངས། རྒྱལ་པོས་དེ་སྤྱན་དྲངས་པའི་ཕྱིར་བོད་ཀྱི་རྟ་རྔོག་ཆགས་སྒ་མནན་མ་ཐག་གཅིག་ཡན་ཆད་མ་ལུས་པར་ཆད་པ་ལ་བསྔོས་སྟེ་མགོས་ཀྱི་ཕག་རིར་དུས་བཏབ། སློབ་དཔོན་གྱིས་ལམ་རྒྱུས་མཛད་ནས་མཐའ་འཁོབ་བོད་ཀྱི་རྟ་པའི་དམག་ཕྱིན་ནས་དཔལ་མོ་དཔལ་ཐང་ལ་དམག་གྲང་བཏབ་པས་རྟ་པ་བྱེ་བ་ཕྲག་བཅུ་བཞི་བྱུང༌། རྒྱ་གར་མཐའ་འཁོབ་ཏུ་སླེབས་པ་དང་ཡུལ་དེའི་རྒྱལ་པོ་བྲེད་ནས་མཐའ་འཁོབ་ཀྱི་རྒྱལ་པོའི་རྟ་པ་འདི་འདྲ་ན་དཔུང་བུ་ཆུང་དང་ཤིང་རྟ་པ་དང་གླང་པོ་ཆེ་བའི་ཚོགས་ཅི་འདྲ་བར་འགྱུར་ཟེར་ནས་ཕོ་བྲང་གི་སྒོའི་ཡ་ཀླད་ལ་བོད་རྒྱལ་པོའི་ལྷམ་བཏགས་ནས་དེའི་འོག་ན་ཕར་འཁོར་དང་བཅས་པས་འཛུལ་སྟེ་ངའི་རྒྱལ་ཁམས་ནི་བཙན་པོ་ཁྱོད་ཀྱི་འོག་དུ་འཛུལ་ཞིང་དཔྱ་དང་སྐྱེས་ལོ་ཐང་དུ་འབུལ་ལོ་ཟེར་ཞིང་མངར་འདུས་སོ། །དེ་ནས་ཆུ་གངྒཱ་བརྒལ་ནས་མ་ག་དྷར་དམག་དྲངས་པས་མ་ག་དྷ་པ་ཐམས་ཅད་ནོར་རྣམས་ཨོ་དྱནྟ་པུ་རིར་བསྐྱས། མི་རྣམས་རྒྱ་གར་ཤར་ཕྱོགས་སུ་བྲོས་སྟེ་གཡུལ་སྤྲོད་མ་དགོས་པར་དཔལ་རྡོ་རྗེ་གདན་དང་བྱང་ཆུབ་ཀྱི་ཤིང་ལ་མཆོད་པ་བྱས། མཆོད་གནས་སྤྱན་དྲངས། དེ་ནས་མཆོད་རྟེན་ཁ་ཕྱེ་བའི་ནང་ནས། མཚོན་ཆའི་འཁོར་ལོ་འཁོར་བའི་དཀྱིལ་ན་རིན་པོ་ཆེའི་བུམ་པ་འདུག་པས་སུས་ཀྱང་བླང་བར་རྔོ་མ་ཐོགས། རྒྱ་གར་གྱི་རྒན་པོ་ཅིག་འདུག་པ་ན་རེ་ང་ལ་སྔོན་གྱི་མིས་གླེང་བའི་ལོ་རྒྱུས་ཡོད། མཆོད་རྟེན་འདིའི་བྱང་ངོས་ན་རྡོ་ལེབ་ཆེན་པོའི་དཀྱིལ་གྱི་བུག་པ་ན་མར་རྔ་མང་གི་ཐག་པ་ལ་བུམ་པ་བཏགས་སྟེ་བཏང་བས་བུམ་པ་དེ་ཆུས་གང་བ་འབྱུང༌། དེ་ནས་ཡར་ལ་གཞལ་བས་མཆོད་རྟེན་གྱི་རྐེད་པ་དང་ཐད་ཀར་མཉམ་པ་ན་རྫིང་བུའི་གསེང་ཁུང་གི་བར་ཆུ་འགྲོ་བ་རྩྭ་དང་བྱེ་མས་བཀག་སྟེ་ཆུ་བསྒགས་ན་ཆུ་ཆད་ནས་མཚོན་ཆའི་(ཇ༩༧བ)


PTT001_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་རྡིག་ཟེར་སྟེ་འཁོར་འཕྲོ་ཆད་པ་ཡིན་ཟེར་ནས་དེ་ཇི་སྐད་ཟེར་བ་ལྟར་བྱས་པས་བདེན་པར་བྱུང་ནས་རིན་པོ་ཆེའི་བུམ་པ་ནས་སངས་རྒྱས་ཤཱཀྱ་ཐུབ་པའི་རིང་སྲེལ་བྲེ་དྲུག་སྤྱན་དྲངས། ཡང་སྔར་ལྟར་རྩི་ཤིང་བསལ་ཆུ་བཏང་བས་མཚོན་ཆའི་འཁོར་ལོ་སྔ་མ་ལྟར་འཁོར་སྟེ་སྔར་ལྟར་རྒྱས་བཏབ་པོ་དེ་ནས་ཚུར་བྱོན་སྟེ་ཆུ་བོ་གངྒཱའི་འགྲམ་དུ་བོད་ཀྱི་མི་བཞི་བསྐོས་ནས་འདི་ཚུན་ཆད་བོད་ཀྱི་ས་བཅད་ཡིན་པས་འདིར་རྡོ་རིང་གྱིས་ཅིག་ཞེས་བཀའ་བསྩལ། མི་མང་པོས་བྱེ་ཁུང་དུ་ལྕགས་ཀྱི་ཀ་བ་བཙུགས་སྟེ་ཕྱེས་བྲུ་ཤའི་དམག་གིས་དེ་བཤིག་པས་མ་ཤིགས་ནས་མེས་བཞུ་བའི་འཕྲོ་ཡོད་སྐད། དེའི་ལུ་འབུགས་ན་འཛུགས་མཁན་གྱི་མི་བཞི་པོ་ཆགས་པ་བྷོ་དྲ་ཋ་ཌྷུ་རའི་རིགས་བྱ་བའི་གྲོང་ཁྱེར་ཆེན་པོ་ཅིག་ཡང་ཡོད་དོ། །རྟ་དམག་རྣམས་བོད་དུ་ལོག་པ་ཤིན་ཏུ་ཉུང་ནས་རྒྱལ་པོ་ལ་ཞུས་པས་རྒྱ་གར་ཡུལ་བཟང་པས་བསྡད་པ་མིན་ནམ་གསུང་སྟེ་སློབ་དཔོན་ལ་ཞུས་པས་རྒྱ་གར་ཆམ་ལ་འབེབས་པའི་ཕྱིར་བཙན་པོས་སྤྲུལ་པ་མཛད་པ་ཡིན་གྱི་དམག་དང་པོ་ནས་འདི་བས་མེད་གསུངས་སྟེ་སྔོ་བགྲང་བྱས་པས་མི་གཅིག་ཀྱང་མ་ལུས་རྟ་གཅིག་ཀྱང་མ་ཆད་པར་ཚང་བས་བཙན་པོ་ཁྲི་སྲོང་ལྡེ་བཙན་སྤྲུལ་པ་གྲགས་སོ། །དེ་ནས་ཆོས་འཁོར་དུ་བྱོན་སྟེ་རིང་སྲེལ་གྱི་སྣོད་དང་ཟ་མ་ཏོག་བཞི་སྤྲུགས་པའི་བར་རིང་སྲེལ་འཕེལ་སྟེ་སྙིམ་པ་གང་མ་ཤོང་བ་མཆོད་རྟེན་གྱི་ཏོག་ལ་བཞུགས། མེས་ཐོ་ཐོའི་ཐུགས་དམ་གཉན་པོ་གསང་བ་དང་མེས་སྲོང་བཙན་གྱི་ཐུགས་དམ་ལྔ། ཡབ་ཀྱི་ཐུགས་དམ་གཉིས་རྣམས་བཞུགས་པས་མཆོད་རྟེན་དཀར་པོ་ལྷག་པར་བྱིན་རླབས་ཆེའོ། །ལྷོ་ཕྱོགས་ཀྱི་མཆོད་རྟེན་ལ་སྲོག་ཤིང་དང་ཐོན་ཀ་དཀར་པོའི་འཁོར་ལོ་བལ་པོའི་ཤིང་མཁན་དང༌། རྡོ་བཟོ་དང༌། མགར་བས་བགྱིས་སྟེ་ཧས་པོ་རིའི་རྒྱབ་ཏུ་བལ་པོ་བཟོ་བྱེད་པའི་དྲུང་དུ་བཞག་སྟེ་དྲངས་ནས་འཛུགས་པར་ཆད་བྱས། བློན་པོ་རྣམས་ཀྱིས་འབྲེང་ཞགས་དང་ཤིང་རྟ་གྲབས་སུ་བཙུད། བཟོ་བོས་དགུང་སངས་མ་ཐག་བཟོ་འཕྲོ་ལ་ཕྱིན་པས་སྲོག་ཤིང་སོགས་ཤུལ་ཧ་རེ་སྟོར། རྗེའི་སྙན་དུ་གསོལ། ཕོ་ཉ་བཏང་སྟེ་བལྟས་པས་སྲོག་ཤིང་མཆོད་རྟེན་ལ་(ཇ༩༨ན)


PTT001_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བཙུགས་པ་མཐོང༌། ཕོ་ཉ་དེས་མཆོད་རྟེན་ཉིད་ལ་འཁོར་ལོ་བཙུགས་ལགས་ཅེས་གསོལ། ཤིང་མཁན་དང་མགར་བ་ཀུན་གྱིས་བལྟས་ན་བཙུགས་ལེགས་པར་མཐོང་སྟེ་སྙན་དུ་གསོལ་བ་དང༌། རྗེས་ཀུན་བསགས་སྟེ་ངའི་འབངས་ལ་སྟོབས་ཆེ་བ་འདི་སུ་ཡིན་བྱ་དགའ་ཆེར་གནང་ངོ་གསུངས་པས་ཁས་ལེན་པ་སུ་ཡང་མ་མཆིས། ཕྱ་མཁན་བལ་པོ་ན་རེ་མདང་ངའི་རྨི་ལམ་ན་མི་བཞིས་འཁོར་ལོ་ཁྱེར་ནས་འོངས་སྟེ་བཙུགས། ཁྱེད་ཀྱིས་མཆོད་རྟེན་བདུན་བཅུ་བཙུགས་ན་ལེགས་རབ། མཆོད་རྟེན་འདི་ཡང་ལེགས་རབ། མཆོད་རྟེན་འདི་ཛམྦུའི་གླིང་ན་བྱིན་ཆེ་བ་ཡིན་སྟེ་འདི་ལ་སུས་ཕྱག་དང་སྐོར་བ་བྱེད་པ་དེ་བསམ་པ་ཡིད་བཞིན་དུ་འགྲུབ་པས་བྱ་དགར་གསེར་གྱི་ཡ་ལད་ཅིག་བྱིན་སྟེ་འདི་ཁྱེར་ཞིག་ཟེར། གཉིད་སད་ཙ་ན་མི་བཞི་ནི་མི་གདའ། ཡ་ལད་ནི་འདི་ཡིན་ཟེར་ནས་གསེར་ཁྲབ་ཅིག་གདའ། དེ་གསོལ་བས་ཕྱ་མཁན་འཁོར་བཅས་ལ་བྱ་དགའ་ཆེ་ཐང་དུ་བསྩལ། སློབ་དཔོན་གྱི་ཞལ་ནས་དེ་སྐད་དུ་སྟོན་པ་རྒྱལ་པོ་ཆེན་པོ་བཞི་ཡིན་པས་དེའི་གཟུགས་ཀྱང་བྱ་གསུངས་ནས་བུམ་པའི་སྟེང་དུ་འབག་བཞི་བྱས་ནས་བཞག་གོ །དེ་ནས་མགོན་ཁང་བཞིའི་ནང་དུ་ཕུགས་ན་ཤཱཀྱ་ཐུབ་པ་གཙོ་འཁོར་གསུམ། མདོ་ན་མགོན་པོ་ལྕམ་དྲལ་གཉིས། དེའི་སྒོ་དྲ་བ་བྱས། སྒོའི་ཕྱི་ན་རྟ་བབ་ཀྱི་སྟེང་དུ་ཆོས་ཀྱི་འཁོར་ལོ་གསེར་ལས་བྱས་པ་དང༌། ཤ་རམྦྷ་དང༌། གདུགས་དང་རྒྱལ་མཚན་དང་བཅས་པ་བགྱིས་སྟེ་རྒྱལ་པོ་ཆེན་པོ་བཞི་ལ་གཏད། ལྕགས་རི་ཟུར་མང་རྡོ་རྗེའི་འགྲོས་ལ་མཆོད་རྟེན་སྟོང་རྩ་བརྒྱད་ཀྱིས་བསྐོར། རེ་རེ་ལ་སངས་རྒྱས་ཀྱི་རིང་སྲེལ་རེ་བཞུགས། རྒྱལ་པོ་སྡེ་བཅོ་བརྒྱད་ལ་གཏད། བསམ་ཡས་སྤྱིའི་ཆོས་སྐྱོང་དཔལ་མགོན་པོ་ལ་གཏད་དོ། །དེ་ལྟར་དཔལ་བྲག་དམར་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དེ་ནི་གཞི་ཆེ་ལ་དཔངས་མཐོ། རྒྱུ་བཟང་ལ་བཀོད་པ་ལེགས། དུང་ཕོར་གཟིས་བཀང་བ་འདྲ་བ། རྗེའི་ཐུགས་དམ། འབངས་ཀྱི་མཆོད་གནས། སངས་རྒྱས་དང་ཆོས་དཀོན་མཆོག་གི་ཞིང་ཁམས། དགེ་འདུན་གྱི་བཞུགས་གནས། (ཇ༩༨བ)


PTT001_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་གྱི་ཕོ་བྲང་དེ་ཡོས་བུའི་ལོ་ལ་རྨང་བྲུས་ནས་ཡོས་བུའི་ལོ་ལ་འབྱོངས་པ་ལགས་སོ། །བཙུན་མོ་ལྔ་ཁབ་ཏུ་བཞེས་པ་ལ་མཆིམས་བཟའ་ལྷ་མོ་བཙན་དང་མཁར་ཆེན་བཟའ་མཚོ་རྒྱལ་གཉིས་སྒྲུབ་པ་མཛད་པས་ཕྱག་རིས་མེད། འབྲོ་བཟའ་ཁྲི་རྒྱལ་མོ་བཙན་ཕྱིས་རབ་ཏུ་བྱུང་ནས་བྱང་ཆུབ་རྗེར་མཚན་གསོལ་བ་དེའི་ཕྱག་རིས་དགེ་རྒྱས་ཀྱི་གཙུག་ལག་ཁང་ལགས་སྟེ་སྣང་བ་མཐའ་ཡས་གཙོ་འཁོར་དགུ་གཞུང་གི་ལུགས་སྟོད་དུ་ལུགས་བཏབ་ནས་ཆབ་ལ་སྤྱན་དྲངས་པས་འཁོར་གཉིས་ཆབ་ལ་ཤོར། གཡས་ན་རིགས་གསུམ་མགོན་པོ་གཡོན་ན་སྨན་བླ་སངས་རྒྱས་ཀུན་དུ་བཟང་པོ་མི་གཡོ་བ་རྣམས་བཞུགས། སྲས་མི་མངའ། ཡབ་མིང་འབྲོ་ཡུལ་ཐག་རིང་བས་ཕྱིས་གསོ་མི་མི་འོང་ཞེས་མཆི་ནས་ལྷ་ལུགས་མ་བྱས། རྩིག་པ་སོ་ཕག་ཞ་ཉེའི་ཆུས་སྦྱར། ཟངས་ཀྱི་ཐོག་བཀལ། རོལ་མོར་ཅོང་བཏགས། ཡོན་ཆབ་ཙནྡན་གྱི་ཁྲོན་པ་བྱས། སྒྲོན་མེར་རིན་པོ་ཆེ་འོད་འབར་བ་གཙོ་བོའི་སྨིན་མཚམས་སུ་ཕྲར་བཏབ་བོ། །ཇོ་མོ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་ལ་སྲས་མངའ་བས་ཁམས་གསུམ་ཟངས་ཁང་གླིང་ཡབ་ཀྱི་དབུ་རྩེ་ལ་དཔེ་བླངས་ནས་བཞེངས། འོག་ཁང་གི་ཀ་གདུང་རྣམས་ཟངས་ཀྱིས་བཏུམས་སོ། །ཕོ་ཡོངས་བཟའ་རྒྱལ་མོ་བཙུན་ཡུམ་ཚེ་འཕོས་པ་ཁབ་ཏུ་བཞེས་ན་ལན་ལོན་པར་སློབ་དཔོན་གིས་ལུང་བསྟན་པས་ཁབ་ཏུ་བཞེས་སྟེ་ལྷ་ལྕམ་ལ་སྲས་མི་མངའ་བས་ལྷ་ཁང་ཉིས་ཐོག་དུ་གནང་བས་བུ་ཚབ་གསེར་ཁང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བཞེངས་སུ་གསོལ་སྟེ་བཟོ་བོ་ལ་ཟས་སྣ་བཅུ་གསུམ་རེ་དྲངས་པས་བཟོ་ཁྱད་བཅུ་གསུམ་བྱས་སྟེ། སྟེང་ཁང་གི་ཕྱི་ལ་རྩིག་པ་མེད་པ། ནང་ན་ཀ་བ་མེད་པ། ས་གཞི་ར་གན་ལས་བྱས་པ། གཡུའི་གདུང་མ་ལ་གསེར་གྱི་རྟ་རྒྱུག་ཅིང་གསེར་གདུང་ལ་གཡུ་འབྲུག་རྒྱུག་པ། མཐིང་གི་རྒྱ་ཕུབས་ཕྱིར་བལྟ་ནང་བལྟ་གཉིས་ཡོད་པ། ཆུ་ཐམས་ཅད་འདྲིལ་ནས་སེང་གེའི་ཁ་ནས་རུས་སྦལ་གྱི་རྒྱབ་ཏུ་འབབ་པ། གོརྴཱཥིའི་སྒོ་ཡོད་པ། སྒོ་འབྱེད་གཅོད་ལ་གསེར་གྱི་(ཇ༩༩ན)


PTT001_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་ཆུང་འཕར་ཞིང་སྐད་འདོན་པ། ནང་གི་ཡོ་གའི་ལྷ་ཚོགས་ལ་སྤྱི་གདུགས་རེ་དང་སྒོས་གདུགས་རེ་ཕུབ་པ། ཁྱམས་ན་མཛད་པ་བཅུ་གཉིས་འབུར་དུ་དོད་པ། རྒྱུ་སྐར་གྱི་ལྷ་མོ་ཉེར་བརྒྱད་ཀྱིས་རྒྱ་ཕུབས་འདེགས་ཤིང་ནང་ཟུར་བཞི་ན་གསེར་གི་སེང་གེ་ལུག་ཐོང་ཙམ་བརྒྱད་ཡོད་པ། རྒྱ་ཕུབས་ཀྱི་ཤམ་བུ་ལ་མཆོད་པའི་ལྷ་མོ་ཉི་ཤུ་རྩ་བརྒྱད་འབུར་དུ་དོད་པ། ལྷའི་བུས་ཁྱུང་གི་སྒོ་ང་ལས་བདུད་རྩིའི་ཆུས་སྐུ་ཁྲུས་གསོལ་བ་སྟེ་བཅུ་གསུམ་དང་ལྡན་པའི་ངོ་མཚར་ཅན་ཞིག་བཞེངས་སུ་གསོལ་ལོ་ཞེས་བྱུང་ངོ༌། །ལོ་རྒྱུས་གཞན་ལས་བཙན་པོ་ཡབ་ཡུམ་གཉིས་ལ་ཐུགས་ཤིན་ཏུ་བཅགས་པས་སློབ་དཔོན་པདྨ་ལ་བདག་གི་ཕ་མ་གར་སྐྱེས་ཞུས་པས་ཡབ་ནི་རྒྱ་གར་ན་སྐྱེས་སྟེ་ད་ལྟ་སློབ་སྦྱངས་བྱེད། པཎྜི་ཏ་མཁས་པ་ཅིག་དུ་བྱས་སྟེ་ཁྱོད་ཀྱི་དབོན་སྲས་ཀྱི་དུས་སུ་བོད་དུ་བྱོན། ཡུམ་ནི་ཟུར་མཁར་ན་དབུལ་པོ་བཟའ་མིའི་བུ་མོར་སྐྱེས་སོ་ཞེས་གསུངས་པས་ཡུམ་ལ་ཐུགས་བརྩེ་པས་བཙུན་མོ་བཞེས་སྟེ་གསེར་གྱི་བདག་མོར་བསྐོས། ཡབ་ནི་ད་ན་ཤཱི་ལ་ཡིན་ཞེས་ཀྱང་བྱུང་ངོ༌། །རྦ་བཞེད་ན་དཀོར་བདག་སྤྱན་དྲངས་ཚུལ་མི་སྣང་ཡང་སློབ་དཔོན་པདྨས་མ་འོངས་པ་གནམ་ཐེ་དཀར་པོའི་སྤྲུལ་པ་ཧོར་ཡུལ་དུ་བྱུང་བས་བོད་ཁམས་དབང་བྱེད་ཅིང་ལྷ་ཁང་ཕལ་ཆེར་འཇིགས་པར་འགྱུར་བས་ཧོར་གྱིས་མི་འཇིག་པའི་ཕྱིར་རྒྱལ་པོ་གནམ་ལྷ་བྱང་ཆུབ་ལ་གཏད་དོ་གསུངས་ནས་རྒྱལ་པོས་ངན་ལམ་ཏ་ར་ཀླུ་གོང་དམག་དཔོན་དུ་བསྐོས་པས་ཧོར་གྱི་སྒོམ་གྲ་བཅོམ། རྟེན་རྫས་དང་ཡོ་བྱད་ཐམས་ཅད་ཁྱེར། སློབ་དཔོན་ཆེན་པོ་པདྨས་ཕྱག་རྡོར་གྱི་ཏིང་ངེ་འཛིན་མཛད་དེ་རྣམ་སྲས་འཁོར་བཅས་ཀྱི་དམག་གིས་བཀུག་སྟེ་པེ་ཀར་དཀོར་མཛོད་གླིང་གི་ལྕོག་དུ་རྟེན་བཙུགས་དམ་ལ་བཏགས་སྟེ་བསམ་ཡས་སྤྱིའི་བཀའ་སྲུང་དུ་བསྐོས་ཤིང་ཕྱིས་བོད་ཡུལ་གྱི་དཀོན་མཆོག་གསུམ་གྱི་རྟེན་ཕལ་ཆེར་ཡང་གཏད་པར་སྔོན་གྱི་ཡི་གེ་མང་པོ་ལས་བྱུང་ཞིང་སློབ་དཔོན་ཆེན་པོའི་རྣམ་ཐར་དང་རྒྱལ་པོ་ཉིད་ཀྱི་དམ་བཞག་རྣམས་ལས་གསལ་ལོ། །ཏ་ར་ཀླུ་(ཇ༩༩བ)


PTT001_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

གོང་ཤི་འཕོས་ནས་མི་མ་ཡིན་ཆེན་པོར་གྱུར་པ་རྒོད་པོ་ཏ་རར་གྲགས་སྟེ་མཆིམས་ཕུའི་བཀའ་སྲུང་དུ་བསྐོས་པར་གྲགས་སོ། །ཡིག་ཚངས་མང་པོ་ཞིག་ན་མེ་ཡོས་ལ་རྨང་བཏིང་ནས་ས་ཡོས་ཀྱིས་ཚར་ཞེས་པ་འདུག་ཀྱང་མེ་ཡོས་ནས་ལོ་བཞི་ལོན་པ་ལྕགས་རྟ་ལ་ཁྲི་སྲོང་འཁྲུངས་པའི་ཕྱིར་དགུང་ལོ་ཉེར་གཉིས་བཞེས་པ་ལྕགས་ཡོས་ལ་རྨང་བཏིང་ཉེར་དྲུག་པ་ཤིང་ལུག་ལ་སད་མི་རྣམས་རབ་ཏུ་ཕྱུང༌། སོ་བཞི་པ་ཆུ་ཡོས་ཀྱིས་བསམ་ཡས་ཚར་བ་འདི་ངེས་པར་སྣང་ངོ༌། །དེ་ལྟར་གཙུག་ལག་ཁང་ཆེན་ཡོངས་རྫོགས་ནས། །གསེར་གྱི་ཡོན་ཕུལ་རབ་ཏུ་གནས་པར་ཞུས། །བོ་དྷི་ས་ཏྭས་གསང་བ་འདུས་པ་ནི། །འཇམ་དཔལ་རྡོ་རྗེའི་སྒོ་ནས་བྱིན་གྱིས་བརླབས། །སློབ་དཔོན་པདྨས་ཡོ་ག་རྩ་བའི་རྒྱུད། །ཞི་བ་རྡོ་རྗེ་དབྱིངས་ཀྱི་ཏིང་འཛིན་མཛད། །གཉི་གས་རབ་ཏུ་གནས་ཅིང་སྤྱན་དབྱེ་བའི། །ཆོ་ག་རྨད་དུ་བྱུང་བ་ལན་བརྒྱད་མཛད། །རེ་རེ་ལ་ཡང་ངོ་མཚར་དཔག་མེད་བྱུང༌། །བྲག་དམར་མཚོ་མོ་མགུར་དུ་པད་སྡོང་སྐྱེས། །སྣ་ཚོགས་འཇའ་དང་འོད་ཟེར་སྤྲིན་དུ་འཁྲིགས། །ལྷ་དང་མཁའ་འགྲོའི་མེ་ཏོག་ཆར་དུ་འབབ། །དེ་ཚེ་བོད་ཡུལ་ལྷ་མི་ཐམས་ཅད་འདུས། །གླུ་གར་རྩེ་འཇོ་དགའ་སྟོན་བསམ་མི་ཁྱབ། །བོད་ཡུལ་བདེ་སྐྱིད་དགའ་ལྡན་ལྷ་ལས་ལྷག །སྐྱིད་པའི་དགའ་སྟོན་ལོ་སྐོར་གཅིག་དུ་བྱས། །དེ་ཡང་རྦ་བཞེད་ལས། དེ་ལྟར་ལོ་བཅུ་གཉིས་ན་ལྷ་ཁང་ཚར་བ་ལས་དེ་ནས་སློབ་དཔོན་ལ་མངའ་གསོལ་གྱི་གསེར་ཕྱེ་བྲེ་དྲུག་ཕུལ་ནས་ཞུས་པས་བོད་འབངས་མངའ་རིས་ཐམས་ཅད་ལ་དཔྱ་དང་ཁྲལ་བསྡུས་ལ་ཡོ་བྱད་སྟ་གོན་གྱིས་ཅིག་ཞེས་ལུང་གནང༌། སློབ་དཔོན་ཀེ་རུ་གླིང་ན་མཚམས་བཅད་ནས་སྒྲུབ་པ་ལ་བཞུགས་པ་ལས་རབ་གནས་མངའ་གསོལ་གྱི་ཐུགས་དམ་མཛད། བཙན་པོས་མངའ་འོག་གི་འབངས་ཀུན་བསྡུས་སྟེ་ཡོ་བྱད་(ཇ༡༠༠ན)


PTT001_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ནས་མངའ་གསོལ་བའི་དུས་བཟང་པོ་ལ་བབ་པའི་ཚེ་བྲག་དམར་སྐྱེ་བོའི་ཚོགས་ཀྱིས་ཁེངས། སློབ་དཔོན་གྱིས་ཀེ་རུ་གླིང་ནས་མཁར་གཞོང་མེ་ཏོག་གིས་བཀང་ནས་བྱོན་སྟེ་མཆོད་རྟེན་དཀར་པོའི་གོང་དུ་བྱོན་པ་དང་བཙན་པོས་འཇམ་པའི་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ་ཕྱག་ན་རིན་པོ་ཆེའི་མེ་ཏོག་ཐོགས་པ་ཅིག་དུ་གཟིགས། སློབ་དཔོན་གྱིས་ཏིང་ངེ་འཛིན་གྱིས་དབུ་རྩེའི་ཐོག་གི་ལྷ་ཕྱིར་སྤྱན་དྲངས་ནས་མཆོད་རྟེན་དཀར་པོ་ལ་བསྐོར་བ་བྱས་སྟེ་ཞལ་ཤར་ཕྱོགས་སུ་གཟིགས་ནས་འཁོར་སའི་ལོགས་ན་ཕྲོག་ཞུ་ཟིང་ངེ་འདུག་པ་ལ་མེ་ཏོག་གཏོར། ལྷ་རྣམས་དུས་གཅིག་དུ་གཤེགས་སྟེ་སྔར་གྱི་གྲལ་རིམ་བཞིན་དུ་འཁོད། ཁྲོ་བོ་གཉིས་ཀྱིས་རྒྱབ་ནས་ཡེ་ཤེས་ཀྱི་མེ་འབར་བས་ས་གཞི་ཚིག་པ་ལ་སློབ་དཔོན་གྱིས་དྲི་ཆབ་ཀྱིས་བསད་གཏོར་མཛད་པས་མེ་ཤི་བའི་ཤུལ་སོར་ཆུད། བཙན་པོས་མེ་ཏོག་དུ་གསེར་གཞོང་པ་གང་ཕུལ་ལོ། །ཞལ་སྲོ་ཆེན་པོའི་དུས་ཕྱིའི་ལྕགས་རིའི་སྟེང་མཆོད་རྟེན་གྱི་བར་ཐམས་ཅད་བཞེས་པ་དང་ཐུད་རྐྱལ་གྱིས་བཀང་སྟེ་ལྟད་མོ་བ་རྣམས་ལ་འཚལ་མ་བསྩལ་བས་སྐལ་བ་གཉིས་གསུམ་རེ་ཐོབ། ཆད་པ་ནི་ཡེ་མ་མཆིས། དེའི་རྗེས་ལ་ཀུན་ལྟད་མོ་ཆེ་ཐང་རེ་བྱེད། སྨན་རིལ་ལན་ཀ་བྲག་ཆུང་ཉི་མ་འདེ་བའི་དྲུང་དུ་ཤ་བ་བྱུང་བ་ལ་ཞགས་པས་བཟུང་ནས་ཁྲོམ་བསྐོར། ལྟད་མོ་དང་པོ་བྱས་ལུགས་འཁོར་སའི་སྒོ་རྒྱབ་ཏུ་བྲིས་ནས་ཡོད་དོ། །སང་ནང་བར་ཡང་སློབ་དཔོན་ཀེ་རུ་གླིང་ནས་འཁར་གཞོང་མེ་ཏོག་གིས་བཀང་ནས་བྱོན་པས་བཙན་པོས་དགེ་སློང་རིགས་ལྔའི་དབུ་རྒྱན་ཅན་ཞིག་དུ་གཟིགས། སློབ་དཔོན་གྱིས་ཏིང་ངེ་འཛིན་གྱིས་དབུ་རྩེའི་བར་ཁང་གི་ལྷ་སྤྱན་དྲངས་སྟེ་འཁོར་སའི་ལོགས་ལ་ཞལ་ཤར་དུ་གཟིགས་པ་ལ་མེ་ཏོག་གཏོར། ལྷ་རྣམས་དུས་གཅིག་ལ་ནང་དུ་གཤེགས་སྟེ་སྔར་གྱི་གྲལ་བཞིན་དུ་འཁོད། གསེར་གཞོང་པ་གང་ཡོན་དུ་ཕུལ། ཞལ་སྲོའི་དུས་ལྟད་མོ་བ་ལ་འཚལ་མ་སྔར་བཞིན་དུ་བསྩལ། དེའི་རྗེས་ལ་ལྟད་མོ་ཆེ་ཐང་རེ་བྱེད། རྔོག་ཕ་ལ་བྱ་བས་རྔ་མོང་བདུན་ལ་ཞོན་རེས་བྱེད་ཅིང་བྱུང༌། ལ་ལ་གུ་རུབ་སྟེ་རྟ་རྒྱུག་(ཇ༡༠༠བ)


PTT001_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྟེང་ན་ཕར་ན་རལ་གྲིའི་སྒོང་འཕན། ལ་ལ་མི་ཉིས་བརྩེགས་ཀྱིས་འཕན་འཕྱར་བ་ལ་སོགས་ལྟད་མོ་བར་པའི་བྱས་ལུགས་འཁོར་སའི་སྒོ་རྒྱབ་ཏུ་བྲིས་ཡོད། ཡང་སློབ་དཔོན་གྱིས་ཀེ་རུ་གླིང་ནས་འཁར་གཞོང་མེ་ཏོག་གིས་བཀང་ནས་བྱོན་པ་དེ་བཙན་པོས་དགེ་སློང་འཇམ་པའི་རྡོ་རྗེའི་དབུ་རྒྱན་ཅན་ཞིག་དུ་གཟིགས། དབུ་རྩེའི་སྟེང་ཁང་གི་ལྷ་རྣམས་བང་སྨུག་པོའི་ཁར་ཏིང་ངེ་འཛིན་གྱིས་སྤྱན་དྲངས་ནས་མེ་ཏོག་གཏོར། ལྷ་རྣམས་དུས་གཅིག་ལ་ནང་དུ་གཤེགས་སྟེ་སྔར་གྱི་གྲལ་བཞིན་དུ་འཁོད། གསེར་གཞོང་པ་གང་ཡོན་དུ་ཕུལ། ཞལ་སྲོ་ཕྱི་མའི་དུས་སུ་ལྟད་མོ་བ་ལ་འཚལ་མ་སྔར་བཞིན་དུ་བསྩལ། རྗེས་ལ་ལྟད་མོ་ཆེ་ཐང་རེ་བྱེད། འཇང་དགའ་བོ་བྱ་བས་སེང་ལྡེང་གི་གདུང་བདུན་ཐོད་ལ་བཙུགས་ནས་དབུ་རྩེའི་ཐང་ལ་བང་བརྒྱུགས་སྟེ་ལྷོ་སྒོའི་ཐེམ་ཁར་པོར། དེ་རེ་རེ་ལ་ཡང་མི་རེས་མི་ཐེག་སོ་ཤིང་སྟག་ཤིང་རྩེ་ན་ཕར་རྒྱུག །ཤིང་རྩེ་ལ་སྒྱུ་མ་མཁན་ལུས་ལ་མེ་ཆེན་འབར། ཐང་ཤིང་ལ་བྱེ་ཆུང་སྤྱང་མོ་ཉུག་པ་སོགས་ལྟད་མོ་ཐ་མའི་བྱས་ལུགས་འཁོར་སའི་སྒོ་རྒྱབ་ན་བྲིས་ནས་ཡོད། སྤྱིར་སློབ་དཔོན་བོ་དྷི་ས་ཏྭས་བསམ་ཡས་ཀྱི་ཆོས་འཁོར་མ་བུ་ལ་མངའ་གསོལ་རབ་གནས་ལན་བརྒྱད་བྱས་སོ། །རབ་གནས་ལན་བདུན་བྱས་པའི་རྟེན་ནི་སྤྲུལ་པའི་སྐུ་དངོས་དང་བྱིན་རླབས་མཉམ་པ་ལགས་སོ། །དེའི་རྗེས་ལ་བཙུན་པོས་གསིལ་ཁང་གི་མཚོ་ནང་དུ་པདྨའི་སྡོང་པོ་སྐྱེས་པའི་སྟེང་དུ་བཞུགས་ནས་ཐུགས་དམ་ལྷ་ཁང་འབྱོངས་པ་ལ་གཟིགས་སྟེ་ཤིན་ཏུ་དགྱེས་ནས། ངའི་དབུ་རྩེ་རིགས་གསུམ་འདི་བརྩིགས་པ་མི་འདྲ་སྐྱེས་པ་འདྲ་སྟེ་ང་རེ་དགའ། བྱ་བ་ལ་སོགས་པའི་དགའ་གླུ་བཅུ་གསུམ་མགུར་དུ་བཞེངས་སོ། །བློན་པོ་རྣམས་ཀྱིས་ཀྱང་སོ་སོའི་ང་རྒྱལ་གྱི་གླུ་རེ་བླངས་སྟེ་མཆིམས་ཀྱི་ང་ཆེ་རྒྱང་གྲགས་ལ་སོགས་པའོ། །དེ་ལྟར་ལོ་བསྐོར་གཅིག་གི་བར་དུ་སྐྱིད་ཀྱི་བྲོ་མོ་ཆེ་བརྡུངས། མི་རེས་གླུ་རེ་བླངས། རྟ་རེས་བང་རེ་བརྒྱུགས། བྱ་རེས་སྐད་རེ་བཏོན། དུས་དེ་ཙམ་ན་བོད་བདེ་སྐྱིད་(ཇ༡༠༡ན)


PTT001_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་ཐང་དར་བ་ལགས་སྟེ་དེ་ཡང་དབུ་རྩེའི་སྒོ་རྒྱབ་བྱང་ངོས་ན་བྲིས་ནས་ཡོད་དོ་ཅེས་བྱུང་ངོ༌། །སློབ་དཔོན་ཆེན་པོ་པདྨས་རབ་གནས་མཛད་པའི་ངོ་མཚར་རྦ་བཞེད་ན་མི་སྣང་ཡང་ཉིད་ཀྱི་རྣམ་ཐར་ལས་ཡ་མཚན་འདི་དང་མཚུངས་པ་ལ་རྡོ་རིང་གི་སེང་གེས་སྐད་ཕྱུང་བ་དང་པེ་ཀར་གྱིས་འཕྱམས་པ་སོགས་བཤད་ལ། བྲག་དམར་མགྲིན་བཟང་གི་རབ་གནས་ཀྱི་ངོ་མཚར་ལྟར་ན་དེ་བས་ཆེས་རྨད་དུ་བྱུང་བ་དུ་མ་ཡོད་རྒྱུར་སྣང་ཡང་ཡི་གེ་མ་མཐོང་ངོ༌། །དགའ་སྟོན་ཇི་ལྟར་བྱས་པ་ནི་བཀའི་ཐང་ཡིག་ཆེན་མོ་ལས་འདི་ལྟར་བཤད་སྟེ། དེ་ལྟར་དཔལ་གྱི་བསམ་ཡས་ལ། །རབ་གནས་དགའ་སྟོན་མཛད་པའི་དུས། །མཚོ་མོ་མགུར་གྱི་སྐྱིལ་ཀྲུང་དེར། །པདྨའི་སྡོང་པོ་སྐྱེས་པའི་གནས། །རྒྱལ་པོ་གསེར་ཁྲིའི་སྟེང་དུ་བཞུགས། །ཡིད་འོང་བཙུན་མོ་ལྔ་པོ་ཡང༌། །མཛེས་པའི་རྒྱན་དང་བཅས་སྟེ་བཞུགས། །མཆོད་གནས་ལོ་པཎ་ཐམས་ཅད་ཀྱང༌། །དགྱེས་ཤིང་ཆོས་ཀྱི་བགྲོ་གླེང་མཛད། །ཆོས་བློན་གཙོ་བོ་ཐམས་ཅད་ཀྱིས། །རྒྱལ་པོ་བཞུགས་པའི་ཐ་མ་བསྐོར། །དེ་ལྟར་མངའ་འོག་སྐྱིད་པའི་འབངས། །དབུས་གཙང་མངའ་རིས་ཐམས་ཅད་ནས། །མ་ཚོགས་བྱ་བ་གང་ཡང་མེད། །བཟའ་བཏུང་ལོངས་སྤྱོས་སྣ་ཚོགས་ཀྱིས། །གང་ལ་ཅི་འདོད་ཐམས་ཅད་ཚིམ། །དགའ་བའི་བྲོ་བརྡུང་སྐྱིད་པའི་གླུ། །ཉིན་རེ་བཞིན་དུ་རྒྱུན་ཆད་མེད། །གདུགས་དང་རྒྱལ་མཚན་བ་དན་སོགས། །དགུང་ལ་ཉི་མ་འགྲིབ་པ་ཙམ། །འདབ་ཆགས་བྱ་ལ་འཕུར་ས་མེད། །མགོ་ནག་མི་ཡིས་ས་གཞི་གང༌། །གྱི་གླིང་རྟ་ལ་རྒྱུག་ས་མེད། །སིལ་སྙན་རོལ་མོ་འབྲུག་ལྟར་ལྡིར། ཁྱེ་འུ་བུ་མོ་ཐམས་ཅད་ཀྱང༌། །ཆས་བརྒྱན་ལག་ན་རྔ་མ་ཐོགས། །རྔ་བརྡུང་གླུ་ལེན་གར་སྟབས་རྒྱུ། །གཡག་གསེང་དར་གསེང་སྟག་གསེང་དང༌། །འབག་དང་སེང་ཕྲུག་གར་མཁན་དང༌། །སྤ་མཛེས་རྔ་ཐོགས་འཕྱམ་པོ་སོགས། །རྒྱལ་པོའི་སྐུ་ལ་མཆོད་པར་འབུལ། །དེ་ལྟར་རྗེ་འབངས་ཐམས་ཅད་ཀྱི། །དགའ་བའི་ལུས་ལ་རང་དབང་མེད། །བྲོ་བརྡུང་ནམ་མཁའི་ཆར་པ་འདྲ། །(ཇ༡༠༡བ)


PTT001_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིད་པའི་སེམས་ལ་དྲན་འཛིན་མེད། །རང་རང་མོས་པའི་གླུ་རེ་ལེན། །དེ་ལྟར་མི་རྗེ་ལྷས་མཛད་པ། །ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དེས། །རིན་ཆེན་ཁྲི་ལས་བཞེངས་ནས་ནི། །རྒྱལ་པོ་དགྱེས་པའི་གླུ་བླངས་པ། །ང་ཡི་དབུ་རྩེ་རིགས་གསུམ་འདི། །རིན་ཆེན་སྣ་ལས་གྲུབ་པ་སྟེ། །བརྩིགས་པ་མི་འདྲ་སྐྱེས་པ་འདྲ། །ང་ཡི་ལྷ་ཁང་ངོ་མཚར་ཆེ། །མཐོང་བ་ཙམ་གྱིས་ཉམས་རེ་དགའ། །དེ་ཕྱིར་བསམ་གྱིན་བློ་རེ་བདེ། །ལུས་འཕགས་གླིང་ལ་དཔེ་བླངས་ནས། །ཤར་གྱི་ལྷ་ཁང་གསུམ་པ་འདི། །རིན་ཆེན་སྣ་ལྔ་ལས་གྲུབ་སྟེ། །བརྩིགས་པ་མི་འདྲ་སྐྱེས་པ་འདྲ། །ཛམྦུའི་གླིང་ལ་དཔེ་བླངས་ནས། །ལྷོ་ཡི་ལྷ་ཁང་གསུམ་པོ་འདི། །རིན་ཆེན་སྣ་ལྔ་ལས་གྲུབ་སྟེ། །བརྩིགས་པ་མི་འདྲ་སྐྱེས་པ་འདྲ། །བ་ལང་སྤྱོད་ལ་དཔེ་བླངས་ནས། །ནུབ་ཀྱི་ལྷ་ཁང་གསུམ་པོ་འདི། །རིན་ཆེན་སྣ་ལྔ་ལས་གྲུབ་སྟེ། །བརྩིགས་པ་མི་འདྲ་སྐྱེས་པ་འདྲ། །སྒྲ་མི་སྙན་ལ་དཔེ་བླངས་ནས། །བྱང་གི་ལྷ་ཁང་གསུམ་པོ་འདི། །རིན་ཆེན་སྣ་ལྔ་ལས་གྲུབ་སྟེ། །བརྩིགས་པ་མི་འདྲ་སྐྱེས་པ་འདྲ། །ང་ཡི་ཡཀྵ་གོང་འོག་འདི། །མཁའ་ལ་ཉི་ཟླ་ཤར་བ་འདྲ། །ང་ཡི་བཙུན་མོ་གླིང་གསུམ་འདི། །གཡུ་ཡི་མཎྜལ་བརྒྱན་པ་འདྲ། །ང་ཡི་མཆོད་རྟེན་དཀར་པོ་འདི། །དུང་དཀར་གཡས་སུ་འཁྱིལ་པ་འདྲ། །ང་ཡི་མཆོད་རྟེན་དམར་པོ་འདི། །མེ་ལྕེ་གནམ་ལ་སྙེག་པ་འདྲ། །ང་ཡི་མཆོད་རྟེན་སྔོན་པོ་འདི། །གཡུ་ཡི་ཀ་བ་བཙུགས་པ་འདྲ། །ང་ཡི་མཆོད་རྟེན་ནག་པོ་འདི། །ལྕགས་ཕུར་ས་ལ་བཏབ་པ་འདྲ། །ང་ཡི་མཆོད་རྟེན་ངོ་མཚར་ཆེ། །དེ་ལ་སོགས་པ་དགྱེས་པའི་གླུ། །སུམ་བཅུ་རྩ་གསུམ་ལྷ་དབང་གི །ལྷ་ཡི་གླུ་ལ་དཔེ་བླངས་ནས། །གཡུ་ཁང་གསེར་ཁྲི་ཞེས་པ་བླངས། །ལྷ་སྲས་མུ་ནེ་བཙན་པོ་ཡིས། །འཇིག་རྟེན་སྒྲོན་མ་བྱ་བ་བླངས། །ལྷ་སྲས་མུ་ནེ་བཙན་པོ་ཡིས། །སེང་གེ་འགྱིང་བ་བྱ་བ་བླངས། །བཙུན་མོ་རྣམས་ཀྱིས་གླུ་བླངས་པ། །གཡུ་མཚོ་འཁྱིལ་པ་བྱ་བ་དང༌། །གཡུ་ལོ་ལྕུག་ཕྲན་བྱ་བ་བླངས། །མཆོད་གནས་རྣམས་ཀྱིས་གླུ་བླངས་པ། །མཁན་པོ་བོ་དྷི་ས་ཏྭ་ཡིས། །སྒོ་ཕྲེང་དཀར་པོ་ཞེས་པ་བླངས། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །ལྷ་འདྲེ་ཟིལ་གནོན་ཞེས་པ་བླངས། །མཁས་པ་བཻ་རོ་ཙ་ན་ཡིས། །དབྱངས་ཡིག་ཁུག་པ་བྱ་བ་བླངས། །སྣུབས་བན་ན་མཁའ་སྙིང་པོ་ཡིས། །མཁའ་ལ་ཁྱུང་ལྡིང་བྱ་བ་བླངས། །ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱིས། །རྟ་མགྲིན་འགྱིང་དབྱངས་བྱ་བ་བླངས། །ཅོག་རོ་དཔལ་གྱི་བཟང་པོ་ཡིས། །སྐྱིད་པའི་དཔལ་དགུ། (ཇ༡༠༢ན)


PTT001_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

བློན་པོ་རྣམས་ཀྱིས་གླུ་བླངས་པ། །ཆོས་བློན་ཆེན་པོ་མགོས་རྒན་གྱིས། །དྲང་ཤིང་དཀར་པོ༏ དེ་སྲས་ཁྲི་བཟང་ཡབ་ལྷག་གིས། །མཛངས་ཡིག་འཕྲུལ་གྱི་ལྡེ་མིག་བླངས། །ཤུད་བུ་དཔལ་གྱི་སེང་གེ་ཡིས། །དུང་ཆུང་གཡུ་རིང༌༏ དམག་དཔོན་ལྷ་བཟང་ཀླུ་དཔལ་གྱི། །ཟར་ཆེན་ཟར་ཆུང༌༏ ཉང་བཟང་ཞང་པོ་ཁྲི་རྒྱལ་གྱིས། །སེང་གེ་འགྲིལ་ཆེན༏ སྦས་ཀྱི་བརྟན་བཟང་དཔལ་ལེགས་ཀྱིས། །འདོད་པ་རེ་བརྒྱད༏ མགར་གྱི་ཁྱུང་པོ་དུམ་ཚུགས་ཀྱིས། །བྱ་རྒོད་ལྡིང་བ༏ མཆིམས་ཀྱི་རྡོ་རྗེ་སྤྲེ་ཆུང་གིས། །མཆིམས་ཀྱི་བརྗེད་གླུ༏ སྣ་ནམ་རྒྱལ་ཚ་ལྷ་སྣང་གིས། །ལྷ་ཤུག་གོང་མ༏ ཁྲི་འབྲིང་ལྷ་འོད་ཁུ་ལོད་ཀྱིས། །མདོ་ཆོད་རབ་འབྲིང་ཐ་གསུམ་བླངས། །གཉགས་ཀྱི་ཁྲི་བཟང་ཡང་སྟོན་གྱིས། །ཟླ་འོད་ཁྱབ་བརྡལ༏ ངན་ལམ་སྟག་ར་ཀླུ་གོང་གིས། །ལྕགས་སྦྲེལ་གདོང་དྲུག༏ གཙོ་བོ་རྣམས་ཀྱིས་གླུ་བླངས་པ། །ཡ་མཚན་གསེར་གྱི་མེ་ཏོག་བླངས། །སྟག་ཤར་རྣམས་ཀྱིས་གླུ་བླངས་པ། །སྟག་རི་དགུ་བརྩེགས༏ མོ་བཙན་རྣམས་ཀྱིས་གླུ་བླངས་པ། །མེ་ཏོག་ཕྲེང་བ༏ སྨན་ཤར་རྣམས་ཀྱིས་གླུ་བླངས་པ། །གྲོང་ཟེར་རིང་མོ་བྱ་བ་བླངས། །གཞན་ཡང་བརྗོད་ཀྱིས་མི་ལང་སྟེ། །ལོ་བསྐོར་གཅིག་གི་བར་དུ་ནི། །མི་རེས་གླུ་རེ་བླངས་པ་ཡིན། །རྟ་རེས་བང་རེ་བརྒྱུགས་པ་ཡིན། །ཤིང་རེའི་རྩེ་ལ་དར་རེ་ཕྱར། །སྐྱིད་པའི་དཔལ་གྱི་འདོམ་བརྐྱང་སྟེ། །དགའ་བདེའི་དཔལ་ལ་ལོངས་སྤྱོད་བྱས། །ཅེས་བྱུང་ངོ༌། །གཞན་ཡང་མངའ་བདག་རྒྱལ་པོས་བཀའ་བསྩལ་པ། །ཚེ་འདིའི་བདེ་སྐྱིད་རྨི་ལམ་ཙམ་འདིས་བསླུ། །དེ་བས་གཏན་འདུན་བྱང་ཆུབ་སྒྲུབ་དགོས་གསུངས། །ཁྱེ་འུ་བློ་གྲོས་རྣོ་ཞིང་གསལ་བ་རྣམས། །བརྡ་སྤྲོད་སྐད་གཉིས་ལོ་ཙཱ་སློབ་ཏུ་བཅུག །ཡོད་སྨྲའི་དགེ་སློང་བཅུ་གཉིས་སྤྱན་དྲངས་སྟེ། །དང་པོར་དད་པ་ཆེ་བའི་རྦ་ཁྲི་གཟིགས། །བོ་དྷི་ས་ཏྭས་མཁན་པོ་མཛད་ནས་ནི། །རབ་ཏུ་ཕྱུང་བས་མངོན་ཤེས་ལྔ་ལྡན་གྱུར། །(ཇ༡༠༢བ)


PTT001_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

བོད་ཀྱི་རིན་པོ་ཆེ་ཞེས་རྒྱལ་པོས་བཀུར། །བོད་མི་རབ་བྱུང་ཀུན་གྱི་ཐོག་མ་ཡིན། །དེ་སོགས་བོད་ལ་རབ་བྱུང་བཏུབ་བམ་ཞེས། །སད་པའི་མི་དྲུག་དང་པོར་བསྙེན་པར་རྫོགས། །ཕྱི་ནས་དགེ་སློང་དགེ་ཚུལ་རྒྱ་ཆེར་འཕེལ། །ཟ་ཧོར་ཁ་ཆེ་ཡུལ་དབུས་རྒྱ་སོགས་ནས། །པཎ་ཆེན་ཚད་ལྡན་མང་དུ་སྤྱན་དྲངས་སྟེ། །མཁས་པའི་ལོ་ཙཱ་དུ་མས་རྒྱ་གར་ནག །ལི་ཡུལ་སོགས་ནས་རྒྱལ་བའི་གསུང་རབ་ནི། །ཇི་སྙེད་བཞུགས་པ་ཕལ་ཆེར་བོད་དུ་བསྒྱུར། །རབ་བྱུང་རྣམས་ཀྱི་འཚོ་བ་བླ་ནས་སྦྱར། །ཆབ་འོག་ནས་ཕྱུང་དབུ་ཡི་གཙུག་དུ་བཀུར། །བསླབ་གསུམ་ཡོངས་དག་སྡེ་སྣོད་གསུམ་ལ་མཁས། །ཐེག་ཆེན་ཤིན་ཏུ་རྒྱས་པ་ཁོང་དུ་ཆུད། །རིག་གྲོལ་ལྡན་པའི་སྐྱེས་ཆེན་མཐའ་ཡས་བྱུང༌། །ཡེར་བའི་རི་ལ་གྲུབ་ཐོབ་བརྒྱ་རྩ་བརྒྱད། །ཆུ་བོ་རི་ལ་གྲུབ་ཐོབ་ཉེར་གཅིག་སོགས། །སྒོམ་གྲ་རྣམས་སུ་རིག་འཛིན་སྡེ་སྣོད་ལས། །མཆོག་ཐུན་དངོས་གྲུབ་ཐོབ་པ་རབ་ཏུ་མང༌། །གང་ལ་ཅི་འཚམས་དམ་ཆོས་སྟོན་པ་ཡིས། །བོད་འབངས་ཐམས་ཅད་དམ་པའི་ལམ་ལ་སྦྱར། །དེ་དུས་བོད་དུ་དར་བའི་ཐུབ་བསྟན་ལྟ། །འཛམ་གླིང་གཞན་དུ་སྔོན་ཆད་མ་བྱུང་སྟེ། །ཕྱི་དུས་རྒྱ་གར་པཎ་ཆེན་དུ་མས་བསྔགས། །དེ་ཡང་རྦ་བཞེད་ཆེ་བའི་དངོས་བསྟན་ལྟར་བསམ་ཡས་དགའ་སྟོན་ཚར་ནས་སད་མི་རྣམས་རབ་ཏུ་བྱུང་བ་ལྟར་བཤད་ཅིང་རྦ་བཞེད་འབྲིང་བ་ལས་བསམ་ཡས་ཚར་ནས་ཞལ་སྲོ་མ་བྱས་པའི་བར་དེར་རབ་ཏུ་བྱུང་བར་བཤད་ཟེར་ཡང་ལོ་རྒྱུས་རྣམས་སོ་སོ་སྡེ་ཚན་དུ་བསྒྲིགས་སྟེ་སྔ་ཕྱིའི་གོ་རིམ་ལ་མ་བརྩིས་པར་ཟད་ཀྱི་ཐང་ཡིག་ལས་དགའ་སྟོན་གྱི་དུས་བཻ་རོ་ཙ་ན་སོགས་གྲལ་དུ་བཞུགས་པར་གསུངས་ཤིང་གཞན་ཕལ་ཆེར་གྱི་མཁན་པོ་རྦ་རཏྣས་བྱས་པར་བཤད་ལ་བསྙེན་པར་རྫོགས་ནས་ལོ་བཅུ་མ་ལོན་ན་མཁན་པོར་མི་རུང་བའི་ཕྱིར་བོ་དྷི་ས་ཏྭ་བོད་དུ་ཕེབས་ནས་རིང་པོ་མ་ལོན་པར་སད་མི་རྣམས་(ཇ༡༠༣ན)


PTT001_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་བྱུང་བར་གསལ་ལོ། །དེས་ན་ལང་གྲོ་སྣང་བཞེར། གཉེར་སྟག་བཙན་གདོང་གཟིགས། སེང་མགོ་ལྷ་ལུང་གཟིགས། མཆིམས་མེ་ལྷ་རྣམས་མངགས་ནས་བྲྀ་ཀ་མ་ལ་ཤཱི་ལའི་གཙུག་ལག་ཁང་ནས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་བཅུ་གཉིས་སྤྱན་དྲངས། ལུག་གི་ལོ་དཔྱིད་ཟླ་ར་བའི་ཡར་ངོའི་ཚེས་བརྒྱད་ལ་ཕོ་བྲང་དུ་ཕེབས་སྟེ་བོ་དྷི་ས་ཏྭས་མཁན་པོ་མཛད་ནས་སད་མི་རྣམས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་སྟེ་རིམ་གྱིས་རབ་བྱུང་མང་དུ་འཕེལ་ལོ། །མཁན་རྒྱུད་ནི་ཤཱ་རིའི་བུ། དགྲ་གཅན་ཟིན། ཀླུ་སྒྲུབ། ལེགས་ལྡན་བྱེད། དཔལ་སྦས། ཡེ་ཤེས་སྙིང་པོ། བོ་དྷི་ས་ཏྭ་རྣམས་བསམ་ཡས་ཀྱི་གྱང་རིས་ལ་ཡོད་དོ། །རྦ་བཞེད་ཆེ་བ་ལས་ནི། དུས་དེར་རྗེ་བློན་རྣམས་རྩེ་བྲོ་ལ་གཡེངས་པ་དང་དེ་ཡན་ཆད་བོད་ལ་དགེ་སློང་མིང་ཡང་མེད་པ་ལས་བསམ་ཡས་ཀྱི་རྩིག་རྨང་ཐམས་ཅད་བྱི་ཁུང་བྱས་སྟེ་འདུག་ལྷ་ཁང་དང་རྟེན་རྣམས་ལ་མཆོད་པ་དང་ཞབས་ཏོག་བྱེད་པ་མེད་པས་བཙན་པོ་ཐུགས་མ་བདེ་ནས་འབངས་རྣམས་ལ་ཆོས་བྱ་བར་རིགས་སོ་གསུངས་ནས་ལུག་གི་ལོ་དཔྱིད་ཟླ་ར་བའི་ངོ་ལ་སློབ་དཔོན་གྱིས་ཐམས་ཅད་ཡོད་སྨྲའི་སྡེ་དབུས་པ་བྱེ་བྲག་དུ་སྨྲ་བའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ནས་ཞང་བློན་གྱི་བུ་རྣམས་ལ་སློབ་དཔོན་གྱིས་རྒྱ་སྐད་བསླབས་པས་མཆིམས་ཨ་ནུའི་བུ་ཤཱཀྱ་པྲ་བྷ་དང༌། པ་གོར་ཧེན་འདོད་ཀྱི་བུ་བཻ་རོ་ཙ་ན་དང་རྦ་ཁྲི་བཞེར་གྱི་བུ་ཁྲི་གཟིགས་སམ་སང་ཤི་ཏ་དང༌། ཞང་ཉ་བཟང་གི་བུ་ལྷ་བུ་ལྷ་བཙན་དང༌། ཤུད་བུ་ཁོང་ལེབ་རྣམས་ཀྱིས་སྐད་ལོབས། མཆིམས་ལེགས་གཟིགས་སོགས་མང་ཞིག་གིས་མ་ཤེས་སོ། །བློན་པོ་མགོས་རྒན་ན་རེ་ངེད་བློན་པོ་རྣམས་ལ་ལོང་མ་མཆིས་པས་ཨ་ཙ་རའི་སྐད་སློབ་མི་ཁོམ་པས་རྒན་པོའི་ཆོས་ཞུའོ་ཟེར་བས་སློབ་དཔོན་གྱིས་ཨ་ཕ་དང་ཨ་མའི་སྐད་དོན་ཐོག་དུ་ཕེབས་སྟེ་རྒྱ་སྐད་དང་མཐུན་པར་བོད་སྐད་མཁྱེན་ཞིང་བྱང་བ་སཾ་ཀྲྀ་ཏའི་སྐད་མེད་ཀྱང་བོད་བྱང་ཆུབ་སེམས་དཔའི་སྤྲུལ་པའི་སྐད་ཡིན་པས་ཆོས་བྱར་བཏུབ་གསུངས་སྟེ་སྒོམ་ལུང་ཕོག་གོ །བཙན་པོའི་ཞལ་ནས་ངའི་བོད་ལ་དགེ་སློང་མེད་པས་ངའི་(ཇ༡༠༣བ)


PTT001_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཞང་བློན་དག་ལ་དགེ་སློང་བཏུབ་བམ་ཞུས་པས་སློབ་དཔོན་གྱིས་བཏུབ་བམ་སད་ཅིག་གསུངས་སྟེ་སྐད་བསླབས་པ་ཚོ་ལས་ཐོག་མར་བོད་ལ་དད་པ་ཆེ་བའི་རྦ་ཁྲི་གཟིགས་རབ་ཏུ་ཕྱུང་སྟེ་དགེ་སློང་བྱས། མཚན་དཔལ་དབྱངས་སུ་བཏགས། ལྔའི་མངོན་པར་ཤེས་པ་དང་ལྡན་པས་བཙན་པོ་དགྱེས་སྟེ་དེའི་ཞབས་སྤྱི་བོར་བླངས་སྟེ་ཁྱོད་བོད་ཀྱི་རིན་པོ་ཆེ་ཡིན་ཞེས་བཀའ་བསྩལ་མཚན་ཡང་རྦ་རཏྣ་ཞེས་ཐོགས། བོད་ཀྱི་རབ་བྱུང་ལ་སྔ་བ་དེ་ཡིན་ནོ། །ད་དུང་རབ་ཏུ་ཕྱུང་ཞིག་ཞུས་པས། སད་ཅིག་གསུངས་ནས་རྦ་གསལ་སྣང་དང༌། པ་གོར་བཻ་རོ་ཙ་ན་དང༌། ངན་ལམ་རྒྱལ་བ་མཆོག་དབྱངས་དང༌། རྨ་ཨཱ་ཙརྻ་རིན་ཆེན་མཆོག་དང༌། ལས་གསུམ་རྒྱལ་བ་བྱང་ཆུབ་དང་ལྔ་དགེ་སློང་བྱས་སྟེ་གསལ་སྣང་ལ་སྔར་སེམས་སྐྱེད་ཞུས་པའི་ཚེ་བཏགས་པའི་མིང་ཡེ་ཤེས་དབང་པོ་བཏགས། དེ་ལ་སོགས་པ་བཏགས་ནས་སད་མི་དྲུག་རབ་ཏུ་བྱུང་ངོ་ཞེས་བྱུང་ངོ༌། །འདི་དག་དུ་ཡི་གེ་མ་དག་པ་འཕེལ་བ་ལས་སྔར་གྱི་རྒྱ་ཕྲུག་གར་མཁན་དེ་ལ་ཡང་རྦ་སང་ཤི་ཞེས་བྲིས་པ་སོགས་སྣང་ཡང་རྦ་རཏྣ་ནི་རྦ་ཁྲི་བཞེར་གྱི་བུར་བཤད་ལ་རྒྱ་ཕྲུག་སང་ཤི་ནི་རྒྱ་ནག་གི་ཕོ་ཉའི་བུ་ཡིན་པས་རྦའི་རུས་སུ་མི་འོང་ལ། ཡང་བྱ་ཁྲི་གཟིགས་ཞེས་བྲིས་པ་དུ་མ་ཡོད་ཀྱང་ཡི་གེ་ཉམས་པ་སྟེ། རུས་དེ་གཉིས་ཀྱི་གཞི་མཐུན་མི་སྲིད་དོ། །བོ་དྷི་ས་ཏྭའི་མཚན་ཤཱནྟ་རཀྵི་ཏའི་ཟུར་གྱི་རཀྵི་ཏ་འདི་རྣམས་གྱི་མིང་མཐར་ལྡན་པ་སྟེ་བཻ་རོ་ཙ་ན་རཀྵི་ཏ་ཅེས་སོགས་ཡོད་པར་སྣང་ངོ༌། །ཁ་ཅིག་རྦ་བཞེད་ཀྱི་སད་མི་དྲུག་པོའི་ལེགས་གསུམ་གྱི་ཚབ་ཏུ་གཙང་ལེགས་གྲུབ་བརྗེས། ངན་ལམ་གྱི་འོག་དུ་ཁོན་ཀླུའི་དབང་པོ་བཅུག་པ་ལ་སད་མི་བདུན་བྱེད་པར་སྣང་ངོ༌། །བུ་སྟོན་ཆོས་བྱུང་དུའང་པར་བརྐོ་དུས་ཞུས་དག་པས་ཉམས་པ་ཡིན་ནམ་ཀུན་མཁྱེན་བུ་སྟོན་ལྟ་བུ་འདི་ཙམ་ལ་མི་འཁྲུལ་མོད་ཀྱང་ཐོག་མར་བྱ་ཁྲི་གཟིགས་རབ་ཏུ་ཕྱུང་བས་མངོན་ཤེས་ལྔ་དང་ལྡན་པར་གྱུར་ཏོ། །དེ་ནས་རྦ་གསལ་སྣང༌། རྦ་ཁྲི་བཞེར། སང་ཤི་ཏ། པ་གོར་བཻ་རོ་ཙ་ན། ངན་ལམ་རྒྱལ་མཆོག་ཁོན་ཀླུའི་དབང་པོ་སྲུང་བ། རྨ་རིན་ཆེན་མཆོག །གཙང་(ཇ༡༠༤ན)


PTT001_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་གྲུབ་དང་བདུན་རབ་ཏུ་བྱུང་བའི་མཚན་ཡེ་ཤེས་དབང་པོ་དང་དཔལ་དབྱངས་ལ་སོགས་པ་ཡིན། སད་མི་བདུན་ཡིན་ཟེར་རོ་ཞེས་རྦ་ཁྲི་གཟིགས་དང་པོ་དང་གསུམ་པ་གཉིས་ཀར་ལན་རེ་གྲངས། ཁྲི་བཞེར་གྱི་བུ་སང་ཤི་ཏ་ཅེས་པའི་བུ་དང་རྣམ་དབྱེ་ཆད། གཅོད་མཚམས་ཉམས་པས་མིང་གཉིས་སུ་སོང༌། དགུའམ་བརྒྱད་གྲངས་ནས་མི་བདུན་ཡིན་ཞེས་པ་དང༌། རྦ་རཏྣའི་མིང་ཡེ་ཤེས་དབང་པོ་ཡིན་པ་འདྲ་བ་སོགས་ནག་ནོག་ཆེ་བར་སྣང་ངོ༌། །སྔ་རབས་མང་པོ་ཞིག་ནི་རྦ་མཉྫུ་འཇམ་དཔལ་གོ་ཆ་ཤྲཱི་ཝརྨ། རྩངས་དེ་ཝེནྡྲ་ལྷ་དབང་སྲུང་བ་རཀྵི་ཏ། བྲན་ཀ་མུ་ཁེནྡྲ་སྒོའི་དབང་པོ་སྲུང་བ་རཀྵི་ཏ་སྟེ་རྒན་གསུམ། བར་པ་རླངས་ཁམས་པ་གོ་ཆ། གཞོན་པ་ཁོན་ནཱ་ཀླུའི་དབང་པོ་གེནྡྲ། པ་གོར་ནམ་སྣང་བཻ་རོ་ཙ་ན། རྨ་ཨཱ་ཙརྻ་རིན་ཆེན་མཆོག་སྟེ་གསུམ་རྣམས་སད་མི་བདུན་དུ་འཆད་དོ། །ཁ་ཅིག་རྦ་རཏྣ་མཆིམས་ཤཱཀྱ་པྲ་བྷ། གཙང་ལེགས་གྲུབ། བཻ་རོ་ཙ་ན། ཞང་ལྷ་བུ། ཤུད་བུ་ཁོང་ལེགས། ཡེ་ཤེས་དབང་པོ་དང་བདུན་ནོ་ཞེས་སོགས་འདོད་ལུགས་མང་དུ་སྣང་ཡང་རྦ་བཞེད་ཀྱི་ལུགས་གཙོ་བོར་བཟུང་སྟེ་ལོ་རྒྱུས་ཆེན་མོ་ལས་ཀྱང༌། དགེ་སློང་སྡོམ་པ་སྔ་བ་རྦ་ཡི་བནྡྷེ་གཉིས། །བཙུན་པའི་རབ་ནི་ངན་ལམ་ལྷ་ལུང་གཉིས། །བློ་རྣོ་རབ་མཆོག་རྨ་བན་རིན་ཆེན་མཆོག །ཐོས་པ་ཆེ་རབ་ལས་གསུམ་བྱང་ཆུབ་རྒྱལ། །མཁས་པའི་ཡང་རབ་བཻ་རོ་ཙ་ན་ཡིན། །ཞེས་རྦ་བཞེད་ཀྱི་དྲུག་པོའི་སྟེང་དུ་ལྷ་ལུང་རབ་འབྱོར་དབྱངས་བསྣན་པ་ལ་སད་མི་བདུན་དང༌། དེའི་ཁར་ན་སྐུ་མཐུའི་རབ་ནི་ན་མཁའ་སྙིང་པོ་སྟེ། །བསོད་ནམས་ཆེ་རབ་ཁྲི་སྲོང་ལྡེ་བཙན་ཡིན། །ཞེས་དེ་གཉིས་བསྣན་པས་བོད་ཡུལ་ན་རབ་ཀྱི་མི་དགུ་ཞེས་འཆད་པར་སྣང་བའི་ཕྱིར་རོ། །གཞན་ཡང་རྦ་བཞེད་ལས། དུས་དེར་བཙན་པོའི་ཞལ་ནས་སངས་རྒྱས་ཀྱི་བསྟན་པ་སྒྲུབ་པར་བྱེད་ན་རབ་ཏུ་འབྱུང་དགོས་པ་ཡིན་པས་ད་དུང་བཙུན་མོ་སྲིད་མ་ཟིན་པ་དང་ཞང་བློན་གྱི་བུ་དད་པ་ཅན་ཐམས་ཅད་རབ་ཏུ་ཕྱུང་ཞིག་ཞེས་གསུངས་པས་བློན་པོ་རྣམས་ན་རེ་རབ་ཏུ་བྱུང་ན་འཚོ་བ་མེད་ཏོ་ཞེས་མཆི་བས། བཙན་པོའི་ཞལ་ནས་ངས་(ཇ༡༠༤བ)


PTT001_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

འཚོ་བ་བླ་ནས་སྦྱར་ཞིག་གསུངས། དམག་དང་ཁྲལ་མ་བྱས་ན་ཆད་པ་འོང་ཟེར་བས། དེ་ལ་ངས་ཞབས་འོག་ནས་བཏོན་ལ་བདེ་བ་སྦྱིན་དབུའི་མཆོད་གནས་སུ་བྱའོ་གསུངས། སྡེ་སྣོད་གསུམ་ག་སློབ་མི་ནུས་ཟེར་བས་དགེ་བ་ཉམ་དང་དཔགས་ལ་སྤྱོད་ཅིག་ཞེས་བཀའས་གནང་ངོ༌། །དེ་ནས་ལུག་གི་ལོའི་དགུན་ཟླ་འབྲིང་པོའི་ངོ་ལ་བསམ་ཡས་བཞེངས་སུ་གསོལ་ཟིན་པའི་ཞལ་བསྲོས་ནས་པྲ་ཏི་ཧ་རའི་དུས་ཀྱི་མཆོད་པ་ཆེན་པོ་མཛད་པའི་ཚེ་ཇོ་མོ་གཅེན་ཁྲི་རྒྱལ་མོ་བཙན་དང་སྲུ་བཙན་མོ་རྒྱལ་ལ་སོགས་པ་བརྒྱ་རབ་ཏུ་བྱུང་བའི་མཁན་པོ་རྦ་རཏྣས་བགྱིས། སྤྱིར་དེ་དུས་སུ་མི་སུམ་བརྒྱ་རབ་ཏུ་བྱུང་ནས་དབུ་རྩེའི་བྱ་འདབ་དང་མཆོད་རྟེན་ཆེན་པོ་བཞིའི་རྩེ་མོ་ལྕགས་ཐག་གིས་སྦྲེལ། དེ་ལ་འཕན་མགོ་བཏགས་སྟེ་ན་མཁའ་དར་ལ་བགྱིས། ས་གཞི་གྱི་ལིང་གི་རྟས་ཁེངས། གསེར་ཕོར་དངུལ་ཕོར་ཐམས་ཅད་ཆབ་ཚ་དང༌། འབྲས་ཆང་དང༌། ནས་ཆང་གིས་བཀང༌། དུས་འདི་ཕན་ཆད་བཀའ་ཤོག་ཆེན་པོ་བཏང་སྟེ་ཆོས་ཁྲིམས་བཅས། སླན་ཆད་ཆབ་འོག་གི་འབངས་ལས་ཕོ་མིག་མི་དབྱུང་མོ་སྣ་མི་བཅད། མཚང་ཅན་མི་སྐུམ་པར་གནང༌། སྐྱེ་བོ་ཐམས་ཅད་ཀྱིས་རྗེའི་བཀའ་ཉན་ཞིང་རྗེ་འབངས་ཐམས་ཅད་ཀྱིས་རབ་ཏུ་བྱུང་བ་དབུའི་མཆོད་གནས་སུ་ཕྱུང་ནས་ཕྱག་དང་མཆོད་པ་དང་བཀུར་སྟིར་བྱ་བ་སོགས་ཆོས་ཀྱི་བཀའ་ཁྲིམས་ཆེན་པོ་བསྩལ་བ་བཀར་བཏགས། དེ་ལྟར་བྱ་བའི་ཆེད་དུ་བཙན་པོ་ཡབ་སྲས་དང་སྣ་ཆེན་པོ་མ་གཏོགས་པ་བློན་ཆེན་མན་ཆད་ནས་སྣ་ལ་གཏོགས་པ་རིལ་གྱིས་བྲོ་བོར་རོ། །ཆོས་གཙིགས་མཛད་བཀའ་གཙིགས་ཀྱི་རྡོ་རིང་བཙུགས། རབ་ཏུ་བྱུང་བའི་ཆོས་གྲྭའི་སློབ་དཔོན་དང་ཉ་མའི་སློབ་དཔོན་བསྐོས། དེང་ཕན་ཆད་དཀོན་མཆོག་གསུམ་དང་དགེ་འདུན་གྱི་བཤོས་ནི་ཁབ་སོ་ཆེན་མོ་ལས་སྦྱར། སྔར་ཡེ་ཤེས་དབང་པོ་དང་སློབ་དཔོན་བོ་དྷི་ས་ཏྭས་གསོལ་བ་བཞིན་ཆོས་ལ་འཇུག་པར་ཆད་ནས་སྒྲ་བསྒྱུར་བཙུགས་སྟེ་ལོ་ཙཱ་བ་ཆེན་པོས་ནི་རྒྱ་གར་གྱི་ལོ་ཙཱ་བྱས། རྒྱ་ནག་པོའི་ལོ་ཙཱ་བྲན་ཀ་ལེགས་(ཇ༡༠༥ན)


PTT001_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཀོང་དང༌། ལྷ་ལུང་གླུ་གོང་དང༌། འོག་གོམ་དབུས་གོང་དང༌། ཁྱུང་པོ་རྩེ་རྩེ་སོགས་ཀྱིས་བྱས། རྒྱའི་ཧྭ་ཤང་མ་ཀོ་ལེ་སྤྱན་དྲངས་ནས་ཆོས་བསྒྱུར་བ་ལས། རྦ་རཏྣས་ཤེས་རབ་འབུམ་ཐོག་མར་བསྒྱུར་བའི་ཚེ། བོད་ཁམས་སུ་འབུམ་སྡེ་རྒྱས་པར་འགྱུར། དེའི་བསོད་ནམས་དང་བྱིན་གྱི་འཇིག་རྟེན་གྱི་ཁམས་སུ་ཐེག་པ་ཆེན་པོ་སྤྱོད་པ་ཤ་སྟག་སྐྱེའོ་ཞེས་རྨི་ལམ་དུ་ལུང་བསྟན། རྦ་བྲན་མཁན་པོ་མཉྫུས་ཤེས་རབ་འབུམ་བཙན་པོ་ཁྲི་སྲོང་ལྡེ་བཙན་རྗེ་འབངས་ལ་བཤད་པའི་ཚེ་བཙན་པོ་མཉེས་ནས་ཕྱག་དབུ་ལ་བྱུགས་སྟེ་བྱ་དགའ་ཆེ་ཐང་དུ་གསོལ། རྒྱུད་ཀུན་ལས་བཏུས་པ་ཡང་མཉྫུས་བསྒྱུར། ཞམ་རིང་དགེ་སློང་དང་སྐྱེ་བོ་ཀུན་ན་རེ་ཆོས་མཁས་རབ་སྟེ་གསོལ་ཞེས་གྲགས། ཇོ་མོ་ལྷ་རྒྱལ་གྱི་ཞལ་ནས་ཀྱང་དེ་ལྟར་ཆོས་མཁས་པ་ཟས་སུ་ཅི་གསོལ་གསུངས། ནུས་པ་ཡོད་པ་ཀུན་གྱིས་རྒྱ་དཔེ་རྙེད་ཚད་བསྒྱུར། འཚོ་བ་ཐམས་ཅད་བླ་ཆེན་པོ་ནས་སྦྱར་སྟེ་ཚང་མང་ཀེ་རུ་གླིང་ནས་གཡོས་ས་བྱས་སྟེ་རབ་ཏུ་བྱུང་བ་སུམ་བརྒྱ་ལ་ཟས་སྣ་བཅུ་གསུམ་རེ་འདྲེན་པའི་ལག་དཔོན་ཇོ་མོ་བྱང་ཆུབ་རྗེས་མཛད། གདན་ནོན་པ་དང་རྒྱས་པ་བམ་པོ་རེ་ལ་ཤོག་དྲིལ་རེ་བྱས་ནས་འདོན་སྟེ་ན་མ་རེ་ལ་འབུམ་ཚར་རེ་བཀའ་སྒྲོག་གོ་ཞེས་བྱུང་ངོ༌། །ཆོས་བསྒྱུར་ཚུལ་གྱི་ན་ཡམས་ཀྱང་དུ་མ་ད་ལྟའི་རྦ་བཞེད་ན་འདི་ལྟར་བྲིས་སྣང་སྟེ། རྦ་བཞེད་རྒྱས་ཤོས་ལུགས་གཅིག་ལ་རྒྱ་ནག་པོའི་ཆོས་རྣམས་ཐོག་མར་བསྒྱུར། རྒྱ་དཀར་པོའི་ཆོས་ལ་ནང་རྒྱུད་སྡེ་གསུམ་ཤ་ཆང་ལ་ཡེངས་སྟེ་བོད་ལ་མི་འཚམས་པས་མ་བསྒྱུར། ཐམས་ཅད་ཡོད་སྨྲའི་སྡེ་བྱེ་བྲག་དུ་སྨྲ་བ་རྒྱུ་འབྲས་སྟོན་སྟེ་བོད་ལ་འཚམས་པར་མཁྱེན་ནས་བསྒྱུར། ཡེ་ཤེས་དབང་པོ་ལ་གསོལ་སྟེ་དང་པོ་ལུང་སྡེ་བཞི་ལས་ལུང་རིང་པོ་དང་གང་པོའི་རྟོགས་པ་བརྗོད་པ་ཉུང་ངུ་ཞིག་བསྒྱུར། མངོན་པ་ལ་ཉན་ཐོས་ཀྱི་ཀོ་ཥ་བསྒྱུར། ཁ་ཅིག་ན་རེ་འདུལ་བ་ལ་དགེ་འདུན་(ཇ༡༠༥བ)


PTT001_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཕལ་ཆེན་སྡེ་ནི་ཁྲིམས་ཡངས་ཆེས་པ་དང་གནས་བརྟན་པ་མང་བཀུར་བ་གསུམ་ནི་མ་བསྒྱུར། ཉན་ཐོས་ཀྱི་འདུལ་བ་དང་མདོ་སྡེ་དང་ཐེག་ཆེན་གྱི་མངོན་པའི་བསྟན་བཅོས་རིལ་བསྒྱུར། ཏནྟྲ་ལས་མ་ཧཱ་ཡོ་ག་མུ་སྟེགས་དགེ་བ་ལ་གཟུད་པའི་སླད་དུ་གཙང་དམེ་མེད་པར་བསྟན་པས་མ་བསྒྱུར། ཨ་ཏི་ཡོ་ག་ཆོས་ཀྱི་དབྱིག་ལྟ་བུ་ནི་མ་རྟོགས་པར་ལོག་པར་འཇུག་བར་འགྱུར་བས་མ་བསྒྱུར། སྔགས་ཡོ་ག་ནུས་པ་ཅན་ཡང་བོད་ལ་ནུས་པ་མི་འབྱུང་བས་མ་བསྒྱུར། ཀྲྀ་ཡ་བྲམ་ཟེ་རྣམས་དགེ་བ་ལ་གཟུད་པའི་ཕྱིར་གསུངས་པ་བོད་གཙང་སྦྲ་ཆུང་བས་མ་བསྒྱུར། ཨ་ནུ་ཡོ་ག་རྨེ་བག་ཅན་ལ་བསྟན་པ་བོད་རྟོག་ཆེ་བས་མ་བསྒྱུར། ཨུ་པ་ཡ་བོད་ལ་རན་པར་བརྩིས་ནས་ཡེ་ཤེས་དབང་པོས་བསྒྱུར། མདོ་སྡེ་དང་གཟུངས་རྒྱ་གར་དུ་མ་ལུས་པ་ཙམ་ཞིག་བསྒྱུར། བཙན་པོའི་ཞལ་ནས་རྒྱ་གར་དང་རྒྱ་ནག་གི་ཆོས་དཔེ་ཕལ་ཆེར་བསྒྱུར་བ་ལས་ཆོས་དཔེ་ཐམས་ཅད་ཤྲི་ནཱ་ལེནྡ་ན་ཡོད་པ་མེས་ཚིག །དེར་མ་ཚིག་པ་ཤས་ཅིག་མ་བསྒྱུར་བར་ཡོད་པ་ངའི་ཡིད་ལ་གཅགས་སོ་གསུངས་ཞེས་བྲིས་སྣང་མོད་དཔྱད་པའི་གཞིའོ། །བུ་སྟོན་ཆོས་བྱུང་ལས་ནི། གཞན་ཡང་རྒྱ་གར་གྱི་སློབ་དཔོན་བི་མ་ལ་མི་ཏྲ་དང་སངས་རྒྱས་གསང་བ་དང་ཤཱནྟི་གརྦ་དང་བི་ཤུདྡྷ་སིངྷ་ལ་སོགས་པ་དང༌། བོད་ཀྱི་ལོ་ཙཱ་བ་སད་མི་བདུན་དང༌། ཆོས་ཀྱི་སྣང་བ་དང༌། བནྡྷེ་ན་མཁའ་དང༌། སྒྲོ་རིན་ཆེན་སྡེ་དང༌། རྣམ་པར་མི་རྟོག་པ་དང༌། ཤཱཀྱ་འོད་ལ་སོགས་པས་ལོ་ཙཱ་བྱས་སྟེ་ཆོས་མང་པོ་བསྒྱུར། སྔགས་འཆང་དྷརྨ་ཀིརྟི་ཞེས་པ་སྤྱན་དྲངས་སྟེ་ཡོ་ག་རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་དུ་བདུད་འདུལ་སྔགས་པ་གླིང་དུ་དབང་བསྐུར། ཁ་ཆེའི་པཎྜི་ཏ་ཛི་ན་མི་ཏྲ་དང་ད་ན་ཤཱི་ལ་ལ་སོགས་པས་རྣམ་དག་ཁྲིམས་ཁང་གླིང་དུ་ཁྲིམས་འབོགས། རྒྱའི་ཧྭ་ཤང་ལ་སོགས་པས་མི་གཡོ་བསམ་གཏན་གླིང་དུ་བསམ་གཏན་བྱེད། བརྡ་སྦྱོར་ཚངས་པའི་གླིང་དུ་བརྡ་སྦྱོར། དཀོར་(ཇ༡༠༦ན)


PTT001_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་པེ་ཀར་གླིང་དུ་ནོར་འཇོག །བཻ་རོ་ཙ་ནའི་གླིང་དུ་ཆོས་འཆད་པ་ལ་སོགས་པས་བསྟན་པ་ཡོངས་སུ་རྫོགས་པ་དར་བར་བྱས་སྟེ་འབྲུག་གི་ལོ་ལ་ཕོ་བྲང་ལྡན་དཀར་ན་བཞུགས་པའི་སྟོན་སྒྲ་བསྒྱུར་གྱི་བནྡྷེ་དཔལ་བརྩེགས་དང་བནྡྷེ་ཀླུའི་དབང་པོ་ལ་སོགས་པས་བོད་ཁམས་སུ་དམ་པའི་ཆོས་འགྱུར་རོ་འཚལ་གྱི་མཚན་བྱང་བམ་པོ་དང་ཤྩོ་ཀའི་གྲངས་སུ་མཆིས་པར་གཏན་ལ་བབ་ནས་དཀར་ཆག་དུ་བྲིས་སོ་ཞེས་བྱུང་ངོ༌། །གཞན་ཡང་ཡེར་པ་དང་ཆུ་བོ་རི་ལ་སོགས་ལ་སྒོམ་གྲ་ཆེན་པོ་བཙུགས་པ་ལ་གྲུབ་ཐོབ་མང་དུ་བྱུང་སྟེ་ཡེར་པའི་དཀར་ཆག་བླ་མ་ཟངས་རི་བས་ཡེར་པ་བསོས་པའི་སྤེའུ་སེར་པོ་ནས་ཐོན་པ་ལས། ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་འབྲོམ་སྟོད་གུང་མོ་ཆེར་འཁྲུངས། སྐྱ་མིང་སྟག་ཉ་བཟང་ཟེར། རྒྱ་བོད་ཀྱི་མཚམས་བསྲུངས་སྟེ་རྒྱ་རྣམས་བཏུལ། ལན་གཅིག་གོ་ཆ་ཕུད་པའི་རྨོག་གི་ནང་ན་ཏོག་གི་གཟུངས་བཞུགས་པ་བཀླགས་པས། བྲ་ཉེ་ལ་ནི་གང་སྐྱེས་པ། །རྐང་མཐིལ་རྨེ་བ་དམར་པོ་ཅན། །ཤི་ནས་དམྱལ་བར་སྐྱེ་བར་འགྱུར། །ཟེར་བ་མཐོང༌། རྐང་མཐིལ་བལྟས་པས་རྨེ་བ་དམར་པོ་ཅིག་འདུག །ཀློག་མཁན་ལ་ཀློག་དུ་བཅུག་པས་ཀྱང་དེ་བཞིན་དུ་འདུག་ཟེར། དེར་ཡབ་མཆེད་གཉིས་ཁོང་རང་སྤུན་གསུམ་དང་བཅས་པ་བསམ་ཡས་སུ་པཎྜིཏ་བཞུགས་པའི་རྩར་ཕྱིན། བི་མ་ལ་མི་ཏྲ་ལས་རབ་ཏུ་བྱུང༌། པདྨ་སམྦྷ་ཝ་ལས་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས། རབ་འབྱོར་དབང་པོ་དབྱངས། དཔལ་གྱི་རྡོ་རྗེ། བཙུན་པ་དཔལ་གྱི་དབྱངས་སྟེ་མཆེད་གསུམ་པོ་གྲིབ་ཀྱི་དཀར་མོ་རོང་དུ་བསྒོམས་པས་དཔལ་གྱི་རྡོ་རྗེའི་ཆོས་གོས་ལྷགས་པས་ཁྱེར་བ་བསྙེགས་པས་ཡེར་པ་ལྷ་རི་སྙིང་པོར་ཤུག་པ་བྱ་ཕོང་ཙམ་ཞིག་ལ་བཀྲིས་ནས་འདུག་ཁོང་ས་དཔྱད་ལ་མཁས་པས་རི་དེ་ཇོ་མོ་སྒྲོལ་མའི་བཞུགས་ཚུལ་འདྲ་བ་གཡས་བརྐྱངས་གཡོན་བསྐུམས་པ། ཤར་གྱི་རི་སྤུངས་པ་འདྲ་བ་ནུབ་རི་རིན་པོ་ཆེ་བསྟར་ལ་བརྒྱུས་པ་འདྲ་བ། ལྷོ་གཞོལ་བ་བྱང་བསྐྱབས་པ་བྲག་(ཇ༡༠༦བ)


PTT001_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་རྒོད་སྤུངས་པ་འདྲ་བ། ཤུག་པའི་ནགས་སྨྱུག་ལོ་རྒྱས་པ་ལྟ་བུ། ཡར་གྱི་གནམ་སྒོ་བྱེ་བས་གྲུབ་པ་ཐོབ་པའི་གནས་སུ་བཟང་བར་གཟིགས་ནས་ཡབ་མཆེད་རྣམས་ཚུར་སྤྱན་དྲངས། བྲག་ལྷ་བྲག་ཕུག་བྲུས་པས་བྲག་སྲིན་མོ་ལངས་པ་དང་རྣལ་འབྱོར་ཕུག་གི་མཆོད་རྟེན་བཞེངས། མས་ཀྱི་ཀླུ་གཉན་ལངས་པས་ཞིང་ཁ་མཆོད་རྟེན་བཞེངས། ཕར་ནས་བྲག་སྲིན་ལངས་པས་བྲག་གུ་དཀར་པོའི་མཆོད་རྟེན་བཞེངས། འབངས་སྦལ་གཉོས་སོགས་བྱང་ཚྭ་ཁར་བཏང་སྟེ་དྲུག་བཅུ་སྡེའི་ཚྭ་དང་བྲག་ཕུག་བྲུས་པའི་བྲག་ཕྱེ་བརྗེས་ནས་བྱིན། ཆོས་དོན་དུ་གཉེར་བ་རྣམས་དེར་ཚོགས་སྟེ་མཆོད་གནས་ཚོ་གསུམ་གྱི་རབ་ལ་སོ་སོར་སྐྱེལ། འབྲིང་ལ་འབྱོན་པར་ཞུ། ཐ་མ་རྣམས་ཕུག་རོན་སྣ་ནས་དུང་བུས་སྟེ་ཁྱམས་ཁྲ་མོར་འཚོག་འབངས་རླངས་མི་ཆེ་ཆུང༌། སོག་མཐའ་བཞི། འ་ཞ་ཤ་ར། གཡེ་རྨ་སུམ་པ་རྣམས་ཀྱིས་སྒོམ་ཆེན་རྣམས་ཀྱི་གཡོག་བྱེད། དེ་ལྟར་རྩེ་གཅིག་དུ་སྒོམ་པའི་ཚེ་སྣུབས་ན་མཁའ་སྙིང་པོས་ན་མཁའ་ཕུག་དུ་གྲུབ་པ་ཐོབ་སྟེ་ཉི་ཟེར་ལ་ཆོས་གོས་བཀལ་ནང་གཅིག་ཉི་ཟེར་ལ་ཆིབས་ནས་བཞུད། བཙུན་པ་དཔལ་གྱི་དབྱངས་སེང་གེ་གདོང་སྔོན་ཞིག་དུ་བྱས་སྟེ་སྒང་ཁར་བབ་པས་སེང་གེ་སྒང་དུ་ཐོགས། མཆོད་རྟེན་བཞེངས་སྟེ་དབྱར་ཟླ་འབྲིང་པོ་ཉའི་ཉི་ཤར་ལ་ཏོག་གི་གྲིབ་སོ་ཕོག་སར་ཡབ་ཀྱི་སྤུར་བཞུགས། ཟླ་བ་ཕུག་དུ་རབ་ཟླ་བ་གྲགས་པས་ཟླ་ཟེར་ལ་ཆོས་གོས་བཀལ། ཟླ་བའི་ཟེར་ལ་འཆིབས་སྟེ་ལྷ་རི་སྙིང་པོའི་རྩེར་གཤེགས། སྨྱལ་དགེ་རིགས་ཀྱིས་ཐུན་མོང་གི་དངོས་གྲུབ་ཐོབ་ནས་ན་མཁའ་ལ་འཕུར་ནས་འཁར་བུམ་དང་ལྷ་ལ་ཆགས་པས་ས་ལ་ལྷུང༌། མཐུ་ཆེན་གྱིས་ན་མཁའ་ལ་འགྲོ་ཤེས། འདྲེ་འཕྲང་ཕུག་སྒྲུབ་ཆུའི་ཕུག་བྲག་རྩ་ཕུག་རྣམས་སུ་སྐྱེ་དམར་པོ། ཞང་སྲིད་རུམ། བག་ཡངས་སེང་གེ །གཡུང་དྲུང་རྣམས་ཀྱིས་གྲུབ་པ་ཐོབ། འབྲི་ཡས་བྱང་ཆུབ་གཞོན་ནུ། རྡོ་རྗེ་དཔལ་འབྱུང༌། གད་ལས་བྱང་ཆུབ་གཞོན་ནུ། ལྷ་ཀུན་དུ་བཟང་པོ། ལྕགས་རྡོ་རྗེ་(ཇ༡༠༧ན)


PTT001_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ། སོ་རྡོ་རྗེ་སྙིང་པོ། དབྱིག་རྡོ་རྗེ་རྒྱལ་མཚན། ར་བྱིད་རྡོ་རྗེ་སྙིང་པོ། རྦས་རབ་མཆོག་ངན་ལམ་རྒྱལ་བ་མཆོག་དབྱངས། མྱང་ཏིང་འཛིན་བཟང་པོ། སོག་པོ་དཔལ་གྱི་གཞོན་ནུ། རྦས་རྡོ་རྗེ་བརྟན། འབྲོམ་དཔལ་གྱི་སྙིང་པོ། འཕྲུལ་སྣང་གནས་བརྟན། ཤིང་མི་གོ་ཆ། མཚུར་ནག་དཔལ་གྱི་ཡེ་ཤེས། རྣལ་འབྱོར་རྡོ་རྗེ་རྒྱལ་མཚན། ཧོར་ཤཱཀྱ་བྱང་ཆུབ་སོགས་སྐྱེས་བུ་དམ་པ་བརྒྱ་རྩ་བརྒྱད་ཀྱིས་གྲུབ་པ་ཐོབ་སྟེ་བཞུགས་གནས་ལ་འབྲི་ཡས་ཕུག་ནས་ཧོར་ཚང་ཕུག་གི་བར་སོ་སོའི་མཚན་ཐོགས། ཁོན་ཀླུའི་དབང་པོས་བདེ་མཆོག་དྲིལ་བུ་པའི་གྲུབ་པ་ཐོབ། ཕྱག་དྲིལ་ན་མཁའ་ལ་བཞག་པས་དྲིལ་བུ་ཕུག་དུ་ཐོགས། གཉགས་ཛྙ་ན་ཀུ་མར་དང་ངན་ལམ་རྒྱལ་བ་མཆོག་དབྱངས་གཉིས་ཀྱིས་སློབ་དཔོན་པདྨ་ལ་དབང་བསྐུར་དང་གདམས་ངག་ཞུས་ནས། ཉགས་ཀྱིས་གཉགས་ཕུག་དུ་བསྒོམས། གྲུབ་པ་ཐོབ་ནས་བྱ་རོག་དུ་བྱས་སྟེ་འཕུར་བས་བྱ་རོག་སྐྱབས་སུ་ཐོགས། ངན་ལམ་གྱི་རྩར་ཕྱིན་པས་ངན་ལམ་གྱིས་གྲོགས་པོར་ཤེས་སྟེ་སྟབས་སུ་བསྡད་པས་ཡང་རྔ་མོང་ཆུང་བ་ཞིག་དུ་བྱས་ནས་བསྐོར་བ་ལན་གསུམ་བྱས་ནས་ངན་ལམ་ལ་སྤྱང་རབ་འདུག་ཟེར་སྐད། དེ་ལྟར་གྲུབ་ཐོབ་བརྒྱ་རྩ་བརྒྱད་ལ་བཙུན་པ་དཔལ་གྱི་རྡོ་རྗེ་དང༌། འབངས་རྣམས་ཀྱིས་ཞབས་ཏོག་བྱེད། དེའི་ཚེ་འབངས་རྣམས་ཚང་མང་རིང་མོ་ལ་བད་གཡམ་གཏོང་ཙམ་ན་ལྷ་ལུང་རབ་འབྱོར་དབྱངས་བང་ས་ཕུག་ན་བཞུགས་པས་སོར་རྡོ་འཕངས་པ་བང་ལ་ཕོག་པ་དང༌། ལྷ་ལུང་དཔལ་རྡོར་གྱི་ཐུགས་དགོངས་ལ་རབ་འབྱོར་དབྱངས་འདི་ངེད་སྤུན་གསུམ་གྱིས་ཆེ་ཤོས་ཡིན། ངའི་དགེ་བའི་ལས་འདི་ཙམ་ལ་ཟ་མ་ཅིག་ཀྱང་མི་བྱེད་པར་སོར་རྡོ་འཕེན་པ་སྙམ་པ་དང༌། རབ་འབྱོར་དབྱངས་ཀྱིས་མཁྱེན་ནས་སྐད་ཅིག་དེ་ལ་མདུན་དུ་ཡེར་བྱུང་སྟེ་ཕྱག་ཡུག་མཛད་ཅིང་འོ་སྐོལ་སྒོམ་པར་ཆད་དམ་མཁར་ལས་བྱེད་པར་ཆད་གསུངས་པས་ལན་མ་ཐེབས། འོ་ན་ཁྱོད་ཀྱི་མཁར་ལས་ཇི་ཙམ་ཚར་གསུང་བས། མཁར་ལས་ཚར། རབ་གནས་(ཇ༡༠༧བ)


PTT001_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྷ་གཟོའི་རྫོངས་མ་ཚར་བས་འབངས་སྦལ་གཉོས་ཀྱིས་མགོ་བྱས་ཚྭ་ཁ་ལ་བཏང་སྙམ་བྱས་པས། འོ་ན་ཁྱོད་ང་ལ་ཟ་མ་རེ་བར་འདུག་པས་ཚྭ་ལ་མ་གཏོང་བར་སྣོད་རྙེད་ཚད་ཁྲུས་ལ་ཚེས་གཅིག་ནས་བརྒྱད་ཀྱི་བར་དུ་ཁ་མ་འབྱེད་པར་ཞོག་དེ་དུས་ལྷ་གཟོ་དང་ཡོན་བདག་རྣམས་ཀྱང་བོས། དཔལ་ཆེན་ཆུ་བོ་རི་ལ་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་ཉི་ཤུ་རྩ་གཅིག་བཞུགས་པ་སྤྱན་དྲོངས་ལ་རབ་གནས་ཞུས། ཟ་མ་ངས་བྱེད་ཀྱི་གསུངས། དེ་བཞིན་བྱས་པས་ཚེས་བརྒྱད་ཀྱི་དྲོ་རན་རན་ཙཾ་ལ་ཅང་མེད། དེ་ནས་སྤྱན་སྔར་ཕྱིན་ནས་ཕྱག་བྱས་པས་ཏིང་ངེ་འཛིན་ལ་བཞུགས་ནས་སྤྱན་མ་ཕྱེད། ཡང་ཕྱག་གསུམ་བྱས་པ་དང་སྤྱན་ཧུར་མཛད་དེ་དེ་བཞིན་བྱས་སམ་གསུང༌། བགྱེས་ལགས་ཞུས་པས་ཆོས་གོས་སྨད་ལྔ་མནབས་ནས་ཡེ་ཤེས་ཕུག་ན་དབྱངས་མཛད་དེ། དད་པ་ཅན་ལ་གཏོང་བའི་ནོར་མི་ཕོངས། །རྒྱ་མཚོའི་ཆུ་ལ་བཅུས་ཀྱང་ཟད་པ་མེད། །དེ་ཕྱིར་དད་ལྡན་ཁྱོད་ལ་བསོད་སྙོམས་སློང༌། །གསུང་ནས་མཁར་སིལ་གྱིས་བྲག་བརྡུངས་པས་སྣོད་ཐམས་ཅད་ལྷའི་ཞལ་ཟས་དང་རིན་པོ་ཆེས་གང་སྟེ་དེ་ཚོ་ལ་ལོངས་སྤྱོད་ཅིག་གསུངས། ཁོ་བོ་ལྷོ་ཕྱོགས་དཔལ་གྱི་རི་ལ་འགྲོ་གསུངས་ནས་བཞུད། བརྗེད་པ་གཅིག་བྱུང་གསུངས་ནས་ཕྱི་ཕྱག་མཛད་པས་ཕྱག་འཚལ་སྒང་དུ་ཐོགས། དཔལ་གྱི་རྡོ་རྗེ་དང་གཡོག་པོ་གཉིས་ལ་ཁྱེད་རང་གཉིས་ཀྱང་དཔལ་གྱི་རི་ལ་འདོང་གསུངས་པས་མི་འགྲོ་ཟེར། ཡང་མི་འགྲོའམ་གསུངས་པས་ཀྱང་མ་ཉན། ཁམ་པའི་སྒྱིད་པོ་གསུམ་སྣོད་དུ་བཅུག་ནས་ཡེར་པར་མ་སླེབས་པར་མ་ལྟ་ཅིག་གསུངས། གཉིས་ཇོག་པོ་ཕུར་བལྟས་པས་ཁམ་པར་འདུག་གཅིག་ཡེར་པར་ཁ་ཕྱེ་བས་གསེར་དུ་འདུག་པས་དེ་ལས་གཡོག་པོས་མཆོད་རྟེན་གོང་ན་མེད་བཞེངས་སྟེ་རིང་སྲེལ་ལྷུང་བཟེད་གང་བཞུགས། ཆུ་བོ་རིའི་གྲུབ་ཐོབ་རྣམས་ཀྱིས་ལྷ་ལ་རབ་གནས་ལན་ཉི་ཤུ་རྩ་གཅིག་མཛད། བསམ་གྲུབ་དང་དཔལ་གྱི་ལྷ་མོར་ལན་གསུམ་གསུམ། བྲག་ལྷར་ལན་ཉི་ཤུ་རྩ་ལྔ་(ཇ༡༠༨ན)


PTT001_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་དེ་སྤྲུལ་པའི་སྐུ་དངོས་དང་ཁྱད་པར་མེད་གསུངས་ནས་ནས་འབྲུ་དཀྱིལ་འཁོར་ལ་བཏབ། མི་གཞན་གྱི་རྡོག་པ་བཞག་དུ་མི་རུང་གསུངས་ནས་མ་སྐྱེད་མ་ཕྲི་བར་དཔལ་གྱི་རྡོ་རྗེ་ཉིད་ཀྱིས་སྒོམ་ཞིང་བཞུགས། ཐུགས་དམ་དུ་སྐུའི་རྟེན་ཤཱཀྱ་ཐུབ་པ། གསུང་རྟེན་བླ་འབུམ། སྨོན་ལམ་གྱི་རྟེན་ཕལ་ཆེན་མཚལ་ཡིག་ཅན་ཁཱརྶ་པཱ་ཎ་རྣམས་བཞེངས། དཔལ་གྱི་རྡོ་རྗེའི་སློབ་མ་སོག་པོ་དཔལ་གྱི་གཞོན་ནུ་དགེ་སློང་རྨ་ཤ་རི་བུདྡྷ་སོགས་བཅུ་གསུམ་གྱིས་གྲུབ་པ་བརྙེས་སོ། །དུས་ཐ་མ་ལ་སྨྱལ་གྱི་དགེ་རི་ཐེ་རང་གིས་དབང་བྱེད་དཔལ་ཆེན་ཆུ་བོ་རི་ཀླུས་དབང་བྱེད། ཡེར་པར་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་རྣམས་ཀྱིས་སྒོམ་ས་ཡིན་ནོ། །ཞེས་བྱུང་ངོ༌། །གཞན་ཡང་མཁའ་འགྲོ་སྙིང་ཐིག་ལས་སློབ་དཔོན་ཆེན་པོ་པདྨའི་ཞལ་ནས་ད་ལྟ་ཁོ་བོ་ནི་གདུག་པ་འདུལ་བའི་དུས་ལ་བབ་པ་ཡིན། རང་བཞིན་རྫོགས་པ་ཆེན་པོ་མངོན་སུམ་སྙིང་ཐིག་གི་བསྟན་པ་ནི་བི་མ་ལ་མི་ཏྲའི་ཕྲིན་ལས་དུས་ལ་བབ་པ་ཡིན་ཞེས་མ་དཔེལ་བར་གཏེར་དུ་བཞག་པར་གསུངས་པ་ལྟར་བི་མ་ལ་མི་ཏྲ་སྤྱན་དྲངས་ནས་ཆོས་མང་དུ་གསུངས། རྒྱལ་པོ་དང་གཉགས་ཛྙཱ་ན་སོགས་ལ་སྣོད་བརྟགས་པས་སྙིང་ཐིག་གི་སྣོད་དུ་མ་རུང་ནས་མྱང་བན་ཏིང་འཛིན་བཟང་པོ་ལ་སྣོད་བརྟག་པའི་ཕྱིར་ཁོ་བོ་ཨ་ཙར་རྒྱ་གར་དུ་ལྡོག་པ་ལ་གསེར་མང་པོ་དགོས་པས་ཁྱོད་ཀྱིས་ཡུལ་གཞིས་སོགས་ཅི་ཡོད་གསེར་དུ་དྲིལ་ལ་ང་ལ་ཕུལ་ཞིག་གསུངས་པས་ཤིན་ཏུ་དགའ་སྟེ་གང་ཡོད་གསེར་དུ་ཕུལ་བས་མཉེས་ནས་ང་ལ་གསེར་གྱིས་དགོས་པ་མེད། ཁྱོད་ཀྱི་སྣོད་བརྟགས་པ་ཡིན་གསུངས་སྟེ་མཉེས་ནས་མན་ངག་རྫོགས་པར་གནང༌། དམ་ཅན་རྡོ་རྗེ་ལེགས་པ་བཀུག་སྟེ་ཁང་པའི་མཐོངས་ཁུང་ཆུང་ངུ་ཞིག་ལ་སྨྱུག་མའི་ཞྭ་མཐིལ་བཏོལ་བ་བཀབ་སྟེ་ཁྱོད་ཀྱིས་འདི་ནས་ཀྱིས་གང་བར་གྱིས་ཅིག་ཞེས་གསུངས་པས་ཡུལ་མང་པོར་སེར་བ་ཕབ་སྟེ་ནས་བླུག་པ་འོག་ཁང་ནས་ཕྱུང་སྟེ་ལྷ་ཁང་བརྩིགས་པས་དབུར་སྟོད་ཞྭའི་ལྷ་ཁང་(ཇ༡༠༨བ)


PTT001_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གྲགས་ཤིང་ལེགས་པར་ཟིན་ནས་དམ་ཅན་ལ་གཏད། ཡུལ་གྲུ་དེ་ཡང་མྱང་བན་དབང་བར་རྡོ་རིང་ལ་བཀའ་གཙིགས་བརྐོས་སོ། །སྔོན་མ་ཞང་གྲོམ་པ་སྐྱེས་ལ་སོགས་པས་ཆོས་བཤིག་པ་ཐུགས་ལ་བཅགས་ནས་ཕྱིན་ཆད་དེ་ལྟ་བུ་མི་འབྱུང་བའི་ཕྱིར་བོད་སུས་ཀྱང་ཆོས་མི་བཤིག་པའི་བཀའ་གཙིགས་བཅས། དབུ་སྙུང་བཞེས་མནའ་བསྒགས་སྟེ་དེ་འདྲ་བ་ལན་གཉིས་མཛད་པའི་བཀའ་གཙིགས་དང་པོ་ནི། ༄། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ། ཤོག་བུ་མཐིང་ག་ལ་གསེར་གྱིས་བྲིས་ནས། གསེར་གྱི་སྒྲོམ་བུར་བསྩལ་བའི་བཀའ་གཙིགས་ཀྱི་ཡི་གེ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་དཀོར་མཛོད་དུ་བཞག་པ་ལས་དཔེ་བགྱིས་སྟེ་བྲིས་པ། ༄། དཀོནད་ཅོག་གསུམ་ནམ་དུ་ཡང་མི་བཏང་མ་ཞིག་བར་དགྱི་བའི་གཙིགས་སྒྲོམ་བུ་ནང་ན་མཆིས་པའི་དཔེ། དེ་བཞིན་གཤེགས་པའི་བཀའ་ལས་བྱུང་བ་དོན་ཐོག་དུ་སྦྱར་ན་ཡང་དག་པ་ཉིད་ཁོང་དུ་མ་ཆུད་པས་ཁམས་གསུམ་ཡང་སྡུག་བསྔལ་གྱི་གནས་སུ་གྱུར། ཐམས་ཅད་ཀྱང་གནའ་ནས་མ་སྐྱེས་པ་མེད། སྐྱེས་ནས་ནི་དོན་དང་དོན་མེད་པར་སྤྱོད། དེ་ནས་ཀྱང་ཤི་བར་འགྱུར། ཤི་ནས་ཀྱང་གནས་བཟང་ངན་དུ་ཕྱིར་སྐྱེ། དེ་ལ་ལེགས་སུ་སྟོན་པ་ནི་སངས་རྒྱས། མངོན་པར་དམིགས་པ་ནི་ཆོས་ཀྱི་ཡི་གེ །དགེ་བར་མཚོན་པ་ནི་དགེ་འདུན་རྣམས་སྟེ། གཏན་གྱི་སྐྱབས་དང་གླིང་དུ་བཟང་ངོ༌། །དཀོནད་ཅོག་གསུམ་ནི་བྱིན་དུ་ཆེར་ཆེ་སྟེ། ཡབ་མེས་སྔ་མ་ཀུན་གྱི་རིང་ལ་ཡང་གདུང་རབས་རེ་རེ་ཞིང་ལུགས་སུ་མཛད་དེ། གཙུག་ལག་ཁང་སར་རྙིང་དངོས་ཡོད་པ་ཡིན། བཙན་པོ་ཡབ་དགུང་དུ་གཤེགས་པའི་ཕྱི་ནས། པན་པུན་ཁྱེར་བའི་དཔེ་ཚུལ་ཡོད་པ་ནས། གཙུག་ལག་ཁང་ལྷུན་གྱིས་འགྲུབ་ཏུ་ལུག་གི་ལོ་ལ་དཔྱིད་ཟླ་ར་བའི་ཚེས་བཅུ་བདུན་ལ་རྟེན་བཙུགས་པའི་ཚེ། ད་ནས་ཕན་ཆད། བོད་ཡུལ་དུ་དཀོནད་ཅོག་གསུམ་རྟེན་བཅས་སྟེ། སངས་རྒྱས་ཀྱི་ཆོས་མཛད་པ་མི་གཞིག་པར་(ཇ༡༠༩ན)


PTT001_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་པོ་ཡབ་སྲས་དང་སྲས་ཀྱི་ཡུམ་གྱིས་དབུ་སྙུང་བཟུང་ཞིང་ཡི་དམ་བཅས་པ་དང༌། ཕྱི་ནང་གི་བློན་པོ་ཆེ་ཕྲ་མཐའ་དག་བྲོ་སྩལ་བའི་གཙིགས་ཀྱི་ཡི་གེར་བྲིས་པའོ། །༄། ར་སའི་འཕྲུལ་སྣང་གཙུག་ལག་ཁང་དང༌། རྒྱ་བཏགས་ར་མོ་ཆེའི་གཙུག་ལག་ཁང་དང༌། བྲག་དམར་གྱི་བསམ་ཡས་ལྷུན་གྱིས་གྲུབ་ཀྱི་གཙུག་ལག་ཁང་དང༌། ཁམས་གསུམ་མི་ལྡོག་སྒྲོལ་གྱི་གཙུག་ལག་ཁང་ལ་སྩོགས་སྟེ། བོད་ཀྱི་རིགས་སུ་བླ་ནས། དཀོནད་ཅོག་གསུམ་གྱི་རྟེན་བཙུགས་སྟེ། བོད་ལས་ཀྱང་ཐར་པར་གཟུད་ཅིང༌། སངས་རྒྱས་ཀྱི་ཆོས་མཛད་པ་འདི་ནམ་དུ་ཡང༌། མི་གཏང་མ་ཞིག་བར་བགྱིའོ། །བོད་ལས་ཀྱང་ཐར་པར་གཟུད་དོ། ། ༄། གཙུག་ལག་ཁང་དེ་རྣམས་སུ་དཀོནད་ཅོག་གསུམ་གྱི་ཡོ་བྱད་སྦྱོར་བའི་རྐྱེནད་ཀྱང་རན་པ་འོང་བར་དཔགས་སྟེ་བླ་ནས་ཕུལ་བ་ལས། ནམ་ཞར་ཀྱང་མི་དབྲྀ་མི་བསྐྱུང་བར་བགྱིས་སོ། །ད་ཕྱིན་ཆད་གདུང་རབས་རེ་རེ་ཡང༌། བཙན་པོ་ཡབ་སྲས་འདི་བཞིན་དུ་ཡི་དམ་བཅའ་ཞིང་ཞལ་གྱིས་བཞེས་པར་བགྱིའོ། །བློན་པོ་ཐོག་ཐོག་ཀྱང་བྲོ་སྩལ་བར་བགྱིའོ། ། ༄། འདི་ལྟར་ཡི་དམ་བཅས་པ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང༌། དམ་པའི་ཆོས་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའི་དགེ་འདུན་ཐམས་ཅད་དང༌། རང་སངས་རྒྱས་དང་ཉན་ཐོས་ཐམས་ཅད་དང༌། གནམ་སའི་རིམ་པ་ལྷ་འོ་ཅོག་དང༌། བོད་ཡུལ་གྱི་སྐུ་ལྷ་དང༌། ལྷ་དགུ་ཐམས་ཅད་དང༌། ཀླུ་དང༌། གནོད་སྦྱིན་དང་མི་མ་ཡིན་པ་ཐམས་ཅད་དཔང་དུ་གསོལ་སྟེ། གཙིགས་འདི་ལས་མི་འགྱུར་བར་མཁྱེན་པར་བགྱིས་སོ། །དེ་ལ་གཙིགས་ལྟར་མ་བགྱིས་སྟེ། དཀོནད་ཅོག་གསུམ་གྱི་སྐུ་བསླུས་སམ་མནའ་ཁ་དཔུང་བགྱིས་ན། སེམས་ཅན་དམྱལ་བར་སྐྱེས་ཤིག །འདི་བཞིན་དུ་མཛད་ཅིང་བགྱིས་ན། ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་(ཇ༡༠༩བ)


PTT001_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པར་ཤོག་ཅིག ། ༄། སངས་རྒྱས་ཀྱི་ཆོས་བོད་ཡུལ་དུ། སྔ་ཕྱིར་ཇི་ལྟར་བྱུང་བའི་བཀའ་མཆིད་ཀྱི་ཡི་གེ་གཅིག་ཀྱང་ཟླ་ལ་བཞག་གོ ། ༄། དཔེ་འདི་འདྲ་བ་བཅུ་གསུམ་བྲིས་སྟེ། གཅིག་ནི་ཕྱག་སྦལ་ན་བཞག་གོ །གཉིས་ནི་ཕྱག་རྒྱས་བཏབ་སྟེ། ར་སའི་འཕྲུལ་སྣང་གཙུག་ལག་ཁང་དང༌། བྲག་དམར་གྱི་བསམ་ཡས་ལྷུན་གྱིས་གྲུབ་ཀྱི་དགེ་འདུན་ལ་རེ་རེ་བཞག་གོ །བཅུ་ནི་མཐར་ཕྱག་རྒྱས་བཏབ་སྟེ། ར་སའི་འཕྲུལ་སྣང་གཙུག་ལག་ཁང་དང༌། བསམ་ཡས་ལྷུན་གྱིས་འགྲུབ་ཀྱི་གཙུག་ལག་ཁང་དང༌། ཁྲ་འབྲུག་གི་བཀྲ་ཤིས་ལྷ་ཡུལ་གཙུག་ལག་ཁང་དང༌། ཕོ་བྲང་འཁོར་གྱི་དགེ་འདུན་དང༌། ར་སའི་རྒྱ་བཏགས་ར་མོ་ཆེ་དང༌། བྲག་དམར་གྱི་ཁམས་གསུམ་མི་ལྡོག་སྒྲོལ་དང༌། བྲུ་ཤ་ཡུལ་དང༌། ཞང་ཞུང་ཡུལ་དང༌། མདོ་སྨད་དང༌། སྡེ་བློན་རིས་དང༌། འདི་རྣམས་ཀྱི་གཙུག་ལག་ཁང་གི་དགེ་འདུན་ལ་དཔེ་རེ་རེ་འཆང་དུ་སྩལད་ཏོ། ། ༄། བྲོ་སྩལད་པ་ལ། ༄། དབོན་འ་ཞ་རྗེ། ༄། ཞང་བློན་ཆེན་པོ་བཀའ་ལ་གཏོགས་པ་ལ། བློན་ཆེན་པོ་ཞང་རྒྱལ་གཟིགས་ཤུ་ཐེང༌། བློན་སྟག་སྒྲ་ཀླུ་གོང༌། ཞང་རྒྱལ་མཚན་ལྷ་སྣང༌། བློན་རྒྱལ་སྒྲ་ལེགས་གཟིགས། བློན་བཙན་བཞེར་མདོ་ལོད། ཞང་རྒྱལ་ཉེན་ཟླ་གོང༌། བློན་ཁྲི་གངས་རྒྱ་གོང༌། གཅེན་མཚོ་བཙན། ཞང་རྒྱལ་ཚན་ལེ་གོང༌། ༄། ནང་བློན་ལ། ༄། བློན་གྲ་འཛི་ཞང་རམས་ཤགས། ཞང་ཨ་སྲིན། ཞ་སྔ་ཁྲི་གཉེན། བློན་ཀླུ་གོང༌། འོང་ཀ་ལྷ་མཚོ། བློན་ཤང་བཙན། བློན་སྲིན་སྐྱུགས། བློན་འདུས་སྟོན། ཞང་སྟག་ཚབ། ཞང་ལེགས་འདུས། ༄། ཕྱི་བློན་ལ། ཞང་བལ་བུ་སྟང༌། ཞང་ལྷ་གཟིགས། བློན་ལ་ཀུན་རྩེ། བློན་སྤྲ་བཞིན། བློན་སྟོང་ཐུབ། བློན་ཟླ་གོང༌། བློན་གཙུག་ཁྱུང་སླིང༌། བློན་ལྷོས་པོ། ཞང་རྒྱལ་སྣང༌། བློན་བྱིན་བྱིན། བློན་ལོང་པོ། བློན་རྩང་ལོད། བློན་གཉན་ཀོང༌། (ཇ༡༡༠ན)


PTT001_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

སྟོད་སྨད་ཀྱི་དབང་པོ་དང་དམག་དཔོན་ལ། བློན་སྐྱེས་བཟང་སྟག་སྣང༌། བློན་སྣང་ཀོང༌། བློན་ཁྱི་ཆུང༌། བློན་ཀླུ་བཞེར། ཞང་མར་བུ། བློན་ལྷ་མཚོ། བློན་པར་མི། བློན་ཤང་རྫོང༌། བློན་མིག་ཁྱུང་ཆུད། བློན་ཏང་བུ། ཁུ་རྒྱ་བརྩན། ཁུ་གཡུ་བརྩན། བློན་མདོ་གཟིགས། བློན་ཁོང་ཁྲི། བློན་ཁོང་ལེགས། བློན་རྨང་ལ་སྐྱེས། བློན་མདོ་བཟང༌། བློན་ཁྲི་གོང༌། ཆོས་བོད་ཡུལ་དུ་སྔ་ཕྱིར་ཇི་ལྟར་བྱུང་བའི་བཀའ་མཆིད་ཀྱི་ཡི་གེ་གཅིག་ཀྱང་ཟླ་ལ་བཞག་གོ །བྲང་ཏི་ཤཱི་ལ་ཝརྨས་བྲིས། ཞེས་བྱུང་ངོ༌། །བཀའ་གཙིགས་གཉིས་པ་ནི། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ། ཆོས་འབྱུང་བའི་ལོ་དྲུང་གི་ཡི་གེ་ཟླ་ལ་བཞག་པ། ཕྲ་མྱེན་གྱིས་བྲིས་སྟེ་གསེར་གྱི་སྒྲོམ་བུར་བསྩལ་ནས། དཔལ་བསམ་ཡས་ཀྱི་དཀོར་མཛོད་དུ་བཞག་པ་ལས་དཔེ་བགྱིས་ནས་བྲིས་པ། ༄། གནའ་ད་འཆད་བོད་ཡུལ་དུ་དཀོནད་ཅོག་གསུམ་གྱི་རྟེན་བཅས་སྟེ། སངས་རྒྱས་ཀྱི་ཆོས་མཛད་པའི་ལོ་དྲུང་གི་ཡི་གེར་བྲིས་པ། སྒྲོམ་བུའི་ནང་ན་མཆིས་པའི་དཔེའ། ༄། བཙན་པོ་བཞི་མེས་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ། ར་སའི་པེ་ཧར་བརྩིགས་སྟེ་སངས་རྒྱས་ཀྱི་ཆོས་ཐོག་མ་མཛད་ཚུན་ཆད། བཙན་པོ་ཡབ་ཁྲི་ལྡེ་གཙུག་བཙན་གྱི་རིང་ལ། བྲག་དམར་གྱི་ཀྭ་ཆུར་གཙུག་ལག་ཁང་བརྩིགས་སྟེ་སངས་རྒྱས་ཀྱི་ཆོས་མཛད་ཕནད་ཆད་གདུང་རབས་ལྔ་ལོན་ནོ། ། ༄། བཙན་པོ་ཡབ་དགུང་དུ་གཤེགས་ཀྱི་འོག་དུ་ཞང་བློན་ཁ་ཅིག་གིས་ཧུར་འདུམས་ཀྱི་བློ་ཞིག་ཕྱུང་སྟེ། ཡབ་མེས་ཀྱི་རིང་ཚུནད་ཆད། སངས་རྒྱས་ཀྱི་ཆོས་མཛད་པ་ཡང་བཤིག་གོ །དེ་ནས་ཡང་སྙད་ནི་ལྷོ་བལ་གྱི་ལྷ་དང་ཆོས་བོད་ཡུལ་དུ་བགྱི་བའི་མྱི་རིགས་ཤེས། གཞན་ཡང་ཕྱིནད་ཆད་དགྱིད་དུ་མི་གནང་བར་བཀའ་ཁྲིམས་བྲིས་སོ། ། ༄། དེ་ནས་བཙན་པོ་ཞ་སྔ་ནས་ལོ་ཉི་ཤུ་བཞེས་པ་ན། ཐོག་མ་ནི་ཕྱག་སྤྲིང་དང་ལྷས་ཤིག་ངན་སྟེ། ཆོ་ག་ཅི་མཛད་པས་བཤད་ཀྱང༌། དགུང་ཟླ་དུ་མར་ཕྱག་སྤྲིང་(ཇ༡༡༠བ)


PTT001_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྟས་ངན་ནས། སངས་རྒྱས་ཀྱི་ཆོས་དགྱིད་དུ་མི་གནང་བའི་བཀའ་ཁྲིམས་ཀྱང་ཁྲིམས་སུ་མི་བགྱི་བར་དོར། དཀོནད་ཅོག་གསུམ་གྱི་མཆོད་པ་ཡང་བགྱི་ཞེས་བགྱིས་ན་གཟོད་བཟང་པོར་གྱུརད་ཏོ། ། ༄། དེ་ནས་དགེ་བའི་བཤེས་གཉེན་གྱིས་བསྟངས་སྟེ་ཆོས་ཀྱང་གསན། ཡི་གེ་ཡང་སྤྱན་སྔར་བྲིམས་ནས། སངས་རྒྱས་ཀྱི་ཆོས་དཔེལ་ཞིང་མཛད་པར་སྒྲོམས་སོ། །དེ་ན་བོད་ཀྱི་ཆོས་རྙིང་པ་མ་ལགས་ལ། སྐུ་ལྷ་གསོལ་བ་དང་ཆོ་ག་མི་མཐུན་པས། ཀུན་ཀྱང་མ་ལེགས་སུ་དྭོགས་སྟེ། ལ་ལ་ནི་སྐུ་ལ་དམར་ཡང་དྭོགས། ལ་ལ་ནི་ཆབ་སྲིད་གོང་གིས་ཀྱང་དྭོགས། ལ་ལ་ནི་མི་ནད་ཕྱུགས་ནད་བྱུང་གིས་ཀྱང་དྭོགས། ལ་ལ་ནི་མུ་གེ་ལངས་བབ་ཀྱིས་ཀྱང་དྭོགས་སོ། ། ༄། ཆོས་ཉིད་ཀྱི་ནང་དུ་བརྟགས་ན། ཆོས་ལས་བྱུང་བ་ནི་འཇིག་རྟེན་གྱི་ཁམས་སུ་མེད་པ་ན། སེམས་ཅན་གྱི་ཁམས་གྲངས་མེད་པ། སྐྱེ་བ་རྣམ་བཞིའི་ནང་དུ་སྐྱེ་ཞིང་འཁོར་བ་ལ་གཏོགས་སོ་ཅོག་དང་པོའི་ཐོག་མ་མེད་པ་ནས། ཐ་མའི་མཐའ་མེད་པའི་བར་དུ། རང་གི་ལས་ཀྱིས་དེ་བཞིན་དུ་སྲིད་པ་ལས། ལུས་དང་ངག་དང་ཡིད་གསུམ་ནས་ལེགས་པར་སྤྱད་དོ་ཅོག་ནི་དགེ་བར་འགྱུར། ཉེས་པ་སྤྱད་དོ་ཅོག་ནི་སྡིག་པ་འགྱུར། ལེགས་ཉེས་མེད་པ་ནི་ལུང་དུ་མི་སྟོན་པར་འགྱུར། གཞན་ལ་ཕར་བྱས་པའི་འབྲས་བུ་ནི་བདག་ལ་སྨིནད་སྟེ། གནམ་གྱི་རིམ་པའི་ལྷར་སྐྱེ་བ་དང༌། སའི་སྟེང་གི་མྱི་དང༌། ལྷ་མ་ཡིན་དང༌། ཡི་དྭགས་དང༌། བྱོལ་སོང་དང༌། སའི་འོག་གི་སེམས་ཅན་དམྱལ་བ་དང༌། འདི་དྲུག་དུ་སྐྱེ་འོ་ཅོག་ཀྱང་རང་གི་ལས་ཀྱིས་འགྱུར་རོ། །འཇིག་རྟེན་ལས་འདས་སྟེ་སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་བ་དང༌། བྱང་ཆུབ་སེམས་དཔའ་དང༌། རང་བྱང་ཆུབ་དང༌། ཉན་ཐོས་ཀྱིས་རིམ་པར་འགྲུབ་པ་ཀུན་ཀྱང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རང་གིས་བསགས་པ་ལས་འགྱུར་རོ་ཞེས་འབྱུང་ངོ༌། །དགེ་བ་གང་ཞེ་ན་དགེ་བ་བཅུ་ལ་བསྩོགས་པའོ། །མི་དགེ་བ་གང་ཞེ་ན། མི་དགེ་བཅུ་ལ་(ཇ༡༡༡ན)


PTT001_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བསྩོགས་པའོ། །ལུང་དུ་མི་སྟོན་པ་གང་ཞེ་ན། སྤྱོད་ལམ་བཞི་ལ་བསྩོགས་པའོ། །འཇིག་རྟེན་ལས་འདས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གང་ཞེ་ན། དགེ་བཅུའི་སྟེང་དུ་བདེན་པ་བཞི་དང༌། རྐྱེན་དང་འདུ་བ་ཚོགས་སྟེ་བྱུང་བའི་ཡན་ལག་བཅུ་གཉིས་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུ་བཅུ་རྩ་བདུན་དང་ཕ་རོལད་ཏུ་ཕྱིན་པ་བཅུ་ལ་བསྩོགས་པའོ། །དེའི་འབྲས་བུ་ནི་མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་ཤེས་པ་བཞི་དང༌། སྟོབས་བཅུ་དང༌། མ་འདྲེས་པའི་ཆོས་བཅོ་བརྒྱད་དང༌། ཐུགས་རྗེ་ཆེན་པོ་སུམ་བཅུ་རྩ་གཉིས་ལ་བསྩོགས་པར་འགྱུར་སྟེ། གཏན་ཚིགས་ཞིབ་ཏུ་ནི་ཆོས་ཀྱི་ཡི་གེའི་ནང་ན་མཆིས་སོ། ། ༄། ཆོས་ཀྱི་ནང་ནས་བྱུང་བ་འདི་རྣམས་རྗེས་བཅད་ན། ཁ་ཅིག་ནི་ལེགས་ནོངས་ཀྱིས་དམྱིགས་འཕྲལ་དུ་མངོན་པ་ཡང་མཆིས། ཁ་ཅིག་འཕྲལ་དུ་མི་མངོན་པ་ཡང་མངོན་པར་གདའ་བ་རྣམས་ཀྱི་ཚུལ་ལས་དཔགས་ན། ངེས་པར་གཟུང་དུ་རུང་བ་ཡང་མཆིས་སྟེ། མདོ་དེ་རྣམས་དང་སྦྱར་ན། ཆོས་འདི་གཏང་ངམ་མཛད་དམ་ཅི་རིགས་ཞེས། འབངས་སུ་མངའ་བ་རྒྱལ་ཕྲན་འ་ཞ་རྗེ་ལ་བསྩོགས་པ་དང༌། ཕྱི་ནང་གི་བློན་པོ་རྣམས་ལ་བཀའས་རྨས། བཀའ་གྲོས་སུ་མཛད་ནས། གཅིག་དུ་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་ལུང་ལ་བསྟེན། གཉིས་སུ་ན་ཡབ་མེས་ཀྱི་དཔེ་ལུགས་ལ་འཚལ། གསུམ་དུ་ན་དགེ་བའི་བཤེས་གཉེན་གྱི་མཐུས་བསྟངས་པ་དང་ཡང་སྦྱར་ནས་མདོར་བརྟགས་ན། མྱི་དགེ་མ་ལེགས་པར་དྭོགས་པའི་རྣམས་ཀྱང་དེ་ལྟར་མི་འགྱུར་གྱི་སྟེང་དུ། ཆེད་ཆེ་བར་བཀའ་གྲོས་མཛད་དོ། །དེ་ལམ་ལེགས་པར་ནི་ཇི་ལྟར་མྱི་འགྱུར་ཆེད་ནི་ཇི་ལྟར་ཆེ་ཞེ་ན། ཆོས་ཀྱི་མདོ་ནི་ལེགས་སུ་བགྱི་བས། བླ་ན་མེད་པའི་དོན་བསྒྲུབ་པ་ལགས་སྟེ། ལེགས་པའི་མཐའ་ནོངས་པར་མི་འགྱུར་གྱིས་གཅིག་ཐམས་ཅད་ལ་ཡུན་དུ་དབེན་པ་འདི་ལྟའོ། །ཚོད་དཔགས་ཙམ་གྱིས་དགོས་པ་གཞིག་དུ་མྱི་རུང་གིས་གཉིས། ཡབ་མེས་གདུང་རབས་དུ་མའི་བར་དུ་མཛད་ཀྱང༌། མ་ལེགས་པ་མ་བྱུང་བ་དང་(ཇ༡༡༡བ)


PTT001_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱིས་ད་ཡང་ནོངས་པར་མྱི་འགྱུར་ལ་ཆེད་ཆེའོ་ཞེས། མཛད་པར་བཀའ་གྲོས་བཏུལ་སྟེ་མཛད་དོ། །དེ་ལྟ་བས་ན་སངས་རྒྱས་ཀྱི་ཆོས་མཛད་པ་ཡང༌། གཅིག་དུ་ན་ཡོང་གིས་བཟང་ལ་གཅེས། གཉིས་སུ་ན་སྔོན་བཤིག་པའི་དཔེ་བྱུང་བས་ཐུགས་ཡིད་དྭོགས་སྟེ་བརྟན་དུ་མི་གཞིག་པར་དབུ་སྙུང་བྲོ་མནའ་བོར་བ་ཡང་ཡི་གེར་བྲིས་སོ། །ཕྱིན་ཆད་ཀྱང་གདུང་རབས་གཅིག་ཅིང༌། ཡི་དམ་མཛད་པ་དང་བློན་པོ་མན་ཆད་ཀྱང་བྲོ་སྩལ་བར་བགྱིས་སོ། །ཞེས་བྱུང་ངོ༌། །འདི་དག་ནི་རྒྱས་པ་དཀོར་མཛོད་དུ་བཞག་པ་ཡིན་ལ། མདོར་བསྡུས་བསམ་ཡས་ཀྱི་རྡོ་རིང་ལ་བརྐོས་པའི་གཙིགས་ཡིག་ནི། ༄། ར་ས་དང་བྲག་དམར་གྱི་གཙུག་ལག་ཁང་ལ་བསྩོགས་པར་དཀོནད་ཅོག་གསུམ་གྱི་རྟེན་བཙུགས་པ་དང༌། སངས་རྒྱས་ཀྱི་ཆོས་མཛད་པ་འདི་ནམ་དུ་ཡང་མྱི་གཏང་མ་ཞིག་པར་བགྱིའོ། །ཡོ་བྱད་སྦྱར་པ་ཡང༌། དེ་ལས་མྱི་དབྲྀ་མྱི་ཀྱུང་བར་བགྱིའོ། །ད་ཕྱིན་ཆད་གདུང་རབས་རེ་རེ་ཞིང་ཡང༌། བཙན་པོ་ཡབ་སྲས་ཀྱིས། འདི་བཞིན་ཡི་དམ་བཅའོ། །དེ་ལས་མནའ་ཁ་དབྱུང་པ་དག་ཀྱང་མྱི་བགྱི། མྱི་བསྒྱུར་བར་འཇིག་རྟེན་ལས་འདས་པ་དང་འཇིག་རྟེན་གྱི་ལྷ་དང་མྱི་མ་ཡིན་པ་ཐམས་ཅད་ཀྱང་ཕང་དུ་གསོལ་སྟེ། བཙན་པོ་ཡབ་སྲས་དང་རྗེ་བློན་ཀུན་གྱིས་དབུ་སྙུང་དང་བྲོ་བོར་རོ། །གཙིགས་ཀྱི་ཡི་གེ་ཞིབ་མོ་གཅིག་ནི་གུང་ན་མཆིས་སོ། །ཞེས་བྱུང་ངོ༌། །དེ་ལྟར་དམ་ཆོས་རབ་ཏུ་རྒྱས་མཛད་ནས། །དགུང་བློན་ཆེན་པོ་མགོས་ཀྱིས་གསོལ་བ་ལྟར། །རྗེའི་གདུང་རབས་འབངས་ཀྱི་ས་བཅད་དང༌། །ཡ་རབས་རྣམས་ལ་ཕྱག་དང་ཞེ་སའི་ཚུལ། །གཏམ་དང་ལོ་རྒྱུས་བཟང་པོའི་ལས་ཐབས་དང༌། །ཕ་མེས་དགེ་དང་ཡིག་ཚངས་ལ་སོགས་པ། །ཡ་རབས་བཟང་པོའི་ལུགས་ཀྱི་བསྟན་བཅོས་ལ། །བོད་འབངས་ཐམས་ཅད་བཀོད་དེ་བདེ་བར་མཛད། །ཤར་ཕྱོགས་རྒྱ་མཚོའི་བར་དུ་མངའ་མཛད་དེ། །རྒྱ་ནག་རྗེ་(ཇ༡༡༢ན)


PTT001_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོས་ལོ་ཡི་མིང་ལ་སོགས། །བོད་ལྟར་བྱ་བའི་འཇའ་ས་ཆེན་པོ་བསྒྲགས། །ལྷོ་ཕྱོགས་སྐར་མ་མེ་བཞི་འཆར་བའི་མཐའ། །རྒྱ་གར་ཆུ་བོ་གངྒཱའི་འགྲམ་ལ་ཐུག །ཛམྦུ་གླིང་གི་སུམ་གཉིས་མངའ་དབང་མཛད། །མགོས་ཀྱི་བློན་ཆེན་ཁྲི་བཟང་ཡབ་ལྷག་གིས། །མཛངས་པའི་ལས་སུ་གསོས་ཐང་སྟོང་ཐང་བཅད། །ཕྱི་རབས་བློན་པོ་གཡར་ཁྲལ་ཆུང་བར་བྱས། །སྟག་བཙན་གདོང་གཟིགས་བློན་པོ་གཉེར་གྱི་བུས། །མཛངས་པའི་ལས་སུ་དབྱར་རྩ་དགུན་དུ་བསྐམས། །མཛངས་མི་བདུན་ལས་ཐ་མ་གཉིས་སུ་གྲགས། །གཞན་ཡང་ཞང་བློན་ཚེ་དགུར་གྲགས་པ་བྱུང༌། །རྗེ་ཡི་བཀའ་ལུང་ཁྲི་གདུགས་བརྡལ་བ་འདྲ། །བོད་འབངས་ཐམས་ཅད་བདེ་སྐྱིད་ཆོས་ལ་སྤྱོད། །དེ་ཡང་རྦ་བཞེད་ལས། དུས་དེར་བློན་པོ་མགོས་ཀྱི་མཆིད་ནས་ལྷ་ཆོས་ནི་རྒྱས་པར་མཛད་ལགས་སྟེ་ད་སྐྱེ་བོ་མི་ཆོས་ཀྱི་ལོ་རྒྱུས་ཀྱང་བྱ་བར་ཅི་གནང་ཞེས་ཞུས་པས། རྗེའི་གདུང་རབས་དང་འབངས་ཀྱི་ས་བཅད། དཀོནད་ཅོག་ལ་ཕྱག་དང་མཆོད་པ། བླ་དང་ཡ་རབས་ལ་ཞེ་ས། གཏམ་དང་ལོ་རྒྱུས། བཟང་པོའི་ལས་ཐབས་དང་ལག་རྗེས། ཕ་མེས་ཀྱི་དགེ་དང་ཡིག་ཚངས་སོགས་ཡ་རབས་ཀྱི་ལུགས་རྒྱས་པར་མཛད་དོ་ཅེས་བྱུང་ངོ༌། །གཞན་ཡང་དཔོན་ཞང་མ་དུམ་པར་ཞང་རྒྱལ་ཚ་ལྷ་སྣང་སོགས་ཀྱིས་དམག་དཔོན་བྱས་སྟེ་ཆུ་མོ་ཡོས་ཀྱི་ལོ་ལ་རྒྱ་ཆམ་ལ་ཕབ། ཐའི་རྫུང་རྒྱལ་པོ་ཤེན་ཆུར་བྲོས་ནས་རྒྱའི་རྒྱལ་ཁམས་ལ་དབང་མཛད། ཐང་གའུ་དབང་ཞེས་པ་གྱིམ་ཤིང་ཀོང་ཇོའི་མཆེད་ཟླ་ཞིག་རྒྱའི་རྒྱལ་པོར་བསྐོས། རྒྱ་ནག་གི་ལོའི་མིང་སྤོས་ཅིང་འཇའ་ས་བསྒྲགས་སྟེ་ཤར་སྐར་མ་སྨིན་དྲུག་འཆར་བའི་མཐའ་ཀེམ་ཤིང་ཁྲི་སྒོ་ལ་ཐུག་ལྷོ་མེ་བཞི་འཆར་བའི་མཐའ་ཆུ་བོ་གངྒཱའི་འགྲམ་དུ་རྡོ་རིང་བཙུགས་པ་ལ་ཐུག་སྟེ་ཛམྦུའི་གླིང་སུམ་གཉིས་ལ་མངའ་མཛད་དོ། །དེའི་ཚེ་བློན་ཆེན་མགོས་རྒན་གྱི་སྲས་མགོས་ཁྲི་བཟང་ཡབ་ལྷག་(ཇ༡༡༢བ)


PTT001_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སྔར་ཞལ་ཅེ་དང་གསོས་ཐང་སྟོང་ཐང་ཁྲིགས་སུ་བཅད་པ་ལ་ཁྲིས་སུ་བཅད་ནས་བྱང་བུ་ཆ་དགུར་བཅོས་སྟེ། མི་སྟོང་སོགས་ཀྱི་ཞལ་ཅེའི་དུས་ཤགས་ཀྱི་མགོ་རྒྱངས་ལ་ཡིག་ཚངས་སྟོང་ཐང་བདེན་ཡུས་དང་བཅས་བྲིས་སྟེ་བླའི་གྲར་སྲིད་བ་ལ་བྱང་ཟས་ཟེར། དེའི་ལན་གྱི་བྱང་བུ་ལ་སྦྲུལ་མགོ་ཡང་ལོན་ལ་སྨིག་ནག་ཟེར་སྟེ་དེ་གསུམ་གསོས་དང་སྟོང་གི་བྱང་བུའོ། །གཉེན་བྱེ་བྲལ་གྱི་ཞལ་ཅེའི་དུས་གཉེན་སྡེབས་དང་དགྲ་སྡེབས་ཇི་ལྟར་བྱུང་བའི་མགོ་རྒྱངས་དང་བཅས་ཐོག་མར་བསྲིངས་པ་ལ་ཐེན་བྱང་ཟེར། སྨྱོན་ཐོལ་དཀར་མིའི་ཞལ་ཅེའི་དུས་བསྲིངས་པ་ལ་བྱང་བུ་མཆུ་སྨྱུང་ཟེར་སྟེ་སྤྱིར་བློ་ཡུས་ཀྱི་བྱང་བུ་ལྔའོ། །བློ་ཡུས་ཀྱི་ཤགས་དང་སྦྱར་ནས་དྲང་པོར་གཅོད་པ་ལ་ཟང་ཡག་ཟེར། ཡོན་པོར་གཅོད་པ་ལ་རྐེད་ཁྲེ་ཟེར། བདེན་རྫུན་གྱི་ཁ་དམར་འདོགས་པ་ལ་བྱང་བུ་ཁ་དམར་ཟེར་སྟེ་ཞལ་ཅེའི་བྱང་བུ་གསུམ་མོ། །ཉེས་པའི་སྐྱོན་ཐམས་ཅད་བཟང་པོའི་རྒྱས་བཏབ་ནས་བྱང་བར་བྱེད་པ་ལ་རྒྱ་བྱང་ཟེར་སྟེ་སྤྱིར་རྒྱུག་པའི་བྱང་བུའོ། །དེ་ཡང་དགུང་བློན་ཆེན་པོ་ནི་འགྲན་གྱི་ཟླ་མེད་དེ་བསད་ན་སྟོང་ཐང་ཁྲི་ཆིག་སྟོང༌། དགུང་བློན་འབྲིང་པོ་དང་ནང་བློན་ཆེན་པོ་གཉིས་མཉམ་སྟེ་ཁྲི། དགུང་བློན་ཆུང་ངུ་ནང་བློན་འབྲིང་པོ་བཀའ་ཡོ་གལ་འཆོས་པ་ཆེན་པོ་གསུམ་མཉམ་སྟེ་དགུ་སྟོང༌། ནང་བློན་ཐ་ཆུང་དང་བཀའ་ཡོ་གལ་འཆོས་པ་འབྲིང་མཉམ་སྟེ་བརྒྱད་སྟོང༌། བཀའ་བློན་ཆུང་ངུ་ལ་བདུན་སྟོང་ངོ། །དེ་བཞིན་དུ་འབངས་ཡང་ཐའི་བར་དུ་རིམ་པས་བཅད་དེ་ཁྲིམས་ཡིག་དུ་བཀོད་པས་བློན་པོ་ཕྱི་མ་རྣམས་ལ་ཤིན་ཏུ་དྲིན་ཆེ་བས་བོད་ཕྲུག་མཛངས་པའི་མི་བདུན་གྱི་དྲུག་པར་འདྲེན་ནོ། །གཉེར་སྟག་བཙན་གདོང་གཟིགས་ཀྱིས་ཀྱང་འབངས་མི་ཁྱིམ་རེ་ལ་རྟ་རེ་མཛོ་རེ་བ་རེ་གླང་རེ་ལ་སོགས་པ་བསྲེལ་བར་བཅས། དབྱར་གྱི་རྩྭ་སྔོན་དགུན་དུ་སྐེམ་པ་སོགས་བྱས་པས་མཛངས་པའི་མི་བདུན་པར་གྲགས་སོ། །ཡང་བཙུན་མོ་འབྲོ་བཟའ་བྱང་ཆུབ་ཀྱི་ཁྲིམས་བུ་ཆུང་ཞེས་སྐྱེས་པ་ལ་ཕོ་ཕྱག་བུད་མེད་ལ་མོ་ཕྱག་བསླབས། ཕྱུག་པོས་བུན་གཏོང་བ་ཞིང་ལ་མོ་རྡོ་བཙུགས་པ་སྟོན་(ཇ༡༡༣ན)


PTT001_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱིད་ཀྱི་བར་ཁ་མཉམ་པ་རྣམས་བྱས་སྐད། གཞན་ཡང་ཞང་བློན་ཆེ་དགུ་ཞེས། སྦས་སྣང་བཞེར་ལྷ་བཙན་ལ་དཔའ་མཚན་དུ་སྟག་གི་གོང་སླག་ཡིག་ཚངས་གཡུ་ཡིག་དང་གཡུང་དྲུང་ཆེན་པོ་དཀོར་ནོར་ཀེ་ཀེ་རུ་རྣམས་ཀྱིས་ཆེ། འབྲི་ཁྲི་ཟུངས་ར་ཤགས་སེང་གེ་དཀར་མོའི་གོང་སླག་གིས་ཆེ། མཆིམས་རྒྱལ་གཟིགས་ཤུད་ཏིང་ཟ་འོག་གི་བྱེ་ཅན་དང་བྲན་དགུ་ཁྲི་ཡོད་པས་ཆེ། སྦྲང་གཡུ་པ་རྒྱ་ར་ལེགས་གཟིགས་གསེར་ཡིག་གིས་ཆེ། སྣ་ནམ་ཁྲི་བཟུངས་ཉ་བཟང་ཆོས་ཀྱི་བླ་མཁྱེན་ཡིན་པས་ཆེ། ཅོག་རོ་སྟག་ཅན་གཟིག་ཅན་མཐའི་སོ་ཁ་བསྲུངས་པས་ཆེ། ཅོག་རོ་ཁོང་བཙན་འབངས་དགུ་བརྒྱ་དགུ་བཅུ་ཡོད་པས་ཆེ། མྱང་ཞྭ་འོ་ཆེ་གཡུའི་ཞྭ་མདའ་གང་ཡོད་པས་ཆེ། སྣུབས་དཔལ་བོ་ཆེ་དངུལ་གྱི་འབོ་ཆེན་དགུ་འཕང་ཡོད་པས་ཆེ། དེ་རེ་རེ་ལ་ཡང་དཔའ་མཚན་རེ། ཡིག་ཚངས་གསེར་གཡུ་གང་རུང༌། དཀོར་ནོར་རེ། བྱས་པ་ལག་རིས་རེ་སོ་སོར་ཡོད་པས་རྒྱལ་པོས་དཔངས་བསྟོད་པ་སྟེ། ཞང་བློན་ཆེ་དགུ་བཙན་པོ་རིང་དང་བཅུ་ཞེས་གྲགས་སོ། །དེ་ནས་རིག་འཛིན་པདྨ་འབྱུང་གནས་ནི། །ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད་དུ་གཤེགས། །མཁན་པོ་བྱང་ཆུབ་སེམས་དཔའ་ཞི་བ་འཚོས། །བོད་ཡུལ་སྲུང་བའི་བསྟན་མ་བཅུ་གཉིས་པོ། །སློབ་དཔོན་པདྨས་དམ་ལ་བཏགས་པས་ན། །བོད་དུ་མུ་སྟེགས་ཕྱི་པ་མི་འབྱུང་མོད། །ལོ་འགའ་ཞིག་ནས་དབུ་མའི་ལྟ་བ་ལ། །མི་མཐུན་རྩོད་པ་བྱེད་འགྱུར་དེ་ཡི་ཚེ། །ང་ཡི་སློབ་མ་ཀ་མ་ལ་ཤཱི་ལ། །སྤྱན་དྲོངས་རྩོད་པ་ཆོས་སུ་ཞི་འགྱུར་ཞེས། །གསུངས་ནས་མི་རྟག་མྱ་ངན་འདའ་བར་བསྟན། །སྐུ་གདུང་མཆོད་རྟེན་བྱས་སྟེ་རྒྱལ་པོས་མཆོད། །ཆོས་ཀྱི་རིང་ལུགས་ཡེ་ཤེས་དབང་པོར་བསྐོས། །རབ་བྱུང་རེ་ལ་འབངས་ཁྱིམ་གསུམ་གསུམ་སོགས། །དཀོནད་ཅོག་གསུམ་གྱི་ལྷ་འབངས་རྒྱ་ཆེར་བཅད། །ཡེ་ཤེས་དབང་པོ་མཁར་ཆུའི་བྲག་ལ་སྒོམ། །དཔལ་དབྱངས་(ཇ༡༡༣བ)


PTT001_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་རིང་ལུགས་མཛད་པའི་ཚེ། །ཧྭ་ཤང་མ་ཧཱ་ཡ་ནའི་སློབ་མ་དར། །དགེ་བས་མཐོ་རིས་སྡིག་པས་ངན་འགྲོར་འཁོར། །ལུས་ངག་དགེ་སྡིག་ཡིད་བྱེད་ཀུན་བཀག་ནས། །ཅིག་ཆར་དྲན་མེད་འཇུག་པ་ལམ་དུ་སྨྲ། །བོ་དྷི་ས་ཏྭའི་རྗེས་འཇུག་འགའ་ཞིག་ཙམ། །གཞན་དག་ཕལ་ཆེར་ཧྭ་ཤང་ལུགས་སུ་སྤྱོད། །སྟོན་མིན་བརྩེ་མིན་གཉིས་ཅེས་རྩོད་པར་གྱུར། །དེ་ཚེ་ཡེ་ཤེས་དབང་པོ་སྤྱན་དྲངས་པས། །ང་ཡི་སྒྲུབ་པ་བར་ཆད་མ་བྱུང་ན། །བཙན་པོ་སྐུ་ཚེ་རིང་ཞིང་བོད་ཡུལ་དུ། །དམ་ཆོས་ཡུན་རིང་གནས་པར་འགྱུར་པ་ཅིག །ཞེས་གསུང་མཁན་པོའི་ཞལ་ཆེམས་མཉེལ་བསོས་སྟེ། །མཁས་པ་པདྨའི་ངང་ཚུལ་སྤྱན་དྲངས་ནས། །བཙན་པོས་དགུང་མནན་རྩོད་པའི་གྲ་བཤམས་ཚེ། །ལུང་དང་རིགས་པས་ཧྭ་ཤང་ཕམ་པར་མཛད། །རྩོད་པ་དམ་པའི་ཆོས་སུ་ཞི་བར་གྱུར། །ཕྱིན་ཆད་ལྟ་བ་ཀླུ་སྒྲུབ་ལུགས་སུ་ཟུང༌། །སྤྱོད་པ་དགེ་བཅུ་ཕར་ཕྱིན་དྲུག་ལྡན་སྤྱོད། །སྒོམ་པ་ཞི་ལྷག་ཟུང་དུ་འབྲེལ་བར་གྱིས། །ལོ་ཙཱས་མ་བསྒྱུར་པཎྜི་ཏས་མ་བཤད། །རྒྱལ་པོས་བཀའ་བཏགས་སྦྱིན་བདག་མ་བྱས་པའི། །ཆོས་ལ་སྤྱད་དུ་མི་གནང་བཀའ་ཁྲིམས་བསྒྲགས། །དེ་ཡང་ཨོ་ཌྱན་གྱི་སློབ་དཔོན་ཆེན་པོ་པདྨས་རྗེ་འབངས་ཉི་ཤུ་རྩ་གཅིག་ལ་སྒྲུབ་པ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར། མན་ངག་ལྟ་བའི་ཕྲེང་བ་རྫོགས་པ་ཆེན་པོ་གསུངས། རྗེ་འབངས་ཉེར་གཅིག་པོས་དངོས་གྲུབ་རེ་རེ་ཐོབ་སྟེ་གྲུབ་པའི་མཚན་མ་རྫུ་འཕྲུལ་སྣང་རེ་བསྟན། གཞན་ཡང་སྣུབས་སངས་རྒྱས་ཡེ་ཤེས། རྒྱུས་ནག་བདེ་གཤེགས། མགོས་རྡོ་རྗེ་དབང་ཕྱུག་ལ་སོགས་པ་རྣལ་འབྱོར་གྱི་དབང་ཕྱུག་མང་དུ་སྨིན་པར་མཛད། བོད་ཡུལ་ཐམས་ཅད་བྱིན་གྱིས་བརླབས། གཏེར་ཁ་མང་དུ་སྦས་ཤིང་མ་འོངས་པ་དུས་དུས་སུ་ལས་ཅན་གྱི་སྐྱེས་བུ་རེས་ཐོན་ནས་འགྲོ་བའི་དོན་འབྱུང་བར་བྱིན་གྱིས་བརླབས་སྟེ་(ཇ༡༡༤ན)


PTT001_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ལྷོ་ནུབ་རྔ་ཡབ་གླིང་དུ་སྲིན་པོའི་ཁ་གནོན་ལ་གཤེགས་སྟེ་མྱ་ངན་ལས་འདའ་བ་མེད་པར་བཞུགས་ཤིང་ཕྱིས་བླ་མ་རྡོ་རྗེ་གདན་པས་གྲུབ་ཐོབ་རྣམས་ཚོགས་འཁོར་ལ་སྤྱན་དྲངས་པས་གྲུབ་ཐོབ་བརྒྱད་བཅུ་རྩ་བཞི་བྱོན་པའི་ནང་དུ་གཤེགས་སྟེ། དགེ་སློང་ལུས་ལ་ཕྱག་རྒྱ་བསྟེན། །ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད། །པདྨ་ཀཱ་ར་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པ་མཛད་དོ། །མཁན་པོ་གཤེགས་པ་དང་སྟོན་རྩེན་རྩོད་པའི་ཚུལ་ནི་རྦ་བཞེད་ལས། དེ་ནས་རིང་ཞིག་ན་མཁན་པོ་བོ་དྷི་ས་ཏྭ་ཕོ་བྲང་རིམ་དགུའི་འོག་དུ་རྟས་ཕྲ་བ་རྒྱབ་སྟེ་ཞལ་ཆེམས་ཡེ་ཤེས་དབང་པོ་ལ་བཞག་སྟེ་སྐུ་གཤེགས། དེའི་སྤུར་ཁང་ཧས་པོ་རིའི་རྒྱབ་ཏུ་བཞུགས་ནས་མཆོད་རྟེན་གཅིག་ཡང་བཞེངས། དེར་བཙན་པོས་ཡེ་ཤེས་དབང་པོ་ཆོས་ཀྱི་རིང་ལུགས་སུ་བསྐོས་སྟེ། སླད་ཀྱིས་ཡེ་ཤེས་དབང་པོ་མངོན་པར་ཤེས་པ་དང་ཡང་ལྡན། ངེད་རྗེ་འབངས་ཀྱི་དགེ་བའི་བཤེས་གཉེན་ལགས་པས་སངས་རྒྱས་ཀྱི་ཞལ་དང་འདྲ་བས་འདུན་ས་ཡང་བཅོམ་ལྡན་འདས་ཀྱི་རིང་ལུགས་སུ་བཀས་བསྐོས་སྟེ་བླའི་གོང་དུ་བཏོན། ཆོས་ཀྱི་བཀའ་ལ་བཏགས། ཡིག་ཚངས་གསེར་གྱི་ཡི་གེ་ཆེན་པོ་བྱིན་ནས་གྲལ་ཡང་ཞང་བློན་ཆེན་པོའི་གོང་དུ་འདུག་ཞིང༌། ལྷ་ཆོས་ཀྱི་འདུན་ས་ཡང་འདུན་ས་ཆུང་ངུའི་གོང་དུ་ཕུལ་ལ་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱིས་ཞང་བློན་ཆེན་པོའི་འདུས་ས་ཆུང་ངུ་བ་གྱིས་ཅིག་ཞེས་རྗེ་བློན་ཚོགས་པའི་ཚེ་བཀའ་ཞལ་གྱིས་བསྩལ་སྟེ་བཅོམ་ལྡན་འདས་ཀྱི་རིང་ལུགས་སུ་བསྐོས། དཀོནད་ཅོག་གསུམ་གྱི་རྟེན་བརྟན་པ་ནམ་དུའང་མི་གཞིག་པའི་སླད་དུ་དཀོནད་ཅོག་གསུམ་དང་དགེ་འདུན་གྱི་བཤོས་ཆ་ལས་རྗེ་འབངས་རྣམས་ཀྱིས་མི་གསོལ་བར་རྐྱེན་རིགས་བཀུམ་ཁྲིམས་བཅས་ན་སླད་ནས་ལེགས་ཅེས་ཡེ་ཤེས་དབང་པོས་སྙན་དུ་གསོལ་སྟེ། བཙན་པོས་ནི་བན་དྷེ་གཅིག་ལ་འབངས་ཁྱིམ་བདུན་དུ་རྐྱེན་རིགས་བཅད་པར་དགོངས་པ་དང་ཡེ་ཤེས་དབང་པོས་གསོལ་བ། རིང་ལུགས་ལ་སྨྲ་ན་མི་ཕ་ཚན་འགའ་བརླག་པ་དང་ལུང་པ་རལ་འགའ་ཕུང་པ་དང་གནང་ཆེན་ཁ་ཅིག་སྣའུ་འཕྲང་(ཇ༡༡༤བ)


PTT001_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བཏུགས་སྟེ་བསྩལ་བ་དང༌། མི་གཅིག་གི་སྒོར་བྲན་ཁྱིམ་དགུ་བརྒྱ་བསྩལ་པ་དང་སྦྱར་ན་སངས་རྒྱས་ཀྱི་ཆོས་བཟང་པོ་འདི་སྐུ་དང་ཆབ་སྲིད་ལ་སྨན་པར་འཚལ་སྟེ་མཐའ་ཡུན་དུ་རྗེ་འབངས་ཀྱིས་བཤུལ་བཟང་པོ་ཕྱེ་ངན་སོང་གསུམ་གྱི་སྒོ་ནི་བཀག་པ་ལ་སོགས་པ། ཡོན་ཏན་སྨོས་ཀྱིས་མི་ལང་བ་ཞིག་མཛད་པའི་རྐྱེན་བཀས་བསྐུལ་བ་བཞིན་མཛད་ན་མ་ནོངས་མོད་ཀྱང༌། སླད་རྗེས་སུ་ཐུགས་ནོངས་ཆེན་པོ་ཅིག་བསྟུད་མར་བྱུང་ངམ་མི་ཕྱུགས་ལ་ནད་ཆེན་པོ་བྱུང་ངམ་ཉི་འོག་གི་དགྲ་ཞིག་དབུས་སུ་བྱུང་ངམ་མུ་གེ་ཆེན་པོ་ཞིག་བསྟུད་མར་བྱུང་ན་དགོངས་པ་མཐར་མི་ཕྱིན་པ་དང་དཀོནད་ཅོག་གསུམ་གྱི་རྟེན་མི་གནས་པ་དང་དབོན་སྲས་རྗེ་འབངས་ལ་དངོས་སྡིག་ཆེན་པོར་འགྱུར་བ་ལ་སོགས་པ་མི་ལེགས་པ་མང་པོ་རིག་མཆི་བས་དཀོནད་ཅོག་གསུམ་ལ་འབངས་ཁྱིམ་ཉིས་བརྒྱ་གང་ཟག་བན་དྷེ་རེ་ལ་འབངས་ཁྱིམ་གསུམ་གྱི་ཐང་དུ་བཅད་དེ་དབང་དགེ་འདུན་ལ་བསྐུར་ནས་ལྷ་རིས་ཀྱི་འབངས་མི་ཞིང་ལ་བླ་ནས་དབང་མི་མཛད་པར་བགྱིས་ན་ནམ་དུ་ཡང་བརྟན་ཞིང་ལེགས་ཅེས་གསོལ་བ་དང༌། ཡེ་ཤེས་དབང་པོས་གསོལ་བ་བཞིན་དུ་བསྩལ་བས་བན་དྷེ་མྱང་གི་ཏིང་འཛིན་ལ་སོགས་པ་ཡེ་ཤེས་དབང་པོའི་གཡར་མི་ཉན་པ་ཀུན་མི་མཆི་དགུ་མཆི་མི་ཟེར་དགུ་ཟེར་སྐད། རྐྱེན་རིས་ཀྱི་འབངས་ནི་རྒོད་དང་རང་རྗེ་དང་ཁབ་སོའི་ནང་ཡིག་ཅན་དང་ཐུགས་གཉེན་དང་གཞི་བཟང་པོ་འཚལ་ལས་སུ་ས་བཟུང༌། རྗེའི་ཞིང་ནི་གང་ཟག་དོ་འཚལ་ལས་གནང་ཆེན་འབྲི་ཁྲི་འཇམ་གུང་སྟོན་གྱིས་བུས་བཟུང་བ་བཞིན་དུ་བཅད། དེ་ནས་མྱང་ལ་སོགས་པས་སྡིག་པ་བསགས་པ་དེས་ཡེ་ཤེས་དབང་པོ་སྒོམ་པར་གསོལ་སྟེ་བྲོས་ནས་དབེན་པ་ལྷོ་བྲག་མཁར་ཆུ་བཙན་གྱི་བྲག་ཕུག་དུ་མཆིས་པའི་སླད་ནས་ཤུལ་དུ་རྦ་དཔལ་དབྱངས་རིངས་ལུགས་སུ་བསྐོས། ཡེ་ཤེས་དབང་པོ་ལྷོ་བྲག་དུ་སྒོམ་པ་ལས་སྟག་ལ་ག་ཤ་བཀལ་བའི་འོག་དུ་སྦ་ཟམ་བཙུགས་སྟེ་བཙན་གྱི་བྲག་ཕུག་དུ་མཆིས་ནས་རི་བྱ་ལ་སོགས་པ་ཀུན་ཀྱང་རྡོ་དང་ཤིང་ལ་འབབ་པ་བཞིན་དུ་ཡེ་ཤེས་དབང་པོའི་ལུས་ལ་གནས། ཁྲིམས་ཟླ་དག་ལ་ནི་ཉེར་ཡང་མི་བཏུབ། དེའི་ཚེ་རྒྱ་ནག་གི་ཧྭ་ཤང་མ་ཧཱ་ཡ་ན་(ཇ༡༡༥ན)


PTT001_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ཞིག་བྲག་དམར་དུ་མཆིས་པ་ལས། དེས་ལུས་ངག་གི་ཆོས་སྤྱོད་མི་དགོས། ལུས་ངག་གི་དགེ་བས་འཚང་མི་རྒྱ། དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་བསྒོམས་པས་འཚང་རྒྱ་ཟེར་ནས་སྒོམ་བསླབས་པས་བོད་ཀྱི་བན་དྷེ་རིལ་པོ་ཐལ་གྱིས་ཁོའི་ཆོས་ལ་བསླབས་སྟེ་བསམ་ཡས་ཀྱི་གཙུག་ལག་ཁང་ལ་མཆོད་པ་འཕྲོ་ཆད། སློབ་གཉེར་དང་ལུས་ངག་གི་དགེ་བ་རྒྱུན་ཆད། རྦ་རཏྣ་དང་བཻ་རོ་ཙ་ན་ལ་སོགས་ཉུང་ཤས་ཅིག་བོ་དྷི་ས་ཏྭའི་ཆོས་སློབ་བོ། །དེར་ལྟ་བ་མ་མཐུན་ནས་རྩོད་དེ་འཁྲུགས་པས་བཙན་པོས་རྒྱའི་སྟོན་པའི་ཆོས་འདི་བག་ཙམ་མིན་ནམ་གསུངས་པས་སྟོན་མིན་པ་བྱ་བར་གྲགས། གཅིག་ཤོས་ན་རེ་དྲང་སྲོང་བཟོད་པར་སྨྲ་བས་ལུས་ལ་མེ་བཏང་ནས་ཀྱང་མཆོད་པ་ཕུལ་བས་སེམས་ཅན་ལ་བརྩེ་བའི་བསམ་པས་ཚོགས་བསག་པ་གལ་ཆེ་ཟེར་བས། རྒྱལ་པོ་ན་རེ་ལུས་ལ་མེ་གཏོང་བའི་བརྩེ་བ་དེ་ཡང་ཆོས་མིན་ནམ་བྱས་པས་བརྩེ་མིན་པ་བྱ་བར་གྲགས། སྤྱིར་ལྟ་བ་དང་སྤྱོད་པ་འཛོམ་པའི་ཆོས་ཅིག་ཡིན་པ་ལ་བརྩེ་མིན་པའི་ལྟར་ཡིན་གསུངས་པས་སྟོན་མིན་པ་ཡིད་ཆད་ནས་མ་ཧྭ་ཡ་ནའི་སློབ་མ་ཉང་ཤ་མིས་རང་གི་ཤ་བཏུབ། སྙགས་བྱེ་མ་ལ་དང་རྔོགས་རིན་པོ་ཆེས་རང་གི་ཕོ་མཚན་བརྡུངས། རྒྱའི་ཧྭ་ཤང་མ་མགོས་རང་གི་མགོ་ལ་མེ་བཏང་སྟེ་འདས། གཞན་མ་རྣམས་ཆུ་གྲི་རྣོན་པོ་རེ་བསྲེལ་ཞིང་བརྩེ་མིན་པ་རིལ་བསད་ལ་ངེད་ཀྱང་རིལ་ཕྲུ་མའི་ངོས་ལ་འཆིའོ་ཟེར་ནས་དེ་རྒྱལ་པོའི་སྙན་དུ་བདས་པས་གསན་སྟེ། རྒྱལ་པོས་བན་དྷེ་སྟོན་རྩེན་གཉིས་ཀྱི་བར་གཉའ་གཡོན་བསྐོར་བསྐོར་ནས་འདིར་བན་དྷེ་ཀུན་ལྟ་བ་མ་མཐུན་བར་འཁྲུགས་པ་ལ་ཇི་ལྟར་མཛད་ཀྱང་མ་མཁྱེན་པ་དང་ཇི་ལྟར་བྱ་ཞེས་ནི་བཀའ་ཕྲིན་སྤྲིངས་ནས་ཡེ་ཤེས་དབང་པོ་འཕྲལ་དུ་ཤོག་ཞིག་ཞེས་ཕོ་ཉ་དུ་མ་ཞིག་བརྫངས་པ་ལས་མ་ཁུགས་ནས་ནང་བློན་གནོན་ཁམས་པ་བཏང་སྟེ་ཁྱོད་ཀྱིས་ཡེ་ཤེས་དབང་པོ་ཁུགས་ན་ཁྱོད་ལ་ཟངས་ཆེན་པོ་བྱ་དགར་བྱིན། མ་ཁུགས་ན་ཁྱོད་གསོད་ཏོ་ཅེས་བཀའ་བསྩལ་སྟེ་སྒྲོམ་བུ་བསྐུར་ནས་བཏང་ངོ༌། །གནོན་ཁམས་(ཇ༡༡༥བ)


PTT001_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

པས་མཁར་ཆུར་ཕྱིན། བཀའི་སྒྲོམ་བུ་བྲག་ཕུག་དུ་བསྐུར་སྟེ་ཞལ་མཇལ་བར་ཅི་གནང་ཞེས་ཞུས་པས་མཇལ་ནས་བདག་དངོས་རྐང་བཙུགས་སྟེ་འོངས་ན་བྱོན་ན་ཤིན་ཏུ་ཐུགས་ལ་བཏགས་སྟེ་བདག་ལ་ཡང་བྱ་དགའ་གནང་བར་བདོག །མ་བྱོན་ན་བདག་གསོད་པར་ཡོད་པས་བྲག་གཡང་འདི་ལ་བདག་འཕྱོངས་སྟེ་འགུམ་མོ་ཞེས་ཞུས་པས་ཡེ་ཤེས་དབང་པོའི་ཞལ་ནས། འདི་ངའི་དགེ་སྦྱོར་ལ་བར་ཆད་བྱེད་པའི་བདུད་ཆེན་པོ་ཅིག་འོང་ན་འོན་ཡང་ཁྱོད་ཀྱི་སྲོག་དབྱུང་གིས་ང་འོང་བས་རྟ་ཁྲིད་དེ་ཤོག་ཞིག་གསུངས་ནས་དགའ་ཆེས་སྟེ་ཕོ་བྲང་དུ་ལོག །འཕྲལ་དུ་ཟངས་ཆེན་པོ་དང་བྱ་དགའ་ཆེ་ཐང་དུ་བསྩལ། ཆིབས་གུ་རུབ་བཅུ་དྲུག་བཏང་བས་ཡེ་ཤེས་དབང་པོ་ཕོ་བྲང་དུ་འོངས་ནས་སྤྱན་སྔར་མཆིས་པ་དང༌། བཙན་པོའི་ཞལ་ནས་བན་དྷེ་དག་འདི་ལྟར་འཁྲུགས་ན་ཞེས་ལོ་རྒྱུས་ཞིབ་ཏུ་གསུངས་ནས་ད་ཇི་ལྟར་བྱ་ཞེས་གསུངས་པ་དང༌། ཡེ་ཤེས་དབང་པོས་གསོལ་པ། དེ་ལ་བདག་འདིར་དགུག་མི་འཚལ། བདག་འདིར་མ་མཆིས་སྟེ་སྒོམ་པའི་བར་ཆད་མ་བྱུང་ན་བཙན་པོའི་སྐུ་ཚེ་དང་བདག་གི་ཚེ་ཡང་ཡུན་རིང་དུ་གནས། ལྷ་ཆོས་ཀྱང་བྱམས་པ་གཤེགས་ཀྱི་བར་དུ་གནས་པར་འགྱུར་བ་ཞིག་ན་བོད་སྐལ་བ་མ་མཆིས་པས་ལན། མཁན་པོ་འདའ་ཁར་འདི་སྐད་གསུངས་སྟེ་ཡོང་ནི་སངས་རྒྱས་ཀྱི་བསྟན་པ་གར་བྱུང་བར་མུ་སྟེགས་ཀྱི་རྒོལ་བ་རེ་འགྲན་ཟླར་འོང་ན་ཡང་བོད་ཡུལ་དུ་བསྟན་པ་ལྔ་བརྒྱའི་ཐ་མ་ལ་བྱུང་བས་མུ་སྟེགས་ཀྱི་རྒོལ་པ་ནི་མི་འབྱུང༌། སངས་རྒྱས་པ་ཉིད་ལྟ་བ་མ་མཐུན་སྟེ་རྩོད་པར་འགྱུར་གྱིས་དེ་ལྟ་བུ་བྱུང་ན་ངའི་སློབ་མ་ཀ་མ་ཤཱི་ལ་བྱ་བ་ཞིག་བལ་ཡུལ་ན་འདུག་པ་སྤྱན་དྲོངས་ལ་དེ་དང་ཤེས་པ་འགྱེད་དུ་ཆུག་ལ་རྒྱལ་པོས་བསྡུམས་གྱིས་ཅིག །རྩོད་པ་ཆོས་ཕྱོགས་སུ་འདུམ་པར་འགྱུར་རོ་ཞེས་གསུང་གི་དེ་ཡང་དེ་ལྟར་མཛད་དུ་གསོལ་ཞེས་གསོལ་པ་དང༌། བཙན་པོས་ཀ་མ་ལ་ཤཱི་ལ་འགུགས་སུ་ཕོ་ཉ་བཏང་བ་དང༌། སྟོན་མིན་པ་དཔོན་གཡོག་སུམ་(ཇ༡༡༦ན)


PTT001_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱས་ཤེས་རབ་འབུམ་བླངས་སྟེ་བསམ་གཏན་གླིང་སྒོ་བཅད་ནས་ཟླ་བ་བཞིའི་བར་དུ་ཤགས་བསླབས། ཆོས་བྱ་མི་དགོས་ཉལ་བས་ཆོག་ཞེས་སྟོན་པ་བསམ་གཏན་ཉལ་ཆོག་གི་འཁོར་ལོ། དེ་ལ་རྩོད་པ་སྤོང་བ་བསམ་གཏན་གྱི་ལོན་དང་ཡང་ལོན་གཉིས། རིགས་པས་སྒྲུབ་པ་ལྟ་བའི་རྒྱབ་ཤ་དང་ལུང་གིས་སྒྲུབ་པ་མདོ་སྡེ་བརྒྱད་བཅུ་ཁུངས་ལ་སོགས་པ་བྱས། མདོ་སྡེ་དགོངས་པ་ངེས་འགྲེལ་རྡོག་པས་དྲིལ་སྟེ་འདི་ཆོས་མིན་ཟེར་ནས་བོར། དེར་ཀ་མ་ལ་ཤཱི་ལ་མ་བྱོན་གྱི་བར་དུ་ཡེ་ཤེས་དབང་པོའི་ཧྭ་ཤང་གི་ལྟ་བ་དང་བོ་དྷི་ས་ཏྭའི་ལྟ་བ་རྩེན་མིན་གྱི་ལུགས་ཇི་ལྟར་ལགས་པ་རིལ་སྙན་དུ་གསོལ་བ་ལས་ལྷ་སྲས་ཀྱི་དགོངས་པ་ཡང་འཁྲོལ་སྟེ་དགྱེས་ཆེས་ནས་དབུ་བཏུད་དེ་ཡེ་ཤེས་དབང་པོ་ནི་ངའི་ཨཱ་ཙཱརྻ་ཞེས་ཡང་ཡང་གསུངས་སྟེ་ཡེ་ཤེས་དབང་པོའི་ཞབས་ལ་ཕྱག་འཚལ་ལོ། །དེ་ནས་ཕྱིས་ཀ་མ་ལ་ཤཱི་ལ་རླུང་ཚུབས་ཀྱི་གྲུ་ལ་འཐོན་ཞེས་ཕོ་ཉ་བ་བྱུང་སྟེ་རྗེ་བློན་ཡོས་ཆབ་ཁར་གསུ་བ་ལ་བྱོན་པས་ཧྭ་ཤང་འཁོར་དང་བཅས་པ་ཡང་ཆབ་ཁར་བྱོན། ཀ་མ་ལ་ཤཱི་ལས་ཧྭ་ཤང་ལ་སྒྲ་ཚད་འདྲི་གསུངས་ནས་ཁམས་གསུམ་དུ་ཅིས་འཁོར་བྱ་བའི་བརྡར་ཕྱག་ཤིང་དབུ་ལ་ལན་གསུམ་དུ་བསྐོར་བས་ཧྭ་ཤང་གིས་ཆུ་ཚུར་ཁ་ནས་གོ་སྟེ་གཟུང་འཛིན་གཉིས་ཀྱིས་ལན་བྱ་བའི་བརྡར་བེར་གྱི་ཐུ་བ་ནས་ལན་གཉིས་སྤྲུགས། ཧྭ་ཤང་ན་རེ་འཇིགས་པོ་ཞིག་འདུག་ཟེར་སྐད། དེ་ནས་ཀ་མ་ལ་ཤཱི་ལ་བྱོན་པ་དང་བྱང་ཆུབ་གླིང་དུ་སེང་གེའི་ཁྲི་བཅས་སྟེ་བཙན་པོ་དགུང་ལ་བཞུགས། ཧྭ་ཤང་གཡས་སུ་སེང་གེའི་ཁྲི་ལ་བཞག་མཇུག་ལ་སྟོན་མིན་གྱི་སློབ་མ་རྣམས་དངར་སྟེ་ཇོ་མོ་བྱང་ཆུབ་དང༌། སྲུ་ཡང་དག་དང༌། བནྡྷེ་ལངྐ་ལ་སོགས་པ་མང་སྟེ་གྲལ་རིང་པོ་བྱུང༌། ཀ་མ་ལ་ཤཱི་ལ་གཡོན་དུ་སེང་གེའི་ཁྲི་ལ་བཞག་རྗེས་ལ་བརྩེ་མིན་གྱི་སློབ་མ་རྦ་དཔལ་དབྱངས་དང༌། བཻ་རོ་ཙ་ན་དང༌། ཡེ་ཤེས་དབང་པོ་ལ་སོགས་པ་དགེ་སློང་མི་མང་བ་ཞིག་སྟེ་ཉུང་ཤས་ཅིག་ལས་(ཇ༡༡༦བ)


PTT001_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱུང༌། བཙན་པོས་མཁན་པོ་གཉིས་དང་སྟོན་རྩེན་གྱི་བནྡྷེ་ཀུན་ལ་མེ་ཏོག་དཀར་པོའི་ཕྲེང་བ་རེ་རེ་ལག་དུ་ཕུལ་ནས་བཀའ་བསྩལ་པ། ངའི་མངའ་རིས་ཀྱི་འབངས་བོད་ནག་པོ་ལ་ཞེན་པ་རྣམས་ཀྱི་དོན་དུ་རྒྱ་གར་ནས་བོ་དྷི་ས་ཏྭ་སྤྱན་དྲངས་སྟེ་བོད་མི་ཉུང་ཤས་ཅིག་ཆོས་ལ་བཀོད། དད་པ་ཅན་ཤས་ཅིག་རབ་ཏུ་བྱུང༌། ལྷ་ཁང་འགའ་ཟུང་བཞེངས་སྟེ་དཀོནད་ཅོག་གསུམ་གྱི་རྟེན་བཙུགས་ནས་འབངས་ཀུན་ལ་ལྷ་ཆོས་སློབ་ཏུ་བཅུག་པ་ལས་དད་པ་ཅན་ཉུང་ཤས་ཅིག་རབ་ཏུ་བྱུང་བའི་འོག་དུ་ཧྭ་ཤང་མ་ཧཱ་ཡ་ན་འདིར་མཆིས་པ་ལས་བོད་ཀྱི་བནྡྷེ་ཕལ་ཆེ་བ་ཅིག་ཧྭ་ཤང་ལ་སློབས། ཅིག་ནི་བོ་དྷི་ས་ཏྭའི་སློབ་མ་ཡིན་པས་ཧྭ་ཤང་གི་ལྟ་བར་སློབ་ཏུ་མ་བཏུབ་སྟེ་སྟོན་རྩེན་གཉིས་སུ་ཆད། དེ་གཉིས་མ་མཐུན་པར་འཁྲུགས་པ་ལ་ངའི་ཞལ་ཅེས་ཧྭ་ཤང་གི་སློབ་མ་རྣམས་མ་རངས་སྟེ་ཉང་ཤ་མི་རང་གི་ཤ་བཏུབས་ནས་ཤི། ཧྭ་ཤང་མེ་མགོ་ནི་རང་གི་མགོ་ལ་མེ་བཏང་ནས་ཤི། རྔོགས་རིན་པོ་ཆེ་དང་སྙགས་བྱེ་མ་ལས་ནི་རང་གི་ཕོ་མཚན་བརྡུངས་ནས་ཤི། གཞན་རྣམས་ཀྱང་ཆུ་གྲི་རེ་བསྲེལ་ཞིང་བརྩེ་མིན་པ་རིལ་གྱིས་བསད་ལ་བདག་ཅག་ཀྱང་ཕྲུ་མའི་ངོས་ལ་འཆི་ཟེར་སྟེ་ངས་དེ་ལྟར་བྱེད་ཏུ་མ་གནང་བར་གཉའ་གཡོན་བསྐོར་བ་ཡིན། བརྩེ་མིན་པའི་མཁན་པོ་བོ་དྷི་ས་ཏྭ་ཡིན། དེའི་སློབ་མ་ཀ་མ་ལ་ཤཱི་ལ་ཡིན་པས་ཁྱེད་འདིར་འོངས་པ་དང་ཧྭ་ཤང་དང་གཉིས་ཁ་བདུར་ལ་གཏན་ཚིགས་གང་བཟང་བ་ལ་སུ་གཏན་ཚིགས་ངན་པ་དེས་ང་རྒྱལ་མ་བྱེད་པར་ཆོས་ལུགས་བཞིན་དུ་མེ་ཏོག་ཕྲེང་བ་ཕུལ་ཞིག་ཞེས་བཀའ་བསྩལ་བ་དང༌། ཧྭ་ཤང་ན་རེ་ང་གཞི་ལ་སྔ་བས་ངས་དྲིའམ་ལན་གདབ་གསུངས་ཀ་མ་ལ་ཤཱི་ལའི་ཞལ་ནས་ཁྱོད་ཀྱི་དགོངས་པའི་ལྟ་བ་ལ་ཤགས་ཐོབ་ཅིག་གསུངས་པ་དང༌། ཧྭ་ཤང་ན་རེ། ཐམས་ཅད་སེམས་ཀྱི་རྣམ་པར་རྟོག་པས་བསྐྱེད་པས་ལས་དགེ་མི་དགེས་མཐོ་རིས་དང་ངན་སོང་གི་འབྲས་བུ་མྱོང་ཞིང་འཁོར་བ་ན་འཁོར་རོ། །གང་ཞིག་ཅི་ལ་ཡང་(ཇ༡༡༧ན)


PTT001_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

མི་སེམས་ཞིང་ཅི་ཡང་མི་བྱེད་པ་དེ་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་རོ། །དེ་ལྟ་བས་ན་ཅི་ཡང་མི་བསམ་མོ། །སྦྱིན་པ་ལ་སོགས་པའི་ཆོས་སྤྱོད་རྣམ་པ་བཅུ་ལ་སྤྱོད་པ་ནི་སྐྱེ་བོ་དགེ་བའི་ལས་འཕྲོ་མེད་པ་བློ་ཞན་པ་དབང་པོ་བརྟུལ་བོ་རྣམས་ལ་བསྟན་པ་ཡིན། སྔོན་བློ་སྦྱངས་པ་དབང་པོ་རྣོན་པོ་དག་ལ་སྤྲིན་དཀར་ནག་གཉིས་གང་གིས་ཀྱང་ཉི་མ་སྒྲིབ་པ་ལྟར་དགེ་སྡིག་གཉིས་ཀས་ཀྱང་སྒྲིབ་པས་དེ་བས་ན་ཅི་ལ་ཡང་མི་སེམས། ཅི་ལ་ཡང་མི་རྟོག་ཅི་ལ་ཡང་མི་དཔྱོད་པ་ན་མི་དམིགས་པ་ཅིག་ཅར་དུ་འཇུག་པས་ས་བཅུ་པ་དང་འདྲའོ་ཞེས་སྨྲས་པ་དང༌། ཨཱ་ཙརྻ་ཀ་མ་ལས་གསུངས་པ། དེ་ལྟར་ཅི་ཡང་མི་བསམ་ཟེར་བ་དེ་ནི་སོ་སོར་རྟོག་པའི་ཤེས་རབ་སྤངས་པ་ཡིན་ནོ། །ཆོས་ཐམས་ཅད་ཀྱི་རང་བཞིན་ཆོས་དབྱིངས་རྣམ་པར་མི་རྟོག་པ་དེ་ནི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་རྟོགས་དགོས་པ་ཡིན། ཡང་དག་པའི་ཡེ་ཤེས་ཀྱི་རྩ་བ་ནི་སོ་སོར་རྟོག་པའི་ཤེས་རབ་ཡིན་ན་དེ་སྤངས་པས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སམ་ཤེས་རབ་ཀྱང་སྤངས་པར་འགྱུར་སྟེ་སོ་སོར་རྟོག་པའི་ཤེས་རབ་མེད་པར་རྣལ་འབྱོར་པས་ཐབས་གང་གིས་རྣམ་པར་མི་རྟོག་པ་ལ་གནས་པར་འགྱུར། གལ་སྟེ་ཆོས་ཐམས་ཅད་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་ཡིན་ན་ཉམས་སུ་མྱོང་བ་རྣམས་མི་དྲན་ཞིང་ཡིད་ལ་མི་བྱ་བར་མི་ནུས་སོ། །གལ་སྟེ་བདག་གིས་ཆོས་གང་ཡང་དྲན་པ་མི་བྱ་ཡིད་ལ་མི་བྱའོ་སྙམ་ན་ནི་དེ་ཉིད་དྲན་པ་ཤིན་ཏུ་ཡིད་ལ་བྱས་པར་འགྱུར་རོ། །དྲན་པ་དང་ཡིད་ལ་བྱ་བ་མེད་པ་ཙམ་ལ་བྱེད་ན་མེད་པ་ནི་རྒྱུར་མི་རུང་སྟེ་དྲན་པ་མེད་པ་ཙམ་གྱིས་རྣམ་པར་མི་རྟོག་པར་འགྱུར་ན་བརྒྱལ་བ་དང་ར་རོ་བ་དང་བོག་པའི་དུས་སུ་ཡང་དྲན་པ་མེད་པས་རྣམ་པར་གྲོལ་བར་འགྱུར་རོ། །དེ་ལྟ་བས་ན་ཡང་དག་པའི་སོ་སོར་རྟོག་པ་མེད་པར་རྣམ་པར་མི་རྟོག་པ་ལ་འཇུག་པའི་ཐབས་མེད་ཏོ། །དྲན་པ་ཙམ་པོ་བཀག་ཀྱང་ཡང་དག་པའི་སོ་སོར་རྟོག་པ་མེད་ན་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ལ་ཇི་ལྟར་འཇུག་ནུས། (ཇ༡༡༧བ)


PTT001_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་མེད་པ་སྟོང་པ་ཉིད་མ་རྟོགས་ན་སྒྲིབ་པ་སྤོང་བར་མི་འགྱུར་བ་ཁོ་ནའོ། །སྟོང་པ་ཉིད་མ་རྟོགས་ཀྱང་དྲན་པ་མེད་པ་ཙམ་གྱིས་ཐར་པ་ཐོབ་པ་དང་གྲོལ་བར་འགྱུར་ན་ཁམས་གོང་མའི་ལྷ་ཐམས་ཅད་ཐར་པ་ཐོབ་པ་དང་གྲོལ་བར་འགྱུར་རོ། །དྲན་པ་ཅི་ཡང་མེད་པའི་རྨོངས་པའི་སེམས་ཀྱིས་ཡང་དག་པའི་ལམ་རྣལ་འབྱོར་དུ་ཇི་ལྟར་འགྱུར། དེ་ནི་གཉིད་སྟུག་པོའི་རྨོངས་པའི་སེམས་དང་འདྲའོ། །དྲན་བཞིན་དུ་ཡང་མི་དྲན་བྱར་མི་རུང་ངོ༌། །དྲན་མེད་དང་ཡིད་ལ་བྱར་མེད་པས་སྔོན་གྱི་གནས་རྗེས་སུ་དྲན་པ་དང་ཐམས་ཅད་མཁྱེན་པར་ཇི་ལྟར་འགྱུར། ཉོན་མོངས་པ་ཡང་ཇི་ལྟར་སྤོང༌། དེ་བས་ན་ཡང་དག་པའི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཕྱིན་ཅི་ལོག་གི་སྣང་བ་རྒྱང་སྲིང་བ་ཡིན་ནོ། །དེ་བསྲིངས་ཅིང་སྤངས་པས་ཡང་དག་པ་ཕྱིན་ཅི་མ་ལོག་པའི་སྣང་བ་རྣལ་མའི་དོན་ཇེ་གསལ་ཇེ་གསལ་རྟོགས་པར་འགྱུར་རོ། །དེ་ལྟ་བུའི་དོན་ངེས་པར་རྟོགས་པའི་རྣལ་འབྱོར་བས་དུས་གསུམ་ཕྱི་ནང་ཐམས་ཅད་སྟོང་པར་རྟོགས་སྟེ་རྟོག་པ་ཐམས་ཅད་ཉེ་བར་ཞི་བར་འགྱུར་ལྟ་བ་ངན་པ་སྤོང་བར་འགྱུར་རོ། །དེ་ལྟ་བུ་དེ་བརྟན་ཙ་ན་ཐབས་དང་ཤེས་རབ་གཉིས་ལ་མ་རྨོངས་པས་སྒྲིབ་པ་ཐམས་ཅད་དེ་ཉིད་ཏུ་བསལ་ནས་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་སངས་རྒྱས་ཀྱི་ཆོས་ཐོབ་པར་འགྱུར་རོ་ཞེས་གསུངས་སོ། །དེར་བཙན་པོའི་ཞལ་ནས་སྟོན་ཆེན་ཤགས་གང་རྒྱལ་བའི་འཁོར་ཀུན་ཡང་མཆིད་ཤགས་ཐོབ་ཅིག་ཞེས་གསུངས་པ་དང་དཔལ་དབྱངས་ན་རེ། ཁྱེད་རྒྱའི་བཞེད་པ་ལྟར་ན་ཅིག་ཆར་དུ་འཇུག །ཅིག་རིམ་གྱིས་མཆི་ན་ཕ་རོལ་ཏུ་ཕྱིན་པ་དྲུག་མི་མཐུན་པའི་ཕྱོགས་ལས་གདགས་པར་གསུངས་སྟེ་འཛིན་པ་མ་མཆིས་པའི་སླད་དུ་སྦྱིན་པའི་མིང་བཏགས་སྟེ་བདོག་པ་བཏང་ནས་ཡོངས་སུ་འཛིན་པ་མེད་ན་སྦྱིན་པ་བཏང་བ་ཡིན། སྒོ་གསུམ་ཆགས་སྡང་བཀག་ན་ཚུལ་ཁྲིམས་ཡིན། ཁྲོ་བ་མེད་ན་བཟོད་པའི་མཆོག་ཡིན། ལེ་ལོ་འདོར་བ་ལ་བརྩོན་འགྲུས་ཀྱི་མིང་བཏགས། སེམས་ལ་གཡེང་བ་མ་མཆིས་(ཇ༡༡༨ན)


PTT001_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ན་བསམ་གཏན། ཆོས་རང་དང་སྤྱིའི་མཚན་ཉིད་ཤེས་ན་ཤེས་རབ་ཡིན། སྟོན་པ་འདས་ནས་རིང་ཞིག་དུ་ལྟ་བ་ལ་མཐུན་པ་མ་མཆིས། སླད་ནས་དབུ་མ་རྣམ་གསུམ་མ་མཐུན་སྟེ་རྩོད་པར་གྱུར། ད་ལྟ་སྟོན་རྩེན་གཉིས་ལྟ་བ་མ་མཐུན་སྟོན་མིན་ཅིག་ཆར་དུ་འཇུག་ཟེར་སྟེ་ཡང་དག་པ་མ་རྟོགས་མ་འཇལ་བས་དེ་ལྟར་གྱུར། འཇུག་སྒོ་ཐ་དད་ཀྱང་སངས་རྒྱས་འཐོབ་པར་འདོད་པར་ཅིག་ཞེས་འབྲས་བུ་འདོད་པ་ལ་སྤྱི་མཐུན་པ་སྐད་དུ་སྨྲས། ཡེ་ཤེས་དབང་པོས་སྨྲས་པ། ཅིག་ཆར་འཇུག་བྱ་བ་དང་རིམ་གྱིས་འཇུག་བྱ་བ་གཉིས་དཔྱོད་དགོས་སྟེ་རིམ་གྱིས་འཇུག་ན་རྩོད་རྒྱུ་མ་མཆིས་སྟེ་ངེད་དང་འདྲའོ། །ཅིག་ཅར་དུ་འཇུག་ན་ཁྱེད་ད་དུང་ཅི་བྱེད་དང་པོ་ནས་སངས་རྒྱས་ན་ཅི་ཉེས། དེ་བས་ན་རི་ལ་འཛེག་པ་ཡང་གོམ་པ་རེ་རེ་ནས་འཛེག་དགོས་སྟེ་གོམ་པ་གཅིག་གིས་བགྲོད་མི་ནུས་པ་ལྟར་ས་དང་པོ་ཐོབ་པ་ཡང་རབ་ཏུ་དཀའ་ན་ཐམས་ཅད་མཁྱེན་པ་ཐོབ་པ་ལྟ་ཅི་སྨོས། ཅི་ཡང་མ་བྱས་པར་འཚང་རྒྱ་བ་ནི་ཁྱེད་ལ་བསྟན་པའི་ཁུངས་དགོས། སྟོན་རྩེན་མི་འདྲ་སྟེ་ངེད་བརྩེ་མིན་གྱི་ལུགས་ཀྱིས་གསུང་རབ་ཀུན་ལ་བསླབས། ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་རྣམ་གསུམ་ལ་བརྟེན་ནས་དོན་མ་ནོར་བར་ཤེས་ནས་ཆོས་སྤྱོད་བཅུ་ལས་བསླབས་སྟེ་བསྒོམས་པས་ས་དང་པོ་ལ་བཟོད་པ་ཡང་འཐོབ། ཡང་དག་པའི་སྐྱོན་མེད་པར་ཡང་འཇུག །དེ་ནས་ས་དགུར་ཡང་དག་པའི་ཤེས་རབ་རིམ་པར་སྦྱངས་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་བསླབས། རྒྱུད་སྦྱངས་ཚོགས་གཉིས་རྫོགས་ནས་སངས་རྒྱས་བརྙེས་པ་ལགས་ན། ཁྱེད་ལྟར་གྱི་ཚོགས་མ་བསགས་བློ་མ་སྦྱངས་པའི་འཇིག་རྟེན་གྱི་བྱ་བ་ཡང་མི་ཤེས་ན་ཐམས་ཅད་མཁྱེན་པ་འཐོབ་པ་དང་ཤེས་བྱ་ཐམས་ཅད་ལ་འཇུག་པར་ཇི་ལྟར་འགྱུར། སངས་རྒྱས་རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དེའི་རྒྱུ་ཅི་ལས་གྲུབ་ན་ཚོགས་གཉིས་ལས་གྲུབ་པ་ཡིན། སྟོང་པ་གཅིག་པུས་རང་ལ་ཡང་མ་ཕན་ན་གཞན་གྱི་དོན་ག་ལ་འགྲུབ། ཐ་ན་ལུས་(ཇ༡༡༨བ)


PTT001_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་འཚོ་བ་ལ་ཡང་ཟས་དང་སྐོམ་དང་གོས་ལ་སོགས་པ་རྩོལ་སྒྲུབ་བྱ་དགོས་པ་ལ་བརྟེན་སྟེ་འཚོ་དགོས་ལ་དེ་དག་ལ་མ་བརྟེན་ན་འགུམ་སྟེ་ཟས་མ་མྱོང་ན་ཞག་བདུན་ན་ལྟོགས་སྟེ་འཆི་ན་ཐར་པ་སྒྲུབ་པ་ལ་ཆོས་སྤྱོད་རྣམ་པ་བཅུ་བྱ་དགོས་པ་ལྟ་ཅི་སྨོས། དེ་ལྟར་ཁུངས་མེད་ཅིང་ཐབས་ཤེས་ཡ་བྲལ་བའི་ཆོས་ཀྱིས་སངས་རྒྱས་ལ་སྐུར་སྟེ་བསླུས་པ་ཡིན། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གྱི་དོན་དུ་སེམས་བསྐྱེད་ནས་གཞན་དོན་ལྷུར་བྱས་བསོད་ནམས་ཀྱི་ཚོགས་བསགས་སྟེ་ཤེས་བྱ་ཐམས་ཅད་ལ་མཁས་པར་བསླབས། ཤེས་རབ་གསུམ་བློ་སྦྱངས་སྟེ་ཡེ་ཤེས་ཀྱི་ཚོགས་བསགས། སྒྲིབ་པ་གཉིས་སྦྱངས། བློའི་དྲི་མ་ཐམས་ཅད་སྤངས་ནས་མཐུ་རྫོགས་པ་དང་སངས་རྒྱས་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་མཛད་པའི་འཕྲིན་ལས་འཁོར་བ་མ་སྟོངས་ཀྱི་བར་དུ་འབྱུང་བ་ལྷུན་གྱིས་གྲུབ་པ་ཡིན་པར་ལུང་དུ་མ་ནས་གསུངས་སོ། །ཅི་ཡང་མི་སེམས་པ་ནི་སྒོ་ང་དང་འདྲའོ། །མ་བརྟགས་པར་གོམ་པ་བོར་ཡང་བརྡབ་འཆོས་སྟེ་འགྲོ་ན་ཆོས་ག་ལ་རྟོགས། ཅི་ཡང་མ་བྱས་པར་ཉལ་བས་ཟན་ཡང་མི་མྱོང་བར་ལྟོགས་སྟེ་འཆི་ནས་སངས་རྒྱས་ག་ལ་འགྲུབ། དེ་བས་ན་ནངས་ལ་མདོ་སྡེ་བྱང་ཆུབ་པར་བཀླགས། དབེན་པར་ཞི་གནས་དང་ལྷག་མཐོང་ཡིད་ལ་བྱས། རྟོགས་པས་ཡིད་ལ་མྱོང་བ་ཤར། དེ་ལྟར་མ་རྟོགས་པའི་དོན་དུ་ཚོགས་གསག་སྟེ་སེམས་ཇི་ལྟ་བུ་ཞེ་ན་ཀུན་རྫོབ་སྒྱུ་མ་ལྟ་བུ་ལ་དོན་དམ་པར་དེ་མ་སྐྱེས་པར་རྟོགས་སྟེ་ཆོས་ཐམས་ཅད་ཆུ་ཤིང་གི་སྙིང་པོ་ལྟ་བུར་མ་བཅོས་པར་རྟོགས་ན་དུས་གསུམ་མི་དམིགས་པར་འགྱུར་སྟེ་ཆོས་དང་གང་ཟག་ལ་བདག་མ་མཆིས་པར་རིག་པས་བྱིང་རྒོད་མ་མཆིས་པར་ཟུང་འབྲེལ་དུ་ངང་གིས་འཇུག་པ་ལགས་སྟེ་སྒོམ་པ་ཡང་དེ་ལྟར་ལགས། ཅེས་མཆི་བ་དང་སྟོན་མིན་པས་ཤགས་ལན་སྨྲ་བར་མ་སྤོབས་སྟེ་མེ་ཏོག་གཏོར་ནས་ཕམ་པར་ཁས་བླངས་སོ། །དེའི་ཚེ་གཟིམས་མལ་བ་ཅོ་རྨ་རྨ་རང་གི་དབང་པོ་བརྡུངས་ནས་ལྕེབས་སོ། །དེ་ནས་བཙན་(ཇ༡༡༩ན)


PTT001_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཞལ་ནས། ཧྭ་ཤང་གི་ཆོས་སྟོན་མིན་པ་ཅིག་ཅར་དུ་འཇུག་ཟེར་བ་དེ་ནི་ཆོས་སྤྱོད་རྣམ་པ་བཅུ་ལ་སྐྱོན་བཀལ་སྟེ་མི་བགྱིད། སེམས་པ་ནི་བྱིང༌། བདག་དང་གཞན་གྱི་བློ་སྦྱོང་གི་སྒོ་བཀག་སྟེ་འཕྲོ་བཅད་ན་སེམས་བྱིང་ཞིང་ཆོས་ནུབ་པར་འགྱུར་བས་འཕྲོ་ཆོད་ལ་དེ་ལྟ་བུ་ནི་ཁྱེད་རང་སྒོམས་ཅིག་གཞན་ཁྱེད་ཀྱི་འཁོར་རྣམས་དང་བོད་རྣམས་ད་སླན་ཆད་ལྟ་བ་ནཱ་གརྫུ་ནའི་ལུགས་ཟུངས། སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གྱིས་ལ་ཆོས་སྤྱོད་རྣམ་པ་བཅུ་ཉམས་སུ་ལོངས། སྒོམ་པ་ཤེས་རབ་རྣམ་པ་གསུམ་ལ་བློ་སྦྱོངས་ལ་ཐབས་དང་ཤེས་རབ་ཟུང་དུ་ཆུད་ཅིང་འབྲེལ་བ་ཞི་གནས་དང་ལྷག་མཐོང་ལ་སྒོམས་ཅིག་ད་སླན་ཆད་འོ་སྐོལ་བོད་རྗེ་བློན་འབངས་བཅས་ཀྱིས་ཀྱང་ཆོས་བྱ་བ་རྣམས་ཀྱིས་འདི་ལྟར་བྱ་སྟེ། སྤྱིར་བོད་མཐའ་འཁོབ་ཏུ་གྱུར་པ་དང་རིག་པ་བླུན་ཞིང་རང་ག་བ་མང་ལ་ཆོས་འདི་རྟོགས་པར་དཀའ་ཞིང་ཟབ་པས། རྒྱ་གར་གྱི་མཁས་པ་རབ་ཏུ་གྱུར་པར་གྲགས་པ་རྒྱལ་པོས་སྤྱན་དྲངས་སྟེ་ཡོན་བདག་བྱས། ལོ་ཙཱ་བ་མཁས་པས་གཏན་ལ་ཕབ་པའི་ཆོས་དེ་ལ་འཇུག་པར་བྱའོ། །རྒྱལ་པོས་ཡོན་བདག་མ་བྱས་ལོ་ཙཱ་བ་མཁས་པས་གཏན་ལ་མ་ཕབ་པའི་ཆོས་ལ་འཇུག་པར་མི་བྱའོ། །ཞེས་བཀའ་ནན་དྲག་དུ་བསྩལ་ནས་བཀའ་གཙིགས་ཀྱི་ཡི་གེ་ཞིབ་མོ་གསུམ་ཏུ་མཆིས་སྟེ་གསེའི་སྒྲོམ་བུར་བཅུག་ཁ་ལ་སྒོ་ལྕགས་བསྩལ་སྟེ་རྗེའི་ཕྱག་དབལ་ན་མཆིས་སྟེ་གནོད་སྦྱིན་དམ་རྒྱ་ནག་པོ་ལ་གཏད། ཆེ་ལོང་ཞིག་ནི་ཞང་བློན་རྣམས་ལ་དར་བར་བྱས། དེ་ནས་ཧྭ་ཤང་མ་ཧྭ་ཡ་ན་གཙུག་ལག་ཁང་ཞིག་བཞེངས་ནས་སླར་རྒྱ་ནག་དུ་གཤེགས། སྔོན་རྒྱལ་པོ་གདུང་རབས་ལྔར་ཆོས་མ་ཚུགས་པ་ལྷ་སྲས་ཁྲི་སྲོང་ལྡེ་བཙན་དང༌། ཟ་ཧོར་རྒྱལ་པོའི་སྲས་བོ་དྷི་ས་ཏྭ་དང༌། རྦ་ཡེ་ཤེས་དབང་པོ་དང༌། སང་ཤི་ཏ་བཞིས་དཀོནད་ཅོག་གི་རྟེན་མཆོད་གནས་པ་བཙུགས། དམ་པའི་ཆོས་བོད་ཁམས་སུ་རྒྱ་ཆེར་བསྒྲགས་སོ། །(ཇ༡༡༩བ)


PTT001_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

དེར་རྗེ་བཙན་པོའི་ཐུགས་དགོངས་འགྲུབ་ནས་འབངས་ཐམས་ཅད་ཆོས་ལ་བཙུད་ཅིང་ལྷ་ཆོས་མི་དགྱིད་དུ་མི་གནང་བའི་ཕྱིར་དབུས་མཐའ་ཐམས་ཅད་དུ་སློབ་དཔོན་བསྐོས། ཞང་བློན་གྱི་བུ་ཚ་དང་བཙུན་མོ་ཐམས་ཅད་ཀྱང་ཀ་ཝ་ལི་རེ་རེ་ཐོགས་ནས་ཆོས་སློབ་ཏུ་བཅུག་གོ །དེ་ནས་སློབ་དཔོན་ཀ་མ་ལ་ཤཱི་ལ་ལ་བཙན་པོས་ཆོས་ཐམས་ཅད་ཐོས་བསམ་སྒོམ་གསུམ་གྱིས་བདག་མེད་པར་གཏན་ལ་ཕབ་པའི་ཆོས་དེ་ཇི་ལྟར་ལགས་པ་ཡི་གེར་འགོད་པར་ཞུས་པས་སྒོམ་རིམ་དང་པོ་བརྩམས་ནས་གནང༌། རྗེས་གཟིགས་པས་དོན་དགོངས་སྟེ་ད་དེའི་དོན་སྟན་ཐོག་གཅིག་དུ་སྒོམ་ན་ཇི་ལྟར་སྒོམ་ཞུས་པས་སྒོམ་རིམ་བར་པ་བརྩམས་ནས་གནང༌། དེ་ལ་འབྲས་བུ་ཇི་ལྟར་མཆི་ཞུས་པས་སྒོམ་རིམ་ཐ་མ་འབྲས་བུ་བསྟན་པ་བརྩམས་ནས་གནང༌། འབྲས་བུ་བསྟན་པའི་ཞར་ལ་ཧྭ་ཤང་གི་ལྟ་བ་ནོར་བ་དེ་སུན་ཕྱུང་ནས་སྣང༌། དེ་ལ་ཤིན་ཏུ་དགྱེས་པས་དེའི་དོན་འགྲེལ་དུ་བོ་དྷི་ས་ཏྭའི་དགོངས་པ་ལ་རྒོལ་བ་བྱུང་གིས་དྭོགས་པའི་དོན་དུ་ལུང་དང་རིགས་པ་འབྲེལ་བར་དབུ་མ་སྣང་བ་བརྩམས་ནས་བཙན་པོ་ལ་གནང་ངོ་ཞེས་རྦ་བཞེད་ཁུངས་ཐུབ་ལས་བྱུང་བ་ཇི་ལྟ་བ་བཀོད་པའོ། །བུ་སྟོན་ཆོས་བྱུང་ལས་ནི་སྟོན་མིན་བརྩེ་མིན་ནི་རྒྱ་ནག་གི་སྐད་དེ་ཅིག་ཆར་པ་དང་རིམ་སྐྱེས་པ་ཅེས་ཟེར་རོ་ཞེས་བྱུང་ངོ༌། །སྤྱིར་སངས་རྒྱས་ཀྱི་བསྟན་པ་ལ་ཆོས་དང་ཆོས་མ་ཡིན་པ་བྱ་བ་ན་གང་ཆོས་མ་ཡིན་པའི་ཕྱོགས་དེ་ནི་ཞེ་སྡང་དྲག་པོས་ཁྲོ་བ་དང་འཁྲུགས་པར་བྱེད་ཅིང་མཚོན་ཆའི་སྦྱོར་བས་ཕ་རོལ་གསོད་པའི་བར་དུ་བརྩོན་པར་བྱེད་ལ། གང་ཆོས་ཀྱི་ཕྱོགས་དེ་ནི་ཕ་རོལ་པོ་ཇི་ཙམ་དུ་འཁྲུག་ཤིང་ཁྲོ་བ་ཙམ་གྱིས་སྙིང་རྗེ་དང་བཟོད་པ་འཕེལ་ཞིང་དུས་ལ་བབ་ན་ལུང་རིགས་དང་ལྡན་པའི་འབེལ་བའི་གཏམ་གྱིས་ཕ་རོལ་གྱི་ལོག་རྟོག་ཟློག་པ་ལ་བརྩོན་པར་བྱེད་ཀྱི། སྲོག་དང་ཟང་ཟིང་འཇོམས་པ་ནི་གཞན་གྱིས་བྱེད་པ་ཡང་ཟློག་ན་རང་གིས་བགྱི་བ་ལྟ་ཅི་སྨོས་སྟེ་དེས་ན་དེང་སང་(ཇ༡༢༠ན)


PTT001_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

དང་མ་འོངས་པའི་དུས་ཀྱང་རུང་སྟེ་བསྟན་པ་བྱེ་བ་ན་གང་ཆོས་ཀྱི་ཕྱོགས་དང་གང་ཆོས་མ་ཡིན་པའི་ཕྱོགས་སུ་གནས་པ་ནི་འདི་ཁོ་ནས་ཤེས་པར་ནུས་སོ། །ཆོས་མ་ཡིན་པའི་ཕྱོགས་རྣམས་ནི་ལྟ་བ་དང་གྲུབ་མཐའ་ཡང་ཉ་འབྲིད་པ་ལ་ལྕགས་ཀྱུའི་རྩེའི་ཟས་ལྟར་སྐྱེ་བོ་ཆོས་ལྟར་སྣང་བས་སླུ་བའི་ཕྱིར་དང་པོར་སྨྲ་བ་ཙམ་དུ་ཟད་ཀྱི། གང་ཁས་ལེན་པའི་ལྟ་སྤྱོད་དེ་ལ་ཡང་རང་ཉིད་གནས་པ་མ་ཡིན་སྟེ་དཔེར་ན་ཧྭ་ཤང་འཁོར་བཅས་ཀྱང་ཅི་ཡང་དྲན་པར་མི་བྱ་ཞིང་དགེ་སྡིག་གཉིས་ཀ་མི་བྱེད་པ་རང་གི་ལྟ་གྲུབ་ཏུ་སྨྲས་མོད་ཀྱང་བརྩེ་མིན་གྱིས་དེ་ལྟར་མི་རིགས་སོ་ཞེས་སྨྲས་པ་ན་དེ་མ་ཐག་ཁྲོ་བོ་དང་འཁྲུག་པ་རྩ་ཉོན་དང་ཉེ་ཉོན་ཐམས་ཅད་དྲན་ཞིང་ཡིད་ལ་བྱེད་ལ་ཆུ་གྲི་བསྲེལ་ནས་གསོད་འདོད་ཀྱི་མི་དགེ་བ་དྲག་པོས་རྒྱུད་ཁེངས་ཅིང་ལྡོག་པར་མི་བྱེད་པས་དེ་མ་ཐག་རང་གི་ལྟ་གྲུབ་རང་གིས་བཤིག་པའི་ཕྱིར་རོ། །ཆོས་བཞིན་གྱི་ལྟ་བ་དང་གྲུབ་མཐའ་ནི་དེ་འདྲ་བ་མ་ཡིན་སྟེ། གནོད་བྱེད་སོགས་རྐྱེན་དྲག་པོ་དང་ཐུག་པ་ན་གོ་ཆ་ལྟར་རང་རྒྱུད་ལ་མི་གནོད་པ་དང་མཚོན་ཆ་ལྟར་ཉོན་མོངས་པ་འཇོམས་པའི་བྱེད་ལས་གཉིས་ཀ་ལྟ་བ་དེས་ལྷན་ཅིག་དུ་འགྲུབ་ཅིང་བུད་ཤིང་བསྣན་པའི་མེ་ལྟར་ལྟ་བའི་བསོས་འདེབས་པ་ཅིག་འབྱུང་བ་ཡིན་ནོ་ཞེས་བྱ་བ་ནི་འཕྲོས་པའི་དོན་ཏོ། །རྦ་བཞེད་ལ་ལར་སྔར་གྱི་མེ་ཏོག་གཏོར་ནས་ཕམ་པར་ཁས་བླངས་སོ་ཞེས་པའི་འོག་དུ་ཡང་ལུགས་གཅིག་ལ་རྒྱ་ནག་གི་དགེ་སློང་བྱུང་ནས་ཁོ་ན་རེ་ཚིག་ལ་སྙིང་པོ་མེད། ཐ་སྙད་ཀྱི་ཆོས་ཀྱིས་འཚང་མི་རྒྱ། སེམས་རྟོགས་ན་དཀར་པོ་ཆིག་ཐུབ་ཡིན་པས་དེས་ཆོག་ཟེར་ནས་དཀར་པོ་ཆིག་ཐུབ་འདི་བོད་ཐམས་ཅད་འཕེལ་ལོ་ཞེས་སོགས་དང༌། མཁན་པོའི་ཞལ་ཆེམས་ཀྱི་སྐབས་སུ་ང་འདས་པའི་འོག་དུ་རྒྱ་ནག་གི་མཁན་པོ་གཅིག་འབྱུང་སྟེ་དེས་ཐབས་དང་ཤེས་རབ་ལ་སྐུར་པ་འདེབས་པ་དཀར་པོ་ཆིག་ཐུབ་བྱ་བ་སེམས་རྟོགས་པ་འབའ་ཞིག་གིས་འཚང་རྒྱའོ་ཟེར་བ་འབྱུང་སྟེ་མདོ་ལས་(ཇ༡༢༠བ)


PTT001_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

རྙིགས་མ་ལྔའི་ནང་ནས་ལྟ་བའི་རྙིགས་མ་ཞེས་བྱ་བ་སྟོང་པ་ཉིད་ལ་དགའ་བ་ཡོང་བར་གསུངས་པས་བོད་ཁོ་ནར་མ་ཟད་རྙིགས་མ་ལྔ་བདོ་བའི་གང་ཟག་ཐམས་ཅད་དེ་ལ་དགའ་བ་ཆོས་ཉིད་ཡིན། དེའི་ཆོས་ལུགས་དེ་འཕེལ་ན་སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་གནོད་པས་ཀ་མ་ལ་ཤཱི་ལ་སྤྱན་དྲོངས་ཅེས་དང༌། ཁྱེད་བརྩེ་མིན་པ་སྐྱབས་འགྲོ་སེམས་སྐྱེད་ནས་རིམ་པས་བྱེད་པ་སྤྲེའུ་ལྟར་མས་འཛེག་ཡིན། ངེད་བྱ་བྱེད་ཀྱི་ཆོས་ཀྱིས་འཚང་མི་རྒྱ་བས་སེམས་རྟོགས་པ་ཉིད་ཀྱིས་འཚང་རྒྱ་སྟེ་ཁྱུང་ཤིང་རྩེར་བབ་པ་ལྟར་ཡས་བབ་ཡིན་ཟེར་བ་ལ་ཀ་མ་ལས་དཔེ་མི་འཐད་དེ་ཁྱུང་དང་པོ་ནས་འདབ་གཤོག་རྫོགས་སམ་ཚར་ནས་རིམ་པར་རྫོགས་ནས་ཤིང་རྩེར་བབ། དང་པོ་མི་སྲིད་ལ་ཕྱི་མ་རིམ་གྱིས་པའི་དཔེར་རུང་གི་ཅིག་ཆར་བར་མི་རུང་ངོ༌། །དོན་མི་འཐད་དེ། རྣམ་པར་མི་རྟོག་པ་སྒོམ་པ་དེ་རྟོག་པ་ཕྱོགས་གཅིག་བཀག་པ་ཡིན་ནམ་ཐམས་ཅད་བཀག་པ་ཡིན། དང་པོ་ལྟར་ན་གཉིད་དང་བརྒྱལ་བ་སོགས་ཀྱང་སྒོམ་ཡིན་པར་འགྱུར། མཐའ་དག་བཀག་དགོས་ན་མི་རྟོག་པ་སྒོམ་པའི་ཚེ་སྒོམ་སྙམ་པའི་རྟོག་པ་སྔོན་དུ་བཏང་དགོས་སམ་མི་དགོས། མི་དགོས་ན་སེམས་ཅན་ཐམས་ཅད་ལ་སྒོམ་སྐྱེ་བར་ཐལ་སྟེ་སྒོམ་བློ་མེད་ཀྱང་སྒོམ་སྐྱེ་བའི་ཕྱིར། དགོས་ན་དེ་ཉིད་རྟོག་པ་ཡིན་པས་མི་རྟོག་པ་སྒོམ་པའི་དམ་བཅའ་ཉམས་སྟེ་སྨྲ་བཅད་བྱས་པ་ཡིན་ནོ་བྱས་ན་སྨྲ་བཅད་ཤོར་བ་བཞིན་ནོ་ཞེས་གསུངས་པས་རྒྱ་ནག་མཁན་པོས་མགོར་ཐོག་བརྒྱབ་པ་དང་མཚུངས་པས་ལན་མི་ཤེས་སོ་ཞེས་སྨྲས་སོ་ཞེས་དང༌། དེང་སང་ཆོས་རྣལ་མ་རྣམས་བོར་ནས་སེམས་ངོ་འཕྲོད་པས་འཚང་རྒྱ་བར་འདོད་པ་དཀར་པོ་ཆིག་ཐུབ་ཏུ་འགྲོ་བའི་རྒྱུ་མཚན་དེ་ཡིན་གསུང༌། ཞེས་སོགས་དང༌། ཅོ་རྨ་རྨ་ལྕེབས་པ་མན་སྔར་བཤད་པ་དང་མཐུན་ནོ། །དེ་ནས་ཡང་སྔར་གྱི་འཕྲོར་ཞུགས་སྟེ་བཙན་པོའི་ཞལ་ནས་ཧྭ་ཤང་གི་ཆོས་སྟོན་མིན་ཅིག་ཅར་དུ་འཇུག་ཞེས་ཟེར་བ་དེ་ནི་ཞེས་སོགས་བྲིས་སྣང་མོད། འདི་འདྲ་བ་མཁན་པོའི་གསུངས་དང་མཁས་པ་ཀ་མ་ལའི་རིགས་པ་ག་ལ་(ཇ༡༢༡ན)


PTT001_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་སྟེ་སྤྱིར་སངས་རྒྱས་ཕལ་ཆེར་རྙིགས་མའི་དུས་སུ་མི་འབྱུང་ཡང་འོ་སྐོལ་གྱི་སྟོན་པ་འདི་ཐུགས་རྗེ་རྨད་ཏུ་བྱུང་བས་བྱང་སེམས་གཞན་གྱིས་སྤངས་པའི་རྙིགས་མ་ལྔ་བདོའི་སེམས་ཅན་རྣམས་ཀྱི་ནང་དུ་འཚང་རྒྱ་བར་སྨོན་ལམ་མཛད་དེ་སྙིང་རྗེ་པད་དཀར་ལས་རྒྱ་མཚོའི་རྡུལ་གྱི་སྨོན་ལམ་ཆེན་པོ་ལྔ་བརྒྱའི་གཅིག་འདི་ཡིན་ལ། དུས་ཀྱི་རྙིགས་མ་རྩོད་ལྡན། ལྟ་བའི་རྙིགས་མ་འཇིག་ཚོགས་སུ་ལྟ་བ་དྲུག་བཅུ་རྩ་གཉིས་སོགས་ཚངས་པ་འདྲ་བའི་མདོ་ལས་བཤད་པའི་མུ་སྟེགས་ཀྱི་ལྟ་བ་རྒྱས་པ་ཉོན་མོངས་པའི་རྙིགས་མ་སེམས་ཅན་རྣམས་དུག་གསུམ་རབ་ཏུ་རྒྱས་པ། སེམས་ཀྱི་རྙིགས་མ་ཤིན་ཏུ་གདུལ་དཀའ་བ། ཚེའི་རྙིགས་མ་ཚེ་ལོ་བརྒྱ་པ་སྟེ་རྙིགས་མ་ལྔའི་དུས་ལ་གཟིགས་ནས་དགའ་ལྡན་ནས་འཕོ་བ་ནས་སངས་རྒྱས་པ་དང་ཆོས་འཁོར་བསྐོར་བར་བསྟན་སྟེ་ལྟ་བའི་རྙིགས་མ་བཅོམ་ནས་བྱང་གྲོལ་ལ་འགོད་པར་གསུངས་ཀྱི། སངས་རྒྱས་ཀྱིས་ཆོས་གསུངས་པས་ལྟ་བའི་རྙིགས་མ་བྱུང་ཟེར་བའི་སངས་རྒྱས་ལ་སྐུར་པ་འདི་འདྲ་བདུད་སྡིག་ཅན་གྱིས་ཀྱང་སྔོན་མ་བཏབ་བོ། །སྟོང་པ་ཉིད་ནི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་མཛོད་ཡིན་སྟེ་མདོ་རྒྱུད་ཕལ་ཆེར་ལས་ཨ་ཞེས་བྱ་བ་ནི་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་དང༌། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང༌། །བཞི་སྟོང་ཇི་སྙེད་གསུངས་པ་ཀུན། །སྟོང་པ་ཉིད་ལ་གཞོལ་ཞིང་འབབ། །ཅེས་དང༌། ཏིང་ངེ་འཛིན་རྒྱལ་པོ་ལས། སངས་རྒྱས་ཇི་སྙེད་ཐམས་ཅད་ཀྱིས། །ཆོས་རྣམས་མང་པོ་རབ་བཤད་པ། །ཆོས་རྣམས་ཐམས་ཅད་སྟོང་པ་ཉིད། །མི་གང་དོན་ལ་མཁས་པ་དག །ཚིག་འདི་བསླབས་པར་གྱུར་པ་ལ། །སངས་རྒྱས་ཆོས་རྣམས་དཀོན་མ་ཡིན། །ཞེས་དང༌། ན་མཁའ་མཛོད་ཀྱི་མདོ་ལས། ཚངས་པ། གནས་གཅིག་དུ་ཆོས་ཐམས་ཅད་ཡང་དག་པར་འདུའོ། །དེ་ཅིའི་ཕྱིར་ཞེ་ན་སྟོང་པ་ཉིད་ནི་གནས་སྟེ་སྟོང་པ་ཉིད་དུ་ཆོས་ཐམས་ཅད་ཡང་དག་པར་འདུའོ་ཞེས་སོ། །(ཇ༡༢༡བ)


PTT001_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྡུད་པར། ཆོས་ཀུན་སྐྱེ་མེད་སྟོང་པའི་ཚུལ་དུ་རབ་ཤེས་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་སོགས་བགྲང་ལས་འདས་པར་གསུངས་ཤིང༌། །མཁན་པོ་བོ་དྷི་ས་ཏྭ་ནི་འཕགས་པ་ཀླུ་སྒྲུབ་ཀྱི་ལུགས་འཛིན་པ་ཡིན་ལ་དེས་ནི་དབུ་མ་རྩ་བར། རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །ཞེས་སྟོང་ཉིད་ནི་ལྟ་བའི་རྙིགས་མ་སེལ་བའི་བཀྲུ་སྨན་ལྟ་བུར་གསུངས་ཅིང་རྒྱན་སྟུག་པོ་བཀོད་པའི་མདོ་ལས་ཀྱང༌། ལུས་ཅན་རྣམས་ལ་ཡོད་པ་ཡི། །ལྟ་བ་རྣམ་པར་སྤང་བའི་ཕྱིར། །སྟོང་པ་ཉིད་ཀྱི་ཚུལ་བསྟན་ཏོ། །ཅེས་བཤད་ཏོ། །འཕགས་པ་ཀླུའི་རྗེས་སུ་འབྲང་བ་རྒྱལ་སྲས་ཞི་བའི་ལྷས་ཀྱང༌། རྨོངས་པ་སྡུག་བསྔལ་ཅན་དོན་དུ། །འཁོར་བར་གནས་པ་འགྲུབ་འགྱུར་བ། །འདི་ནི་སྟོང་ཉིད་འབྲས་བུ་ཡིན། །དེ་བས་སྟོང་པ་ཉིད་ཕྱོགས་ལ། །སུན་འབྱིན་པ་ནི་འཐད་མ་ཡིན། །དེས་ན་ཐེ་ཚོམ་མི་ཟ་བར། །སྟོང་པ་ཉིད་ནི་བསྒོམ་པར་བྱ། །ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡི། །མུན་པའི་གཉེན་པོ་སྟོང་པ་ཉིད། །མྱུར་དུ་ཐམས་ཅད་མཁྱེན་འདོད་པས། །དེ་ནི་ཇི་ལྟར་སྒོམ་མི་བྱེད། །དངོས་གང་སྡུག་བསྔལ་སྐྱེད་བྱེད་པ། །དེ་ལ་སྐྲག་པ་སྐྱེ་འགྱུར་མོད། །སྟོང་ཉིད་སྡུག་བསྔལ་ཞི་བྱེད་པ། །དེ་ལ་འཇིགས་པ་ཇི་ལྟར་སྐྱེ། །ཅེས་བཞེད་པ་ཡིན་ལ་སློབ་དཔོན་ཀ་མ་ལའི་སྒོམ་རིམ་གསུམ་དང་དབུ་མ་སྣང་བར་སྟོང་པ་ཉིད་ལྟ་བའི་རྙིགས་མ་ཡིན་ནོ་ཞེས་བྲིས་པ་འདུག་གམ་ལྟོས་ཅིག་དེས་ན་སྟོང་ཉིད་དང་སྒྱུ་མ་ལྟ་བུ་དང་སྤྲུལ་པ་ལྟ་བུ་སོགས་ལ་སྡང་ཞིང་སྨོད་པར་བྱེད་པ་དེ་ནི་དམིགས་པ་ཅན་ཞེས་བྱ་སྟེ་དད་པའི་རྫས་ཆུ་ཕོར་གང་ཡང་མ་གནང་ཞིང་དེ་ངའི་ཉན་ཐོས་མ་ཡིན་ང་ཡང་དེའི་སྟོན་པ་མ་ཡིན་ཞེས་འཇིག་རྟེན་འཛིན་གྱི་མདོ་དང་ཚུལ་ཁྲིམས་འཆལ་པ་ཚར་གཅོད་པའི་མདོ་ལས་རྒྱས་པར་གསུངས་སོ། །ཧྭ་ཤང་གི་ལུགས་དེ་(ཇ༡༢༢ན)


PTT001_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འཁོར་བ་དངོས་པོར་ཞེན་པས་དེར་ལྷུང་གིས་དྭོགས་པས་དགེ་སྡིག་གཉིས་ཀ་མི་བྱེད་པ་དང་མྱང་འདས་དངོས་པོར་ཞེན་པས་ཅི་ཡང་མ་བྱས་པ་དེས་ཐོག་དུ་རེ་བའི་ཕྱིར་དམིགས་པར་ལྟ་བ་སྟུག་པོ་ཡིན་ནོ། །སེམས་ངོ་རྟོགས་ན་གྲོལ་བར་འཆད་པ་རྣམས་ཀྱང༌། ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། །ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར། །ཞེས་དང༌། སེམས་ལས་གཞན་མེད་པར་ནི་བློས་རིག་ནས། །ཅེས་སོགས་བཤད་པ་ལྟར་མཐར་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་དེ་ཁོ་ན་ཉིད་མཐོང་བས་འཚང་རྒྱ་བར་གསུངས་པ་དང༌། སྦྱོར་ལམ་ཆོས་མཆོག་གི་མཐར་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་མཐོང་བའི་ལམ་རྟོགས་པ་དང༌། དེ་དང་རྗེས་སུ་མཐུན་པ་རང་སའི་ཤེས་རབ་ཀྱི་མཐོང་བས་དྲོད་རྩེ་བཟོད་མཆོག་གི་མཐོང་བསྐྱེད་པ་སོགས་ལ་སེམས་ངོ་རྟོགས་པ་ཅེས་མིང་བྱས་པར་ཟད་ལ་ཤེས་རབ་ཀྱི་མཐོང་བ་དེས་ཟིན་པའི་ཚོགས་གཉིས་ཟུང་འཇུག་དུ་སྤྱད་པས་འཚང་རྒྱ་བར་འདོད་པ་ཡིན་ལ་ཧྭ་ཤང་གི་སྒོམ་པ་དེ་ནི་འདུ་ཤེས་བཀག་པའི་སྒོམ་པ་སྟེ་འདུ་ཤེས་མེད་པ་པར་གོལ་བའི་ཆ་མཐུན་ཡིན་ཡང་དེའི་གོལ་ས་དངོས་ནི་མ་ཡིན་སྟེ་བསམ་གཏན་བཞི་པའི་དངོས་གཞི་ཐོབ་ནས་འདུ་ཤེས་དང་ཚོར་བ་བཀག་སྟེ་བསྒོམས་ན་དེར་འགྱུར་བ་ཡིན་ཡང་བསམ་གཏན་བཞི་པའི་དངོས་གཞི་ཡང་འཐོབ་དཀའ་བའི་ཕྱིར་རོ། །ཧྭ་ཤང་གི་དཔེ་དོན་དགག་པ་དེ་དག་ཀྱང་ནུས་པ་དམན་སྟེ་ན་མཁའ་ལྡིང་གཅིག་ཆར་དུ་འདབ་གཤོག་རྫོགས་པ་ལོས་ཡོང་སྟེ་འཇིག་རྟེན་གདགས་པ་ལས་ན་མཁའ་ལྡིང་བརྫུས་སྐྱེས་ཀྱིས་ཀླུ་སྐྱེ་གནས་བཞི་ཀ་ཟ་བ་སོགས་མཁའ་ལྡིང་བརྫུས་སྐྱེས་བཤད་པའི་ཕྱིར་དོན་ཡང་མ་ཁེགས་སྟེ་རྣམ་པར་མི་རྟོག་པ་སྒོམ་པ་ནི་རང་ལུགས་ལ་ཡང་འདོད་དགོས་ལ་དེའི་ཚེ་སྔར་གྱི་ཐལ་འགྱུར་ཚུར་ལྡོག་ན་འཁོར་གསུམ་ག་ལ་ལན་གྱིས་དབེན་པའི་ཕྱིར་རོ། །དེས་ན་རྒྱ་གར་གྱི་མཁས་པ་ཉི་ཟླ་ལྟ་བུ་ལ་དེ་འདྲའི་རིགས་པའི་མུ་གེ་གར་ལྡང༌། དེ་དག་ནི་ཕྱིས་ཀྱི་རྟོག་གེ་པ་ཟབ་དོན་ལ་སྡང་བ་ཆོས་སྤོང་ལ་མཁས་ཉམས་དང་ཕྲག་དོག་ལ་ཁྱད་ནོར་རེ་བ་(ཇ༡༢༢བ)


PTT001_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་བཅུག་པར་གོ་སླའོ། །སྟོན་རྩེན་གྱི་རྩོད་པ་ཞི་ནས་སླར་བསྟན་པ་ལ་བྱ་བ་མཛད་ཚུལ་ནི་རྦ་བཞེད་ལས། དེ་ནས་ཆོས་འཁོར་གྱི་རྐྱེན་ཉིས་བརྒྱ་ལྔ་བཅུ་བླ་ནས་གནང་སྟེ་བཅོམ་ལྡན་འདས་ཀྱི་རིང་ལུགས་ལ་ལོ་རེའི་ཟླ་བ་གཅིག་ལ་ནས་ཁལ་བདུན་བཅུ་རྩ་ལྔ། ན་བཟའ་ནི་མང་སྟེ་འཕན་གྱི་བྲུངས་ལ་སྦྱོར། ན་བཟའ་ཕྲུགས་རེ་རེ། སྤོད་མར་སྲང་སྟོང་དང་བརྒྱ། ཆིབས་དངོག་ཐེག་པ་རེ་རེ། ཤོག་བུ་དེབ་བཞི། གནག་ཚ་ཡུག་གསུམ། ལན་ཚྭ་ཟད་ལེན། མཆིམས་ཕུའི་སྒོམ་ཆེན་ཉི་ཤུ་རྩ་ལྔ་ལ་ནས་ཁལ་ལྔ་བཅུ་རྩ་ལྔ། སྤོད་མར་སྲང་བརྒྱད་བརྒྱ་རེ། ཆིབས་པ་རེ། ན་བཟའ་དྲུག་ཕྲུགས་རེ། ཆོས་གྲའི་སློབ་དཔོན་དུ་བསྐོ་བ་བཅུ་གསུམ་ལ་ནས་ཁལ་ལྔ་བཅུ་རྩ་ལྔ་ལྔ། ན་བཟའ་ཕྲུགས་རེ། ཆབ་མར་སྲང་བརྒྱད་བརྒྱ་རེ། མཚམས་ཀྱི་བནྡྷེ་རང་ག་མ་རྣམས་ལ་གང་ཟག་རེ་རེ་ལ་ནས་ཁལ་བརྒྱད་རེ། ཤོག་བུ་དེབ་གཉིས་རེ། སྣག་ཚ་ཡུག་རེ། སློབ་གཉེར་བ་ཉི་ཤུ་རྩ་ལྔ་ལ་རེ་རེ་ལ་གནས་ཁལ་ཉི་ཤུ་རྩ་ལྔ་རེ་གོས་སུམ་ཕྲུགས་རེ་རྒྱུན་དུ་གནང་ནས། དཀོནད་ཅོག་གསུམ་གྱི་རྟེན་ཡུན་རིང་དུ་གནས་པའི་ཆེད་དུ་དཀོན་མཆོག་གི་རྟེན་ལ་འབངས་མི་ཁྱིམ་བརྒྱ་བནྡྷེ་རེ་རེ་ལ་འབངས་མི་ཁྱིམ་གསུམ་གསུམ་དུ་བཅད། འབངས་ལྷ་རིས་ལ་བླ་ནས་དབང་མི་བྱ་བར་ཆད་ནས་དབང་དགེ་འདུན་ལ་བསྐུར། ལྷ་ཆོས་དར་བར་མཛད་པས་རྗེ་ལྷ་སྲས་བཀའ་དྲིན་ཆེ་བ་ལགས་སོ། །སླད་ཀྱིས་བཙན་པོ་སློབ་དཔོན་པདྨ་སམྦྷ་ཝའི་ཆོས་ཀྱང་འཕྲོ་ལ་ལུས་པས་ཐུགས་མ་ཚིམ་ནས་བཻ་རོ་ཙ་ན་དང་གཙང་བཙུན་ལེགས་གྲུབ་གཉིས་འཚོལ་དུ་བཏང༌། སླར་ལོག་པ་ལ་པཎྜི་ཏ་མ་བྱོན་པས་གོ་བ་མ་ཆེ་སྟེ་རྒྱ་གར་གྱི་སྙན་ཕྲའི་དབང་དུ་ཐལ་ནས་བཻ་རོ་ཙ་ན་ཚ་བ་རོང་དུ་བསྐྲད། ཀ་མ་ལ་ཤཱི་ལ་མུ་སྟེགས་ཀྱིས་གཤེད་མ་བཏང་ནས་ནུབ་མོ་སྒྲ་བསྒྱུར་གྱི་ཁང་པར་གཟིམས་མལ་དུ་མཁལ་མ་མཉེས་ནས་བཀྲོངས་སོ་ཞེས་བྱུང་ངོ༌། །དེ་ནས་ལྷ་སྲས་མུ་ཏིག་བཙན་པོ་ཡིས། །ཞང་བློན་དབུ་རིངས་བསད་པས་བྱང་དུ་སྤྱུགས། །མགོས་ཀྱིས་ཞལ་ལྕེ་དགའ་གསུམ་བྱ་བར་བཅད། །ཡེ་ཤེས་(ཇ༡༢༣ན)


PTT001_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོས་ཁམ་གྱི་ཟས་སྤངས་སྟེ། །འདས་ནས་རིང་སྲེལ་མཆོད་རྟེན་བརྒྱ་རྩ་བྱས། །སྤྲུལ་པའི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དེས། །ལྷ་སྲས་ཐུ་བོ་མུ་ནེ་བཙན་པོ་ལ། །རྒྱལ་སྲིད་གཏད་སྟེ་ཆོས་ཀྱི་རྒྱལ་པོར་བསྐོས། །ཟུར་མཁར་སྨིག་མའི་ཚལ་དུ་སྒོམ་དུ་གཤེགས། །སྐུ་ཡི་བང་སོ་མུ་ར་རི་ལ་བརྩིགས། །གྲལ་ནི་ཡབ་ཀྱི་རྒྱབ་ངོས་གཡས་ན་ཡོད། །ཡབ་ཀྱི་འོད་པ་སྲུང་བ་ཡིན་ནོ་སྐད། །ནང་དུ་དཀོར་ནོར་རིན་ཆེན་སྣ་ཚོགས་བཀང༌། །མིང་དུ་འཕྲུལ་རི་གཙུག་སྣང་བྱ་བར་བཏགས། །རྩ་བར་རྡོ་རིང་ཡི་གེ་ཅན་ཞིག་བཙུགས། །འདི་ནི་བོན་བློན་རྣམས་ཀྱི་སེམས་སྲུང་ཕྱིར། །རྒྱལ་པོ་བཞུགས་དུས་ཉིད་དུ་བརྩིགས་སོ་སྐད། །མུ་ནེ་བཙན་པོས་མཆོད་ཆེན་བཞི་བཙུགས་ཅིང༌། །བོད་འབངས་ལྟོགས་ཕྱུག་ལན་གསུམ་བར་དུ་བསྙམས། །ལོ་གཅིག་ཟླ་དགུ་སྲིད་མཛད་ཡུམ་གྱིས་བཀྲོངས། །ཨག་ཚོམས་བང་སོའི་གཡས་ངོས་མདུན་དུ་བརྩིགས། །བང་སོའི་མིང་ལ་སྐྱ་རི་ལྡེམ་བུ་ཟེར། །མུ་ཏིག་བཙན་པོ་སྣ་ནམ་པ་ཡིས་བཀྲོངས། །དོན་མཁར་མདའ་རུ་བང་སོ་སྐྱ་ལྡེམ་བརྩིགས། །དེ་ཡང་རྦ་བཞེད་ལས། རྦ་རཏྣ་འདའ་ཀར་ཇོ་མོ་ཡིད་བཞིན་འཁོར་ལོས་བསྒྱུར་བའི་སྐུ་གཟུགས་ཀྱིས་སྤྱན་ཆབ་ཕྱུང༌། ཡེ་ཤེས་དབང་པོ་ཚེ་འདའ་ཀར་མི་མ་ཡིན་དག་གིས་བསུ་བའི་སྒྲ་བྱུང༌། ན་མཁའ་ལ་ཡང་མཆོད་པ་དཔག་མེད་བྱུང༌། འཕགས་པ་ལ་ཡེ་ཤེས་དབང་པོ་ཐེ་ཚོམ་ཞུ་ཞིང་མཆིས་པའི་དྲུང་དུ་བཙན་པོ་ལྷ་སྲས་གཤེགས་ནས་འབྲས་ཐུག་དྲངས་པ་གསོལ་ནས། རྗེ་ལྷ་གཅིག་གི་ཕམ་ཕབས་འདི་འཚལ་ནས་དེང་སླན་ཆད་ཁམ་གྱི་ཟས་སྤངས་སོ། །ཏིང་ངེ་འཛིན་དང་ཟས་སུ་བརྗེའོ། །ཆོས་དང་ཟས་སུ་བརྗེའོ་ཞེས་མཆིས་ནས་སྐུ་འདས་སོ། །དེའི་ཚེ་ན་མཁའ་ནས་སྒྲ་བྱུང༌། བྱ་ཐམས་ཅད་གདུང་བའི་སྐད་འདོན། གདུང་ཁང་ཧས་པོ་རིའི་ཡར་སྣར་བརྩིགས་ན་ལེགས་(ཇ༡༢༣བ)


PTT001_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་བྱུང་སྟེ་བརྩིགས། ཡེ་ཤེས་དབང་པོའི་བུ་མོ་སྤྱན་རས་གཟིགས་དང་དགེ་ལྡེམ་གཉིས་ལས་སྤྱན་རས་གཟིགས་ལ་ཕའི་མཆོད་རྟེན་རྩར་མཆོད་རྟེན་བརྩིག་པའི་ས་བཟང་པོ་ཀླུས་བསྟན་སྟེ་རྗེ་འབངས་མི་མང་པོའི་བསོད་ནམས་ཀྱི་རྟེན་དུ་བྲག་དམར་མས་གོང་དུ་མཆོད་རྟེན་བརྒྱ་རྩ་བརྒྱད་བརྩིགས། མཆོད་རྟེན་མ་ཚར་གྱི་བར་དུ་ཆུ་མིག་དང་ས་བཟང་པོ་ཀླུས་བཏང༌། རྡོ་བ་རྒྱ་གར་གྱི་ཡི་གེ་ཅན་བྱུང་སྟེ་བརྩིགས་པས་ལྷ་མོ་བཅོ་བཅོ་བརྒྱན་བརྒྱན་བ་གསུམ་གྱིས་བསྐོར་བ་བྱས་སྟེ་སུ་བདེ་བ་ཅན་དུ་འགྲོ་འདོད་པ་དེ་མཆོད་རྟེན་བརྒྱ་རྩ་བརྒྱད་པོ་འདི་ལ་བསྐོར་བ་གྱིས་ཅིག་ཟེར། སྤྱན་རས་གཟིགས་ཀྱི་རྨི་ལམ་དུ་ཁྱེད་སྤུན་སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་སུ་འགྲོ་བར་འདོད་ན་མཆོད་རྟེན་འདི་ཞལ་སྲོས་ཅིག་ཞེས་པ་བྱུང༌། ཆབ་འོག་གི་འབངས་སུམ་པ་ལས་ཆོས་ལ་གནག་པ་མ་མཆིས་ནས་ཆོས་ལ་གནས་པར་དམིགས་ཀྱིས་བཏུལ་ནས་དགེ་བ་ལ་གཟུད་པའི་སླད་དུ་རྦ་བཟའ་ལྷ་ལྡེམ་ཞང་བློན་ཁྲི་སུམ་བརྩིགས་ལ་བསྩལ། བླའི་བཀའ་ལུང་བཞིན་སུམ་པ་ཁྲི་ལྡེ་བཞི་དགེ་བ་བཅུ་ལ་བཙུད། སློབ་མ་ཡང་བནྡྷེ་རླངས་སུ་ག་ཏ་དང༌། དཔལ་གྱི་སེང་གེ་དང༌། ཨཱརྻ་ལ་སོགས་པ་སྟེ་བླ་ནས་སློབ་མ་གང་བཟང་གང་མཁས་གང་མང་ཉང་ཤ་མི་དང་རིང་ལུགས་བསྒྲུན་པས་ལྷ་ལྡེམ་སྟངས་བཟང་ནས་བྱ་དགའ་ཆེ་ཐང་དུ་བྲན་ཁྱིམ་བཅུ་གཉིས་ལ་སོགས་པ་བསྩལ། རླངས་རིལ་དགེ་བ་ལ་བཙུད། རླངས་ཀླུ་རྒོད་དང་སྟག་ཚབ་ནི་ཆོས་དགྱིད་དུ་མ་ཉན་པས་སྟག་ཚབ་རྒྱས་མགོ་བཅད་སྟེ་བཀུམ། ཀླུ་རྒོད་ནི་རྦ་བཟའི་ནང་ན་དད་པ་ཆེ་བ་རྦ་བཟའ་ལེགས་བཙུན་བླངས་ནས་མནའ་མར་བསྩལ་སྟེ་བོན་བཅད་ལྷ་ཆོས་བགྱིས་དད་པ་སྐྱེས་པས་ཕྱིན་ཆད་ལེགས་པ་མང༌། དྷརྨ་མཛངས་བླུན་མཐོང་བས་ཀླུ་རྒོད་རབ་ཏུ་བྱུང་སྟེ་སུམ་པ་བློན་དཔོགས་འདི་ཕན་ཆད་ཆོས་ལ་དགའ་བར་གྱུར་ཏོ་ཅེས་བྱུང་ངོ༌། །མདོར་ན་སྤྲུལ་པའི་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དེ་ནི་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་སྟེ་ཕྱག་ལ་ཨུཏྤ་ལའི་རི་མོ་མངའ། རྒྱ་གར་(ཇ༡༢༤ན)


PTT001_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རིང་སྲེལ་ལན་དུས་རྟ་དམག་སྤྲུལ་པ་སོགས་རྫུ་འཕྲུལ་དང་ལྡན། གཙུག་ལག་ཁང་བརྒྱ་དང་རྩ་བརྒྱད་བཞེང་པའི་ཐུགས་དམ་བཅས་སྟེ་སྟོན་རྩེན་མ་མཐུན་པའི་དུས་ཅུང་ཟད་ཆག་ཀྱང་ཕྱིས་མཐར་ཕྱིན་པར་བཞེངས། སྔར་ཡབ་མེས་ཀྱི་རིང་བཀའ་ཁོན་བྱུང་བའི་རྒྱ་ཧོར་ལྗང་གསུམ་དང་འཐབ་པས་རྩང་མ་ཚོད་བསད་པས་མི་མ་ཟད་ནས་བློན་པོ་ཁྲི་སུམ་རྗེ་སྟག་སྣར་གྱིས་མཇལ་དུམ་བགྱི་བར་གླེངས་པས་རྒྱ་ན་རེ་ཉི་ཟླ་གཟའ་སྐར་ངའི་ཐོག་ནས་འཆར་སྟེ་གནམ་གྱི་མགོ་བོ་ང་དབང་བས་དུམ་ངའི་མདུན་དུ་བྱ་དགོས་ཟེར། ཧོར་ན་རེ་སྐར་མ་སྨིན་བདུན་གནམ་གྱི་གཞུང་ཕུར་ཡིན། དེའི་འོག་ན་ང་འདུག་སྟེ་གནམ་གྱི་གཞུང་ང་དབང་བས་སྡུམ་ངའི་གོ་ཁར་བྱ་དགོས་ཟེར། ལྗང་ན་རེ་དགུ་ཚིགས་སྐྱ་མོ་གནམ་གྱི་གཞུང་ཐིག་ཡིན། དེའི་འོག་ན་ང་འདུག་སྟེ་གནམ་གྱི་གཞུང་ཐིག་ང་དབང་བས་སྡུམ་ངའི་སར་བྱ་དགོས་ཟེར། སླད་ནས་མཇལ་བའི་དུས་བྱས་སྟེ་དེ་རེས་གྱེས། ཁྲི་སུམ་རྗེས་འཕྲུལ་བཤམས་སྟེ་དབྱར་མ་ཐང་དུ་ཚོགས་ཐིང་ཤུན་ཏུ་བཅུག་པའི་ཐག་པ་ན་མཁའ་ལ་བརྐྱངས་པ་ལ་ལྷང་ཚེར་གྱི་ཉི་ཟླ་གཟའ་སྐར་གྱི་གཟུགས་བཏགས། ཐིང་ཤུན་བསྐྱིལ་བའི་འོག་དུ་མེ་བུས་སྟེ་རླངས་པ་ན་བུན་དུ་ཆགས་པར་བྱས། ངང་པ་གསེར་གྱིས་བྱུགས་པ་རོལ་དུ་ཁྲིད་ནས། ཉིན་མོ་གནམ་ལ་སྐར་མ་འཆར་བའི་ཡུལ། །ཉི་ཟླ་གཟའ་སྐར་དུས་གཅིག་འཆར་བའི་ཡུལ། །ལོ་སར་སྒང་ལ་ན་བུན་ཆགས་པའི་ཡུལ། །གངས་རི་ཤེལ་གྱི་མཆོད་རྟེན་ཆགས་པའི་ཡུལ། །མི་རྗེ་ལྷས་མཛད་གསེར་བྱ་རོལ་དུ་ཁྲིད། །ཁྱེད་ཐམས་ཅད་ལས་ང་ཁྱད་ཏུ་འཕགས་པས་སྡུམ་ངའི་མདུན་དུ་བྱེད་དགོས་ཅེས་སྨྲས་པས་ལན་མ་ཐེབས་སྟེ་བོད་རྒྱལ་པོའི་དྲུང་དུ་མཇལ་དུ་མ་བྱས་སྐད། ཁྱད་པར་དུ་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་བཞིན་མཛད་དེ་བཙན་པོ་ཉིད་ཀྱིས་ཀྱང་བཀའ་ཡང་དག་པའི་ཚད་མ་བམ་པོ་བདུན། དེ་མདོར་བསྟན་པ་བམ་པོ་གཅིག་དེ་བཞིན་གཤེགས་(ཇ༡༢༤བ)


PTT001_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐད་བརྡ་བམ་པོ་ལྔ། བྱམས་པའི་བསྟོད་ཆེན་བམ་པོ་གཅིག་ལྷག་པ་སོགས་བསྟན་བཅོས་གཞུང་ཚན་ཆེ་བ་དང༌། གྲུབ་པའི་མཐའ་དགྲོལ་བ། དབུ་མའི་གཟེར་བུ། བསམ་གཏན་གྱི་དྭོགས་པ་བརྒྱད་བསལ་བ་ལྷ་བཙན་པོའི་བཀས་བཅད་སོགས་དང༌། འཕགས་པ་རྣམ་སྣང་དང༌། ཤཱཀྱ་ཐུབ་པ་དང༌། འཇམ་དཔལ་དང༌། བྱམས་པ་དང༌། མི་གཡོ་མགོན་དང༌། བྱང་ཆུབ་སེམས་དཔའ་བརྒྱ་ལ་བསྟོད་པ་སོགས་གཞུང་ཚད་ཆུང་བའི་བསྟན་བཅོས་དུ་མ་མཛད་དོ། །དཀར་ཆག་འཕང་ཐང་མར་ཡུམ་སྟོང་ཕྲག་བརྒྱ་པའི་འགྲེལ་ཆེན་བམ་པོ་དོན་བརྒྱད་པ་ཁྲི་སྲོང་གིས་མཛད་པར་བཤད་ཀྱང་དཀར་ཆག་མཆིམས་ཕུ་མ་དང་ལྡན་དཀར་མ་གཉིས་སུ་དེ་གཉིས་རྒྱ་གར་མར་བཤད་པས་དཾཥྚ་སེ་ནའི་འབུམ་ཊཱིཀ་དེ་ཡིན་ནོ་ཞེས་ཀུན་མཁྱེན་བུས་བཤད་དོ། །གཞན་ཡང་དགོངས་པ་ངེས་འགྲེལ་གྱི་མདོའི་འགྲེལ་པ་མུ་ཏིག་བཙན་པོས་མཛད་པ་དང༌། ཇོ་མོ་བྱང་ཆུབ་རྗེའི་སྨོན་ལམ་སོགས་ལྷ་སྲས་དང་བཙུན་མོས་མཛད་པ་དང༌། བཻ་རོ་ཙ་ནས་མཛད་པའི་དོན་གསལ་སྒྲོན་མེ། རིགས་པ་དྲུག་བཅུ་པ་ལས་བཏུས་སྟེ་མདོར་བཤད་པ། སྣང་མཐའི་མཚན་བརྗོད་ལ་སོགས་དང༌། དཔལ་དབྱངས་ཀྱིས་གཅེས་པ་བསྡུས་པའི་འཕྲིན་ཡིག །ཀ་བ་དཔལ་བརྩེགས་ཀྱིས་གསུང་རབ་རིན་པོ་ཆེའི་གཏམ། ཕྱིའི་ཡུལ་དྲན་རྒྱུད་དུ་ཡོད་པར་འདོད་པ་སེལ་བ། མཚན་ཉིད་གསུམ་མདོར་བསྟན། ཞང་ཡེ་ཤེས་སྡེས་ལྟ་བའི་ཁྱད་པར། བཟང་སྤྱོད་ཀྱི་འགྲེལ་པ་བཞིའི་དོན་བསྡུས། འཇིག་རྟེན་ཕ་རོལ་སྒྲུབ་པ། དགོངས་ལྡེམ་དགོངས་བཞིའི་བརྗེད་བྱང༌། ཅོག་རོ་ཀླུའི་རྒྱལ་མཚན་གྱིས་དགོངས་པ་ངེས་འགྲེལ་གྱི་རྒྱ་ཆེར་འགྲེལ་བམ་པོ་བཞི་བཅུ། ངེས་པའི་དོན་དབུ་མ། ཤེར་ཕྱིན་མདོར་བསྡུས། ཕྲེང་བའི་རྒྱན། ཆོས་གཏན་ལ་དབབ་པའི་གལ། དཔལ་བརྩེགས་དང་ཀླུའི་རྒྱལ་མཚན་གྱི་བརྒལ་ལན་བཞི་ཕྲུགས། སློབ་དཔོན་ཤེས་རབ་(ཇ༡༢༥ན)


PTT001_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོའི་དགོངས་འགྲེལ་བྱམས་ལེའི་བརྗེད་བྱང༌། པྲ་ཤ་སེ་ནའི་ཤེར་སྙིང་ཊཱི་ཀ །སློབ་དཔོན་བཀྲ་ཤིས་ཀྱི་དབུ་མ་རྒྱན་གྱི་བརྗེད་བྱང་བམ་པོ་བཅུ་དང་སྡོམ་པ་ཉི་ཤུ་པའི་འགྲེལ་པ། དཔལ་གྱི་ལྷུན་པོའི་དགེ་སློང་མའི་སོ་ཐར་གྱི་འགྲེལ་པ། ཨ་ཙརྻ་ཀ་ལ་ཡ་ན་དང༌། རིན་ཆེན་ཟླ་འབྱུང་དང༌། ཀོང་ཨུཏྤལ་ཀོ་ཥ་སོགས་ཀྱི་དྲིན་ལན། ལྕེ་ཁྱི་འབྲུག་གི་སྒྲའི་གནས་བརྒྱད་རྩ་འགྲེལ་དང༌། མ་བྱིན་ལེན་གྱི་སྐབས་ནས་མཁན་པོ་བཞིས་དཔྱད་པ་སོགས་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་ཀྱང་བསྟན་བཅོས་མང་དུ་མཛད་ཅིང༌། བཻ་རོ་ཙ་ན། ལྡན་མ་རྩེ་མང༌། ཁ་ཆེ་ཨཱ་ནནྟ་སྟེ་ལོ་ཙཱ་བ་རྒན་གསུམ། གཉགས་ཛྙ་ན་ཀུ་མ་ར། འཁོན་ཀླུའི་དབང་པོ། རྨ་རིན་ཆེན་མཆོག་སྟེ་བར་པ་གསུམ། ཀ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་སྟེ་གཞོན་གསུམ་སྟེ་ལོ་ཙཱ་བ་རབ་དགུ་དང་ཕྱིས་བརྒྱ་རྩ་བརྒྱད་ཚང་བར་བྱུང་ཞིང་རབ་འབྲིང་ཐ་གསུམ་དུ་ཕྱེ་ནས་རབ་ཀྱིས་ཞུས་ཆེན། འབྲིང་གིས་བར་ཞུས། ཐ་མས་མཆན་བུའི་ལོ་ཙཱ་བ་བྱེད་སྐད། སྲས་ལ་ཆབ་སྲིད་བསྐོ་བ་སོགས་མཛད་ཚུལ་ནི་རྦ་བཞེད་ལས། ཡེ་ཤེས་དབང་པོ་འདས་པའི་ཚེ་བཙན་པོའི་ཞལ་ནས་ཨཱ་ཙརྻ་ཆེན་པོ་ཚེ་འདའ་བ་དང་སྦྱར་ན་ཁོ་བོའི་ཚེས་ཀྱང་རིང་པོ་མི་ཐུབ་བོ་གསུངས། ཡང་བཙན་པོའི་ཞལ་ནས། བར་དུ་སྟོན་མིན་གྱི་ཚིག་ཉན་སྟེ་ཆོས་སློབ་པ་དང་དྷརྨའི་དཔེ་ལེན་དུ་ཡང་མི་ཀུན་མ་བཏུབ། རྒྱ་གར་གྱི་ཆོས་དཔེ་ཡིད་ལ་མ་བཅགས་པ་ཙམ་དུ་བླངས་སྟེ་བསྒྱུར་ཟིན་ན་ཤྲི་ནཱ་ལེན་དར་རྒྱ་གར་གྱི་དྷརྨ་མེས་ཚིག་སྟེ་མ་ཚང་བ་རྒྱ་ཡུལ་དུ་ཆོས་བྱུང་ནས་ལོ་སྟོང་ཉིས་བརྒྱ་ལོན་སྟེ་གསུང་རབ་ཀྱི་དཔེ་ཚང་བར་བཞུགས་ན་རྒྱའི་ཆོས་མ་བསྒྱུར་བ་ཡིད་ལ་བཅགས་སོ་ཞེས་གསུངས་ནས་ཐུགས་ངན་མཛད། དགེ་འདུན་ལ་ཆོས་སློབ་ཀྱི་གྲ་བཙུགས་པ་ལས་ཡེ་ཤེས་དབང་པོ་འདས་ནས་བུ་མོ་སྤྱན་རས་གཟིགས་ཀྱིས་ཇོ་མོ་ཁྲོ་མོ་ལེགས་ལ་ཆོས་སློབ་ཀྱི་གྲ་གཟུགས་པར་གསོལ་བ་དང་ཇོ་མོས་བཙན་པོ་ལྷ་(ཇ༡༢༥བ)


PTT001_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་ཀྱི་སྙན་དུ་གསོལ་སྟེ་བཙན་པོས་ཆོས་སློབ་ཀྱི་གྲ་བཙུགས་སོ། །དེ་ནས་བཙན་པོ་ལྷ་སྲས་ཀྱི་ཞལ་ནས། ཨ་ཙརྻའི་གསུང་དང་སྦྱར་ན་ཁོ་བོའི་ཚེས་ཀྱང་ཡུན་རིང་པོ་མི་ཐུབ་གསུངས་ནས་ཐུགས་ལས་ཆུང་ངུ་གཞོལ་བར་བཞེད་ནས་པཎྜི་ཏ་ཅིག་སྤྱན་འདྲེན་དུ་བཏང་བས་ཨ་ཙརྻ་བི་མ་ལ་མི་ཏྲ་བྱོན་པ་ལ་སློབ་དཔོན་པདྨ་སམྦྷ་ཝའི་ཆོས་འཕྲོ་ཞུས་ནས་སྒོམ་མཛད་པར་བཞེད་དེ། སྲས་མུ་ནེ་བཙན་པོ་ཆབ་སྲིད་ལ་བསྐོ་བ་དང༌། བློན་པོ་ཞང་དབུ་རིང་བློན་པོ་ལ་བསྐོ་བའི་གྲོས་དབུ་རྩེ་ན་བྱེད་ཅིང་བཞུགས་པ་ཇོ་མོ་མེ་སྒྲོན་གྱིས་མཐོང་སྟེ་ཐུགས་གཏུམ་པོས་ཆབ་སྲིད་སྣ་ནམ་པ་སྟེར་ངེས་སྙམ་སྟེ་མུ་ཏིག་བཙན་པོ་ལ་གསོལ་བས་ལྷ་སྲས་ཀྱིས་སྒོ་བར་དུ་ཆུ་གྲིས་བཀུམ། ཡབ་ཀྱིས་བཙུར་བཞེར་གར་སོང་ཞེས་གསུངས་པས་གྲི་ཁྲག་ཅན་དེ་བོར་ནས་དབུ་རིང་རྒྱང་རིང་པོར་སོང་ཟེར་སྟེ་བར་ཁང་དུ་བྲོས། རྗེའི་ཐུགས་ངམ་འགྱངས་ནས་གཡར་མཆུ་བྱུང་བར་དྭོགས་ཐུགས་མ་བདེ་བློན་མཛངས་བ་ཀུན་གྲོས་བྱས་སྟེ་བློན་ཆེན་པོ་མགོས་ཀྱིས་ཞལ་ཅེ་དགའ་གསུམ་དུ་བཅད། ཆབ་སྲིད་མུ་ནེ་བཙན་པོ་མངའ་བར་གྱིས་ཟེར་ནས། མི་ཆོས་ཐུན་བཙུགས་ལྟར་མཛད་ནས་བཏང༌། ཡབ་ཟུར་མཁར་དུ་སྒོམ་ཏུ་གཤེགས་སོ་ཞེས་བྱུང་ངོ༌། །ཡི་གེ་གཞན་ལས་འཛམ་གླིང་སུམ་གཉིས་མངའ་འོག་དུ་འདུས་ནས་སུམ་གཅིག་བསྡུ་བའི་ཕྱིར་ཞང་རྒྱ་ཚ་ལྷ་སྣང་གིས་དབུ་རྩེ་བར་ཁང་དུ་རྒྱལ་པོ་ལ་གྲོས་ཞུས། ཞང་གི་བུ་དབུ་རིང་སྒོ་སྲུང་བ་ན་ལྷ་སྲས་མུ་ཏིག་བཙན་པོ་ནང་དུ་འབྱོན་རིངས་པ་བཀག་པས་ཁྲོས་སྟེ་དབུ་རིང་བསད། དབུ་ངང་རིང་རིང་པོ་དེ་རྒྱང་རིང་རིང་པོར་བཏང་ཡོད་གསུངས་པས་ཞང་ལ་ངོ་ནག་པ་ཙམ་ཡང་མ་བྱུང་ཞེས་སྣང༌། ཞལ་ཅེ་དགའ་གསུམ་ནི་མགོས་ཀྱི་མཆིད་ནས་ཟུར་མཁར་མཆོད་རྟེན་གྱི་རྩར་ཞལ་ཅེ་ལེན་དུ་ཤོག་ཞིག་ཟེར་སྟེ་རྟ་བཞོན་ནས་སོང༌། དེར་ཕྱིན་པས་རྡོའི་མཆོད་རྟེན་འོག་མ་ལ་ཡི་གེ་བྲིས་ནས་རྗེས་འབངས་བསད་ན་མས་བུ་བརྡུང་བ་དང་འདྲ་སྟེ་ཐབས་མེད་ད་དུང་མཆོད་རྟེན་བར་མར་དྲིས་(ཇ༡༢༦ན)


PTT001_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་བ་བྱུང་བས་རྒྱལ་པོ་ཡབ་སྲས་མཉེས། བར་པ་ལ་འོན་ཡང་རེ་རེ་ནས་བསད་ན་འབངས་ཀྱིས་མི་ལང་རྒྱལ་པོ་འབངས་ལ་མིག་ཆེས་སྟེ་འགྲོ་ད་དུང་གོང་མར་དྲིས་ཅེས་པ་མཐོང་བས་འབངས་རྣམས་དགའ། གོང་མ་ལ་རྒྱལ་པོ་ཉིད་ཀྱིས་ཁྲིམས་མ་བསྲུངས་ན་འབངས་ལ་ཁྲིམས་མི་འཆགས་པས་ལྷ་སྲས་ལོ་དགུ་བྱང་དུ་སྤྱུགས་ལ་ཞང་ལ་སྟོང་དུ་ཡུལ་གྲུ་གཅིག་བྱིན་ཞེས་བྱུང་བས་སྣ་ནམ་པ་དགའ་སྟེ་དགའ་གསུམ་དུ་གྲགས་སྐད། རྗེ་ཁྲི་སྲོང་ལྡེ་བཙན་དེ་དང་བཙུན་མོ་ཚེས་སྤོང་བཟའ་མེ་ཏོག་སྒྲོན་གྱི་སྲས་བཞི་ལས་ཆེ་བ་མུ་ཁྲི་སྲོང་པོ་སྐུ་ཆུང་ངུ་ལ་གཤེགས་པས་བང་སོ་མེད། གཉིས་པ་མུ་ནེ་བཙན་པོ་ཡབ་ཀྱི་དགུང་ལོ་སོ་བཞི་པ་ཆུ་ཕོ་སྟག་ལ་འཁྲུངས། དེའི་ཕྱི་ལོ་ཆུ་ཡོས་ལ་མུ་ཏིག་བཙན་པོ་འཁྲུངས། དེའི་ཕྱིར་ལོ་ཤིང་འབྲུག་ལ་ཁྲི་ལྡེ་སྲོང་བཙན་རྣམས་རིམ་པར་འཁྲུངས། ཡབ་ཀྱིས་ང་ལྔ་བཞེས་པ་ཤིང་ཕོ་བྱི་བའི་ལོ་ལ་ཟུང་མཁར་སྨྱུག་མ་ཚལ་གྱི་ཕོ་བྲང་དུ་སྒོམ་པར་གཤེགས་སྟེ་སྲས་མུ་ནེ་དགུང་ལོ་ཉེར་གསུམ་པ་རྒྱལ་སར་བསྐོས། བཙུན་མོ་ཕོ་ཡོངས་བཟའ་ཡུམ་གྱི་སྐྱེ་བ་ཐུགས་བརྩེ་བས་སྲས་ལ་གཏད་གཉེར་མཛད། མུ་ནེས་བཙུན་མོ་རུ་ཡོངས་བཟའ་མདོ་རྒྱལ་ཁབ་ཏུ་བཞེས། བསམ་ཡས་སུ་དྲིལ་ཕྲེང་དང་བ་དན་དང་འཕན་ཆེན་པོ་མང་དུ་ཕྱར། ལྷ་ས་དང་ཁྲ་འབྲུག་དུ་འདུལ་བ་དང་མངོན་པའི་མཆོད་པ། བསམ་ཡས་སུ་མདོ་སྡེ་དང་མངོན་པར་བྱང་ཆུབ་པའི་མཆོད་པ་སྟེ་མཆོད་ཆེན་བཞི་བཙུགས། མཆོད་པའི་རྒྱུར་འབངས་རྣམས་ཀྱིས་ཡོ་བྱད་ཕུལ་ཞིག་གསུངས་པས་ལ་ལས་གསེར་གཡུ་དང་ཟབ་ཆེན་སོགས་ཕུལ། དབུལ་པོ་རྣམས་ཀྱིས་གོས་ཧྲུལ་སོགས་ཕུལ་བས་ངའི་འབངས་རྣམས་དད་པའི་ཁྱད་འདི་ལྟ་བུ་འོང་བ་ཅི་ཡིན་གསུངས་པས་བློན་པོ་རྣམས་ཀྱིས་འབྱོར་པ་ཆེ་ཆུང་གི་ཁྱད་པར་ཡིན་ཞུས་པས་ངའི་འབངས་ཕྱུག་དབུལ་མི་མཉམ་པ་མི་འོས་གསུང་ནས་ལྟོགས་ཕྱུག་(ཇ༡༢༦བ)


PTT001_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

བསྙམས། ཡང་དེ་མ་ཐག་སྔར་ལྟར་ཕྱུག་དབུལ་ཁྱད་ཞུགས་པས་ཡང་ལན་གཉིས་སུ་ལྟོགས་ཕྱུག་བསྙམས། ཡང་དེ་མ་ཐག་ཕྱུག་དབུལ་གྱི་ཁྱད་སྔར་ལྟར་ཞུགས་པས་འདི་ལྟ་བུ་འོང་བ་ཅི་ཡིན་གསུངས་པས་མཆོད་གནས་ལོ་པཎ་རྣམས་ཀྱིས་སྔར་གྱི་སྦྱིན་ཤུགས་ཡོད་མེད་ཀྱི་ཁྱད་ཡིན་ཞེས་རྒྱུ་འབྲས་སྙན་དུ་གསོལ་བས་ཤིན་ཏུ་ཐུགས་ཆེས་སྟེ་དཀོན་མཆོག་ལ་མཆོད་པ་ཆེར་མཛད། ཡབ་ཀྱི་བཙུན་མོ་ཕོ་ཡོངས་བཟའ་ལ་བྱམས་པར་མཛད་པས་ཡུམ་མེ་སྒྲོན་ཁྲོས་སྟེ་དུག་ཅན་གྱི་ཟས་དྲངས་པས་དགུང་ལོ་ཉེར་བཞི་པ་ཤིང་གླང་ལ་ཕོ་བྲང་ཡུམ་བུར་གཤེགས་སྟེ་ཆབ་སྲིད་ལོ་གཅིག་དང་ཟླ་བ་དགུ་བསྐྱངས་སོ། །དེ་ནས་ལྷ་སྲས་མུ་ཏིག་བཙན་པོ་ཆད་པ་འཁེལ་བ་བྱང་ནས་སྤྱན་དྲངས་སྟེ་བསྐོ་བར་བྱས་པ་ལམ་དུ་སྣ་ནམ་བས་ཆིབས་བཀྲོགས་སྟེ་ལྷུང་ནས་རྟ་གྲིར་འདས། རྒྱལ་རབས་ཁུངས་ཐུབ་སྔ་ཕྱི་ཐམས་ཅད་ལས་འདི་ཀ་བྱུང་ལ། སློབ་དཔོན་ཆེན་པོ་པདྨའི་རྣམ་ཐར་ཐང་ཡིག་ལེའུ་བརྒྱ་དང་གཅིག་པ་སོགས་ན། དོ་ཞག་དྲུག་བཅུ་རྩ་གཅིག་གླང་གི་ལོ། །རྒྱལ་པོ་ཉིད་ཀྱང་མི་རྟག་མྱ་ངན་འདའ། །ཞེས་སོགས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གླང་ལོ་པ་དྲུག་བཅུ་རྩ་གཅིག་ལ་ལོ་སར་ལ་མཚན་མོ་རྟ་བརྒྱུགས་པས་ཆིབས་ཀྱིས་བསྐྱུར་ནས་འདས། དེ་གསངས་ནས་ལོ་གསུམ་སློབ་དཔོན་གྱིས་རྒྱལ་སྲིད་བཟུང་ནས་མུ་ཏིག་བཙན་པོ་བསྐོས། དེའི་དུས་སློབ་དཔོན་སྲིན་ཡུལ་དུ་གཤེགས་པ་ལ་ཐམས་ཅད་ཀྱིས་གཤེགས་སྐྱེལ་བྱས་ཅེས་སྣང་ཡང་འདི་སྐབས་ཕལ་ཆེར་ན་བོད་ཕྱི་རབས་ཀྱི་རྩོམ་རིགས་ཁོ་ན་སྣང་བས་ལྷད་བསྲེས་པ་ཅིག་ཡིན་པས་དྭོགས་ལ། རྒྱལ་སྲས་ལྷ་རྗེ་ཁྲིད་ཤོག་གསུངས་ནས་ལུང་བསྟན་མཛད་ཟེར་བ་ལ་དཔགས་ན་སད་ན་ལེགས་དང་མུ་ཏིག་བཙན་པོ་ནོར་བ་སོགས་ཀྱིས་དཔྱད་མི་བཟོད་པ་ཅིག་སྣང་ལ། གཏེར་མར་གྲགས་པ་ཁ་ཅིག་ལས་ཁྲི་སྲོང་གི་སྐུ་ཚེའི་ཚད་ལྔ་བཅུ་རྩ་ལྔ་ལས་མེད་པ་ལ་སློབ་དཔོན་གྱིས་ཚེ་སྒྲུབ་མཛད་པས་བཅུ་གསུམ་བསྲིངས་སྟེ་དྲུག་(ཇ༡༢༧ན)


PTT001_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་རྩ་དགུ་ལ་གཤེགས་ཅེས་ཀྱང་སྣང་ཞིང༌། བུ་སྟོན་ཆོས་བྱུང་ལས་ཀྱང་དྲུག་བཅུ་རྩ་དགུ་ལ་གཤེགས་པར་བྲིས་སོ། །རྒྱལ་རབས་སྔ་མ་ཕལ་དུ་ལྔ་བཅུ་རྩ་ལྔ་ལ་གཤེགས་པ་ཉིད་བྱུང་ལ་རྦ་བཞེད་ཏུ་ང་ལྔ་ལ་སྒོམ་དུ་གཤེགས་ཟེར་བ་ལས་མ་བྱུང་ཡང་ཨཱ་ཙརྻ་ཆེན་པོ་ཚེ་འདའ་བ་དང་སྦྱར་ན་ཁོ་བོའི་ཚེས་ཀྱང་རིང་པོ་མི་ཐུབ་གསུང་བ་སོགས་ཡེ་ཤེས་དབང་པོ་དང་རྒྱལ་པོ་སྐུ་ཚེ་ཚད་མཚུངས་པར་བཞེད་པ་ཡིན་པས་སྒོམ་དུ་གཤེགས་པའི་ལོ་དེ་ཉིད་ལ་གཤེགས་པར་དོན་གྱིས་གྲུབ་ལ་བང་སོ་ནི་སྔོན་ནས་བརྩིགས་ཟིན་པས་སྐུ་གདུང་མཆོད་རྟེན་ཞིག་དུ་སྦས་ཐབས་ཀྱིས་བཞུགས་པ་སྙམ་མོ། །མུ་ནེ་བཙན་པོ་ལོ་ཉེར་དགུ་བཞུགས་བྱ་བ་དང༌། བཅུ་བདུན་ལ་ཡུམ་གྱིས་བཀྲོངས་ཅེས་དང༌། སད་ན་ལེགས་ལོ་བཞི་པ་ལ་རྒྱལ་སར་བཏོན་ཞེས་བྲིས་པ་རྣམས་ཀྱང་དག་པར་མ་མཐོང་ངོ༌། །བཻ་རོའི་འདྲ་འབག་ཆེན་མོ་ལས་ནི་བཻ་རོ་ཙ་ན་ཚ་བ་རོང་དུ་སྤྱུགས་པའི་བཀའ་ཆད་ཀྱིས་དེ་ནས་ཟླ་བ་གསུམ་ལོན་པ། བི་མ་ལ་མི་ཏྲ་མ་ཕེབས་ཙམ་དེར་ཆོས་རྒྱལ་ཁྲི་སྲོང་སྐུ་གཤེགས། ཕྱི་ལོར་མུ་ནེ་བཙན་པོ་ཡང་གཤེགས་ནས་དེའི་གཤེད་ཀྱི་ཆོས་འཁོར་གྱི་དུས་གཡུ་སྒྲས་ལ་ཡོགས་དོར་དུ་འོངས་ནས་རྒྱལ་བློན་རྣམས་ཀྱིས་བཻ་རོ་ལ་ཡང་དག་བཅུ་གཅིག་གི་བསྟོད་པ་ཕུལ་སྟེ་སད་ན་ལེགས་ཀྱི་དུས་བཻ་རོ་བོད་དུ་བྱོན་པར་བཤད་དོ། །དེ་ནས་ཁྲི་ལྡེ་སྲོང་བཙན་རྒྱལ་སར་བསྐོས། །འཇིང་ཡོན་སད་ན་ལེགས་ཞེས་མཚན་དུ་གྲགས། །དཀར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་བཞེངས། །ལོ་པཎ་མང་མཆོད་དམ་ཆོས་དུ་མ་བསྒྱུར། །ནམ་ཡང་སངས་རྒྱས་བསྟན་པ་མི་གཞིག་པར། །བྲོ་བོར་བ་ཡི་བཀའ་གཙིགས་ཡང་ཡང་བསྩལ། །ལོ་གྲངས་སུམ་བཅུ་རྩ་གཉིས་སྲིད་བསྐྱངས་སྟེ། །དགུང་ལོ་ང་བཞི་པ་ལ་སྦྲགས་ཕུར་འདས། །དེ་ཡི་བང་སོ་འཕྲུལ་རྒྱལ་མདུན་ན་ཡོད༌། །ཡུམ་གྱིས་ཆག་གང་བསྐོངས་(ཇ༡༢༧བ)


PTT001_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

པས་ནངས་ཀྱིས་མཐོ། །རིན་ཆེན་ནོར་བཀང་རྒྱལ་ཆེན་འཕྲུལ་རིང་གྲགས། །དེ་ཡང་སྲས་བཞི་པ་ཁྲི་ལྡེ་སྲོང་བཙན་ནམ་ལྡིང་ཁྲི་དགུང་ལོ་ཉེར་གསུམ་བཞེས་པ་མེ་ཕོ་སྟག་ལོ་ལ་རྒྱལ་སར་བསྐོས། བློན་པོ་རྣམས་ཀྱིས་དང་པོར་བཙན་པོ་ཐུ་ཆུང་འདིས་རྒྱལ་པོ་འོང་མི་འོང་སད་ན་ལེགས་ཅེས་བགྲོས་པ་དང་སྐུ་འགྱིང་བག་དུ་བཞུགས་པ་ཅིག་ཡོད་པས་སད་ན་ལེགས་འཇིང་ཡོན་ཞེས་མཚན་དུ་གྲགས། སྐབས་དེ་ཤེད་དུ་བསམ་ཡས་ཅུང་ཟད་ཉམས་པ་ཅིག་ཡང་བྱུང་བར་སྣང་སྟེ་རྦ་བཞེད་ལས། བར་དུ་བསམ་ཡས་ཀྱི་དགེ་འདུན་བཤོས་ཆད་ནས་ཁ་ཤུགས་སུ་བཏང་ཁབ་སོ་ནི་ཞིག་གཙུག་ལག་ཁང་གི་རྨང་བྱི་བྲུན་གྱིས་གང༌། གནས་ཁང་ཀུན་གྱི་སྒོ་ཡང་རྐུན་མས་ཁྱེར་སྐད། དེ་འགེམ་ཤཱནྟི་ཁམས་ན་འདུག་པས་ཐོས་ནས་མི་དགའ་སྟེ་གསོལ་བྱང་བྲིས་གསེག་ཤང་ཐོགས་ནས་བོད་དུ་མཆིས། ཇོ་མོ་ཁྲི་ལེགས་ཀྱི་སྙན་དུ་འདས་ནས་བྱང་བུ་སྤྱན་དར་བྲིམས་སྟེ་བཀའ་བསྩལ་པ། བནྡྷེ་སྤྱིར་དད་པ་ཆེ་ཞིང་ཆོས་གཟུགས་པར་དགོངས་པ་ནི་མ་ནོངས་ན་རླངས་ཆིགས་བསྡོས་པས་ཆད་པས་བཅད་ན་མ་ལེགས་སོ་ཞེས་བྱུང་བ་ཐོས་ནས་ཤཱནྟི་མ་དགའ་སྟེ་ཉལ་བའི་རྨི་ལམ་ན་བུད་མེད་དཀར་མོ་བཅོ་བཅོ་བ་ཞིག་ན་རེ། ཁྱོད་བསམ་ཡས་ཁབ་སོ་གཟུགས་པར་འདོད་ན་ཆོས་དང་པོ་བོད་ཁམས་སུ་རྦ་ཡེ་ཤེས་དབང་པོས་བཙུགས་སྟེ་དེའི་སྲས་མོ་གཉིས་ཅིག་ཧས་པོ་རིའི་དྲུང་ན་འདུག་གིས་དེ་དང་འཕྲོད་ལ་དཀོན་མཆོག་གི་མཆོད་པ་གྱིས་ཅིག་འོན་ཏང་བསམས་པ་འགྲུབ་པར་འགྱུར་རོ་ཞེས་ཐོས་ནས་བྲག་མར་དུ་མཆིས་ནས་བཙལ་བས་བུ་མོ་སྤྱན་རས་གཟིགས་ཤཱནྟི་ལ་ཕྱག་འཚལ་དུ་མཆིས་པ་དང་རྫིང་གོང་དུ་མཇལ་ནས་གཉི་ག་འགྲོགས་སྟེ་དགེ་ལྡེམ་བཙལ་སྟེ་ཤཱནྟིས་རྨི་ལམ་བཟླས་ནས་ཁབ་སོ་ཚུགས་ཞིང་ཚེས་བརྟན་པར་དགྱི་བའི་སླད་དུ་བྱམས་པ་དང་མངོན་པར་བྱང་ཆུབ་པ་གཟུགས་པའི་ཡོ་བྱད་ཤཱནྟིས་ནི་ཚོགས་ལ་བསླངས་དགེ་ལྡེམ་གྱིས་སྒོས་སུ་སྦྱར་སྟེ་མཆོད་པ་དགྱིད་པར་ཆད་པ་ལས། རིང་ལུགས་བནྡྷྱ་ལངྐའི་མཆིད་ནས་འདི་ལྟར་མཆོད་པ་བྱེད་ཅིང་དགེ་ལྡེམ་ཆ་བར་ནོས་ཀྱི་ཆད་པས་(ཇ༡༢༨ན)


PTT001_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་དོ་ཅེས་བསྒོ་ནས་གནས་བརྟན་གཉིས་ཀྱང་སྐྲག་སྟེ་ཡོ་བྱད་འགའ་ཡང་གཡར་མ་སྟེར། ཤཱནྟི་དང་སྤྱན་རས་གཟིགས་སོགས་ཡོན་བདག་སྟོད་རིམ་ཀུན་སྐྲག་སྟེ་མཆོད་པ་གཏང་བར་བགྱི་བ་ལས་དགེ་ལྡེམ་གྱིས་ཇོ་མོ་བྱང་ཆུབ་རྗེ་ཡོན་བདག་དུ་གསོལ་ནས་ཇོ་མོས་ཀྲོ་ནས་ཁལ་བདུན་མར་ཕ་ལམ་གཅིག་འཐུད་ནས་མཆོད་པ་མ་ཤོར་བར་བགྱིས། བསམ་ཡས་ཀྱི་སྐུ་གཟུགས་ལྡེར་ཚོ་རེ་རེ་ལ་ལྷ་བཤོས་བྲེ་ཐག་པའི་རྐྱེན། བག་ཕྱེ་གསུམ་གསུམ་གྱི་རྐྱེན་ཐང་དུ་དྲངས་སྟེ་མཆོད། དགེ་འདུན་དང་སྐྱེ་བོ་ཀུན་ལ་ཆོས་སྟོན་གསོལ། ལྡེ་བློན་ཆེན་གླུ་མས་གསེར་སྲང་ཉི་ཤུ་རྩ་ལྔའི་སྐེ་རགས་གཡུས་སྤྲས་པ་གཅིག་དར་ཡུག་གཉིས། རས་ཡུག་གསུམ་ཕུལ། དགེ་ལྡེམ་གྱིས་འབྲུ་སྣ་ལྔ་ལས་ཁལ་སུམ་བཅུ་རྩ་གཉིས་ཕུལ། བནྡྷེ་སྤྱན་རས་གཟིགས་ཀྱིས་འབངས་ཁྱིམ་གཅིག་ཕུལ། རྒྱལ་བློན་ཀླུ་སྐྱེས་ཀྱིས་ནས་ཁལ་བཅུ་གཅིག་སོགས་བུས་པ་ཡན་གྱིས་རལ་གུ་ཡན་ཆད་ཕུལ། ཇོ་མོ་སྤལ་གྱིས་ཆིབས་གཅིག །གྲོ་ནས་ཁལ་ཉི་བརྒྱ། ཟ་འོག་ཡུག་གཅིག་དར་ཡུག་གཅིག་ཕུལ། དགེ་འདུན་གྱིས་ཀྱང་བྱམས་པ་དང་མངོན་པར་བྱང་ཆུབ་པ་ལ་ཡོན་བསྣན་ནས་ཇོ་མོ་ལྕམ་ཕོ་ཡོངས་བཟའ་མཆེད་དང་མཁན་པོ་ཤཱནྟི་དང་དགེ་ལྡེམ་རྣམས་ཀྱིས་བྱམས་པ་དང་མངོན་པར་བྱང་ཆུབ་པ་སྔ་མ་བཞིན་དུ་བཙུགས་སོ། །དེ་ནས་སྤྱན་རས་གཟིགས་རང་གིས་རང་འགུམ་བའི་དུས་བཙལ་སྟེ་མཆིམས་ཕུ་ན་སྒོམ་ཞིང་མཆིས་པ་ལས་ཚེ་འདས་སོ་ཞེས་བྱུང་ངོ༌། །འདི་རྦ་བཞེད་ཀྱི་དཀྱུས་ལ་རྗེ་ཁྲི་སྲོང་སྒོམ་དུ་མ་བྱོན་པའི་གོང་ན་འདུག་མོད་ཀྱང་མངོན་བྱང་གི་མཆོད་པ་མུ་ནེ་བཙན་པོས་བཙུགས་པ་དེ་ཉམས་ནས་སླར་བསོས་པར་སྣང་བས་སད་ན་ལེགས་ཀྱི་དུས་ཡིན་པར་གསལ་ལོ། །རྒྱལ་པོ་འདིས་རྒྱ་གར་གྱི་སློབ་དཔོན་བི་མ་ལ་མི་ཏྲ། ཛྙཱ་ན་སེ་ན། བལ་པོ་ཧཱུྃ་ཀ་ར་སོགས་སྤྱན་དྲངས། ཆོས་མང་དུ་བསྒྱུར། སྐྱི་ཤོད་དུ་དཀར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་བཞེངས། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་གཞིག་ཞིང་དཀོན་མཆོག་(ཇ༡༢༨བ)


PTT001_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་བཀའ་གཙིགས་ནི། སྲས་ཁྲི་ལྡེ་སྲོང་བཙན་གྱི་སྐུ་རིང་ལ་ཤོག་བུ་མཐིང་ག་ལ་གསེར་གྱིས་བྲིས་སྟེ་འཕྲ་མྱེན་གྱི་སྒྲོམ་བུར་བསྩལ་ནས། བསམ་ཡས་ལྷུན་གྱིས་འགྲུབ་ཀྱི་གཙུག་ལག་ཁང་དུ་ཡབ་ཀྱི་ཟླ་ལ་བཞག་པ་ལས་དཔེ་བགྱིས་སྟེ་བྲིས་པ། དམ་པའི་ཆོས་ནམ་དུ་ཡང་མི་གཞིག་པར། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་ཐུགས་དམ་བཤེས་སྟེ། དབུ་སྙུང་བོར་ནས། གཙིགས་ཀྱི་ཡི་གེར་བྲིས་པ། གཙིགས་ཇི་ལྟར་གནང་བའི་གཏན་ཚིགས་མགོ་ནན་ལ་བྲིས་པ། བླ་ན་མེད་པའི་སངས་རྒྱས་ཀྱི་ཆོས་འདི། བཟང་ཞིང་ཆེད་ཆེ་སྟེ། མི་མཛད་དུ་མི་རུང་ནི་ངན་རྟགས་དང་གཏན་ཚིགས། ཡབ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ། ཆོས་ནམ་དུ་ཡང་མྱི་གཞིག་པར་གཙིགས་མཛད་པའི་བླང་ནན་དང༌། ཆོས་ཇི་ལྟར་བརྙེས་པའི་གཏམ་གྱི་ཡི་གེ་ལས་སྨོས་ཅིང༌། ཆོས་ཀྱི་ཡི་གེ་ཉིད་ཞིབ་ཏུ་འབྱུང་བ་ཡིན་ནོ། །འདི་ལྟར་སངས་རྒྱས་ཀྱི་ཆོས་འདི་བཟང་ཞིང་ཆེར་ཆེ་སྟེ། མྱྀ་མཛད་ཏུ་མྱྀ་རུང་བར། དང་པོ་མེས་སྲོང་བཙན་གྱིས་མཁྱེན་ནས། ལྷ་སའི་དཔེ་ཧར་བརྩིགས་པ་ཚུན་ཆད། ཡབ་ཁྲི་སྲོང་ལྡེ་བཙན་གྱིས། ཆོས་རྒྱ་ཆེར་ཐུགས་སུ་ཚུད་ནས། བསམ་ཡས་ལྷུན་གྱིས་གྲུབ་པ་ལ་སྩོགས་སྟེ། བོད་ཁམས་སུ་གཙུག་ལག་ཁང་མང་པོ་བརྩིགས་པ་དང༌། བཙན་པོ་ཁྲི་སྲོང་ལྡེ་བཙན་ངའི་ཞ་སྔ་ནས། ཆོས་ཐུགས་སུ་ཆུད་དེ་མཛད་པ་ཕན་ཆད། གདུང་རབས་བདུན་གྱི་བར་དུ་མཛད་ཀྱིས་ཀྱང༌། མྱྀ་དགེ་བ་དང་མ་ལེགས་པ་མེད་པ་ལས། ཆོས་ཁོང་དུ་མ་ཆུད་པ་ཁ་ཅིག་གིས་མེས་ཁྲི་ལྡེ་གཙུག་བཙན་གྱི་རིང་ལ། བྲག་དམར་གྱི་ཀྭ་ཆུར་གཙུག་ལག་ཁང་བརྩིགས་ནས། ཆོས་མཛད་པ་ལས། ཡབ་ཁྲི་སྲོང་ལྡེ་བཙན་སྐུ་ཆུང་བའི་ཚེ་བཤིག་སྟེ། ཕྱིན་ཆད་ཆོས་བྱེད་དུ་མྱྀ་གནང་བར། བཀའ་ཁྲིམས་སུ་ཡང་བྲིས་པ་ལས། ཡབ་ཁྲི་སྲོང་ལྡེ་བཙན་གྱི་(ཇ༡༢༩ན)


PTT001_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

སྐུལ་དངོའ་བར་གྱུར་ནས། སླར་སངས་རྒྱས་ཀྱི་ཆོས་མཛད་པས་སྨན་པར་གྱུརད་སྟེ། ཆོས་ཀྱང་རྒྱ་ཆེར་མཛད་དེ། ནམ་དུ་ཡང་ཆོས་མྱྀ་གཞིག་པར། གཙིགས་ཀྱང་དམ་དུ་བྲིས་པ་ལས། ཕྱིས་ཡབ་དགུང་དུ་གཤེགས་པའི་རྗེས་ལ། ངེད་རྗེ་བློན་གྱི་སྙན་དུ་མོ་དང་རྨིས་ལྟས་ལས་དཀྲིས་སྟེ། ཆོས་མཛད་པ་འདི། བཙན་ཕོའི། སྐུ་དང་ཆབ་སྲིད་ལ་ཡང་དངོའ་སྟེ་མ་ལེགས་ཀྱིས། བཙན་ཕོའི། ཕོ་བྲང་ན་དཀོནད་ཅོག་གསུམ་གྱི་རྟེན་བཙུགས་པ་ཡང་གུད་དུ་སྤགས་སྟེ། བསྐང་ཞིང་ཆོས་མཛད་པའི་མྱྀ་རིགས་ཅེས་གསོལད་པ་དག་ཀྱང་བྱུང་ནས། མོ་དང་རྨིས་ལྟས་ལྟ་བུ་བརྫུན་པའི་ཚིག་གིས། དཀོནད་ཅོག་གསུམ་གྱི་རྟེན་དང་ཆོས་ལྟ་བུ་དོན་ཆེན་པོ་སྤངས་པར་གྱུརད་ན། མཐའ་ཡུན་དུ་ཡང་མྱྀ་དགེ་ཞིང་མ་ལེགས། རྗེ་བློན་སྔ་རབས་ཀྱིས་དམ་གཙིགས་བཞེས་པའི་དབུ་སྙུང་དང་ཡང་འགལ་ནས། སྔ་རབས་ཀྱི་རིང་ལ་གདུང་རབས་རེ་རེ་ཞིང་ཆོས་མྱི་གཞིག་པར་ཐུགས་དམ་བཞེས་སོ་ཞེས་འབྱུང་བ་དང་སྦྱརད་སྟེ། ཡབ་ཀྱི་རིང་ལ་དབུ་སྙུང་གཙིགས་མཛད་པའི་རྣམས་དང༌། ངའི་ཐུགས་ལ་དགོངས་སྟེ། གཙིགས་གསེར་དུ་བསྣན་ནས། ཡི་གེ་འདི་ལས་བྱུང་བའི་རྣམས། ནམ་ཞར་འདི་བཞིན་དུ་མྱྀ་མཛད་རེ་ཞེས། ངའི་ཞ་སྔ་ནས་དབུའ་སྙུང་པོར་སྟེ། ཐུགས་དམ་བཞེས། ཕྱི་ནང་གི་བློན་པོ་ཆེ་ཕྲས་ཀྱང་མནའ་བོར་སྟེ་གཙིགས་ཀྱི་ཡི་གེར་བྲིས་པའོ། །༄། ཐུགས་དམ་དང་དབུའ་སྙུང་བཞེས་སྟེ་གཙིགས་སུ་མཛད་པས། ཆོས་མཛད་པ་འདི་གཅེས་སྤྲས་ཅི་ལ་ཡང་སྡིག་གོ་ཞེ་ནམ། མ་ལེགས་སོ་ཞེས་མོ་དང་རྨིས་ལྟས་ལས་སོགས་སྟེ་ཅིའི་ཕྱིར་ཡང་རུང་སྟེ། དཀོནད་ཅོག་གསུམ་གཞིག་རེ་སྤང་རེ། དེ་སྐད་ཅེས་ཆེ་ཆུང་སུ་གསོལད་ཀྱིས་ཀྱང་དེ་ལྟར་མཛད་རེ། བཙན་ཕོ། དབོན་སྲས་སྐུ་ཆུང་ངུར་བཞུགས་པ་ཡན་ཆད། ཆབ་སྲིད་ཀྱི་(ཇ༡༢༩བ)


PTT001_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་བདག་མཛད་པ་མན་ཆད་ཀྱང་དགེ་སློང་ལས་དགེ་བའི་བཤེས་གཉེན་བསྐོས་སྟེ། ཆོས་ཐུགས་སུ་ཅི་ཆུད་ཆུད་དུ་བསླབ་ཅིང༌། བོད་ཡོངས་ཀྱིས་ཀྱང་ཆོས་སློབ་ཅིང་སྤྱད་པའི་སྒོ་བཅད་དེ། ནམ་དུ་ཡང་བོད་ཡ་རབས་མནད་ཅད་བོད་འབངས་ལས་ཐརད་པར་གཟུང་བའི་སྒོ་མི་བགག་པར། དད་པའི་རྣམས་ལས་ཐར་པར་བཙུད་དེ། དེའི་ནང་ནས་ནུས་པ་ལས། བཅོམ་ལྡན་འདས་ཀྱི་རིང་ལུགས་རྟག་དུ་བསྐོ་ཞིང༌། བཅོམ་ལྡན་འདས་ཀྱི་རིང་ལུགས་བྱེད་པའི་རྣམས། ཆོས་འཁོར་ནས་བྱའོ་ཅོག་གི་བཀའ་ལ་ཡང་གཏོགས་སྟེ། ཆོས་འཁོར་གྱི་ལས་དང་དབང་བྱེད་ཅིང༌། དགེ་བའི་བཤེས་གཉེན་བྱེད་པར་མྱི་བསྐོ་རེ། རབ་ཏུ་བྱུང་བའི་རྣམས་གཞན་གྱི་བྲན་དུ་མི་སྦྱིན། ནན་གྱིས་མི་དབབ། ཁྱིམ་པའི་ཁྲིན་ལ་བཏགས་སྟེ་གྱོད་ལ་མི་གདགས་ཤིང༌། ངེད་ཡབ་སྲས་ཀྱིས་མཆོད་གནས་སུ་གནང་བ་བཞིན་དུ་བྱས་སྟེ། བཙན་ཕོའི། ཕོ་བྲང་ན་དཀོནད་ཅོག་གསུམ་གྱི་རྟེན་བཙུགས་ཅིང༌། མཆོད་པ་ཡང་གུད་དུ་སྤང་ཞིང་བསྐར་རེ། མཆོད་གནས་སུ་མྱི་བྱ་རེ། མདོར་ན། བཙན་ཕོའི། ཕོ་བྲང་དང་བོད་ཁམས་ན། དཀོནད་ཅོག་གསུམ་མྱེད་པ་དང་སྤང་བའི་ཐབས་ཅི་ཡང་བྱ་རེ། ཡབ་མེས་དབོན་སྲས་གང་གི་རིང་ལ་ཡང་རུང་སྟེ། དཀོནད་ཅོག་གསུམ་གྱི་རྐྱེན་བཅད་པའི་རྣམས་ཀྱང༌། མ་དམས་མ་ཞིག་པའི་ཆོས་སུ་མི་བྱ་རེ། འདི་ལྟར་རྗེ་བློན་མན་ཆད་ཀུན་གྱིས་མནའ་བོར་བ་ལས། བཙན་ཕོའི། གདུང་རྒྱུད་ལས་དབུའ་སྙུང་བཞེས་དགོས་པའམ། ཕྱིས་ཇོ་མོའམ། ཆབ་སྲིད་ཀྱི་བློན་པོ་ལ་སྩོགས་པ་སར་དུ་བསྐོས་ཤིང་ཆུད་པ་ཅིག་ཡོད་ལ། མནའས་བསྒག་པའི་རིགས་པ་ལས། མནའ་མ་བོར་བ་ཞིག་ཡོད་ན། དེ་བཞིན་དུ་མནའ་མྱྀ་བསྒག་རེ། ༄། ཇོ་མོ་མཆེད་བྲོ་སྩལད་པ། ཇོ་མོ་འབྲོ་བཟའ་ཁྲི་མོ་ལེགས། (ཇ༡༣༠ན)


PTT001_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཇོ་མོ་མཆིམས་རྒྱལ་བཟའ་ལེགས་མོ་བརྩན། ཇོ་མོ་ཅོག་རོ་བཟའ་བརྩན་རྒྱལ། ༄། རྒྱལ་ཕྲན་བྲོ་བསྩལད་པ། དབོན་འ་ཞ་རྗེ་དུད་ཀྱི་བུལ་ཞི་ཁུད་བོར་མ་ག་ཐོ་གོན་ཁ་གན། རྐོང་ཀར་པོ་མང་པོ་རྗེ། མྱང་བཙུན་ཁྲི་བོ། ཆབ་སྲིད་ཀྱི་བློན་པོ་མན་ཆད་བློན་པོ་ཆེ་ཕྲ་བྲོ་སྩལད་པ་ལ། བན་དེ་བཀའ་ཆེན་པོ་ལ་གཏོགས་པ། བན་དེ་བྲན་ཀ་ཡོན་ཏན། བན་དེ་མྱང་ཏིང་འཛིན། ༄། ཆབ་སྲིད་ཀྱི་བློན་པོ་བཀའ་ཆེན་པོ་ལ་གཏོགས་པ། བློན་ཆེན་པོ་ཞང་འབྲོ་ཁྲི་གཟུ་རམ་ཤགས། ཞང་མཆིམས་རྒྱལ་བཙན་བཞེར་ལེགས་ཟིགས། དབའ་བློན་མང་རྗེ་ལྟ་ལོད། དབའས་བློན་ཁྲི་སུམ་བཞེར་མདོ་བཙན། ཞང་མཆིམས་རྒྱལ་ལྷ་བཞེར་ནེ་ཤགས། རླང་བློན་ཁྲི་སུམ་རྗེ་སྤེག་ལྷ། ༄། ནང་བློན་ལ། ཞང་སྣ་ནམ་ཁྲི་སྒྲ་རྒྱལ། ཞང་ཚེ་སྤོང་མདོ་བཞེར་ཕེས་པོ། ཞང་ཚེ་སྤོང་ལྷ་བཟང་ཀླུ་དཔལ། ཞང་སྣ་ནམ་རྒྱལ་ལེགས་དགེ་ཚུག་ཞང་སྣ་ནམ་ལྷ་བཞེར་སྤེ་བཙན། བྲན་ཀ་བློན་རྒྱལ་བཟང་འདུས་ཀོང༌། མྱང་བློན་ཁྲི་བཟང་ལེགས་འདུས། ལེའུ་བློན་ལྷ་བཟང་བྱིན་བྱིན། ཏོང་བློན་སྟག་སླེབས། ཞང་མཆིམས་རྒྱལ་མདོ་གཟིགས། རང་བློན་བསམ་སྐྱེས། ཞང་ཚེ་སྤོང་ལྷ་ལུང་སྟོ། ཞང་སྣ་ནམ་གཉན་ལོད། འོང་ཀ་ལྷ་སྦྱིན། འབྲིང་ཡས་བློན་སྟག་རྨ། རྩང་རྗེ་བློན་ཁྱེའུ་ཅུང༌། འབལ་བློན་འབྲོ་མ། སྙ་ཤུར་བློན་ད་ཙུག་སྙམ། ༄། སྣམ་ཕྱི་པ་ལ། ཁར་བ་རྗེ་བློན་བཙན་སླེབས། ཁུ་སྟག་ཚབ། ཞ་སྔ་གཅན་སྟག་ལོད། བྱུང་བོ་བློན་རྒྱལ་འབྱུང༌། ཤུད་པུ་བློན་ཁོང་ཁྲི། ལེའུ་བློན་ཀླུ་གཞེར། ཞང་ཚེ་སྤོང་ཀླུ་མཚོ་སྟོ། པ་ཙབ་བློན་འཚོ་གཟིགས། མྱང་བློན་ལེགས་བཙན། རླང་བློན་གསས་སླེབས། དབང་བློན་ལྟ་བོ་བཙན། བྲན་ཀ་བློན་བསམ་པ། ཉི་བ་བློན་ལྡོན་ཀོང༌། ཤུད་བུ་བློན་སྟག་སླེབས། ཞ་སྔ་གསས་བཙན་(ཇ༡༣༠བ)


PTT001_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཁུ་ཐོག་བཙན། སྣ་ནམ་ལྷ་འབངས། ༄། དབང་པོ་དང༌། དམག་དཔོན་དང༌། ཕྱིས་བློན་བཀའ་ལ་གཏོགས་པ༌། ལྷོ་བློན་ཁྲི་བཟང་གཡུ་བརྩན། དབས་བློན་ཁྲོམ་བཞེར། ཞང་མཆིམས་རྒྱལ་སྟོང་སྙ་སྨོན་བཙན། ཞང་ཚེ་སྤོང་ཁྲི་གཟིགས་སྤུང་རེ་ཙུང༌། ཞང་མཆིམས་རྒྱལ་སྟག་བཞེར་རྒྱལ་སླེབས། ཞང་སྣ་ནམ་བཙན་སྒྲ་ཁྲི་སླེབས། འབྲོམ་བློན་རྒྱལ་བཞེར་ཁར་ཙི། ལྷ་ལུང་བློན་མང་པོ་རྗེ་སྐར་ཀོང༌། ཞང་འབྲོ་སྟག་བཞེར་པྲ་བལ་སྟང༌། དཔའས་རྒྱལ་ཏོ་རེ་སྟག་སྙ། ཅོག་རོ་བློན་ལྷོ་གོང༌། ལང་གྲོ་བློན་ཁྲོམ་ལེགས། དཔའ་བློན་མདོ་བཙན། ལེའུ་བློན་ཀུ་རྨ། ཞང་འབྲོ་སྟག་དང༌། མང་སྒྲ་བློན་ཀླུ་རྨ། ཞང་མཆིམས་རྨ་བཙན། རྩེ་འབྲོམ་བློན་སྒ་འགུ། ཁྱུང་པོ་བློན་མས་ཀོལ། པ་ཙབ་བློན་སྤེ་མ། འབྲོམ་སེ་རི་སྟང༌། དབའས་བློན་འཕན་ལེགས། དབས་བློན་ཁྲོམ་ལེགས། སྐ་བ་བློན་མཚོ་ལོད། ཅོག་རོ་བློན་གོང་ཀེང༌། དབས་བློན་མྱེ་སླེབས། ཁུ་མྱེ་གཟིགས། ཞ་སྔ་མུ་གཉེན། ཞང་འབྲོ་གུང་སྟང༌། ཞང་མཆིམས་རྒྱལ་མ་རྨྱན་བརྩེ། ཞང་ཚེ་སྤོང་མ་བཙན། ཅོག་རོ་བརྟན་ཀོང༌། གནང་ཡུལ་བཟུང༌། ཅོག་རོ་ཁྱི་བཙན། སྦྲང་མོ་རྨ། འབྲོ་ལྡོག་སྲོང་སྟོན། འབྲོམ་ཡང་གཟིགས། ཅེས་བྱུང་ངོ༌། །བཀའ་གཙིགས་གོང་འོག་འདི་རྣམས་སྡེབས་ཕུལ་རྟེན་སོགས་ཀྱང་རྙིང་པ་ངོས་བཤུས་ཡིན་ལ་དམ་པའི་ཆོས་ལ་བཀའ་བ་འདི་ལྟ་བུ་མཛད་དོ་ཅེས་ཆོས་ཀྱི་ཆེ་བ་དང༌། རྒྱལ་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་ཤེས་ཤིང་རེས་དང་བ་འཕེལ་བའི་དགོས་པ་མཐོང་ནས་བྲིས་པ་ཡིན་ནོ། །དེ་ལྟར་ལོ་སུམ་བཅུ་སོ་གཉིས་རྒྱལ་ས་མཛད། རྒྱལ་ཁྲིམས་ཆོས་བཞིན་དུ་བསྐྱངས་པས་བོད་འབངས་བདེ་བ་ལ་བཀོད་དེ་དགུང་ལོ་ལྔ་བཅུ་ང་བཞི་པ་མེ་མོ་བྱའི་ལོ་ལ་སྦྲགས་ཀྱི་ཕུར་འདས་སོ། །ས་སྐྱ་(ཇ༡༣༡ན)


PTT001_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བླ་མའི་ཆོས་བྱུང་དུ་སད་ན་ལེགས་ཀྱི་ལོ་བཅུ་དགུ་བཞེས་པ་ན་བཙུན་མོ་ལྷ་རྩེ་ལ་སྲས་ལྡེང་ཁྲི་བལྟམས། ལོ་བཅུ་གསུམ་ན་ཡབ་འདས་ནས་རྒྱལ་ས་མཛད་པའི་སྲས་གཙང་མ་མཆེད་ལྔ་ཡིན་ནོ་ཞེས་སད་ན་ལེགས་དང་རལ་པ་ཅན་གྱི་བར་དུ་ལྡེང་ཁྲི་གདུང་རབས་གཅིག་དུ་བྱས་པ་དང༌། རྒྱའི་དེབ་ལས་ཁྲི་སྲོང་ལྡེ་བཙན་ང་གཅིག་བཞེས་པ་ལྕགས་སྤྲེ་ལ་གཤེགས་ནས་མུ་ནེ་བཙན་པོ་བསྐོས། ལོ་བཅོ་བརྒྱད་སྲིད་བསྐྱངས་ནས་མེ་གླང་ལ་འདས་སྟེ་ཇུ་ཙེ་བཙན་པོ་བསྐོས། ལོ་བརྒྱད་སྲིད་མཛད་ནས་ཤིང་སྤྲེ་ལ་འདས་སྟེ་སད་ན་ལེགས་བསྐོས། ཞེས་མུ་ནེ་བཙན་པོ་དང་སད་ན་ལེགས་ཀྱི་བར་དུ་སྐུ་མཆེད་འབྲིང་པོ་ཇུ་ཙེ་བཙན་པོས་རྒྱལ་ས་བྱས་པ་སོགས་ཅུང་ཟད་མི་མཐུན་པར་སྣང་ཡང་བོད་ཀྱི་རྒྱལ་རབས་ཕལ་ཆེར་དང་ཚལ་བ་ལ་སོགས་ཡིག་ཚངས་ལ་མཁས་པ་རྣམས་ཀྱིས་བཤད་པ་ལྟར་བྲིས་སོ། །རྒྱལ་པོ་དེ་ལ་སྲས་ལྔ་སྟེ་ལྷ་སྲས་གཙང་མ། ཁྲི་གཙུག་ལྡེ་བཙན་རལ་པ་ཅན། ཁྲི་དར་མ་ཨུ་དུམ་བཙན། ལྷ་རྗེ། ལྷུན་གྲུབ་སྟེ་ལྔའོ། །ཀུན་མཁྱེན་བུས་ལྷ་རྗེ་ལྷུན་གྲུབ་ཅེས་གཅིག་དུ་བྱས་ཁྲི་ཆེན་པོ་བསྣན་ནས་ལྔར་མཛད་སྣང༌། འདི་རྣམས་བཙུན་མོ་ཆེ་བའི་སྲས་སྔ་མ་གསུམ་དང་ཆུན་མའི་སྲས་ཕྱི་མ་གཉིས་ཅེས་ཁ་ཅིག་འཆད་ལ། ཇི་ལྟར་ན་ཡང་སྲས་ཆུང་བ་གཉིས་སྐུ་ཆུང་ངུར་གཤེགས་པས་བང་སོ་ཡང་མེད་ཏོ། །ལྷ་སྲས་གཙང་མ་རྒྱལ་སྲིད་རྩ་ལྟར་སྤངས། །ཐུབ་པའི་བསྟན་ལ་རབ་ཏུ་བྱུང་བ་མཛད། །དར་མ་སྡིག་ལ་དགའ་བས་རྗེར་མ་འོས། །བར་པ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན། །མེ་ཕོ་ཁྱི་ལ་སྐུ་འཁྲུངས་བཅུ་གཉིས་དུས། །ཡབ་འདས་ལོ་དེ་ཉིད་ལ་རྒྱལ་སར་བཏོན། །བཀའ་ཡི་བློན་པོ་བྲན་ག་དཔལ་ཡོན་ཡིན། །བཙུན་མོ་ཅོག་བཟའ་དཔལ་གྱི་ངང་ཚུལ་སོགས། །ཆེ་ཆུང་ལྔ་བཞེས་དགེ་བཅུའི་བཀའ་ཁྲིམས་བཙན། །འདི་ནི་ཕྱག་ན་རྡོ་རྗེའི་རྣམ་སྤྲུལ་ཡིན། །རྒྱ་ཡུལ་ཆམ་ལ་ཕབ་ནས་གཙིགས་བཟུང་སྟེ། །བོད་རྒྱའི་མཚམས་(ཇ༡༣༡བ)


PTT001_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དབོན་ཞང་ལྷ་ཁང་བརྩིགས། །གནམ་ལ་ཆེ་བ་ཉི་ཟླ་ཟུང་གཅིག་སྟེ། །ས་ལ་ཆེ་བ་བཙན་པོ་དབོན་ཞང་གྲགས། །བཀའ་གཙིགས་ཡི་གེ་རྡོ་རིང་གསུམ་ལ་བརྐོས། །ཕྱིན་ཆད་བོད་རྒྱ་རང་རང་ཡུལ་ན་བདེ། །དམག་མི་བྱ་བར་གཙིགས་བཟུང་བྲོ་ཡིས་བསྩལ། །མ་འོངས་བོད་ཀྱི་རྒྱལ་ཁྲིམས་འཇིག་མཁྱེན་པས། །སྤྱན་རྒྱང་བསྲིངས་ནས་སྨན་ཡོན་མཛད་པ་སྟེ། །རྗེ་འདིའི་བཀའ་དྲིན་བོད་མི་སུ་ཡིས་ཁོར། །བཀའ་དྲིན་ཅན་གྱི་ལོ་པཎ་གསུམ་སོགས་ཀྱིས། སྔོན་ཆད་བསྒྱུར་བའི་དམ་ཆོས་མ་ལུས་པ། །ལྷག་ཆད་སྤང་ཕྱིར་དམ་ཆོས་དཀར་ཆག་བཀོད། །ཐམས་ཅད་སར་བཅད་སྐད་ཀྱིས་གཏན་ལ་ཕབ། །བཀའས་བཅད་ཆེན་པོ་རྣམ་པ་གསུམ་གྱིས་བསྡམས། །སྒོམ་གྲ་བཤད་གྲ་འདུལ་གྲ་སུམ་བཅུ་བཙུགས། །རྒྱལ་པོའི་དབུ་རལ་ཚན་གཉིས་བྱས་པ་ལ། །དར་ཡུག་བཏགས་སྟེ་གཡས་གཡོན་བཏིང་བའི་སྟེང༌། །དགེ་འདུན་བཞུགས་པས་དབུ་སྟེ་གཉིས་ཅེས་གྲགས། །ཐུགས་དམ་རྟེན་དུ་ལྷ་ཁང་འུ་ཞང་རྡོ། །དཔེ་མེད་བཀྲ་ཤིས་དགེ་འཕེལ་གཙུག་ལག་ཁང༌། །གཙང་ཁང་དགུ་ཐོག་བྱ་འདབ་དགུ་ཡིས་མཛད། །ཕ་གུ་དོ་ཤལ་ཤར་བུ་མདའ་ཡབ་དང༌། །རྟ་བབས་ལ་སོགས་རྒྱན་རྣམས་ཀུན་གྱིས་བཀྲ། །རྩེ་མོར་རྒྱ་ཕུབས་གསེར་འཕྲུ་གཡུ་འབྲུག་བཅས། །རླུང་གིས་བསྐྱོད་ཚེ་མཁའ་ལ་གདུགས་ལྟར་འཁོར། །གསེར་གྱི་གཎ་ཇི་ར་ཡི་ཏོག་གི་རྩེ། །རྒྱབ་རིའི་ལྕོག་དང་མཐོ་དམན་མེད་པར་མཉམ། །འཛམ་གླིང་ཙམ་ན་འགྲན་ཟླ་བྲལ་བར་བཞེངས། །ལུགས་གཉིས་བཀའ་ཁྲིམས་ཆོས་བཞིན་གཏན་ལ་ཕབ། །དགེ་བཅུའི་ཁྲིམས་དམ་སྡིག་སྤྱོད་མིང་མི་གྲག །མཁྱེན་པས་འཕྲུལ་ཆགས་མཛད་པ་ལྷ་ལས་ལྷག །མངའ་ཐང་དཔལ་འབྱོར་ས་ལ་བརྒྱ་བྱིན་བཞིན། །(ཇ༡༣༢ན)


PTT001_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་དང་མཐུ་ཡིས་དགའ་རབ་དབང་ཕྱུག་སྐྲག །མཐའ་བཞི་ཀུན་ལས་རྣམ་པར་རྒྱལ་གྱུར་སྟེ། །འཛམ་གླིང་གསུམ་གཉིས་ལས་ལྷག་མངའ་དབང་མཛད། །དེ་ཡང་གཅེན་ལྷ་སྲས་གཙང་མ་ནི་ཆོས་ལ་དགྱེས་ཆེས་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་དགེ་འདུན་གྱི་ནང་ན་བཞུགས། གཉིས་པ་ཁྲི་དར་མ་ཨུ་དམ་བཙན་སྡིག་ལ་དགའ་བས་རྗེར་མ་འོས་སྟེ། གསུམ་པ་ཁྲི་གཙུག་ལྡེ་བཙན་དགུང་ལོ་བཅུ་གཉིས་ལོན་པ་མེ་མོ་བྱའི་ལོ་ལ་རྒྱལ་སར་བསྐོས། རྒྱ་ནག་གི་རྒྱལ་པོ་དང་དབོན་ཞང་དུམས་བྱ་བར་མ་མཐུན་ནས་བོད་རུ་རེ་ནས་དམག་སྟོང་སྡེ་བཅོ་བརྒྱད་རེ་དར་ཚན་ཁྲིག་གེ་བ་ཁྲིད་སྟེ་རྒྱའི་གེན་པོ་རྣམས་བཀུམ། རྒྱ་ཆམ་ལ་ཕབ། དཔོན་པོ་མཉེས་པའི་སྐྱེས་ཕུལ། བོད་ཀྱི་མཆོད་གནས་ལོ་པཎ་རྣམས་དང་རྒྱའི་ཧ་ཤང་རྣམས་ཀྱིས་དཔང་པོ་མཛད། རྒྱའི་གོང་གུ་རྨེ་རུ་ཞེས་བྱ་བར་བོད་རྒྱའི་ས་མཚམས་བྱས་སྟེ་དེར་བཙན་པོའི་གཙུག་ལག་ཁང་ཞིག་དང་རྒྱ་རྗེའི་གཙུག་ལག་ཁང་ཞིག་བརྩིགས། གནམ་ལ་ཉི་ཟླ་ཟུང་གཅིག་ས་ལ་བཙན་པོ་དབོན་ཞང་ལས་མེད་ཏོ་བར་བགྲོས་ནས་ཕ་བོང་ལ་ཉི་ཟླའི་གཟུགས་བྱས། ཕྱིན་ཆད་བོད་བོད་ཡུལ་ན་བདེ། རྒྱ་རྒྱ་ཡུལ་ན་བདེ། སོ་མཚམས་རྨེ་རུ་མན་ལ་བོད་ཀྱི་དམག་མི་དྲང༌། གལ་སྟེ་དྲངས་ན་རྒྱ་རྗེའི་ཕོ་བྲང་གི་མདུན་གྱི་རྡོ་རིང་ཡི་གེ་ལན་གསུམ་ཀློག་པས་བོད་ཐམས་ཅད་འཕུང་བར་འགྱུར། རྨེ་རུ་ཡན་ལ་རྒྱའི་དམག་མི་དྲང༌། གལ་སྟེ་དྲངས་ན་ལྷ་སའི་རྡོ་རིང་གི་ཡི་གེ་ལན་གསུམ་ཀློག་པས་རྒྱ་ཐམས་ཅད་འཕུང་བར་གྱུར་ཅིག་ཅེས་བཙན་པོ་དབོན་ཞང་གིས་བདེན་པ་བཙུགས་སྟེ་དམོད་བོར། བོད་རྒྱའི་ཕོ་བྲང་གི་མདུན་སོ་མཚམས་རྨེ་རུ་དང་གསུམ་དུ་རྡོ་རིང་རེ་རེ་བཙུགས་སྟེ་ངོས་ཆེ་བ་གཉིས་ལ་བཙན་པོ་དབོན་ཞང་གི་གཙིགས་ཡིག་དང་བྲོ་ཚིག་ངོས་ཆུང་གཉིས་ལ་བོད་རྒྱའི་བློན་པོ་བཀའ་ལ་གཏོགས་པ་རྣམས་ཀྱི་གཙིགས་ཡིག་དང་བྲོ་ཚིག་བྲིས་སྟེ། དཀོན་ཅོག་གསུམ་ལྷ་ཀླུ་གཟའ་སྐར་སྐུ་ལྷ་ཐམས་ཅད་དཔང་དུ་བཙུགས་སྟེ་བཙན་པོ་དབོན་ཞང་གིས་དབུ་(ཇ༡༣༢བ)


PTT001_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

སྙུང་མཛད། བཙན་པོས་ལོ་བཅུ་བདུན་བཞེས་ཤིང་རྒྱ་རྗེ་མུ་ཛུང་གིས་རྒྱལ་ས་བྱས་ནས་ལོ་བཅུ་བཞི་པ་ཆུ་ཕོ་སྟག་གི་ལོ་ལ་ཆད་མལ་བྲོ་བོར་པ་རྣམས་བྱས་ཤིང་བོད་ཀྱི་མནའ་ཆད་ནི་ཆུ་ཕོ་སྟག་གི་ལོ་དབྱར་ཟླ་འབྲིང་པོའི་ཚེས་དྲུག་ལ་དཀྱིལ་འཁོར་ལ་འཛེགས་སྟེ་བོད་ཀྱི་གཙིགས་བཟུང་ངོ༌། །ལྷ་སའི་རྡོ་རིང་གི་ཡི་གེ་བཤུ་བར་ནུས་ན་བར་འདིར་ཆུག་ཅིག་སྔོན་ལྷ་སྲས་ཡབ་ཀྱི་རིང་ལ་ཆོས་ཀྱི་བརྡ་བོད་སྐད་ལ་མ་གྲགས་པ་མང་ཞིག་བྱུང་ཞིང་རྒྱ་ནག་དང་ལི་དང་ཡུལ་དབུས་དང་ཟ་ཧོར་དང་ཁ་ཆེ་སོགས་སྣ་ཚོགས་ནས་བསྒྱུར་བས་བརྡ་མི་འདྲ་བ་མང་པོས་མི་གོ་ཞིང་སློབ་དཀའ་བར་གཟིགས་ནས། ཉི་འོག་གི་མཁན་པོ་ཨ་ཙརྻ་ཛི་ན་མི་ཏྲ་དང༌། སུ་རེནྡྲ་བོ་དྷི་དང༌། ཤཱི་ལེནྡྲ་བོ་དྷི་དང༌། བོ་དྷི་མི་ཏྲ་དང༌། བོད་ཀྱི་མཁན་པོ་དྷརྨ་རཀྵི་ཏ་དང༌། དྷརྨ་ཏཱ་ཤཱི་ལ་དང༌། ལོ་ཙཱ་པ་མཁས་པ་ཛྙཱ་ན་སེ་ན་དང༌། ཛ་ཡ་རཀྵི་ཏ་དང༌། མཉྫུ་ཤྲི་ཝརྨ་དང༌། རཏྣེནྡྲ་ཤཱི་ལ་ལ་སོགས་པ་རྣམས་ལ་ཐེག་པ་ཆེ་ཆུང་ལས་བྱུང་བའི་ཆོས་རྣམས་རྒྱ་གར་གྱི་ཡུལ་དབུས་ལས་བྱུང་བའི་བརྡ་དང་མཐུན་པར་བསྒྱུར་ཞིང་ཀུན་གྱིས་སློབ་ཏུ་རུང་ལ་ནམ་དུ་ཡང་གཞུང་ལུགས་དེ་ལས་མི་བསྒྱུར་བ་དང༌། ཆད་ལྷག་སྤང་པའི་ཕྱིར་དཀར་ཆག་ཀྱང་བྲིས་ཅིག་ཞེས་བཀའ་བསྩལ་སྟེ། ལོ་པཎ་དེ་རྣམས་དང་ཁྱད་པར་དྲིན་ཅན་གྱི་ལོ་པཎ་གསུམ་ཞེས་གྲགས་པ་ཛི་ན་མི་ཏྲ་དང་ད་ན་ཤཱི་ལ་དང༌། ཞང་ཡེ་ཤེས་སྡེ་གསུམ་གྱིས་སྔར་བསྒྱུར་བ་ཐམས་ཅད་དག་པར་བྱས་ཤིང་སར་བཅད་ཀྱིས་གཏན་ལ་ཕབ་སྟེ་གནའི་བརྡ་གོ་དཀའ་བ་རྣམས་དོར་ནས་ཡུལ་དུས་དང་མཐུན་པའི་གོ་སླ་ཞིང་འདོན་བདེ་བར་བྱས། ཡི་གེ་ཉུང་བའི་ཆེད་དུ་མ་མྱ་ད་དྲག་རྐྱང་པའི་འ་བརྟེན་སོགས་དོར་སྟེ་གཞུང་ཚད་རྣམས་ཀྱང་བམ་གྲངས་སོགས་ངེས་པར་དཀར་ཆག་དུ་བསྣན་སྟེ་སྤྱིར་ཁྲི་སྲོང་གི་དུས་ཀྱི་དཀར་ཆག་ཕོ་བྲང་ལྡན་དཀར་མ་དང༌། ཕྱིས་མཆིམས་ཕུ་མ་དང་འཕང་ཐང་མ་སྟེ་གསུམ་དུ་བྱུང་ལ་དཀོར་མཛོད་དུ་བཀའ་གཙིགས་ཀྱི་ཟླ་ལ་གཅེས་སྤྲས་སུ་འཇོག་གོ །རྒྱལ་པོས་བཀས་བཅད་རྣམ་པ་གསུམ་མཛད། གཞི་ཐམས་ཅད་ཡོད་སྨྲ་ལས་གཞན་པའི་སྡེ་པ་མི་གཟུགས་ཤིང་དེ་དག་གི་སྡེ་སྣོད་མི་བསྒྱུར། སྔགས་(ཇ༡༣༣ན)


PTT001_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྒྱུད་རྣམས་མ་སྒྱུར་ཞིག་ཅེས་བཀའ་བསྩལ། བྲེ་སྲང་དང་ཞོ་ཆ་ཚུན་རྒྱ་གར་གྱི་དབུས་འགྱུར་ཚལ་དང་མཐུན་པར་བཅོས། རབ་ཏུ་བྱུང་བ་རེ་རེ་ལ་འབངས་མི་ཁྱིམ་བདུན་བདུན་ཕུལ། དབུ་སྐྲ་གསིལ་བ་སོགས་ལ་མི་མཉེས་པས་དབུ་སྐྲ་རལ་པར་ཆགས་སྟེ་བཙན་པོ་རལ་པ་ཅན་དུ་མཚན་ཐོགས། རྒྱལ་པོ་དགུང་ལ་བཞུགས། གཡས་གཡོན་ལ་དགེ་འདུན་གྱི་སྟན་བཟང་པོ་བཤམས། དབུ་རལ་ཚན་གཉིས་སུ་བྱས་པའི་སྣ་ལ་དར་ཡུག་བཏགས་པ་དགེ་འདུན་གྱི་སྟན་གྱི་སྟེང་དུ་བཀྲམ་པ་ལ་དགེ་འདུན་བཞུགས་སྟེ་དབུ་གཙུག་དུ་འཁུར་བས་དགེ་འདུན་དབུ་སྡེ་གཉིས་ཅེས་གྲགས། ཐུགས་དམ་གྱི་རྟེན་དུ་འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་བཞེངས་སྟེ། དེའི་ས་ཕུད་ལ་ལྷ་སར་བྱམས་པ་ཆོས་འཁོར་གྱི་སྒོ་སྲུང་ཚངས་པ་དང་བརྒྱ་བྱིན་བཞེངས། ཤིང་ཕུད་ལ་གནམ་ཡངས་ཀ་བ་བཞི་རིན་པོ་ཆེས་བརྒྱན་སྟེ་ཕུལ། བྲིས་ཕུད་དུ་བེ་བུམ་བརྒྱ་དང་རྩ་བརྒྱད་སོགས། ལུགས་མའི་ཕུད་ལ་ཅོང་དྲིལ་ཆེན་ཕུལ། ཡང་ཕུད་ལ་ཡེར་པར་མཆོད་རྟེན་བཞེངས། རྒྱ་བལ་གྱི་གཟོ་བོ་མཁས་པ་མང་པོས་ལྷ་ཁང་དངོས་ཐོག་དགུ་ལྡན་འཕྲུལ་སྣང་གི་ཚད་ཙམ་དུ་བཞེངས་སྟེ། འོག་གི་ཐོག་གསུམ་རྡོ་ལས་བརྩིགས་སྟེ་དེ་ན་རྗེ་བློན་རྣམས་བཞུགས། བར་ཐོག་གསུམ་སོ་ཕག་གིས་བརྩིགས་སྟེ་ལོ་པཎ་དགེ་འདུན་རྣམས་བཞུགས། སྟེང་ཐོག་གསུམ་ཤིང་གི་འཕྲུལ་གྱིས་བཏེག་སྟེ་ཐུགས་དམ་གྱི་རྟེན་རྣམས་བཞུགས། སྐུའི་རྟེན་ཐམས་ཅད་རྒྱ་གར་གྱི་ཡུལ་དབུས་ཀྱི་ལྷ་ལ་དཔེ་བྱས་ལི་དཀར་དམར་ལས་ལུགས་སུ་བླུག་པ་ཛམྦུ་ཆུ་བོའི་གསེར་གྱིས་གཡོགས་པ་འབའ་ཞིག་དུ་མཛད། ཐོག་རེ་རེ་ཞིང་མཐིང་གི་བྱ་འདབ་དང་ཕ་གུ་དྲ་ཕྱེད། ཤམ་བུ་མདའ་ཡབ་ཀྱིས་མཛེས་པ། བྱ་འདབ་ཀྱི་བར་རེ་རེ་ཞིང་ལོ་པཎ་རྣམས་ཀྱིས་ཆོས་བསྒྱུར་བ་དང་འཆད་རྩོམ་བྱེད་པ། ཐོག་རེ་རེ་ཞིང་གློ་འབུར་གྱི་སྒོ་དང༌། སྒོ་ཁྱམས་དང༌། རྟ་བབས་ཀྱིས་མཛེས་པ། ཡང་རྩེའི་བྱ་འདབ་ཀྱི་རྩེར་གསེར་གྱི་གྷཎྜི་ར་རྩེ་མོ་རྒྱབ་རི་མདུན་མའི་རྩེ་དང་མཉམ་པའི་གཡས་(ཇ༡༣༣བ)


PTT001_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དུ་གཡུ་འབྲུག་གིས་སྤྲས་པ། ཡང་རྩེའི་རྒྱ་ཕུབས་རླུང་གིས་བསྐྱོད་པ་ན་མཁའ་ལ་གདུགས་ལྟར་དུ་འཁོར་བ། རླུང་ཧ་ཅང་ཆེ་བ་ན་ཟུར་བཞིར་ལྕགས་ཐག་གིས་རྡོའི་སེང་གེ་ལ་གཏོད་པའམ་མཆོད་རྟེན་ཆེན་པོ་བཞིའི་ངོས་སུ་འདོགས་ཀྱང་སྐད། རིན་པོ་ཆེའི་ཕྲེང་བ་དང༌། གདུགས་དང༌། རྒྱལ་མཚན་དར་འཕན་དང༌། གསེར་གྱི་དྲིལ་ཕྲེང་གིས་ཀུན་དུ་འཁྲོལ་བ། ལྟ་བས་ཆོག་མི་ཤེས་པ་ཛམྦུའི་གླིང་ཙམ་ན་འགྲན་ཟླ་དང་བྲལ་བར་བཞེངས་སོ། །སྤྱིར་འདི་ཡན་ལ་བོད་ཀྱི་རྒྱལ་པོ་རྣམས་ཀྱིས་གཙུག་ལག་ཁང་སྟོང་དང་བརྒྱད་བཞེངས་བར་འདོད་དོ། །གཞན་ཡང་དེའི་ཚེ་བློན་པོ་འགའ་དང་མྱང་བན་ཤའི་སྤྱན་ཅན་ལ་སོགས་པས་ལྷ་སར་ཤར་དུ་དཀར་རུ་དང་དམར་རུ་གཉིས། ལྷོར་དགའ་བ་དང་དགའ་བའི་འོད། ནུབ་ཏུ་བྲན་ཁང་དང་བྲན་ཁང་ཐ་མ་ལ་སོགས་པའི་ལྷ་ཁང་བྱས་སྟེ་བོད་འབངས་ཐམས་ཅད་དགེ་བཅུ་ལ་ལོངས་སྤྱོད་བདེ་སྐྱིད་ལྷ་དང་མཚུངས། ཆབ་འབངས་རྒྱ་ཆེ་སྟེ་སྔར་ཡབ་མེས་ཀྱི་སྐུ་རིང་ལ་མ་འདུས་པ་ཤར་སྐར་མ་སྨིན་དྲུག་འཆར་བའི་འོག་རྒྱ་ནག་སོ་ལོན་ཤན་གྱི་རི་རྒྱུད་དར་དཀར་གྱི་ཡོལ་བ་འདྲ་བ་ལ་གཏུགས། བྱང་ཧོར་གྱི་སོ་མཚམས་བྱེ་མ་སྒང་རིང་ཉ་རྨང་མའི་རྒྱབ་འདྲ་བ་ལ་གཏུགས། ནུབ་སྟག་གཟིག་གི་སོ་མཚམས་སྤ་སྟག་ཤ་དུང་གི་སྒོ་མོ་ལ་གཏུགས། ལྷོ་ཕྱོགས་བྲམ་ཟེའི་ཡུལ་ལས་བརྒལ་བར་གཏུགས་སྟེ། འཛམ་གླིང་སུམ་གཉིས་ལས་ཆེས་ལྷག་པར་མངའ་མཛད་དོ། །ལྷ་ཐོ་ཐོ་རི་ནས་རྒྱལ་པོ་འདིའི་བར་ལ་སྐྱིད་པའི་གདུང་རབས་ཕྱེད་དང་བཅུ་གསུམ་ཞེས་མུ་ནེ་བཙན་པོ་ཡུན་ཐུང་བས་ཕྱེད་དུ་བྱས། མང་སྲོང་མ་བགྲངས་པར་དེ་ལྟར་གྲགས་ལ། མེས་ཨག་ཚོམས་ནས་འདིའི་བར་ལ་ཤིན་ཏུ་སྐྱིད་པའི་གདུང་རབས་ལྔ་ཞེས་སྔ་རབས་གྲགས་སོ། །ལོ་ཙཱ་བ་ཀ་ཅོག་ཞང་གསུམ་ཡང་འུ་ཤང་རྡོ་ཚར་བའི་སྐབས་དེ་ཤེད་དུ་མྱ་ངན་ལས་འདས་ནས་མཆོད་རྟེན་ཧས་པོ་རིའི་སྐོར་དུ་བརྩིགས་སོ། །དེ་ལྟར་ཆོས་རྒྱལ་འགྲོ་ཀུན་གཉེན་གཅིག་རྣམས། །གཞན་གྱི་དོན་ལ་རྟག་དུ་བརྩོན་པ་ནི། །བྱིས་རྣམས་རང་གི་དོན་ལ་བརྩོན་པ་ཡིས། །བྱེ་བའི་(ཇ༡༣༤ན)


PTT001_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་ཡང་བསྒྲུན་པར་མ་ནུས་སོ། །བླུན་ཞིང་ཤེས་ཞན་དུད་འགྲོའི་གནས་ལྟ་བུའི། །བོད་འབངས་རྣམས་ལ་ཆོས་ཀྱི་བློ་སྐྱེད་པ། །ངོ་མཚར་ནང་ན་ཤིན་ཏུ་རྨད་བྱུང་སྟེ། །རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་ཡིན་པར་གོ །ངན་འགྲོ་ལས་ལྡོག་མི་ཡི་སྐྱེ་བར་བཀོད། །ཐབས་ཀྱིས་བློ་སྦྱངས་ཡང་དག་ལམ་རབ་བསྟན། །ཆོས་རྒྱལ་བྱང་ཆུབ་སེམས་དཔའ་འདི་རྣམས་ཀྱི། །བཀའ་དྲིན་བདག་ཅག་བོད་མིས་ཇི་ལྟར་ཁོར། །བྱས་ཤེས་བྱས་གཟོ་བྱས་པའི་ནང་ན་དཀོན། །དམ་པ་རྣམས་ནི་ཕན་བཏགས་ལེན་མི་བཞེད། །བཀའ་དྲིན་དྲན་པའི་བོད་མི་ཡོད་སྲིད་ན། །དེ་དག་དགྱེས་པའི་དམ་པའི་ཆོས་ལ་འབུངས། །བར་སྐབས་ཀྱི་ཚིགས་བཅད་ཏོ། །དེ་ནས་བོད་ཡུལ་འགྲོ་བའི་བསོད་ནམས་ནི། །སོས་ཀའི་ཆབ་རོམ་བཞིན་དུ་ཞུ་ཞིང་གཏུགས། །བདུད་ཀྱི་བྲན་གྱུར་བློན་པོ་དུ་མ་བྱུང༌། །དགེ་བཅུའི་ཆོས་ཀྱི་ཁྲིམས་ཀྱིས་སྐྱོ་གྱུར་སྟེ། །ཆོས་ཁྲིམས་གཞིག་པར་ལྐོག་དུ་བགྲོས་ནས་ནི། །ལོག་པའི་ཐབས་དང་སྙན་ཕྲ་གསོལ་བ་ཡིས། །ལྷ་སྲས་གཙང་མ་སྤྱུགས་སྟེ་བཞུགས་མ་སྟེར། །བྲན་ཀ་དཔལ་ཡོན་ཉེས་མེད་སྐྱོན་ཕབ་བཀུམ། །རྒྱལ་པོའི་སྐུ་ལ་ནོངས་པ་བགྱིས་ནས་བཀྲོངས། །དོན་མཁར་མདའ་ཡི་གཡོན་ཕྱོགས་བང་སོ་བརྩིགས། །མིང་དུ་ཁྲི་སྟེང་རྨང་རེ་ལགས་སོ་སྐད། །དེ་ཡང་འབངས་ཀྱི་བུ་བྱིས་པ་སྤྲེའུའི་མགོ་འདྲ་བ་རྣ་བ་ལ་སྟག་རིས་ཡོད་པ་དབའས་རྒྱལ་ཏོ་ཞེས་པ་ཅིག་བྱུང་སྟེ་བྱིས་པ་མང་པོའི་ཁྲོད་ན་རྩེ་ཞིང་ཡོད་པའི་ཚེ་བློན་ཆེན་པོ་བྲན་ཀ་དཔལ་ཡོན་གྱིས་རྟ་ཞོན་སྟེ་ཕྱིན་པ་ན་བྱིས་པ་དེ་དག་རྩེ་པ་ལས་ཆར་བྱུང་བས་གཞན་ཐམས་ཅད་བྲོས། དེ་གོས་ཕུད་ནས་བྱེ་མའི་ཕུང་བོར་སྦས། གཅེར་བུར་ཆུ་ནང་དུ་ཞུགས། ཞིབ་མ་མགོ་ལ་བཀབ་སྟེ་བསྡད་པ་བློན་ཆེན་པོས་མཐོང་བས་མ་རུངས་པ་ཅིག་དུ་ཤེས་སྟེ་ནས་སུ་མ་སྨིན་པར་སྲུབས་སུ་བཅར་དགོས་པ་ཅིག་དེ་ན་འདུག་ཞེས་པ་ཁ་ནས་ཤོར་སྐད། ཕ་ཚད་སླེབས་པ་དང་དེ་སྐད་ངག་དུ་ཤོར་བ་བྱིས་པ་དེས་དྲན་(ཇ༡༣༤བ)


PTT001_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བལྟ་དགོས་སྙམ་ནས་ཕྱིར་ལོག་སྟེ་རྟ་ལྕག་བོར་བ་ལྟར་བྱས་ནས་མཐོང་ངམ་དྲིས་པས་དེ་ན་རེ། ཁྱེད་རང་སྲུབས་གཅོར་ཟེར་ཙ་ན་ལག་ན་འདུག་ཟེར་སྐད་དེ་ཐེ་རང་གི་སྤྲུལ་པ་ཡིན་པས་ཤེས་ནས་ཞེ་བཞག་བྱས། ཕྱིས་དེ་བློན་པོར་ཚུད་ནས་དཔའས་སྟག་རྣ་ཅན་དུ་གྲགས། ཆོས་ཁྲིམས་ཤིན་ཏུ་དམ་པས་བློན་པོ་སྡིག་ལ་དགའ་བ་རྣམས་སྐྱོ་སྟེ་རང་ཅག་འདི་ཙམ་དུ་གུ་དོག་པ་ཅིས་ལན་ཟེར་བ་ལ་འགའ་ཞིག་གིས་རབ་ཏུ་བྱུང་བ་ལ་སྡང་མིག་བལྟས་མཛུབ་མོ་ཀེར་སྟེ་འདི་རྣམས་ཀྱིས་ལན་ཟེར་བ་རྒྱལ་པོས་གསན་ནས་དཀོན་མཆོག་ལ་དེ་ལྟར་བྱེད་པ་མི་རིགས་ཀྱིས་དེའི་མིག་ཕྱུང་མཛུབ་མོ་ཆོད་ཅེས་བཀའ་བསྩལ་ཏོ། །དེ་ནས་ནང་བློན་གདུག་པ་ཅན་འགའས་ཆོས་ཁྲིམས་བཤིག་པར་བགྲོས་པ་ལ་རྒྱལ་པོ་མ་བཀྲོངས་ན་ཆོས་ཁྲིམས་གཞིག་པར་མི་ནུས་ཟེར། ལ་ལ་ན་རེ་རྒྱལ་པོ་བཀྲོངས་ཀྱང་ལྷ་སྲས་གཙང་མ་དང་བཙུན་མོ་ངང་ཚུལ་མ་དང་བན་ཆེན་པོ་རྣམས་ཡོད་པས་བཤིག་མི་ནུས་ཟེར། དེར་དབའས་སྟག་རྣ་ཅན་གྱིས་སྔོན་དུ་དེ་དག་མེད་པར་བྱས་ལ་དེ་ནས་རྒྱལ་པོ་བཀྲོང་ཟེར་ནས་མོ་མ་ཕྱྭ་མཁན་རྣམས་ལ་རྔན་པ་བྱིན་སྟེ་ལྷ་སྲས་གཙང་མ་འདིར་བཞུགས་ན་རྒྱལ་ཁྲིམས་འཇིག་པས་སྤྱུག་དགོས་ཟེར་དུ་བཅུག་དེ་ཀུན་དུ་གྲགས་པའི་ཚེ་རྒྱལ་པོའི་སྙན་དུ་གསོལ་ནས་མོན་ཡུལ་དུ་སྤྱུག་པར་བྱས། དགེ་འདུན་ལོ་པཎ་རྣམས་ཀྱིས་གཙང་པོའི་ཆབ་ཁ་བར་བསྐྱལ་བས། རྒྱལ་བློན་ཐམས་ཅད་བཀའ་ཡིས་བགྲོས་པ་ལགས། །བདག་ལ་སྡོད་པའི་དབང་མེད་ས་མཐར་འགྲོ། །ཉེས་པ་མེད་པར་སྐྲོད་ལ་ཐབས་ཅི་ཡོད། །དགེ་འདུན་ཐུགས་བདེ་འདི་ནས་ལྡོག་པར་ཞུ། །སེམས་ཐག་ཆད་ཟིན་གྲུ་ཡི་ཉག་ཐག་ཐོང༌། །གསུང་ལྷོ་བྲག་ཁོ་ཐིང་གི་བར་དུ་བྱོན། །དེར་སྣ་ནམ་བཟའ་མང་རྗེས་དུག་གིས་བཀྲོངས་སྐད། དེ་ནས་བཙུན་མོ་ངང་ཚུལ་མ་དང་བྲན་ཀ་དཔལ་ཡོན་མཛའ་འོ་ཞེས་སྙན་ཕྲ་གསོལ་བས་ཁྲིམས་ལ་སྦྱོར་ཞིག་ཞེས་གསུང་བ་ན་བཙུན་མོ་ངང་ཚུལ་མ་ཤིན་ཏུ་སྡུག་བསྔལ་སྟེ་རང་ལྕེབས་ནས་ཤི། བློན་ཆེན་པོ་བྲན་ཀ་དཔལ་ཡོན་གྱིས་ཁོ་རང་བསད་ན་རྒྱལ་པོ་ཡང་དགྲོངས་ཀྱིས་དྭོགས་སྟེ་བྱང་དུ་བྲོས་ནས་ས་འོག་དུ་ལྕགས་ཀྱི་སྲོག་པ་རྩ་བསྒྲུབས། (ཇ༡༣༥ན)


PTT001_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་བོར་སོར་བཞི་མ་གཏོགས་གྲུབ་པའི་ཚེ་དམུས་སྟེ་ལོང་བ་ཞིག་ལོང་ཁྲིད་དང་བཅས་པ་ས་ཕྱོགས་དེར་སླེབས་ནས་ལོང་བས་ཡུལ་འདི་གང་ཡིན་དྲིས་པས་ལོང་ཁྲིད་ཀྱིས་ལུང་སྟོང་ཡིན་ཞེས་སྨྲས་པས་འོ་ན་དུ་བའི་དྲི་བསྣམ་པས་མི་ཡོད་པར་ངེས་ཀྱིས་ཚོལ་ཟེར་ནས་ལོང་བས་ས་ལ་མནམས་ནས་འདི་ན་འདུག་ཟེར་བ་བལྟས་པས་སེར་ག་ལ་དུ་བ་བྱུང་བའི་རྗེས་མཐོང༌། ལོང་བས་དྲི་ལ་བརྟགས་པས་སྒོ་བརྙེད་ནས་ཟས་སྐོམ་སློང༌། མི་སྨྲ་བའི་རྔན་པར་གོས་རེ་བྱིན་པས་ལོང་བའི་གོས་རྩུབ་པར་ཤེས་ནས་ཁོས་སྨྲས་སྟེ་དབའས་སྟག་རྣ་ཅན་ལ་སོགས་པས་བློན་ཆེན་པོ་བཟུང་ནས་མཚོན་ཅི་བཏབ་ཀྱང་མ་ཕེད། ཤིན་ཏུ་སྡུག་ཡུན་རིང་བ་ན་སྐྱོ་སྟེ་སྤྱི་བོ་ན་སོར་བཞི་མ་གྲུབ་པར་ཡོད་པས་དེར་ཁབ་ཚུགས་ལ་སོང་ཞེས་ཁོང་རང་གིས་སྨྲས་པ་ལྟར་བྱས་པས་ལྟག་པ་སྒུར་གྱིས་སོང་སྟེ་ཤི། པགས་པ་བླུད་བུར་བཤུས་སྟེ་གསོབ་ཏུ་བརྒྱངས། ཉེ་དུ་རྣམས་ཀྱིས་རོ་ལྷག་མ་བསྡུས་སྟེ་ཡེར་པར་བསྲེགས་པས་དུ་བའི་ནང་ནས་འོད་དཀར་པོ་རྫ་མ་ཙམ་ཞིག་ན་མཁའ་ལ་རྗེ་མཐོ་རྗེ་མཐོར་སོང་བས་ཁོང་རང་གི་སྲིང་མོ་ཞིག་གིས་ངུས་ཤིང་བོས་སྟེ་བློན་ཆེན་པོ་ཁྱེད་གར་འབྱོན། དགྲས་ཉེས་མེད་དུ་བསད་པ་ལ་ལན་མི་འཇལ་ལམ་ཞེས་བོས། འོད་དེ་ཇེ་དམར་བབས་པ་དང་རླུང་དམར་ཆེན་པོ་ཞིག་དུ་གྱུར་སྟེ་ས་རྡོ་རི་བྲག་ལྡེག་པ་ཙམ་དུ་བྱུང་སྟེ་དེ་མ་ཐག་ལས་ཀྱི་གནོད་སྦྱིན་ཆེན་པོ་འཇིགས་སུ་རུང་བར་སྐྱེས་སྟེ་ཕྱིས་ཇོ་བོ་རྗེས་བཏུལ་ནས་ཡེར་པ་རྫི་ཁང་གི་སྲུང་མ་བྱེད་ཅིང་གསོབ་ཀྱང་སྙེ་ཐང་རྒྱ་རིང་ན་འཕྱམས་སྐུར་ཡོད་ཅིང་ཡུལ་ལྷ་བྱེད་དོ། །དེ་ནས་མངའ་བདག་ཁྲི་རལ་པ་ཅན་དགུང་ལོ་སོ་དྲུག་བཞེས་པའི་ལྕགས་མོ་བྱའི་ལོ་ལ་མལ་གྲོ་ཞམ་པའི་ཕོ་བྲང་ན་རྒུན་ཆང་མྱོས་པར་བཞེས་སྟེ་གསེར་ཁྲི་ལ་གཟིམས་པ་ལ་དབའས་སྟག་རྣ་ཅན་དང༌། ཅོག་རོ་ལྷ་ལོད་དང༌། ལེགས་སྡུག་བཙན་སྟེ་སྡིག་བློན་གསུམ་གྱིས་དབུ་ལྟག་དུ་བསྐོར་ནས་བཀྲོངས་སོ། །ཀྱེ་མ་སྲིད་པ་འདི་ན་ཅི་ཡང་སྣང༌། །འགྲོ་ཀུན་སྐྱོབ་པའི་ཕ་དང་སྐྱོང་བའི་མ། །སྣང་བྱེད་ཉི་མ་བརྟེན་པའི་ས་གཞི་བཞིན། །ཡིད་བཞིན་ནོར་ལས་སྲིད་པར་འབྱུང་དཀའ་བའི། །(ཇ༡༣༥བ)


PTT001_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྒྱལ་ཡོན་ཏན་ཀུན་ཚང་དེ་དག་ནི། །རང་སྲོག་ལན་སྟོང་བཏང་ནས་བསྟེན་འོས་ལ། །ཐུགས་སུ་བྱོན་པའི་ནང་འཁོར་པར་བྱས་པས། །མི་རིགས་གནོད་བྱེད་འདི་འདྲའི་དུས་ཀྱང་བྱུང༌། །བོད་འབངས་བདེ་སྐྱིད་ཐམས་ཅད་ཅིག་ཅར་བཤིག །སྤྲུལ་པའི་ཆོས་རྒྱལ་ཐོས་པའི་ལམ་དུ་བསྐྱལ། །བྱམས་པས་བསྐྱངས་པའི་དྲིན་ལན་ལོག་པར་གཞལ། །དེ་དག་མངོན་སུམ་མནར་མེད་ཅིས་མ་སོང༌། །ད་ལྟའི་སྐྱེ་བོའང་མི་ལྟུང་འཛིན་པའི་ཕྱིར། །ས་འདི་དཔྱོད་པ་མེད་པར་ད་གཟོད་གོ །དེ་ལྟའི་དུས་ཀྱང་ཡལ་བར་འདོར་བའི་ཕྱིར། །འཇིག་རྟེན་སྐྱོང་རྣམས་གཏམ་དུ་གྲགས་པར་ཟད། །སྡིག་བློན་དེ་དག་མཆིལ་མས་མི་འདེབས་པ། །བོད་འབངས་སྐྱེ་བོས་བླུན་པོའི་རྣམ་ཐར་བསྟན། །འཇིག་རྟེན་ལྷ་ལ་སྐྱོབ་པའི་ནུས་མེད་ཅེས། །སྐུ་ལྷ་རྣམས་ཀྱིས་རང་མཚང་བསྒྲགས་པ་སྙམ། །བཟོད་པར་དཀའ་བའི་ཡུལ་དུས་དེ་མཐོང་བའི། །དཔྱོད་ལྡན་རྣམས་ཀྱི་གནས་སྐབས་ཅི་ཞིག་འདྲ། །འོན་ཀྱང་ལེགས་པར་བརྟགས་ན་རང་རང་གི །མ་དག་པ་ཡི་ལས་སྣང་མཐོང་བར་ཟད། །ས་ཐོབ་ཙམ་ཡང་འཇིགས་པ་ལྔ་མེད་ན། །ཕྱག་ན་རྡོ་རྗེ་སུ་ཡིས་དགྲོང་བར་ནུས། །སྐྱེ་འཆི་བྲལ་ཡང་སྐྱེ་འཆི་ལྟར་སྟོན་པ། །རྒྱལ་སྲས་རྣམས་ཀྱི་ངོ་མཚར་སླར་ཡང་རྨད། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ནས་བོད་འབངས་ཡོངས་ཀྱི་བསོད་ནམས་ནི། །སྣུམ་ཟད་མར་མེ་ལྟ་བུར་ཡལ་ལ་ཐུག །རྗེ་ཡི་མངའ་ཐང་དགུན་ཁའི་ཆུ་བཞིན་བྲི། །རྒྱལ་ཁྲིམས་སོག་རུལ་ཕོན་ཐག་བཞིན་དུ་ཞིག །ཆབ་སྲིད་ཕན་བདེ་ནམ་མཁའི་འཇའ་བཞིན་ཡལ། །ནག་ཕྱོགས་སྤྱོད་པ་དཔྱིད་ཀྱི་རླུང་བཞིན་ལངས། །བཟང་བྱེད་བསམ་པ་རྨི་ལམ་བཞིན་དུ་བརྗེད། །ལོ་པཎ་མཆོད་གནས་རྣམས་ལ་ཞབས་ཏོག་(ཇ༡༣༦ན)


PTT001_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །དམ་ཆོས་མང་ཞིག་བསྒྱུར་བའི་འཕྲོ་ལ་ལུས། །ལོ་པཎ་ཕལ་ཆེར་རང་རང་ཡུལ་དུ་བཞུད། །བློན་འབངས་དད་པ་ཅན་རྣམས་ཤུགས་རིང་འབྱིན། །དར་མ་ཨུ་དུམ་བཙན་ལ་རྒྱལ་སྲིད་གཏད། །ལོ་གཉིས་འདས་ནས་ཐུགས་སུ་གདོན་གསོལ་སྟེ། །སངས་རྒྱས་བསྟན་པ་མ་ལུས་འཇིག་པར་བརྩམས། །ཇོ་བོ་རྣམ་གཉིས་བྱམས་པ་ཆོས་འཁོར་བཅས། །ཆུ་བོར་འདོར་བརྩམས་བློན་པོས་ཐབས་ཀྱིས་སྦས། །ར་སའི་སྒོ་སྲུང་ཕྱག་རྡོར་གཞིག་པའི་ཕྱིར། །མགུལ་ལ་ཐག་པ་བཏགས་པས་འདོགས་མཁན་དེ། །ཁྲག་བསྐྱུགས་གུམ་པས་སྐྲག་སྟེ་འཇིག་འཕྲོ་བཅད། །ར་ས་འཇིག་པ་ལན་རེ་བསྐྱབས་པའི་ཕྱིར། །སྒོ་སྲུང་འདི་གཉིས་བྱིན་རླབས་ལྷག་པར་ཆེ། །བསམ་ཡས་གཞིག་ཕྱིར་མཆོད་རྟེན་ཆུང་ངུ་ཞིག །བཤིག་པའི་མོད་ལ་ཐོག་བབ་འཇིག་མཁན་ཤི། །སྐྲག་སྟེ་ལྷག་མ་མ་བཤིག་ལུས་པར་གྱུར། །ར་ས་བསམ་ཡས་ཝ་ཚང་སྤྱང་ཚང་བཅས། །སྐུ་གསུང་ཐུགས་རྟེན་ལྷ་ཁང་མང་དུ་བཤིག །གསུང་རབ་ཕལ་ཆེར་མེར་བསྲེགས་ཆུ་ལ་བསྐུར། །ཆོས་པ་རབ་བསད་འབྲིང་སྤྱུགས་ཐ་མ་བཀོལ། །བཙུན་པ་རྔ་གཤང་བསྐུར་ནས་ལིངས་ལ་གཏོང༌། །ལ་ལ་རྟ་ཡི་ཞོན་སྟེགས་འབབ་སྟེགས་བྱེད། །དེ་ཚེ་དཀར་ཕྱོགས་སྲུང་མ་ཀུན་ཁྲོས་སྟེ། །བོད་རྒྱའི་མཚམས་སུ་བོད་ཀྱི་བླ་རི་འགྱེལ། །ཀླུ་ཆུ་ཞག་གསུམ་བར་འཁྱིལ་ཆུ་ནང་ནས། །འོད་དང་སྒྲ་བྱུང་ཐོགས་བབ་ས་ཡང་གཡོས། །ཕྱོགས་ཚིག་སྐར་མདའ་སྣ་ཚོགས་འཁྲུག་ཅིང་ལྷུང༌། །རྒྱལ་ཁྲིམས་འཇིག་པའི་ལྟས་ངན་སྣ་ཚོགས་བྱུང༌། །དེ་ཚེ་སྣུབས་བན་སངས་རྒྱས་ཡེ་ཤེས་ཀྱི། །སྔགས་ཀྱི་ནུས་པས་རྒྱལ་པོ་སྐྲག་པར་བྱས། །དགེ་སློང་བྱང་ཆུབ་སེམས་(ཇ༡༣༦བ)


PTT001_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་རྩེ་གཅིག་དུ། །སྒྲུབ་པ་མཛད་པ་ལྷ་ལུང་དཔལ་རྡོར་གྱིས། །སྙིང་རྗེ་ཆེན་པོས་བྱང་ཆུབ་ཐུགས་བསྐྱེད་དེ། །རྒྱལ་པོ་ངན་འགྲོའི་གནས་ལས་ལྡོག་ཕྱིར་དང༌། །དམ་ཆོས་ལྷག་མ་གནས་པར་བྱ་བའི་ཕྱིར། །བདུད་ཀྱི་ཆས་ཞུགས་རྒྱལ་པོ་མཚོན་གྱིས་བཀུམ། །ལྷ་ཡི་ཆས་ཞུགས་བྲོས་པས་མ་ཟིན་སྟེ། །ཐ་དད་མཐོང་སྣང་སྤྲུལ་པ་རེ་རེ་བྱུང༌། །རྒྱལ་པོ་བསྒྲལ་ནས་མདོ་ཁམས་ཡུལ་དུ་བྱོན། །སྨར་གཡོ་གཙང་གསུམ་མདོ་ཁམས་སྨད་དུ་བྲོས། །དར་མའི་བང་སོ་འཕྲུལ་དང་རྒྱལ་ཆེན་བར། །བང་རིམ་འཁོར་ལོ་ཅན་བརྩིགས་རྩིག་འཕྲོར་ལུས། །རྒྱལ་པོ་འདི་ལ་སྨད་ཀྱིས་སྟེངས་ཅེས་ཟེར། །ཕྱི་ལོ་གདུང་བརྒྱུད་ཡུམ་བརྟན་འོད་སྲུང་བྱུང༌། །སྟག་རྣ་ཅན་ལ་སོགས་པའི་སྡིག་བློན་རྣམས། །དཀོན་མཆོག་བཀའ་ཆད་མི་འཚམ་དུ་མས་བརླག །དམ་ཆོས་བསྣུབས་པས་ལན་པར་ཁ་འཆམ་ནས། །ཇོ་བོ་མཆེད་དང་བྱམས་མགོན་ལ་སོགས་པ། །རང་རང་ཁྲིར་བཞུགས་ལྷ་ཁང་ཞིག་པ་བསོས། །བསྟན་པ་མེད་ཀྱང་མཆོད་པ་ཙམ་ཞིག་དར། །དགྲ་བཅོམ་གཙུག་ཕུད་ཅན་གྱི་ཆོས་ལུགས་དང༌། །སྔགས་ལ་སྒྲུབ་གཞུང་བོན་དུ་གྱེར་པ་བྱུང༌། །དཀའ་བས་བསྒྲུབས་པའི་དམ་ཆོས་བསྣུབས་པ་ལས། །རྗེ་འབངས་ཀུན་ལ་དཀོན་མཆོག་དབུ་ཡོགས་བྱུང༌། །ཡུམ་བརྟན་འོད་སྲུང་མངའ་རིས་གཉིས་སུ་ཆད། །དབུ་གཡོར་གཉིས་སོགས་བོད་ཡུལ་ཀུན་ན་རྩོད། །མཐའ་ཡི་སོ་ཤོར་འདུན་ས་ཆེ་ཆུང་ཞིག །རྒྱལ་ཁྲིམས་ཆག་ཞིང་ཆོས་ཁྲིམས་དར་མདུད་གྲོལ། །མི་ཀུན་རྟག་དུ་ཁྲལ་དང་འུ་ལག་རྩི། །གཙོ་བོ་ཐམས་ཅད་སྒྲིབ་ཤིང་མནའ་ལ་ཟ། །དེ་ཡི་ཆད་པས་ཕ་ཚན་སྡེར་བཅས་བརླག །སད་སེར་ཡམས་ནད་མུ་གེས་རྟག་དུ་མནར། །གསེར་ཁུང་ལ་སོགས་རིན་ཆེན་འབྱུང་(ཇ༡༣༧ན)


PTT001_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཁུངས་ནུབ། །དེ་ནས་བྲན་ཀ་དཔལ་ཡོན་སྨོད་པའི་མཐུས། །འབངས་རྣམས་ཀུན་གྱིས་རྗེ་ལ་ཁེང་ལོག་བྱས། །འོད་སྲུང་བང་སོ་འཕྲུལ་རྒྱལ་རྒྱབ་ན་ཡོད། །མིང་དུ་སྐྱེ་འུ་ལྷ་རྟེན་ལགས་སོ་སྐད། །དེ་ཕྱིན་བཙན་པོའི་བང་སོ་རྩིག་པ་ནུབ། །རྗེ་ཁེང་ཁྱད་མེད་བོད་ཁམས་སིལ་བུར་སོང༌། །བང་སོ་རྣམས་ཀྱང་བགོས་སྟེ་ཕལ་ཆེར་བྲུས། །རྗེ་ཡི་མགུར་ལྷ་རྣམས་ཀྱི་གཡར་ངོ་ལས། །རྗེ་ཚན་རྣམ་དགུ་རྗེ་ལྷུས་བཅུ་རུ་ཆགས། །དེ་ཡང་ཁྲི་རལ་འཁྲུངས་པ་ལས་ལོ་གསུམ་གྱིས་སྔ་བའི་ཆུ་མོ་ལུག་ལ་ཁྲི་དར་མ་ཨུ་དུམ་བཙན་འཁྲུངས། བ་ལང་གི་ཤ་ཚུགས་འདྲ་ཞིང་མཁྱེན་པ་ཆུང་ལ་རྒྱུད་གྱོང་བས་འབངས་རྣམས་ཀྱིས་གླང་དར་མར་བཏགས། སོ་དགུ་པ་ལྕགས་བྱ་ལ་རྒྱལ་སར་བཏོན། བཙུན་མོ་ཆེ་ཆུང་གཉིས་ཁབ་ཏུ་བཞེས། བློན་པོ་དབའས་སྟག་རྣ་ཅན་གྱིས་བྱས། དེའི་ཚེ་པཎྜི་ཏ་དཱ་ན་ཤཱི་ལས་ར་ས་དམེར་རུར་མཚམས་བཅད་ནས། ཛམྦྷ་ལ་བསྒྲུབས་པས་ཡུན་རིང་དུ་མ་གྲུབ་པས་པཎྜིཏ་ཁྲོས་ནས་ལྕགས་ཀྱི་རྡོ་རྗེ་ཡིན་ཡང་ཟེར་གསེག་ཤང་གི་བཤམ་ཡིན་ཡང་ཟེར་སྟེ་ཛམྦྷ་ལའི་འཇིམ་གཟུགས་ཀྱི་ལྟོ་བར་བསྣུན་པས་གསེར་དངུལ་གྱི་འོད་པ་ཆེན་པོ་བྱུང་སྟེ་དེས་རྒྱུ་བྱས་ནས་ཁཱརྶ་པཱ་ཎ་དང༌། གསེར་གྱི་ཉི་ཁྲི། དངུལ་བྱ་ཁུན་བུ་ཅན་ལ་སོགས་པ་མང་དུ་བཞེངས། དེའི་ཉེ་གནས་ཁ་ཆེ་ཨུཏྤ་ལས་གསེར་དངུལ་བྱམས་པ་མཆེད་བཞི་བཞེངས། དེའི་ཚེ་སད་སེར་དང་ཡམས་ནད་བྱུང་བས་ཆོས་བྱེད་པ་བཀྲ་མི་ཤིས་སོ་ཞེས་དེ་ལ་བསྙད་བཏགས་ནས་སངས་རྒྱས་ཀྱི་བསྟན་པ་བསྣུབས། ལྷ་ས་གཞིག་པའི་ཕྱིར་མར་མེ་མཛད་ཀྱི་སྒོ་སྲུང་ཕྱག་རྡོར་གྱི་མགུལ་ལ་ཐག་པ་བཏགས་པས་དེ་མ་ཐག་འདོགས་མཁན་ཁྲག་བསྐྱུགས་ནས་དེ་ཀར་ཤི་བས་འཇིག་མ་ནུས། དེས་ན་རྨེ་བརྩེགས་དང་འདི་གཉིས་ཀྱིས་ལྷ་ས་འཇིག་ཐེབས་རེ་བསྐྱབས་པས་བྱིན་རླབས་ལྷག་པར་ཆེའོ། །ཇོ་བོ་རྣམ་གཉིས་དང་བྱམས་པ་ཆོས་འཁོར་ཆུ་ལ་སྐྱུར་ཟེར་བ་ལ་བློན་པོ་ཆོས་ལ་དགའ་བ་འགས་བསྐྱུར་ཟིན་པ་སྐད་དུ་ཐབས་བྱས་ནས་སོ་སོའི་ཁྲི་འོག་དུ་སྦས། གཙང་ཁང་གི་སྒོ་བརྩིགས་ནས་བཙུན་པ་ཆང་འཐུང་བའི་རི་མོ་བྲིས་སྟེ་བཞག །བསམ་(ཇ༡༣༧བ)


PTT001_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་གཞིག་པར་བསྒོས་ནས་མཆོད་རྟེན་འོད་འབར་ཡིན་ཡང་ཟེར། ཁམས་གསུམ་དང་དབུ་རྩེའི་བར་ན་མཆོད་རྟེན་ནག་པོ་ཆུང་ངུ་ཞིག་ཡོད་ཀྱང་ཟེར་སྟེ་དེ་བཞིག་པས་ཐོག་བབ་ནས་བཤིག་མཁན་རྣམས་ཤི་བས་འཇིག་འཕྲོ་བཅད། ལྷ་ས་བསམ་ཡས་གཉིས་ཀར་དང་པོར་བཤས་ཁང་བྱས། ཕྱིས་ཝ་ཚང་དང་སྤྱང་ཚང་བཅས། གཞན་ལྷ་ཁང་མང་དུ་བཤིག་གསུང་རབ་གང་རྙེད་མེར་བསྲེགས་ལ་ལ་ཆུར་བསྐྱུར། ལ་ལ་སའི་འོག་དུ་སྦས། པཎྜི་ཏ་བྲོས་མ་ཐར་བ་ལ་ལ་མོན་དུ་བཙོངས། རྨ་རིན་ཆེན་མཆོག་དང་མྱང་ཏིང་འཛིན་བཟང་པོ་སོགས་སྐྱེས་བུ་དམ་པ་མང་དུ་བཀྲོངས། རབ་ཏུ་བྱུང་བ་ཕལ་ཆེར་ས་མཐར་བྲོས་ཅིང་མ་ཐར་བ་རྣམས་ཁྱིམ་པར་ཕབ། མ་ཉན་པ་བསད། ལ་ལ་ཁྲིད་ནས་རྒྱལ་བློན་རྣམས་ཀྱི་རྟ་འབབས་འཛེག་གི་ཚེ་སྒུར་དུ་བཅུག་ནས་སྟེགས་བྱེད། ལ་ལ་རྔ་གཤང་བསྐུར་སྟེ་རྔོན་པ་ལ་གཏོང་སྐད། དེའི་ཚེ་ལྷ་སྲིན་ཐམས་ཅད་འཁྲུགས་ནས་རྒྱལ་ཁྲིམས་འཇིག་པའི་ལྟས་ངན་སྣ་ཚོགས་པ་བྱུང་སྟེ། ས་ཆེར་གཡོས། ཕྱོགས་ཚིག་སྟེ་ན་མཁའ་ཁྲག་མདོག་དུ་གྱུར། སྐར་མདའ་འཁྲུག་བོད་རྒྱའི་མཚམས་སི་ཧ་ཅི་འུ་ལ་ཐང་དཀྱིལ་ན་བོད་དབང་རི་བརྩིགས་ཡོད་པ་འགྱེལ་བས་ཀླུ་ཆུ་ཞག་གསུམ་འགགས་སྟེ་བསྐྱེལ་ནས་གྱེན་ཏུ་ལོག་ཆུ་ནང་ནས་འོད་དང་སྒྲ་ཆེན་པོ་དང་ཐོགས་འབབ་པ་བྱུང༌། དེའི་ཚེ་ལྷ་ལུང་དཔལ་གྱི་རྡོ་རྗེ་ཡེར་པ་བྲག་ལྷར་རྩེ་གཅིག་དུ་སྒོམ་པའི་ཚེ་འོད་དང་སྒྲ་དང་ས་གཡོས་མང་པོས་ཐེ་ཚོམ་དུ་གྱུར་སྟེ་ཕྱིར་གཟིགས་པས་བཙུན་པ་རྔ་གཤང་ཐོགས་སྟེ་ཁྱི་ཁྲིད་ནས་ལིངས་བྱེད་པ་མཐོང་བས་རྒྱལ་པོས་བསྟན་པ་བསྣུབས་པར་ཤེས་སྟེ་སྙིང་རྗེ་ཁྱད་པར་ཅན་སྐྱེས། དཔལ་མགོན་པོ་དང་མ་གཅིག་དཔལ་ལྷ་དང་གྲིབ་ཀྱི་རྫོང་བཙན་གསུམ་གྱིས་སངས་རྒྱས་ཀྱི་བསྟན་པ་སྲུང་བའི་ཕྱིར་རྒྱལ་པོ་སྡིག་ཅན་དགྲོལ་ཞིག་བདག་ཅག་གིས་གྲོགས་བྱའོ་ཞེས་ཡང་ཡང་དུ་བསྐུལ། ཕོད་ཀ་དང་ཞྭ་ནང་དཀར་ལ་ཕྱི་ནག་པོ་གྱོན། ཕུ་ཐུང་དུ་ལྕགས་མདའ་ལྕགས་གཞུ་བཅུག་རྟ་དཀར་སོལ་བ་བྱུགས་པ་ལ་ཞོན་ནས་ཕྱིན། དེའི་ཚེ་བློན་འབངས་ཆོས་ལ་དགའ་བ་ཐམས་ཅད་འདུས་(ཇ༡༣༨ན)


PTT001_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ངུ་འབོད་དང་མྱ་ངན་བྱས། རྒྱལ་པོ་ཆེན་པོ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་འདི་ལྟ་བུ་མཛད་པར་མི་རིགས། ཡབ་མེས་ཐམས་ཅད་ཀྱི་ཡིག་ཚངས་དང་དཀོར་མཛོད་ཀྱི་སྒྲོམ་བུ་རྡོ་རིང་གི་ཡི་གེ་ཐམས་ཅད་གཟིགས་ཅིག་ཞེས་མགྲིན་གཅིག་ངུ་འབོད་ཆེན་པོ་བྱས། རྒྱལ་པོ་ནུབ་ཕྱོགས་གླ་བའི་ཚལ་ན་མིག་མང་རྩེ་ཞིང་ཡོད་པ་འབངས་རྣམས་ཀྱི་ངུ་འབོད་ཐོས་པ་སེམས་མ་བདེ་སྟེ་རྡོ་རིང་གི་ཡི་གེ་ཀློག་གིན་ཡོད་པས་མཐོང་སྟེ་མགོན་པོ་ནག་པོ་བྱུང་ཟེར་སྐད། དེར་རྟ་བབ་རྒྱལ་པོ་རྡོ་རིང་གི་རུས་སྦལ་ལ་སྒུ་སྟེགས་སུ་འདུག་པ་ལ་ཕྱག་བྱེད་པ་ལྟར་བཅོས་སྟེ་ཕྱག་དང་པོ་ལ་ཕུ་ཐུང་གི་ནང་དུ་མཐེབ་ལྟོང་སྤྲད་གཉིས་པ་ལ་མདའ་བཀང༌། གསུམ་པ་ལ་འཕངས་པས་སྨིན་མཚམས་སུ་ཕོག་སྟེ་མདེའུ་ལྟག་པར་ཕྱུང༌། ཡང་ན་ལོ་གསུམ་གྱིས་སྔས་ཡང་ན་ལོ་གསུམ་གྱིས་འཕྱིས་ཅེས་པ་ཁ་ནས་ཤོར་སྟེ་ཕྱག་གཉིས་མདའ་ལ་འཇུས་ནས་གྲོངས། དེར་རྟ་ལ་བཞོན་སྟེ་ང་བདུད་ཡབ་བཞེར་ནག་པོ་བྱ་བ་ཡིན། རྒྱལ་པོ་སྡིག་ཅན་གསོད་ན་དེ་ལྟར་གསོད་པ་ཡིན་ཟེར་ན་བྲོས། བློན་པོ་ཐམས་ཅད་ཀྱིས་རྗེས་བསྙེགས་པས་མི་ནག་མཚོ་ལ་རྟ་གཤན། བེར་དང་ཞྭ་ཕྱི་ནང་ཟློག་སྟེ་ང་ལྷ་གནམ་ཐེ་དཀར་པོ་བྱ་བ་ཡིན་ཟེར་ནས་བྲོས་པས་མི་མ་ཡིན་པར་དྭོགས་ནས་འདེད་མི་རྣམས་འཚོམས། འོན་ཡང་རྒྱང་དེ་ནས་དེད་པས་ཕྱོགས་བཞི་ཀར་འདེད་རྒྱུ་རེ་བྱུང་སྟེ་ཤར་ལ་འདེད་མི་རྣམས་དགའ་མོ་གདུང་ནས་ས་སྲོས་སྟེ་ཟིན་ལ་ཁད་ཙམ་ན་ཤོར་ཟེར་སྐད། ལྷོ་པ་རྣམས་གྲིབ་ཆུ་འགྲམ། ནུབ་པ་རྣམས་ཤུན་གྱི་འཕྲང༌། བྱང་པ་རྣམས་མོང་མཁར་གདོང་ནས་ས་སྲོས་སྟེ་ཤོར་ཟེར་སྐད། དེར་གྲོས་བགྲོས་པས་འདི་རྫུ་འཕྲུལ་དང་ལྡན་པར་འདུག་པས་ཡེར་པའི་ལྷ་ལུང་དཔལ་རྡོར་ཡིན་ངེས་ཟེར་ནས་བལྟ་བར་བྱས། ལྷ་ལུང་དཔལ་རྡོར་གྱིས་ཀྱང་ཡེར་པར་ལོག་སྟེ་སྒྲུབ་ཁང་དུ་ཕུག་རོན་གྱི་རྐང་པ་ནས་བཟུང་སྟེ་འཕུར་སྟངས་བྱེད་བཅུག་པས་རྡུལ་ཕབ། མུག་མ་སྤར་གང་གཏོར་སྟེ་འགྲོ་འོང་གི་རྗེས་མེད་པར་བྱས་ནས་བཞུགས་པས་ལྟ་མཁན་རྣམས་འདི་ལ་མིས་ཕར་ཚུར་དུ་མ་ཕྱིན་པར་འདུག་ཟེར་ནས་ལོག །མི་རིག་པ་ཅན་(ཇ༡༣༨བ)


PTT001_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ནང་དུ་གོ་ལེ་བྱུང་ནས་ཁོང་གི་སྙིང་གར་ལག་པ་བཞག་པས་སྐྲག་སྟེ་སྙིང་འཕར་བ་ཤེས་ནས་ནག་ཅན་གྱི་མི་འདི་ན་འདུག་སྟེ་སྤྱིའི་ཐ་པ་ལ་སྒོས་ཀྱི་གཤོལ་མི་གཅོག་ཟེར་ནས་སོང་བས་སྐྲག་སྟེ་མདོ་ཁམས་སུ་བྲོས་ནས་སྒོམ་ཞིང་བཞུགས་སོ། །ཡིག་ཚངས་རྙིང་པ་ཁ་ཅིག་ལས་རྒྱལ་པོས་ད་ནི་ཆོས་ཐམས་ཅད་ངས་བསྣུབས་སོ་ཞེས་ང་རྒྱལ་དུ་མུ་ཅོར་སྨྲས་པས་བཙུན་མོ་ཆེན་མ་ན་རེ་ད་དུང་གཙང་རོང་སྣུབས་ཡུལ་ན་སྣུབས་སངས་རྒྱས་ཡེ་ཤེས་བྱ་བའི་སྔགས་པ་ནུས་པ་ཅན་འཁོར་ལྔ་བརྒྱ་དང་བཅས་པ་དང༌། ཡེར་པའི་བྲག་ཁུང་ན་ལྷ་ལུང་དཔལ་གྱི་རྡོ་རྗེ་ཞེས་བྱ་བའི་སྒྲུབ་པ་པོ་དངོས་གྲུབ་ཐོབ་པ་ཡོད་སྟེ་རྒྱལ་པོས་སྔར་བསད་སྤྱུགས་ཕབ་པ་ཐམས་ཅད་ལས་དེ་གཉིས་ལྷག་གོ་ཞེས་སྨྲས་པས་ཁྲོས་སྟེ་གཉི་ག་ལ་ཕོ་ཉ་བཏང་སྟེ་བཀུག་པས་སྣུབས་སངས་རྒྱས་ཡེ་ཤེས་བྱ་བ་ལ་ཁྱོད་སུ་ཡིན་ལས་སུ་ཅི་བྱེད་པ་ཡིན་དྲིས་པས། ང་དཀོན་མཆོག་སྔགས་པ་བྱ་བ་ལས་སུ་སངས་རྒྱས་ཀྱི་བསྟན་པ་སྲུང་བ་ཡིན་བྱས་པས། འོ་ན་བསྟན་པ་ངས་བཤིག་ཟིན་གྱིས་ཁྱོད་ལ་ད་ནུས་པ་ཅི་ཡོད་ཟེར་བས་ངས་སྔགས་ཙམ་བཟླས་པའི་ནུས་པ་འདི་ལ་གཟིགས་ཅིག་ཞེས་སྡིགས་མཛུབ་གནམ་དུ་འཕྱར་བས་སྡིགས་མཛུབ་ཀྱི་སྟེང་ན་ལྕགས་ཀྱི་སྡིག་པ་ནག་པོ་གཡག་གྲུས་པོ་ཙམ་དགུ་བརྩེགས་སུ་འདུག་པ་མཐོང་བས་རྒྱལ་པོ་སྐྲག་སྟེ་དཀོན་མཆོག་སྔགས་པའི་སྐུ་ལ་མི་བསྡོའོ་ཆོས་མཛོད་ཅིག་ཟེར། ད་དུང་ནུས་པ་འདི་ལ་གཟིགས་ཅིག་ཟེར་ནས་སྡིགས་མཛུབ་ཀྱིས་ཐོག་ཕབ་སྟེ་ཕ་རིའི་བྲག་ལ་བསྣུན་པས་ཚལ་བར་སོང༌། དེར་རྒྱལ་པོ་འཇིགས་ཤིང་སྐྲག་ནས་ཁྱེད་འཁོར་བཅས་ལ་གནོད་པ་མི་བྱེད་དོ་ཟེར་ནས་བཏང༌། ཁོང་གིས་ཡེར་པར་ཕྱིན་སྟེ་ངས་རྒྱལ་པོ་སྡིག་ཅན་སྐྲག་པར་བྱས་ཡོད་ཀྱིས་ཁྱོད་ཀྱིས་དགྲོལ་ཞིག་ཟེར་ནས་བསྐུལ་སྟེ་དགྲོལ་ཞེས་ཀྱང་བྱུང་ངོ༌། །ཡེར་པའི་དཀར་ཆག་ཕྱི་མ་ལས་ནི་དེའི་ཚེ་བསམ་ཡས་དང་ལྷ་ས་ཀུན་དུ་ཝ་ཚང་བཅས། ལྷ་ལུང་དཔལ་གྱི་རྡོ་རྗེ་ལ་ཁྱོད་མར་ཤོག་ལ་རྔོན་པ་དང་ཉ་པའི་དཔོན་གྱིས་ཟེར་ཞིང་འཕྲིན་བསྐུར་བྱུང་བ་ལ་མ་ཕྱིན་པར་ཡི་དམ་གྱི་(ཇ༡༣༩ན)


PTT001_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བ་བྱུང་ནས་མར་གནོན་དུ་འབངས་གཡོག་ལྔ་ལ་རྒོད་མ་དཀར་མོ་ཞིག་དབྱར་རིལ་གྱིས་ལེགས་པར་གསོར་བཅུག་ཕྱེ་མར་སྒྱིའུ་གང༌། གཞུ་གཅིག་མདའ་བྱ་རྒོད་མ་གཉིས་བཟུང་ནས་ཕྱིན། དེ་རྣམས་སྦས་ནས་སྟོང་པར་ལྷ་སར་ཕྱིན་པས་ཁོལ་མོ་ཞིག་ཆུ་ལེན་པ་དང་འཕྲད་རྒྱལ་པོ་སྐུ་ཁམས་བདེ་འམ་ཕྱག་བྱེད་པ་ཡིན་སྟེ་བྱས་པས། ད་ལྟ་གྲོ་རྟིང་ལ་ཕྱིར་འབྱོན། ཡེར་པའི་དཔལ་གྱི་རྡོ་རྗེ་ཆབ་གསོལ་ཟེར། དེ་ནས་ལོག་སྟེ་མི་ནག་རྟ་ནག་ཅན་ཞིག་དུ་བྱས་ནས་ཡོང༌། ལྷ་སའི་ནེ་ཐང་དུ་རྒྱལ་པོ་གསུས་པ་ཉི་མ་ལ་བསྟན་ནས་བཞུགས་འདུག་པ་ལ་མདའ་སྔ་བསར་གཅིག་དང་ཕྱི་བསར་གཅིག་བརྒྱབ་པས་སྣ་བུག་ལ་ཟུག་སྟེ་དཀར་ལྷུག་གིས་བྱུང༌། སྔགས་པ་རྣམས་ཀྱིས་མཐུ་བྲུབས་པ་ཡིན་ནམ་ཡང་ཟེར། རྒྱལ་པོའི་ཆིབས་རྒོད་ཀྱི་བྱ་དམར་བྱ་བ་ཞོན་ནས་དེད་པས། མ་ཡོང་ང་བདུད་ཡབ་རྗེ་ནག་པོ་ཡིན་ནོ་བྱས་པས་ཅུང་ཟད་འཚོམས། གྲིབ་ཀྱི་མཚོ་ལ་རྟ་ཉལ་བྱས་པས་མི་དཀར་རྟ་དཀར་ཅན་དུ་སོང་བས་དེ་མི་མིན་ངེས་ཟེར་ནས་ལོག་རྒོད་མ་སྒྲགས་སུ་བསྐྱལ་བས་རྒོད་མ་ཐང་དུ་མིང་ཐོགས། དེ་ནས་མཆོག་གི་དངོས་གྲུབ་ཐོབ། སྤེའུར་བྱ་རྒོད་ཀྱི་ཐུལ་པ་རྡུལ་ཚོམ་མེ་གསོལ་ནས་བཞུགས་པས་མི་རྣམས་ཀྱིས་འདི་ལྷ་ལུང་དཔལ་གྱི་རྡོ་རྗེ་ཡིན་ངེས་ཟེར་ནས་སྔ་མས་ཡེར་པ་གང་ཙ་ན་ཕྱི་མ་མཇུག་མ་རྫོགས་པ་བྱུང་བ་ལ། ན་མཁའ་ནས་རྒྱལ་པོ་གླང་དར་མ་གྲུ་གུ་ཧོར་གྱིས་བཀྲོངས། ལྷ་ལུང་དཔལ་གྱི་རྡོ་རྗེ་སངས་རྒྱས་ཟང་མ་ཡིན་ནོ་བྱ་བའི་སྒྲ་བྱུང་བས་ལོག་ཞེས་སྣང་ངོ༌། །དེ་ལྟར་བཙན་པོ་གླང་དར་མས་རྒྱལ་ས་ལོ་དྲུག་བྱས་སྟེ་ཞེ་བཞི་པ་མེ་སྟག་ལ་འདས། སྤྱིར་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱལ་ས་ལན་གཉིས་མཛད་པ་སོ་སོར་བགྲངས་སྟེ་འདི་ཡན་ལ་རྒྱལ་པོ་བཞི་བཅུ་རྩ་གཉིས་སོང་ངོ༌། །འདི་མན་ལ་བོད་སྤྱི་ལ་དབང་བའི་རྒྱལ་པོ་མ་བྱུང་བས་སྨད་སིལ་ཆད་དུ་འཆད་པ་ཅེས་གྲགས་སོ། །ཕྱི་ལོ་མེ་མོ་ཡོས་ལ་བཙུན་མོ་ཆུན་མ་ཚེ་སྤོང་བཟའ་བཙན་མོ་འཕན་ལ་ལྟོ་བོར་གྱི་སྲས་གཅིག་བྱུང་བ་ཆེན་མས་བསད་(ཇ༡༣༩བ)


PTT001_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཕྲོགས་ཀྱིས་དྭོགས་ནས་འོད་དང་མ་བྲལ་བར་བསྲུངས་པས་གནམ་ལྡེ་འོད་སྲུང་དུ་ཐོགས། དེའི་ཚེ་ཆེན་མ་སྣ་ནམ་བཟས་ཀྱང་བུ་ཆུང་སོ་སྐྱེས་པ་ཅིག་ང་ལ་མདང་སྐྱེས་སོ་ཞེས་བསྟན་པས་བློན་པོ་རྣམས་ན་རེ་མདང་སྐྱེས་ཀྱི་བུ་ཆུང་སོ་ནི་ཙེག་གེ་ཙེག་འོན་ཡང་ཡུམ་གྱི་བཀའ་བརྟན་དུ་ཆུག་ཟེར་བས་ཁྲི་ལྡེ་ཡུམ་བརྟན་དུ་ཐོགས་ཅེས་ཡི་གེ་མང་པོ་ལས་འབྱུང་ཞིང་ཡུམ་བརྟན་གདུང་རྒྱུད་མ་ཡིན་པར་གྲགས་ནའང་རྗེ་ཚན་དགུ་པོ་ཕལ་ཆེར་ཡུམ་བརྟན་ཡིན་ལ་གདུང་རྒྱུད་མིན་ན་རྗེའི་སོ་ཁ་གཏོར་བར་མི་འགྱུར་བས་ཆེན་ཆུན་གྱི་སྲས་གཉིས་གདུང་རྒྱུད་ཁྱད་མེད་དུ་སྣང་ལ་ཡི་གེ་དེ་དག་ཀྱང་འོད་སྲུང་ལ་ཞེན་པ་རྣམས་ཀྱིས་བྲིས་པར་ཟད་དོ། །དེའི་ཚེ་མུ་གེ་དང་ཡམས་ནད་བྱུང༌། ཆོས་བཤིག་པའི་བློན་པོ་རྣམས་ཀྱང་བཀའ་ཆད་མི་འདྲ་བ་མང་པོས་གུམ་པས་ཆོས་བཤིག་པས་ལན་པར་ཁ་འཆམ་ནས་ཇོ་བོ་མཆེད་གཉིས་བྱམས་པ་ཆོས་འཁོར་རྣམས་ཁྲི་ཐོག་དུ་སྤྱན་དྲངས་ནས་མཆོད་པ་བྱས། རྟགས་རང་གིས་བླངས་ནས་ཤམ་ཐབས་གོང་པ་ཅན་གོན། སྐྲ་གཞན་བྲེགས་གཙུག་ཕུད་བཞག་པ་དབྱར་ཟླ་གསུམ་དབྱར་གནས་བྱེད་ཟེར་ནས་གཙུག་ལག་ཁང་དུ་བསྡད་ནས་གཏན་ཁྲིམས་ལྔ་སྲུང༌། དེ་ནས་དགག་དབྱེ་བྱེད་ཟེར་སྟེ་གྲོང་དུ་ཁྱིམ་ཐབ་བྱེད། མིང་དགྲ་བཅོམ་གཙུག་ཕུད་ཅན་ཟེར་བ་མང་པོ་བྱུང་ནས་སྐྱེ་བོའི་མཆོད་གནས་བྱེད། མི་དར་མ་ཤི་ན་འབུམ། གཞོན་པ་ལ་ཉི་ཁྲི། བྱིས་པ་ལ་བརྒྱད་སྟོང་པ་འདོན། ཀློག་མཁན་ཤེས་རབ་ཆེ་བ་འགའ་ཟུང་གིས་ཊཱིཀ་བཀླགས་ནས་དམར་པོ་འདི་དོན་བསྡུས་པ་དེ་ཡིན་པར་འདུག །ནག་པོ་འདིས་དེ་རྒྱས་སུ་འཆད་པར་འདུག །ཡིག་ཆུང་འདིས་དེ་ལ་དྭོགས་པ་དཔྱད་པར་འདུག་ཟེར་ནས་རྩལ་བཤད་བྱེད་པ་བག་རེ་བྱུང༌། སྔགས་པ་ཕལ་ཆེར་ཡང་སྒྲུབ་ཐབས་འཆད་པ་དང་སྒོམ་པ་མེད་པར་བོན་པོའི་ཆོ་ག་ལ་མིག་ལྟོས་བྱས་སྟེ་སྒྲུབ། གཞུང་ངག་འདོན་དུ་གྱེར་ནས་གྲོང་ཆོག་འགྲིམ། སྦྱོར་དགྲོལ་དང་བམ་སྒྲུབ་དར་བས་མི་ལ་གསོན་དགྲོལ་བྱེད་པ་ཅིག་(ཇ༡༤༠ན)


PTT001_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང༌། དེ་ནས་བཙུན་མོ་གཉིས་སོ་སོའི་ཕྱོགས་བློན་འབངས་ཐ་དད་ཀྱིས་བཟུང་སྟེ་ཡུམ་བརྟན་གྱིས་དབུ་རུ། འོད་སྲུང་གིས་གཡོ་རུ་བཟུང་ནས་དབུ་གཡོར་འཁྲུག་པ་བྱས། དེའི་ཕྱོགས་བོད་ཡུལ་ཕལ་ཆེར་ལ་ཁྱབ་སྟེ་ཡུལ་གྲུ་རེ་རེར་ཡང་ཆེ་སྲིད་ཆུང་སྲིད་མང་ཚན་ཉུང་ཚན་གསེར་པ་གཡུ་པ་ཤ་ཟན་ཙམ་ཟན་ཞེས་སྡེ་གཉིས་གཉིས་སུ་ཆད་དེ་རྩོད། བཙན་པོ་གཉིས་ལོ་ཉེར་གསུམ་རེ་ལོན་པའི་ས་གླང་ནས་བཟུང་སྟེ་འབངས་ཀྱི་ཁེང་ལོག་རྣམས་རིམ་པར་བྱུང་སྟེ་དེ་ཡང་བར་སྣང་གི་བྱ་གཅིག་ལ་ཀུན་རུབ་པ་མཐོང་བ་ལ་དཔེ་བྱས་དང་པོ་དབའས་ཁོ་བཞེར་ལེགས་སྟོང་གིས་ལག་དཔོན་བྱས་སྟེ་མདོ་ཁམས་སུ་ཁེང་ལོག་བྱས། དེ་ནས་དབུ་རུར་འབྲོ་སྦས་འཁྲུགས་པ་ལ་བསྟེན་ནས་དཔའས་ལོ་ཕོ་ལོ་ཆུང་གིས་ལག་དཔོན་བྱས་སྟེ་ཁེང་ལོག་དེ་ནས་གཡོ་རུར་ཞང་རྗེ་གསས་སྣེ་བཙན་གྱིས་དབོན་གཡུ་སྣེ་བསད། རི་མགུལ་ལ་ཡུར་བ་བཅོས། འབེ་བཟའ་འ་མོ་སྐྱིད་བཙུན་མོར་མ་གསུས་པས་དེས་རི་མགུལ་ལས་མི་མགུལ་གཅོད་པ་སླ་ཞེས་སྨྲས་སྟེ་མཆིམས་ཀོང་མི་དྲུག་གིས་ལག་དཔོན་བྱས། ཏར་ཀའི་མེ་ཏོག་སྲོད་ལ་འཆར་པ་བལྟ་བར་བསྙད་ནས་འོད་འབར་ཁེང་ལྡོག་དུ་གྲགས་པ་བྱས། དེ་ནས་ཀོང་ཡུལ་བྲེས་སྣ་འབེ་མོའི་གཡོ་སྒྱུས་ཕབ་བོ། །དེ་ཐམས་ཅད་ཀྱང་གནོད་སྦྱིན་བྲན་ཀ་དཔལ་ཡོན་གྱིས་བྱས་སྐད་དེ། ཁེང་ལོག་བྱེད་པའི་ཕྱྭ་མཁན་མེས་པོ་ནི། །བྲན་ཀ་དཔལ་གྱི་ཡོན་ཏན་ཁོ་ཡིས་བྱས། །མི་བས་སས་ཀྱང་རྗེ་རུ་མ་ཐེག་ནས། སྤྱིར་ན་ལྷ་འདྲེ་ཕ་ཚན་ཀུན་གྱིས་བྱས། །མནའ་ཐོ་འུག་པ་ཐང་དུ་འདུན་མ་ཚོགས། །དེ་ཚེ་བྲན་ཀ་དཔལ་གྱི་ཡོན་ཏན་ཁོ། །ལྕགས་ཀྱི་སྤྱང་ཀི་སྔོན་པོ་བཞོན་ནས་ནི། །ལྕགས་ཀྱི་བེར་ཀས་ས་ལ་བརྡུང་བཞིན་དུ། །ལྷ་འདྲེ་ཀུན་ལ་ཞུ་བ་འདི་སྐད་གསོལ། །རྗེ་དཔོན་གཅིག་ཀྱང་མ་ལུས་བསད་པར་ཞུ། །ཡང་ན་སོ་ཁ་བརྒྱད་དུ་གཏོར་བར་ཞུས། །དེ་ཚེ་ཡར་ལྷ་ཤམ་པོ་ལ་སོགས་པས། །དཔལ་གྱི་ཡོན་ཏན་ཁོ་ལ་ཞུ་བ་ཕུལ། །ལྷ་རིའི་རྩེ་རུ་རྗེ་དཔོན་ཚན་རེ་ཞུས། །ལྷ་འདྲེ་ཕ་ཚན་འདུན་(ཇ༡༤༠བ)


PTT001_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

མ་དེ་ལ་འཆམ། །གཙང་ལྷ་བུ་དར་ལྷ་ཡིས་ཞུ་བ་བྱས། །གྲོམ་པ་ལྷ་རྩེ་བཙན་པའི་མཁར་ལ་བསྟེན། །འབྲོ་དང་ཅོག་རོ་གཉིས་ཀྱིས་མ་ཕྱར་བྱས། །གཙང་སྟོད་ཡུལ་དུ་རྗེ་དཔོན་ཚན་གཅིག་ཆགས། ༡ །ཁ་རག་ཁྱུང་བཙུན་ལྷ་ཡིས་ཞུ་བས་བྱས། །འབྲང་མཁར་བྱེ་བཙན་བཙན་པའི་མཁར་ལ་བསྟེན། །བྱང་དང་སྣང་གིས་མ་ཕྱར་བྱས་ནས་ནི། །རུ་མཚམས་གཞུ་སྙེར་རྗེ་དཔོན་ཚན་གཅིག་ཆགས། ༢ །ཐང་ལྷ་ཡ་བཞུར་ལྷ་ཡིས་ཞུ་བ་བྱས། །ཟྭ་དང་དོམ་པ་བཙན་པའི་མཁར་ལ་བསྟེན། །སྒྲོ་དང་རྨ་ཡིས་མ་ཕྱར་བྱས་ནས་ནི། །འཕན་ཡུལ་ཟ་གང་རྗེ་དཔོན་ཚན་གཅིག་ཆགས། ༣ །ཡར་ལྷ་ཤམ་པོ་ལྷ་ཡིས་ཞུ་བ་བྱས། །སྣ་མོ་ཡར་རྩེ་མར་རྩེ་གཉིས་ལ་བསྟེན། །མཆིམས་གཉགས་གཉིས་ཀྱིས་མ་ཕྱར་བྱས་ནས་སུ། །ཡར་ལུངས་སྟོད་དུ་རྗེ་དཔོན་ཚན་གཅིག་ཆགས། ༤ །གཏམ་ལྷ་སྤུན་དགུ་ལྷ་ཡིས་ཞུ་བ་བྱས། །བྱ་ཚང་གུང་སྣང་བཙན་པའི་མཁར་ལ་བསྟེན། །སྙེ་བ་ཤུད་པུས་མ་ཕྱར་བྱས་ནས་ནི། །གཏམ་ཤུལ་ལྷོ་བྲག་རྗེ་དཔོན་ཚན་གཅིག་ཆགས། ༥ །འཆོས་ལྷ་དཀོན་པ་ལྷ་ཡིས་ཞུ་བ་བྱས། །ཕུ་གུད་ཅོ་མཁར་བཙན་པའི་མཁར་ལ་བསྟེན། །ཁུ་གཉགས་གཉིས་ཀྱིས་མ་ཕྱར་བྱས་ནས་སུ། །འཆོས་སུ་རྗེ་དཔོན་ཚན་གཅིག་ཆགས་སོ་སྐད། ༦ །ཅེས་སོགས་ནས། དེ་ལྟར་རྗེ་དཔོན་རྗེ་ཚན་རྣམ་པ་དགུ། །ཆོས་འཁོར་རྐྱེན་དུ་རྗེ་ལྷུ་གཅིག་དང་བཅུ། །ལྷ་ཡིས་ཞུ་བ་བྱས་ནས་ཆགས་པ་ཡིན། །དེ་ནས་བྲན་ཀ་དཔལ་གྱི་ཡོན་ཏན་གྱིས། །སྙི་བ་བསམ་པོར་སྤྲུལ་ནས་རྗེ་འབངས་བསྡུམས། །ཅེས་ལོ་རྒྱུས་ཆེན་མོ་ལས་སྣང་ངོ༌། །ཁེང་ལོག་ན་ས་ལོ་དགུ་པ་མེ་བྱ་ལ་ཤུད་པུ་སྟག་རྩེ་སོགས་བཞིས་གྲོས་བྱས་ནས་བང་སོ་རྣམས་བགོ་བཤའ་བྱས་ཕལ་ཆེར་བྲུས་སྟེ། གཉགས་ཀྱིས་དོན་མཁར་མདའ་ཡི་བང་སོ་བྲུས། །ཤུད་པུས་སེང་གེ་ཅན་གྱི་བང་སོ་བྲུས། །འཕྲུལ་རྒྱལ་བང་སོ་གྲེང་འཕྱོས་ཁུ་ཡིས་བྲུས། །སྔོ་བཞེར་སྙི་བས་ཐོབ་སྟེ་འབྲུ་འཕྲོར་ལུས། །སྲོང་བཙན་འབྲོ་ཅོག་གཉིས་ཀྱིས་ཐོབ་སྟེ་ལུས། །(ཇ༡༤༡ན)


PTT001_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་སྣང་ངོ༌། །མངའ་བདག་འོད་སྲུང་སྲས་པོ་དཔལ་འཁོར་བཙན། །ལྷ་ཁང་འགའ་བཞེངས་སྟག་རྩེ་གཉགས་ཀྱིས་བཀྲོངས། །དེ་སྲས་མཆེད་གཉིས་སྟོད་ཀྱི་ཕྱོགས་སུ་བྱོན། །མངའ་རིས་བསྐོར་གསུམ་ལ་སོགས་མངའ་མཛད་དེ། །སྟོད་ཏུ་རྒྱལ་ཁྲིམས་ཞྭ་ཙམ་ཆགས་ཅེས་གྲགས། །དེ་ཡི་གདུང་རྒྱུད་འགའ་ཞིག་སྨད་དུ་ཆད། །མདོ་སྨད་ཙོང་ཁའི་ཡུལ་ཆེན་མངའ་མཛད་པས། །སྨད་དུ་རྒྱལ་ཁྲིམས་ལྷམ་ཙམ་ཆགས་སོ་སྐད། །བར་དུ་དབུས་གཙང་རུ་བཞི་སིལ་བུར་གྱུར། །ཡུམ་བརྟན་འོད་སྲུང་ལས་གྱེས་རྗེ་ཕྲན་ནི། །ཡུལ་གྲུ་རེར་ཡང་མང་དུ་གནས་པར་གྱུར། །འོན་ཀྱང་རྒྱལ་རྒྱུད་མ་ཉམས་ཡིན་ངེས་རྣམས། །གཟུགས་དང་བློ་གྲོས་གཞན་ལས་ཁྱད་པར་འཕགས། །ཡ་རབས་སྤྱོད་བཟང་སྐྱེ་བོ་མགུ་བར་བྱེད། །དེ་ཕྱིར་དམ་པ་རྣམས་ཀྱིས་བསྔགས་པའི་གནས། །དེ་ཡང་ཁྲི་ལྡེ་ཡུམ་བརྟེན་གྱི་སྲས་ཁྲི་ལྡེ་མགོན་མཉེན། དེའི་སྲས་ཁྲི་ལྡེ་རིག་པ་མགོན་དང་ཉི་མ་མགོན། ཉི་མགོན་གྱི་སྲས་ཉི་འོད་དཔལ་མགོན། དེའི་རྒྱུད་ཀླུང་ཤོད་འཕན་ཡུལ་མདོ་སྟོད་ན་མང་ངོ༌། །གཅེན་རིག་པ་མགོན་གྱི་སྲས་ལྡེ་བོ་རྡོ་རྗེ་འབར། ལྡེ་པོའི་སྲས་ལྷ་བུག་པ་ཅན་དང་ཐང་ལྷ་བྲག་པ་རྣམས་སོ། །རྡོ་རྗེ་འབར་གྱི་སྲས་ཁྲི་དབང་ཕྱུག་བཙན། དེའི་སྲས་ཚ་ལ་ཡེ་ཤེས་རྒྱལ་མཚན། དེའི་སྲས་ཁྲི་པ་ཡབ་སྲས་འདི་གཉིས་ཀྱིས་བསམ་ཡས་ཀྱི་ཞབས་ཏོག་མཛད། དེའི་དུས་དབུས་གཙང་གི་མི་བཅུ་ཁམས་ནས་བྱོན་ནོ། །ཁྲི་པའི་སྲས་ཨ་ཙ་ར། དགེ་སློང༌། བླ་མ་བོདྷི་རཱ་ཛཱའོ། །དང་པོའི་རྒྱུད་ཕྲེང་བོ་བ། ལྕང་རྒྱབ་པ། བླག་པ་ལམ་པ། གྲིབ་པ། སྙེ་ཐང་པ། ལུམ་པ་རྩད་པོ་སོགས་སོ། །དགེ་སློང་གི་རྒྱུད་དཔེལ་ཞི་བ། བོདྷི་རཱ་ཛཱའི་རྒྱུད་ལྷ་བཙུན་སྔོན་མོ། སྨྱུག་རུམ་པ། ལྷ་འབྲི་སྒང་པ་སོགས་སྟེ། འོན། རྡོ། ཆབ་ཐང༌། བསམ་ཡས་རྩང་པོ་སོགས་སྟེ་མང་དུ་འཕེལ་བ་ཡུམ་བརྟན་གྱི་རྒྱུད་དོ། །མངའ་བདག་གནམ་ལྡེ་འོད་སྲུང་(ཇ༡༤༡བ)


PTT001_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་རྒྱལ་རྒྱུད་རྩོད་པ་མེད་པ་དེ་ནི་ཕོ་བྲང་ཡུམ་བུ་བླ་སྒང་དུ་འཁྲུངས། སོ་དགུ་པ་ཤིང་སྤྲུལ་ལ་ཕོ་བྲང་འཕང་ཐང་དུ་འདས། དེའི་སྲས་མངའ་བདག་དཔལ་འཁོར་བཙན་ཡབ་ཀྱི་བཅུ་དགུ་པ་ཤིང་བྱ་ལ་འཁྲུངས། ལོ་ཉེར་གཅིག་ལ་ཡབ་འདས་ནས་རྒྱལ་ས་མཛད། སྨན་ལུང་ལ་སོགས་པ་ལྷ་ཁང་བརྒྱད་བཞེངས། སོ་གཅིག་ལ་འདས། དེའི་བཙུན་མོ་ཆེན་མའི་སྲས་སྐྱིད་ལྡེ་ཉི་མ་མགོན། ཆུན་མའི་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་ལོ། །འདི་གཉིས་ཀྱི་སྲིད་ཕལ་ཆེར་ཡུམ་བརྟན་གྱིས་ཁྱེར་བས་སྟོད་དུ་བྱོན་སྟེ་བཀྲ་ཤིས་བརྩེགས་པ་དཔལ་ལ་སྟོད་དུ་བཞུགས། ཉི་མ་མགོན་མངའ་རིས་སུ་བྱོན་པ་ན། བློན་པོ་ཞང་བ་ཚབ་རིན་ཆེན་སྡེ་དང་ཅོག་རོ་ལེགས་སྒྲ་ལྷ་ལེགས་གཉིས་ཀྱིས་བྱེ་མ་གཡུང་དྲུང་དུ་བསྐྱལ་ནས་པ་ཚབ་ཀྱིས་སྤྱང་ཐུལ་གྱི་ན་བཟའ་དང་ཅོག་རོས་དྲེའུ་གཅིག་ཕུལ་ནས་ངུས། རྗེས་ང་མངའ་རིས་སུ་རྒྱལ་སྲིད་འདྲ་ཟིན་སྲིད་ན་ཁྱེད་གཉིས་ཀྱི་བུ་མོ་རེ་བརྫང་པར་ཞུ་ཟེར་ནས་བྱོན། རིགས་ནི་སྤྱོད་པས་སྟོན་པར་བྱེད། །ཅེས་གྲགས་པ་ལྟར་སྤྱོད་པ་ལེགས་ཤིང་བློ་གྲོས་ཆེ་བས་མངའ་རིས་བསྐོར་གསུམ་གྱི་མི་རྣམས་མགུ་སྟེ་རྗེ་ཞུས། སྤུ་རངས་སུ་སྐུ་མཁར་ཉི་བཟུངས་བརྩིགས། བློན་པོ་གཉིས་ཀྱིས་བུ་མོ་རེ་བཙུན་མོར་ཕུལ། ཅོག་རོ་བཟའ་ལ་སྲས་སྟོད་ཀྱི་མགོན་གསུམ་དུ་གྲགས་པ་ལས་ཆེ་བ་དཔལ་གྱི་རིག་པ་མགོན་གྱིས་མང་ཡུལ་བཟུང༌། བར་པ་བཀྲ་ཤིས་ལྡེ་མགོན་གྱིས་སྤུ་རངས་བཟུང༌། ཆུང་བ་ལྡེ་གཙུག་མགོན་གྱིས་ཞང་ཞུང་བཟུང༌། ལྡེ་གཙུག་གི་སྲས་སྲོང་ངེ་དང་ཁོར་རེ་གཉིས། སྲོང་ངེ་དང་པོར་ཁབ་བཞེས་པའི་སྲས་ནཱ་ག་རཱ་ཛཱ་དང་དེ་ཝ་རཱ་ཛཱ་གཉིས་ཡིན། ཕྱིས་ཡབ་མེས་ཀྱི་ཡིག་ཚངས་གཟིགས་པས་ཐུགས་སྐྱོ་ནས་རབ་བྱུང་མཛད་པས་ལྷ་བླ་མ་ཡེ་ཤེས་འོད་དུ་གྲགས། མཐོ་ལིང་དཔལ་གྱི་ལྷ་ཁང་བཞེངས། ཁྱེའུ་བློ་རྣོ་བ་ཉེར་གཅིག་རྒྱ་གར་དུ་བརྫངས་པས་ལོ་ཆེན་རིན་བཟང་དང་ལོ་ཆུང་གྲགས་འབྱོར་ཤེས་རབ་གཉིས་ལོག་སྟེ་བསྟན་པ་ལ་ཤིན་ཏུ་ཕན། པཎྜིཏ་ཤཱི་ཀ་ར་ཝ་རྨ་དང༌། དྷརྨ་པཱ་ལ་དང༌། པྲཛྙཱ་པཱ་ལ་སྤྱན་དྲངས། དྷརྨ་པཱ་ལ་(ཇ༡༤༢ན)


PTT001_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྟོད་འདུལ་དང༌། ལྷ་བླ་མ་འདིས་ཇོ་བོ་རྗེ་སྤྱན་འདྲེན་པའི་ཕྱིར་སྐུ་ལུས་གར་ལོག་གི་རྒྱལ་པོ་ལ་བཏང་ནས་འདས། གཅུང་ཁོར་རེས་ཀྱང་ཁ་ཆར་གྱི་ལྷ་ཁང་བཞེངས། དེའི་སྲས་ལྷ་ལྡེས་པཎྜིཏ་སུ་བྷ་ཥི་ཏ་སྤྱན་དྲངས། དེའི་སྲས་འོད་ལྡེ་དང༌། ཕོ་བྲང་ཞི་བ་འོད། བཙུན་པ་བྱང་ཆུབ་འོད་གསུམ་ལས། ལྷ་བྱང་ཆུབ་འོད་ཀྱིས་ཇོ་བོ་རྗེ་སྤྱན་དྲངས། བློན་པོ་ས་འོག་གི་གཏེར་མཐོང་བའི་མིག་ཅན་ཞིག་ཀྱང་ཡོད་སྟེ་དེས་ཇོ་བོ་སྤྱན་འདྲེན་པའི་ཡོ་བྱད་གསེར་ལིང་བ་གཅིག་ལ་ཤིང་སྲང་བཅུ་དྲུག་ཡོད་པ་ཅིག་ལ་སོགས་པ་ཟད་མེད་དུ་ཕྱུང༌། སངས་རྒྱས་ཀྱི་བསྟན་པ་ཉམས་པ་གསོས་སྟེ་ཤིན་ཏུ་རྒྱས་པར་མཛད་དོ། །འོད་ལྡེས་ཁ་ཆེ་ཛྙཱ་ན་ཤྲཱི་སྤྱན་དྲངས། དེའི་སྲས་རྩེ་ལྡེས་པཎྜིཏ་ཞི་བ་བཟང་པོ་སོགས་སྤྱན་དྲངས། རྔོག་ལོ་ཙཱ་བ་བློ་ལྡན་རྒྱ་གར་དུ་བརྫངས་སྟེ་བསྟན་པར་ཤིན་ཏུ་རྒྱས་སོ། །རྩེ་ལྡེའི་སྲས་འབར་ལྡེ། དེ་ནས་རིམ་བཞིན་བཀྲ་ཤིས་ལྡེ། ལྷ་ལྡེ། ན་ག་དེ་ཝ་རྣམས་ནས་མངའ་རིས་ཀྱི་བཙན་པོ་ཕལ་ཆེར་བྱུང༌། ན་ག་དེ་ཝའི་སྲས་བཙན་ཕྱུག་ལྡེས་ཡ་ཙེའི་མངའ་བདག་མཛད་དེའི་སྲས་བཀྲ་ཤིས་ལྡེ། དེའི་སྲས་གྲགས་བཙན་ལྡེ། དེའི་སྲས་གྲགས་པ་ལྡེས་གསེར་བྲེ་བདུན་བཅུ་ལ་འཇམ་དབྱངས་ཀྱི་སྐུ་དང་དངུལ་བྲེ་སྟོང་ཕྲག་བཅུ་གཉིས་ཀྱིས་བྱམས་པ་སོགས་གསེར་དངུལ་གར་བླུགས་དང་ལྗང་བརྡུངས་ཀྱི་ལྷ་ཆེན་དང་མཆོད་རྟེན་དུ་མ་བཞེངས། དེའི་སྲས་ཨ་སོག་ལྡེས་རྒྱ་གར་རྡོ་རྗེ་གདན་དུ་ཆོས་རྒྱལ་མྱ་ངན་མེད་ཀྱིས་ཕུལ་བའི་གྲོང་བཞི་བཅུ་ཞེ་གཉིས་སོག་པོ་ལ་ཉོས་ནས་ཕུལ། དེའི་སྲས་འཛི་ཐར་སྨལ་དང་ཨ་ནན་སྨལ་གཉིས་ཀྱི་ཕུ་བོས་དངུལ་གྱི་དགྱེས་རྡོར་བཞེངས། ནུ་བོས་རྡོ་རྗེ་གདན་བསོས། འདི་ཡན་འབྲི་ཁུང་པའི་སྦྱིན་བདག་ཡིན། ཨ་ནན་སྨལ་གྱི་སྲས་རེའུ་སྨན་གྱིས་རྒྱ་གར་གྱི་རྒྱལ་ཁམས་མང་པོའི་བདག་བྱས། དངུལ་ལས་བདེ་གཤེགས་བརྒྱད་བཞེངས། ལྷ་སར་གཙང་ཁང་དབུས་མའི་གསེར་ཐོག་ཕུལ། དེའི་སྲས་སམ་གྷ་སྨལ་ཡིན། འཇི་ཐར་སྨལ་གྱི་བུ་ཨ་འཛིད་སྨལ་གྱིས་(ཇ༡༤༢བ)


PTT001_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ས་སྐྱར་ལྷ་བཙུན་བྱས། ཕྱིས་རྒྱལ་ས་བྱས་ཤིང་གདུང་རབས་གཉིས་ནས་ཡ་ཙེའི་རྒྱལ་རྒྱུད་ཆད། སྤུ་རངས་ནས་བསོད་ནམས་ལྡེ་སྤྱན་དྲངས་པུ་ཎ་སྨལ་དུ་གྲགས། དེའི་བུ་པྲི་ཏི་སྨལ་དང་བློན་པོ་དཔལ་ལྡན་གྲགས་པས་ས་སྐྱའི་ཆོས་ཁྲི་དང༌། ལྷ་སར་བཅུ་གཅིག་ཞལ་ལ་གསེར་ཐོག་ཕུལ་ལོ། །འདི་རྣམས་བུ་སྟོན་ཆོས་བྱུང་དང་ཡར་ལུངས་ཇོ་བོའི་ཆོས་བྱུང་ལྟར་བྲིས་ཀྱི། གཞན་ལས་ལྡེ་གཙུག་མགོན་གྱིས་མང་ཡུལ་བཟུང་ཞེས་སོགས་དང༌། བཀྲ་ཤིས་མགོན་གྱི་སྲས་ཁོར་རེ་དང་སྲོང་ངེ་ཞེས་སོགས་སྣང་ངོ༌། །དཔལ་འཁོར་བཙན་གྱི་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་ལ་སྲས་དཔལ་ལྡེ་དང༌། འོད་ལྡེ། སྐྱིད་ལྡེ་སྟེ་སྨད་ཀྱི་ལྡེ་གསུམ་དུ་གྲགས། དཔལ་ལྡེའི་རྒྱུད་སྔོན་པོ་ཚོན་པོར་ཐུག་སྟེ་ཁབ་གུང་ཐང་པ། ཀླུ་རྒྱལ་པ། སྤྱི་པ་ལྷ་རྩེ་བ། གླང་ལུང་རྩད་སྐོར་བ་སོགས་ཡིན་ནོ། །གཅུང་སྐྱིད་ལྡེ་འཇད་རྟ་ནག་དུ་ཕོག་སྲས་དྲུག་ལས་ལྔ་བྱང་དུ་གཤེགས་སྟེ་གཡས་རུ་དང་རུ་ལག་གི་བཙན་པོ་རྣམས་ཡིན། འབྲིང་པོ་འོད་ལྡེ་ལ་སྲས་བཞི་ལས་ཕ་བ་དེ་སེའི་རྒྱུད་གཙང་རོང་སྣུབས་ཡུལ་དང་ཉང་སྟོད་སོགས་ན་ཡོད། གཉིས་པ་ཁྲི་ལྡེ་མདོ་ཁམས་སུ་བྱོན་སྟེ་ཙོང་ཁ་ཡུལ་ཆེན་བཅོ་བརྒྱད་ལ་སོགས་མདོ་སྨད་ཕལ་ཆེར་ལ་མངའ་མཛད་པས་སྨད་དུ་རྒྱལ་ཁྲིམས་ལྷམ་ཙམ་ཆགས་ཞེས་གྲགས་ཤིང་སྤྱན་སྔ་དོན་ཆེན་ལ་སོགས་པའི་རྒྱལ་རྒྱུད་བྱུང༌། གསུམ་པ་ཉག་ལྡེའི་རྒྱུད་གཡས་རུའི་སྐྱི་མཁར་བཙན་པོ་ལ་ཐུག་བཞི་པ་ཁྲི་ཆུང་གིས་ཡར་ལུངས་སུ་བྱོན། འབངས་ཀྱིས་ཕོ་བྲང་བརྩིགས་ནས་ཕུལ་བའི་འབངས་བརྩིགས་དང་སྐུ་མཁར་མཆིང་ང་སྟག་རྩེ་བཟུང༌། དེའི་སྲས་འོད་སྐྱིད་འབར། དེ་ལ་སྲས་བདུན་གྱི་གཅེན་ཞང་རྗེ་ཚ་ཁྲི་ལྡེ་འབར། གཅུང་གཙང་ཚ་སྤུན་དྲུག་ཞེས་པ་ལྷ་སྤྱན་གཡུ་སྤྱན་གཉིས། ད་ར་ལྷུན་པོ་གཉིས། འོད་བཙན་གུང་བཙན་གཉིས་སྟེ་དྲུག་གོ །གཅེན་ལ་སྲས་དྲུག་གི་གཡུ་ཐོག་གི་རྒྱུད་སྣ་མོ་བ། མཆིང་ང་བ། དོན་མཁར་བ། ཐང་ཁོར་བ་རྣམས་སོ། །བྱེ་ཆུང་ལྷ་སྒོམ། གུང་ལྡེ། ཁྲི་ཐོག་ཐག་གསུམ་གདུང་ཆད། ཟླ་བའི་རྒྱུད་(ཇ༡༤༣ན)


PTT001_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་ཤགས་པ་དང་པྲ་སྣ་བའོ། །བཞེངས་ཅན་འབར་གྱི་རྒྱུད་མོན་མཁར་བ། ཞང་མདའ་བ། སྤུན་བདུན་ཐང་པ། ལྷ་སྟོན་དཀར་མོའི་རྒྱུད་བྱི་ཆུང་བའོ། །གཙང་ཚ་དྲུག་གི་ཕྱི་མ་བཞི་ལས་ཁྲ་འབྲུག་བྱིང་བྱར་གྱི་བཙན་པོ་རྣམས་འཕེལ་ལོ། །བཙན་པོ་གཡུ་ཅན་གར་མི་ཡོན་ཏན་གཡུང་དྲུང་གིས་བྱ་སར་སྤྱན་དྲངས། དེའི་སྲས་ཇོ་དགའ། དེའི་སྲས་གསུམ་གྱི་ཆེ་བ་བྱ་ས་ལྷ་ཆེན་གྱིས་བྱ་སའི་ལྷ་ཁང་སོ་མ་བཞེངས། རྒྱ་མའི་དབོན་སྟོན་གྱིས་རབ་གནས་མཛད། དཔལ་ཕག་མོ་གྲུ་པ་བླ་མར་བསྟེན། གཅུང་པོའང་རབ་ཏུ་བྱུང་སྟེ་ལྷ་ཞི་བར་གྲགས་སྟེ་ལོ་མོ་སྒོམ་ཁང་དུ་བཞུགས། བར་པ་ཁྲི་དར་མ་གཙུག་ལྡེ། ཁྲི་གཙུག་ལྡེ། རྣལ་འབྱོར། སྨོན་ལམ་སྟེ་སྲས་བཞི་ལས་ཁྲི་གཙུག་གིས་བྱ་ས་དང་དོ་སྔོན་སོགས་བཟུང་སྟེ་ཡར་མདའི་བཙན་པོ་རྣམས་བྱུང༌། སྨོན་ལམ་རབ་ཏུ་བྱུང་སྟེ་པུ་གུ་དོའི་གཟིམས་ཁང་དཀར་པོ་བརྩིགས་སྟེ་ཆོས་ཁྲིམས་དང་བསྟན་པའི་བྱ་བ་དུ་མ་མཛད། ཇོ་བོ་རྣལ་འབྱོར་གྱིས་འབངས་བརྩིགས་སུ་རྒྱལ་ས་བསྐྱངས་སྟེ་མཆེད་འདི་རྣམས་ཀྱིས་རྗེ་སྤྱན་སྔ་དང་རྒྱལ་བ་ཐོག་བརྡུགས་པའི་སྦྱིན་བདག་བྱས། རྣལ་འབྱོར་གྱི་སྲས་གསུམ་ལས་བར་པ་རབ་ཏུ་བྱུང་ནས་ལྕིལ་བུའི་གདན་ས་མཛད་དེ་ལྷ་ཆེན་པོའམ་ལྷ་ལུང་གི་དབང་ཕྱུག་དུ་གྲགས། གཅུང་པོ་འབྲི་ཁུང་གཅུང་རིན་པོ་ཆེ་ལས་ལྷ་བཙུན་མཛད་དེ་ལྷ་དམ་ཤོད་པར་གྲགས། གཅེན་ཇོ་འབག་གིས་རྒྱལ་ས་མཛད་པའི་སྲས་ལྔ་ལས་གཉིས་པ་རབ་ཏུ་བྱུང་སྟེ་ལྷ་འགྲོ་མགོན་དུ་གྲགས་སྟེ་ལྕིལ་བུའི་གདན་ས་མཛད་དེ་ངོ་མཚར་མཐའ་ཡས་པ་མངའ། གསུམ་པ་ལྡེ་བོས་འབངས་བརྩིགས་བཟུང་སྟེ་དེའི་སྲས་ཤཱཀྱ་རྒྱལ་གྱིས་གཡེ་ཆེ་ཆུང་ལ་དབང་མཛད། དེའི་སྲས་ཤཱཀྱ་དཔལ་གྱི་བློ་གྲོས་བཟང་པོ་བླ་མ་འཕགས་པ་ལས་རབ་ཏུ་བྱུང་སྟེ་ཉེ་གནས་མཛད། བཞི་པ་ལྡེ་ཆུང་གཞོན་ནུར་གཤེགས། ལྔ་པ་ཇོ་རྒྱལ་བུ་ལུར་ཕོག་དེའི་སྲས་ཇོ་འཕེལ། དེའི་སྲས་ཆབ་ལྷ་ཟུར་ཁང་པ་སྟེ་ལྕིལ་བུ་བཟུང༌། གཅུང་པོའི་(ཇ༡༤༣བ)


PTT001_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཁྲོམ་པོ་བ་རྣམས་ཡིན། ཇོ་འབག་གི་སྲས་ཆེ་བ་ཤཱཀྱ་མགོན་གཅུང་རྣམས་སོ་སོར་ཕོག་ཕོ་བྲང་གནས་ཆུང་བཏབ། ས་སྐྱ་པཎྜི་ཏའི་སྦྱིན་བདག་བྱས། དེ་སྲས་ཤཱཀྱ་བཀྲ་ཤིས་ཀྱི་ཕོ་བྲང་རྙིང་མ་བཏབ། དེའི་སྲས་ཆེ་བ་ལྕིལ་བུའི་ལྷ་བྲག་ཁ་བ་ཡིན། ཆུང་བ་གྲོགས་པ་རིན་ཆེན་གྱིས་རྒྱལ་བ་ཐོག་བརྡུགས་པའི་ཉེ་གནས་མཛད། ཕྱིས་བླ་མ་འཕགས་པའི་ཉེ་གནས་མཛད། སེ་ཆེན་གྱི་དམ་ཁ་བླངས་སྟེ་ཕོ་བྲང་བྲག་ཁ་སོགས་བཏབ། སྐུ་གསུང་ཐུགས་རྟེན་འགའ་བཞེངས། ཇོ་སྟོན་ཚོགས་པའི་ཆོས་བཞི་གཏན་དུ་འདེགས་པའི་སྲོལ་མཛད། དགུང་ལོ་ང་གསུམ་པ་ལ་སྲས་ཤཱཀྱ་མགོན་པོ་ལ་རྒྱལ་ས་གཏད་ནས་ཐུགས་དམ་མཛད་དེ་བདུན་བཅུ་རྩ་བཞི་ལ་གཤེགས། དེའི་སྲས་བཞིའི་ཆེ་བ་ལྕིལ་བུ་བློ་གྲོས་འོད་ཡིན། གསུམ་པ་ཕག་མོ་གྲུར་རབ་ཏུ་བྱུང་སྟེ་ལྷ་བཙུན་ཚུལ་ཁྲིམས་བཟང་པོར་ཐོགས། བཞི་པ་འབལ་གཞོན་ནུར་འདས། གཉིས་པ་ཤཱཀྱ་མགོན་པོས་རང་གི་སྲིད་བསྐྱངས་སྟེ་ཡར་ལུངས་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་བསྟེན། ཕོ་བྲང་ཡུམ་བུ་བླ་སྒང་ལ་གཙུག་ལག་ཁང་བཞེངས། ཆོས་འཁོར་དུ་མའི་སྦྱིན་བདག་མཛད་ནས་བསྟན་པ་ལ་ཕན་པར་མཛད་དོ། །ཕྱི་མ་འདི་རྣམས་ཡར་ལུངས་ཇོ་བོས་བསྒྲིགས་པའི་ཆོས་བྱུང་ལས་བསྡུས་པ་སྟེ་འདི་ཕྱིན་ཡང་དཔྱོད་ལྡན་རྣམས་ཀྱིས་སྟོད་སྨད་བར་གསུམ་གྱི་རྒྱལ་བརྒྱུད་ལས་བསྟན་པ་ལ་བྱ་བ་བྱས་པ་དང་ཕན་བདེའི་སྲོལ་གཏོད་པ་མཐོང་ན་རང་རང་གི་ཕྱོགས་བཟུང་བ་མ་ཡིན་པར་གཟུ་བོར་གནས་པའི་བློས་འདི་སྐབས་སུ་བསྣན་པར་བྱོས་ཅིག །དེ་ལྟར་རྒྱལ་བརྒྱུད་སིལ་ཆད་འདི་རྣམས་རྗེའི་སྐུ་ལྷ་སོ་སོའི་བསྟེན་ཡུལ་དུ་བགོས་པས་རྗེ་ཆེན་རྣམ་པ་དགུ། ཆོས་འཁོར་བསམ་ཡས་ཀྱི་རྐྱེན་དུ་རྗེ་ལྷུ་གཅིག་དང་བཅུ་ཅེས་གྲགས་པ་ཡིན་ལ་རྒྱལ་བརྒྱུད་མ་ཉམས་པ་ཡིན་ཕྱིན་ཡོན་ཏན་དུ་མས་ཁྱད་པར་དུ་འཕགས་ལ། ཇོ་བོ་བོད་དུ་ཕེབས་དུས་ཀྱང་བོད་ཀྱི་རཱ་ཛཱ་བོ་དྷི་ས་ཏྭའི་བརྒྱུད་པ་གསུང་ནས་བཙན་པོ་ཐམས་ཅད་ལ་ལྡང་བ་དང་བཀུར་སྟི་ཆེར་མཛད་པས་འབངས་རྣམས་(ཇ༡༤༤ན)


PTT001_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཇོ་བོ་ལྟ་བུ་འདི་ལྟར་མཛད་ན་རང་ཅག་འབངས་རྣམས་བཀུར་སྟི་ཅིས་མི་བྱེད་ཟེར་ནས་གུས་པར་གྱུར་ཞེས་བཤད་པ་ལྟར་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་ཡོན་ཏན་དང་སྐུ་དྲིན་ལ་བསམས་ནས་མངའ་ཐང་ཡོད་ཏམ་མེད་ཀྱང་རུང་སྟེ་བཀུར་སྟི་དང་སྲི་ཞུ་ཆེར་བྱ་བའི་གནས་ཡིན་ནོ། །རིགས་ཀྱི་ནང་ན་དམ་པ་རྨད་བྱུང་བ། །འཁོར་ལོས་བསྒྱུར་དང་སངས་རྒྱས་བྱུང་བའི་རིགས། །གདུང་གི་དམ་པ་གཽ་ཏམ་ཤཱཀྱའི་བརྒྱུད། །བབས་པའི་ཁུངས་བཟང་འོད་གསལ་ལྷ་ལས་བབས། །ལོངས་སྤྱོད་རྨད་བྱུང་ནམ་མཁའི་མཛོད་ལ་དབང༌། །བློ་གྲོས་ཡངས་པས་ཇི་ལྟ་ཇི་སྙེད་མཁྱེན། །ཐུགས་རྗེ་ཁོ་ནས་སྤྲུལ་པའི་སྐུར་བསྟན་པ། །འཁོར་ལོས་བསྒྱུར་བའི་དཔལ་ལས་ཆེས་ལྷག་པར། །སྤྲུལ་པའི་ཆོས་རྒྱལ་གདུང་རབས་བཞི་བཅུར་བྱོན། །བོད་ཡུལ་སྐྱེ་འགྲོ་བྱུང་དང་འབྱུང་འགྱུར་ཀུན། །ཉེས་སྐྱོན་ཀུན་བསལ་གནས་སྐབས་མཐར་ཐུག་གི །ཡོན་ཏན་བདེ་ལེགས་ཀུན་ལ་བཀོད་པ་ཡི། །བཀའ་དྲིན་དེ་ལྟ་གཞལ་གྱིས་ག་ལ་འཁོར། །ལྷ་འམ་དྲང་སྲོང་ཕ་མ་མཛའ་བཤེས་སོགས། །འདི་ལྟའི་སྨན་ཡོན་སྦྱིན་མཛད་སུ་ཞིག་ཡོད། །བརྒྱ་བྱིན་གྱིས་ཀྱང་མི་བསྒྲུན་དབང་ཕྱུག་དེ། །དེང་སང་དུས་ན་མིང་གི་ལྷག་མ་ཙམ། །ཆོས་རྒྱལ་དེ་དག་རྣམས་ཀྱི་རིགས་སྲས་ཕལ། །ཕྱི་དུས་འདི་ན་འབངས་དང་ཡང་འབངས་སྤྱོད། །ཁེང་དང་ཡང་ཁེང་མང་པོ་དྲེགས་པས་འགྱིང༌། །རང་རང་རིགས་རུས་ཆེ་བ་སྨྲ་བཞིན་དུ། །ཀུན་གྱིས་རྩོད་མེད་རིགས་མཆོག་སྨད་པ་མཚར། །ཀྱེ་མ་སྲིད་པ་འདི་ཡི་ངང་ཚུལ་ལྟོས། །གྲོགས་དག་ཀུན་ལ་སྙིང་པོ་ཅི་འདུག་སོམས། །སྐྱེས་པའི་མཐའ་འཆི་འདུས་པའི་ཐ་མ་འབྲལ། །བསགས་པའི་མཐའ་མཛད་མཐོན་པོའི་མཐའ་ལྷུང་ཞེས། །མངོན་སུམ་ཉིད་དུ་བསྟན་པར་མི་གདའ་འམ། །འཁོར་ལོས་བསྒྱུར་ལྟའི་དཔལ་འབྱོར་དེ་དག་རྣམས། །སྦྲང་ཚང་ཞིག་ཤུལ་(ཇ༡༤༤བ)


PTT001_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་གྱུར་འདི་མཐོང་ནས། །གནག་རྫི་ཙམ་གྱི་ལོངས་སྤྱོད་ཀྱིས་འཚོ་བ། །རང་རང་དབང་ཕྱུག་འདི་ལ་སུ་ཞིག་ཆགས། །ཛམྦུ་གླིང་བདག་པོ་རྣམས་ཀྱི་མངའ་ཐང་ཡང༌། །མི་རྟག་སྙིང་པོས་དབེན་པ་འདི་འདྲ་ན། །དུས་ངན་ད་ལྟའི་སྐྱེ་བོ་འགའ་ཡི་དབུས། །ཚངས་ལྟར་བསྙེམས་པ་ངོ་ཚའི་གནས་མིན་ནམ། །ལྷ་དང་མཚུངས་པའི་ལོངས་སྤྱོད་དེ་རྣམས་ཀུན། །སྟོན་ཀའི་སྤྲིན་བཞིན་ཡལ་བ་འདི་མཐོང་བཞིན། །ད་ལྟའི་ཟང་ཟིང་ངན་ངོན་ཁམ་འགའི་ཕྱིར། །འདི་ཕྱི་ཀུན་འདོར་འདི་རྣམས་ཅི་ཞིག་དྲན། །སྲིད་པ་འདི་ཡིས་རང་གི་ངང་ཚུལ་རྣམས། །རབ་ཏུ་གསལ་བར་རྟག་དུ་བསྟན་ན་ཡང༌། །ད་དུང་ཚེ་འདིའི་རྙེད་གྲགས་ལྷུར་ལེན་པའི། །སྡེ་སྣོད་འཛིན་པར་ཁས་འཆེ་འདི་འདྲ་ཅི། །འདོད་པའི་རྣམ་རྟོག་ཅུང་ཟད་ཁ་མ་བྲི། །རྙེད་བཀུར་སྒྲུབ་ཕྱིར་མི་བྱེད་ཅི་ཡང་མེད། །དེ་དག་སྤྲུལ་པའི་ལུས་ཅན་ཡིན་པར་རློམ། །ས་སྟེང་འདི་འདྲས་གང་བས་རབ་ཏུ་སྐྱོ། །རང་སེམས་གདུལ་ཕྱིར་དམ་པའི་ཆོས་གསུངས་མོད། །དེང་དུས་ཆོས་ལ་བསྟེན་ནས་དྲེགས་ཅིང་ཁེངས། ཁྱིམ་པ་ཀུན་ལས་ལྷག་པར་ཆགས་སྡང་འཕེལ། །ཀྱེ་མ་འདི་ལྟའི་གནས་སྐབས་སྔོན་བྱུང་ངམ། །རྒྱལ་པོ་གླང་གིས་རབ་བྱུང་ཕབ་པ་སོགས། །བསྟན་ལ་གནོད་པར་ཀུན་གྱིས་ཤེས་མོད་ཀྱང༌། །ཕྱི་དུས་མཛའ་བ་ལྟར་བཅོས་རབ་བྱུང་ཀུན། །ཐབས་བརྒྱས་འབེབས་འདི་དེ་འདྲར་གོ་བ་མེད། །རབ་བྱུང་མ་ལུས་རྟག་དུ་དམག་ལ་འདེད། །རྟོག་ཆེན་རྫོང་བསླུ་དུག་སྟེར་སོགས་ཀྱི་གླར། །སྡིག་ཅན་རྣམས་ལས་དགེ་འདུན་གནས་བརྟན་བསྐོ། །ཁྱིམ་པས་ཆོས་པ་ཀུན་གྱི་ཕྱག་མཆོད་ལེན། །མཁས་པར་ཁས་ལེན་བླུན་པོ་ཁ་བརྡར་ཀུན། །ཇ་ཆང་གྲལ་གྱི་བཞད་གད་མཁན་པོར་འབེབས། །གསང་སྔགས་ཚིག་རེ་འཛིན་པ་ཡན་ཆད་ཀྱང༌། །ངན་སྔགས་མཐུ་གཏད་སེར་གསུམ་བྱེད་ལ་འགོད། །(ཇ༡༤༥ན)


PTT001_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

འདི་འདྲའི་ངང་ཚུལ་གཞན་ཡང་བགྲང་མི་ལང༌། །རྒྱལ་པོ་དར་མས་བསྟན་པ་བསྣུབས་པ་དེས། །བྱེ་བའི་ཆ་ཡང་འདི་དག་ལ་མི་ཕོད། །དེ་ཚེ་བསྟན་པ་མེད་པར་གོ་བ་ཡིས། །སླར་ཡང་བསྟན་པའི་མེ་རོ་བསླང་དུ་བྱུང༌། །དེང་སང་བསྟན་མིན་འདི་འདྲར་བསྟན་ཞེས་གྲགས། །འདི་འདྲར་འགོད་ལ་བསྟན་པ་འཛིན་པོ་དང༌། །བསྟན་པའི་སྦྱིན་བདག་ཅེས་བྱར་སྒྲོག་པའི་ཕྱིར། །འཕགས་པའི་གནས་བརྟན་བཅུ་དྲུག་བྱོན་ན་ཡང༌། །ད་ནི་བསྟན་པ་དངོས་ཅིག་ཇི་ལྟར་གཟུགས། །རྒྱལ་པོ་གླང་གི་དགོངས་པ་ད་རྫོགས་སམ། །ཀྱེ་མ་དཔྱོད་ལྡན་ཡོད་ན་དུས་འདིར་དཔྱོད། །སེམས་ཡོད་མཆིས་ན་སངས་རྒྱས་བསྟན་ལ་སོམས། །མཁས་པ་ཡོད་ན་དམ་ཆོས་གང་ཡིན་ལྟོས། །ཞིག་པོ་ཡོད་ན་འཁྲུལ་པའི་རྗེས་མ་འབྲང༌། །དད་ལྡན་ཡོད་ན་ཟོག་པོས་བསླུས་དོགས་གྱིས། །ཤེས་རབ་ཅན་འགའ་ཡོད་ན་རྒྱལ་བསྟན་དངོས། །གང་ཡིན་གཟུ་པོར་ལྟོས་ལ་གཙུག་དུ་ལོང༌། །ཐུབ་བསྟན་འདི་ལྟར་གྱུར་པའི་དུས་སྐྱེས་ཕྱིར། །བདག་ཅག་སྐལ་དམན་ཕྱོགས་གཅིག་འདུས་པར་གོ །དམ་པའི་དོན་དུ་དུས་ལ་བཟང་ངན་མེད། །རང་རྟོག་ཕྱི་རོལ་ཡུལ་དུ་འཁྲུལ་པ་སྐྱེས། །དེ་ལ་ཉིད་འཁྲུལ་བཟང་ངན་ཞེན་པས་བཅིངས། །སྒྱུ་མའི་དམག་དཔུང་བདེན་པར་ཞེན་ལྟར་ཟད། །མངའ་ཐང་ལོངས་སྤྱོད་རྨི་ལམ་ནོར་བརྙེད་འདྲ། །རིགས་རུས་མཆོག་དམན་ཞེན་པས་བཏགས་པ་ཙམ། །འདི་དག་ཐམས་ཅད་སྙིང་པོས་དབེན་ནོ་ཞེས། །སྤྲུལ་པའི་ཆོས་ཀྱི་རྒྱལ་པོ་དེ་རྣམས་ཀྱིས། །དམ་ཆོས་རྣམ་ཐར་ཚུལ་དུ་བསྟན་པ་ཉིད། །འདོད་པའི་འདམ་ན་པདྨ་ལྟར་མ་གོས། །བདག་གཞན་མ་དམིགས་འགྲོ་བ་སྒྲོལ་ལ་བརྩོན། །སྤྲུལ་པའི་ཆོས་ཀྱི་རྒྱལ་པོ་དེ་རྣམས་ཀྱི། །བཀའ་དྲིན་དྲན་པས་སླར་ཡང་ཕྱག་དགྱིད་དོ། །(ཇ༡༤༥བ)


PTT001_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་དུས་འདིར་དམག་མི་ནམ་དགོས་འབྱུང་བ་ཁོ་ན་ལ་དམིགས་ནས་ཆོས་སྡེར་མིང་བཏགས་པ་རེ་འདེབས། དེ་དག་གི་བླ་མའི་གནས་རྣམས་ཀྱང་རྒྱལ་པོ་དང་བློན་པོ་དག་རྔན་པས་མགུ་བར་བྱས་པའམ། གཡུལ་གྱི་ཚེ་བྱ་མ་རྟ་དང་ཉན་སྣ་པ་དང་རྟོག་ཆེན་དུ་ཕྱིན་པའམ། གཞན་གྱི་རྫོང་སླུ་དུག་སྟེར་སོགས་བྱས་པའམ། ཐ་ནའང་ཁ་གསག་གིས་མགུ་བ་ཙམ་གྱི་སྐྱེ་བོ་ཞིག་བསྐོ། སྐྲ་བྲེགས་མིང་བརྗེས་རེ་མ་གཏོགས་སྡོམ་པ་འབོགས་པའི་སྲོལ་མེད། སློབ་དཔོན་དང་རྒན་པར་བྱས་པ་རྣམས་ཀྱིས་ཆགས་སྡང་དང་ཆོས་མིན་གྱི་མིག་ལྟོས་འགའ་ཞིག་བསླབས། སྔར་ཁྱིམ་པའི་དུས་ལས་བརྒྱ་སྟོང་གིས་སེམས་མ་རུངས་ཤིང་རྩུབ་པ། འཁོར་བའི་སྐྱོན་རྣམས་མཐོང་ཡང་སྐྱོ་བ་ཅུང་ཟད་མེད། །སངས་རྒྱས་ཡོན་ཏན་ཐོས་ཀྱང་དད་པ་ཅུང་ཟད་མེད། །ཁྲེལ་མེད་ངོ་ཚ་མེད་ཅིང་སྙིང་རྗེ་ཅུང་ཟད་མེད། །སྡིག་པ་ལྷག་པར་སྤྱོད་ལ་འགྱོད་པ་ཅུང་ཟད་མེད། །མེད་དྲུག་འཛོམ་ལ་སངས་རྒྱས་སྐལ་བ་མེད། །ཅེས་འཕགས་པ་ཐོགས་མེད་ཀྱི་རིགས་ཆད་ཀྱི་མཚན་ཉིད་དུ་གསུངས་པ་དེ་ཐམས་ཅད་ཚང་བ་བརྒྱ་སྟོང་སོགས་འདུས་ཤིང་ཐོས་པ་སྣ་རེ་བྱས་ཀྱང་ཤེས་ཚད་ང་རྒྱལ་དང་ཆགས་སྡང་གི་རྒྱུར་སོང༌། སྔགས་ཀྱི་ནུས་པ་ཕྲ་མོ་རེ་བརྙེད་ན་བྱིས་པས་བཙན་དུག་ཟོས་པ་ལྟར་སླར་ལ་སྡུག་བསྔལ་མཐའ་མེད་ཀྱི་རྒྱུ་བྱེད། ཆོས་ཀྱི་བསམ་པ་སྐད་ཅིག་ཡང་མི་སྐྱེ་བ་ཤ་སྟག་འདུས་པ་ལ་དགེ་འདུན་གྱི་སྡེར་གྲགས་ནས་ཉམ་ཆུང་ཐམས་ཅད་ལ་བརྙས་ཤིང་འཇོམས། དམག་གི་གཡུལ་དུ་འཇུག་པ་ལ་ཚམ་ཚོམ་ཅུང་ཟད་ཀྱང་མེད་པ་འདི་རྣམས་དང༌། རྗེ་དཔོན་རྣམས་ཀྱིས་ཀྱང་རབ་བྱུང་ཐམས་ཅད་ཚེ་འདིར་ཁྲལ་དམག་འུ་ལག་ཐམས་ཅད་ལ་སྦྱར་ནས་ཆོས་དང་ཕྲལ་སྟེ་ཕྱི་མར་ངན་འགྲོ་ལ་འགོད་པའི་གནོད་པ་དགྲ་བོ་འབུམ་ཕྲག་གིས་ཀྱང་མི་ནུས་པ་འདི་ལྟ་བུ་བྱས་སྟེ་འདི་ཕྱི་གཉིས་ཀའི་བདེ་པ་དང་ཕྲལ་བ་ལ་གནོད་པར་གོ་བ་ཡང་སུ་ཡང་མེད་ཀྱི། སྟེང་དུ་རྗེ་དཔོན་འདི་ངེད་ཀྱི་སྦྱིན་བདག་གོ་ཞེས་དེའི་ཆེད་དུ་སྲོག་དང་ཚམ་ཚོམ་མེད་པར་འདོར་བ་འདི་ལྟ་བུས་བོད་ཡུལ་ཐམས་ཅད་གང་ཞིང་དེ་དག་ལ་སངས་རྒྱས་(ཇ༡༤༦ན)


PTT001_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བསྟན་པར་གྲགས་པ་འདི་ལྟ་བུ་ནི་སྔོན་རྒྱལ་པོ་གླང་གིས་བསྟན་པ་བསྣུབས་པས་འབུམ་གྱི་ཆ་ཡང་དོ་བར་མི་སྣང་སྟེ་སྨན་མ་རྙེད་པ་ཙམ་ནི་སླའི་སྨན་གྱི་དོད་པོར་དུག་ཧ་ལ་ཧ་ལ་ཆེན་པོ་བྱིན་པ་ནི་དེ་ལྟ་མ་ཡིན་པ་བཞིན་ནོ། །རྒྱལ་སྲས་རིན་པོ་ཆེས་ཕག་གྲུའི་ཁྲི་དཔོན་ཆེན་པོ་བྱང་རྒྱལ་ལ་བནྡྷེ་རྣམས་ལ་ཁྲལ་དམག་འུ་ལག་འགེལ་བ་མི་འཐད་གསུངས་པས་ཁོང་ན་རེ་ཆོས་ཚུལ་བཞིན་བྱེད་པ་རྣམས་ལ་ནི་ཞབས་ཏོག་བྱེད་ཅིང་ཡོད། གཞན་ཕུར་འབྲོག་འཛིན་མདར་ཞིང་འདེབས་ཉོ་ཚོང་དང་ཁྱིམ་ཐབ་བྱེད་པ་འདི་རྣམས་ལ་ཁྲལ་དམག་འུ་ལག་མི་འགེལ་ན་གཞན་སུ་ལ་འགེལ་དུ་བཏུབ་པར་གདའ་ཟེར་བས་འོ་སྐོལ་གྱིས་ལན་མ་ཐེབས་ཟེར་བ་བྲིས་འདུག་ཡང་དེའི་ལན་སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས་སྟོན་པ་ཉིད་ཀྱིས་བཏབ་ཟིན་པ་ཡིན་སྟེ་མདོ་དེར་ཚངས་པ་ལྷའི་སྙིང་པོས་ཞུས་པའི་ལན་དུ་བཀའ་བསྩལ་པ། རྒྱལ་པོ་དང་བློན་པོ་སོགས་ཀྱིས་རབ་ཏུ་བྱུང་བ་ཚུལ་ཁྲིམས་སྣ་གཅིག་མེད་པ་ལ་ཡང་ཆད་པས་གཅོད་དུ་མི་གནང་སྟེ་གླང་ཆེན་དང་གླ་བའི་རོ་དང་ཙམ་པ་ཀ་བརྙིངས་པ་དང་སྤོས་ཚིག་པ་རྣམས་དངོས་པོ་ཉམས་ཀྱང་གི་ཝཾ་དང་གླ་རྩི་དང་དྲི་བསུང་ཡོད་པས་གཞན་ལས་ལྷག་པར་ལྟར་རབ་ཏུ་བྱུང་བའི་རྟགས་ཙམ་མཐོང་བས་ཀྱང་སངས་རྒྱས་དྲན་ཞིང་མུ་སྟེགས་ལ་མི་བསྟེན་པ་དང་ཚུལ་ཁྲིམས་དྲན་ནས་སྡིག་པ་སྤོང་པ་དང༌། སྦྱིན་པ་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་དང་རབ་ཏུ་འབྱུང་བ་རྣམས་དྲན་ནས་དེ་ལ་སྦྱོར་ཞིང་དགེ་བ་བསྐྱེད་པའི་ཕྱིར་རོ་ཞེས་རྒྱས་པར་གསུངས་ཅིང༌། ཙམྤ་ཀ་ཡི་མེ་ཏོག་བརྙིངས་གྱུར་ཀྱང༌། །མེ་ཏོག་གཞན་པ་རྣམ་པས་ཤིན་ཏུ་ལྷག །དགེ་སློང་ཚུལ་ཁྲིམས་ཉམས་ཤིང་སྡིག་སྤྱོད་ཀྱང༌། །མུ་སྟེགས་ཅན་དག་ཐམས་ཅད་ཀུན་པས་མཆོག །ཞེས་སོགས་དང༌། བཅོམ་ལྡན་འདས་ཉིད་སྔོན་སློབ་པའི་ཚེ་གླང་པོ་ཆེའི་རྒྱལ་པོ་མཆེ་བ་དྲུག་པར་སྐྱེས་པ་ན་ལུས་འཕགས་ཀྱི་རྒྱལ་པོའི་བུ་མོས་དེའི་མཆེ་བ་དོན་དུ་གཉེར་ནས་རྒྱལ་པོས་རྔོན་པ་ཅིག་བཏང་སྟེ་དེས་གླང་པོ་ཆེ་དེ་རང་སངས་རྒྱས་རྣམས་ལ་བག་འབེབས་(ཇ༡༤༦བ)


PTT001_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཐོང་ནས་ངུར་སྨྲིག་བསྒོས་མདའ་གཞུ་སྦས་སྟེ་གླང་པོ་ཆེ་དེ་མི་དོགས་པར་བག་ཕབ་པའི་གནད་ཏུ་བསྣུན་པ་ན་གླང་མོ་བཟང་མོ་སོགས་གླང་ཆེན་གྱི་ཁྱུ་ཐམས་ཅད་ཁྲོས་པ་ལས་མི་དེ་གླང་པོའི་རྒྱལ་པོས་རང་གི་བྲང་འོག་དུ་སྦས་ནས་བསྐྱབས། ཁྱུ་རྣམས་དོང་བའི་འོག་དུ་རྒྱུ་མཚན་དྲིས་པས་མཆེ་བའི་ཕྱིར་སྟེ་མ་རྙེད་ན་རྔོན་པ་ཐམས་ཅད་རྒྱལ་པོས་གསོད་ཏོ་ཅེས་སྨྲས་པས་དེ་རྣམས་བསྐྱབ་པའི་ཕྱིར་དང་ངུར་སྨྲིག་འདི་ནི་འཕགས་པ་ཐམས་ཅད་ཀྱི་རྒྱལ་མཚན་ནོ་ཞེས་ངུར་སྨྲིག་གི་གོས་ལ་གུས་པ་ལྷུར་བྱས་སྟེ་མཆེ་བ་དྲུག་རང་གིས་ཕྱུང་ནས་སྣ་ཞགས་ཀྱིས་བཟུང་སྟེ་བྱིན་པ་དང༌། ཡུལ་པཉྩ་ལར་རྒྱལ་པོ་དགྲ་ལས་རྒྱལ་བྱ་བའི་ཆད་པ་གཅོད་པའི་མི་ཐམས་ཅད་དུར་ཁྲོད་ཆེན་པོ་ཁ་ལམ་པ་ཅེས་པ་འཇིགས་སུ་རུང་བར་སྐྱེལ་ཞིང་སྲིན་མོས་ཟ་བ་ལས་ནམ་ཞིག་མི་ཞིག་ལ་ཉེས་པ་བྱུང་ནས་ཆད་པས་འཇིགས་སྟེ་སྐྲ་དང་ཁ་སྤུ་བྲེགས་ནས་ཆོས་གོས་ཀྱི་ཚལ་བུ་ཞིག་རྙེད་པ་མགུལ་དུ་བཏགས་པ་ལས་གཤེད་མས་དུར་ཁྲོད་དུ་ཤིང་ལ་བཅིངས་སྟེ་བཞག་པས་སྲིན་མོ་མཚོན་ཆའི་མིག་བུ་ལྔ་བརྒྱ་དང་བཅས་པ་ལྷགས་སྟེ་སྲིན་མོས་ཕྱག་དང་བསྐོར་བ་བྱས་སྟེ། སྐྱེས་བུ་ཁྱོད་ནི་མ་བསྙེངས་བདེ་བར་བཞུགས། །ཁྱོད་ལ་བདག་ཅག་གནོད་པ་མི་དགྱིད་ཏོ། །སྐྲ་བྲེགས་ཆོས་གོས་གྱོན་པ་ཁྱོད་མཐོང་ནས། །བདག་ཅག་སངས་རྒྱས་རྗེས་སུ་དྲན་པར་གྱུར། །ཞེས་བསྟོད་པ་བྱས། སྲིན་མོའི་བུ་རྣམས་ཀྱིས་མི་འདི་བདག་ཅག་བཟང་སྩོལ་ཞིག་ཞེས་སྨྲས་པས་མོ་ན་རེ། སངས་རྒྱས་གངྒཱ་ཀླུང་གི་བྱེ་སྙེད་ཀྱི། །རྣམ་པར་གྲོལ་བའི་རྒྱལ་མཚན་གོས་གྱོན་པ། །འདི་ལ་མི་དགེ་སྡིག་པའི་སེམས་བསྐྱེད་ན། །ངེས་པར་མཚམས་མེད་སེམས་ཅན་དམྱལ་བར་ལྷུང༌། །ཞེས་སོགས་སྨྲས་སྟེ་ཟློག །དེ་བཞིན་དུ་སྲིན་མོ་བོང་བུའི་སོ་དང་ཁྲོ་གཉེར་དཔྲལ་སྐྲ་ཅན་དང་མཚོན་ཆའི་གདོང་རྣམས་རེ་རེ་བཞིན་འཁོར་ལྔ་བརྒྱ་དང་བཅས་པ་རེ་ལྷགས་སྟེ་སྔ་མ་བཞིན་གནོད་པ་སྤངས་སྟེ་ཕྱག་བསྐོར་དང་ངུར་སྨྲིག་ལ་བསྟོད་པ་བྱས། ཐ་མ་དེས་བཅིངས་པ་ལས་བཀྲོལ་སྟེ་བཏང་བས་རྒྱལ་པོ་དེས་ཐམས་ཅད་(ཇ༡༤༧ན)


PTT001_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་རྟགས་ཅན་ལ་བཀུར་སྟི་བྱེད་པའི་དྲིལ་བསྒྲགས་པའི་སྔོན་བྱུང་དང༌། མ་འོངས་པ་རྒྱལ་པོ་གདོལ་པ་དང་བྲམ་ཟེ་གདོལ་པ་དང་བློན་པོ་གདོལ་པ་སོགས་ཀྱིས་དགེ་འདུན་གྱི་འདུ་བའི་སྒོ་འཕྲོག་རབ་ཏུ་བྱུང་བ་ལ་ཆད་པས་གཅོད་པ་སོགས་བྱེད་པ་དེ་རྣམས་ལྷས་མི་སྲུང་ཞིང་ཡན་ལག་ཆད་པ་དང་ལྕེ་ལྐུགས་པས་ཤི་སྟེ་མནར་མེད་པར་ལྷུང་བར་གསུངས་ཤིང་རྡོ་རྗེ་སྙིང་པོས་དེའི་རྒྱུ་མཚན་ཞུས་པ་ན་ལན་དུ། རབ་ཏུ་བྱུང་བ་ལ་ལ་ནི་ལྷག་པའི་སྤྱོད་པ་ཉམས་ལ་མོས་པ་མ་ཉམས་པ་ཡོད། ལ་ལ་ནི་མོས་པ་ཉམས་ལ་ལྷག་པའི་སྤྱད་པ་མ་ཉམས་པ་ཡོད། གཉིས་ཀ་ཉམས་པ་དང་གཉིས་ཀ་མ་ཉམས་པ་ཡང་ཡོད། ཚུལ་ཁྲིམས་ཉམས་ལ་ལྟ་བ་མ་ཉམས་པ་དང་ལྟ་བ་ཉམས་ལ་ཚུལ་ཁྲིམས་མ་ཉམས་པ་དང་གཉིས་ཀ་ཉམས་པ་དང་གཉིས་ཀ་མ་ཉམས་པ་དང༌། དེ་ཐམས་ཅད་མ་ཉམས་ཤིང་སྡིག་གྲོགས་ཀྱི་དབང་དུ་གྱུར་པ་དང༌། དགེ་བའི་བཤེས་གཉེན་ལ་བསྟན་ཡང་ལུག་ལྟར་ལྐུགས་པ་ཡང་ཡོད་ལ་དེ་དག་ལ་ཐབས་དེ་དང་དེས་གདུལ་བ་ཡིན་པར་རྒྱས་པར་གསུངས་ཅིང་མདོ་གཞན་ལས་ཀྱང་སེང་གེའི་རྒྱལ་པོ་ཡི་དམ་བརྟན་པས་རྔོན་པའི་ངུར་སྨྲིག་ལ་གུས་པ་བསྐྱེད་དེ་ཡིག་འབྲུ་བརྒྱད་སྨྲས་སྟེ་པགས་པ་བཏང་བ་དང༌། ངའི་བསྟན་པ་ལ་ངུར་སྨྲིག་ཙམ་གྱོན་སྟེ་བུ་དང་བུ་མོའི་ལག་པ་ནས་བཟུང་སྟེ་ཆང་སྐྱོགས་གང་གི་ཕྱིར་ཆང་མའི་ཁྱིམ་ནས་ཆང་མའི་ཁྱིམ་དུ་འཕྱན་པར་བྱེད་པ་དེ་རྣམས་ཀྱང་བསྐལ་པ་བཟང་པོ་འདི་ལ་ཡོངས་སུ་མྱ་ངན་ལས་འདའ་འོ་ཞེས་གསུངས་ཤིང་སྟོན་པ་ཉིད་ཀྱང་ལྷས་སྤྲུལ་བའི་རབ་བྱུང་གཟིགས་པས་རྐྱེན་བྱས་སྟེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་གཤེགས་པའི་ཕྱིར་རོ། །དེས་ན་རྟགས་ཅན་གྱིས་ཉེས་པ་ཆེར་བྱས་ཀྱང་ཆད་པ་གཅོད་དུ་ཡང་མ་གནང་ན་དཔྱ་ཁྲལ་དང་དམག་དང་བྲན་དུ་བསྐུལ་བ་ནི་ག་ལ་རུང་སྟེ་རབ་བྱུང་ལ་འདི་ལྟར་བྱེད་པ་རྣམས་ནི་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་བརྙས་པ་མི་(ཇ༡༤༧བ)


PTT001_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བཟད་པ་ཡིན་ནོ། །གལ་སྟེ་རྒྱལ་པོ་ལ་སོགས་པ་དེ་དག་རང་ཉིད་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཅིག་ཡིན་ན་ནི། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ། །ཕས་ཕམ་པ་ཡི་ལྟུང་བར་འདོད། །དམ་པའི་ཆོས་ནི་སྤོང་བྱེད་པ། །གཉིས་པར་ཐུབ་པས་གསུངས་པ་ཡིན། །ཚུལ་ཁྲིམས་འཆལ་པའི་དགེ་སློང་ལའང༌། །ངུར་སྨྲིག་འཕྲོག་དང་བརྡེག་པ་དང༌། །བཙོན་རར་འཇུག་པར་བྱེད་པ་དང༌། །རབ་ཏུ་བྱུང་ལས་འབེབས་པ་དང༌། །སྲོག་བྲལ་བྱེད་པ་གསུམ་པ་འོ། །མཚམས་མེད་ལྔ་པོ་བྱེད་པ་དང༌། །ལོག་པར་ལྟ་བ་འཛིན་པ་དང༌། །གྲོང་ལ་སོགས་པ་འཇོམས་པ་དག །སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ། །ཞེས་བསླབ་བཏུས་ལས་རྒྱལ་པོ་དང་བློན་པོའི་རྟེན་ཅན་གྱི་བྱང་སེམས་ལ་རྩ་ལྟུང་དུ་བཤད་པ་དེ་རྣམས་ཕལ་ཆེར་ཅིག་ཅར་ཏུ་འབྱུང་བ་ཡིན་ལ་ངུར་སྨྲིག་གི་ཚལ་བུ་འཛིན་པ་ལའང་སྟོན་པའི་འདུ་ཤེས་སྐྱེད་ཅེས་པའི་སྐྱབས་འགྲོའི་བསླབ་བྱ་དང་ཡང་འགལ་བ་ཡིན་ནོ། །ཕུ་འབྲོག་མདའ་ཞིང་སོགས་འཛིན་པ་ཡང་ཐུན་མོང་གི་འདུལ་བ་ལས་གང་ཟག་ལ་དེ་ལྟ་བུ་མ་གནང་ཡང་དགེ་འདུན་གནང་ཞིང༌། ཐེག་ཆེན་གྱི་བྱང་ཆུབ་སེམས་དཔའ་དགེ་སློང་གི་རྟེན་ཅན་ལ་གཞན་དོན་དུ་གནང་བ་ཡང་ཡོད་པས་བསམ་པ་ཀུན་སློང་གཙོ་ཡི་ཡོ་བྱད་བསྙུངས་པ་ཙམ་གཙོ་བ་ཡང་མ་ཡིན་ནོ། །དེ་ལྟར་ཆད་པས་བཅད་དུ་མ་གནང་ཡང་ཚུལ་ཁྲིམས་དང་མི་ལྡན་པ་དེ་རྣམས་དགེ་འདུན་གྱི་ནང་དུ་བཞག་པར་བྱ་བ་ནི་མ་ཡིན་སྟེ་ལྔ་ཕྲུགས་དང་ལྡན་པའི་དགེ་སློང་གིས་དགེ་འདུན་གྱི་ནང་དུ་གནང་བ་དྲིས་སྟེ་བྱིན་ན་ཉེས་པ་གླེང་ཞིང་གནས་ནས་འབྱིན་པར་བྱ་ལ་དེ་རྒྱལ་པོ་སོགས་ལ་བརྟེན་པས་འབྱིན་མ་ནུས་ན་དགེ་འདུན་རྣམས་གནས་གཞན་དུ་འགྲོ་བར་གསུངས་ཤིང༌། དེས་ན་སོ་སྐྱེ་འཆིང་བ་ཀུན་ལྡན་རྒྱལ་པོ་དང་བློན་པོ་དང་དགེ་འདུན་གྱི་གནས་བརྟན་སོགས་བླ་མའི་གནས་དང་ཞལ་ཏ་པ་བཅུ་གཉིས་དང་ཁྱད་པར་དེང་སང་ཆོས་ཁྲིམས་པར་གྲགས་པའི་མཛེས་ཆོས་པ་རྣམས་བྱེད་པ་ནི་དཀོན་མཆོག་གི་དཀོར་ལེན་པ་དང༌། ཆོས་(ཇ༡༤༨ན)


PTT001_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

སྤོང་དང༌། གང་ཟག་དམ་པ་ལ་བརྙས་པ་སོགས་ཉེས་པ་དུ་མའི་འབྱུང་གནས་སུ་མཐོང་ནས་བྱང་ཆུབ་སེམས་དཔའ་མང་པོས་བདག་བཟོད་པ་མ་ཐོབ་ཀྱི་བར་དུ་ནམ་ཡང་རྒྱལ་པོར་མ་གྱུར་ཅིག་བློན་པོར་མ་གྱུར་ཅིག་སོགས་ནས་དགེ་འདུན་གྱི་གནས་བརྟན་སོགས་སུ་མ་གྱུར་ཅིག་ཅེས་སྨོན་ལམ་བཏབ་པར་སའི་སྙིང་པོ་འཁོར་ལོ་བཅུ་པ་ཉིད་ལས་རྒྱས་པར་བཤད་དོ། །བོད་ཀྱི་རྒྱལ་ཁྲིམས་སིལ་བུར་གྱུར་པའི་འོག །མཁས་གྲུབ་སྐྱེས་ཆེན་དཔག་མེད་བྱོན་གྱུར་སྟེ། །བསྟན་པའི་སྲོག་ཤིང་ར་ས་བསམ་ཡས་སོགས། །ཉམས་པ་བསོས་ཤིང་བསྟན་པ་དར་བར་མཛད། །དེ་ཡང་བསྟན་པ་ཕྱི་དར་གྱི་རྣམ་གཞག་གཞན་དུ་འཆད་ལ་སྐྱེས་བུ་དམ་པ་ཕྱིས་བྱོན་པས་ར་ས་བསམ་ཡས་ལ་བྱ་བ་བྱས་ཚུལ་ནི། ཁེང་ལོག་གི་འོག་དུ་ར་ས་གཉིས་ཞབས་ཏོག་མེད་པར་སྤྲང་ཚང་བཅས་སྟེ་ལྷ་ཁང་ཐམས་ཅད་ཏུ་ཐབ་བཅས་པས་དུ་བས་མོག་པོར་བྱས་པ་རིང་ཞིག་བྱུང༌། དེའི་ཚེ་ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ་དང་མདོལ་ཆུང་བསྐོར་དཔོན་གྱིས་སྤྲང་ཁང་ཟུར་དུ་བརྩིགས། དམག་སྦས། ཕྱོགས་གཅིག་དུ་འགྱེད་སྟོན་བཏང་བ་ལ་སྤྲང་པོ་རྣམས་འདུས་པའི་ཤུལ་ཕྲོགས་སྟེ་སྤྲང་ཚང་བཏོན། གཙང་ཁང་དབུས་མའི་རྟེན་རྣམས་སྐུ་ཆུངས་པས་མི་མཛེས་པར་མཐོང་ནས་སྟེང་ཁང་དུ་གདན་དྲངས་པས་མི་འཁྲུགས་པའི་སྐུས་ཁོ་བོ་གཞན་དུ་མི་འགྲོ་གསུངས་པས་ཇོ་བོ་མི་འགྲོ་གསུང་འབྱོན་དུ་གྲགས། སླར་ཐུབ་པ་གངས་ཆེན་མཚོ་རྒྱལ་སེམས་དཔའ་སེམས་མ་སྒོ་སྲུང་དང་བཅས་པ་བཞེངས། ཞིག་གསོ་དང་ཞབས་ཏོག་ཆེར་མཛད། ཕྱིས་མདོལ་ཆུང་བསྐོར་དཔོན་གྱིས་ལུས་སྣུམ་རས་ཀྱིས་བཅིངས་པ་ལ་སྤྱི་བོ་ནས་རིམ་པས་མར་མེར་སྤར་སྟེ་ཇོ་བོའི་དྲུང་དུ་ཕུལ་ནས་འགྲེང་བཞིན་དུ་བཟང་སྤྱོད་སྨོན་ལམ་གཉིས་བཏོན་ནས་གསུམ་པའི་མགོན་པོ་ཀུན་གྱི་དྲུང་དུ་བདག་མཆིའོ། །ཞེས་པའི་སྐབས་སུ་ཉམས་འུར་ནས་བཀྲབས་སྟེ་སྐད་ཅིག་དེ་ལ་སྤྱི་བོ་ནས་ཐོད་པ་གོག་པའི་ཤུལ་ནས་འོད་ཆེན་པོ་རིག་ན་མཁར་སོང༌། དེ་མ་ཐག་ས་གཡོས་མེ་ཏོག་གི་ཆར་ཆེན་(ཇ༡༤༨བ)


PTT001_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བབ་སྐད། ར་སར་ཀླུ་མེས་རྦ་རག་འབྲིང་ཚོ་སྟེ་སྨད་འདུལ་གྱི་སྡེ་བཞི་ཆགས་ནས་བཤད་ཉན་དར། ཕྱིས་རྦ་འབྲིང་གི་སྡེ་འཁྲུག་བྱུང་བས་གཙུག་ལག་ཁང་ཐམས་ཅད་དམག་གིས་ཞིག་ཉམ་རྨས་པའི་ཚེ་ཆོས་རྒྱལ་གྱི་ལུང་བསྟན་ལྟར་རྗེ་སྒོམ་པ་ཚུལ་ཁྲིམས་སྙིང་པོ་མ་མགོན་དང་རྫོང་བཙན་གྱིས་སྤྱན་དྲངས་སྟེ་བྱོན་ནས་སྡེ་འཁྲུག་བསྡུམས་པས་ཤིན་ཏུ་དཀའ་ནས་འབྱོན་པར་བརྩམས་པའི་ཚེ་ཇོ་བོ་ལས་སྤྱན་ཆབ་བྱུང༌། འཁྲུག་པ་འདི་ཁྱོད་ཀྱིས་མི་བསྡུམ་ན་སུས་བསྡུམ་ཞེས་གསུང་བ་སྐུ་འཁོར་ཐམས་ཅད་ཀྱིས་ཐོས། ཡང་ཤིན་ཏུ་དཀའ་བ་ན་བླ་མ་ལྷ་རྗེ་ཉིད་བྱོན་ནས་སྒོམ་ཚུལ་ཁྱོད་ཀྱིས་ང་འཇོག་ཕོད་དམ་གསུང་སྟེ་ཇོ་བོ་དང་རྗེ་སྒམ་པོ་པ་ཐ་མི་དད་པར་འདུག་གསུང་སྟེ་དེ་མ་ཐག་འཁྲུག་པ་དུམ། སླར་ཁྱམས་ཁྲ་བར་བསྐོར་སོགས་ཀྱི་ཐོག་རྩིག་པ་རི་མོ་སོགས་ཐམས་ཅད་གཞི་ནས་བཅོས། ཇོ་བོ་གཙང་ཁང་ལྷོ་མར་བཞུགས་པ་དབུས་མར་སྤྱན་དྲངས་སྟེ་སྔོན་ཞལ་བསྒྱུར་བར་ལུང་བསྟན་པ་དེ་ཡིན། མཆོད་པ་དཔག་མེད་མཛད། བསྟན་པ་བཞི་བཞེངས་སུ་བཏང༌། སྙིང་རྗེ་པད་དཀར་གྱི་མདོར། དགེ་སློང་འཚོ་བྱེད་དེས་ངའི་མཆོད་རྟེན་གསེར་གྱིས་བརྒྱན་པ་སོགས་ལོ་ལྔ་པ་བྱེད་ཏུ་འཇུག་པར་འགྱུར་ཞེས་ལུང་བསྟན་པ་དེ་རྗེ་སྒོམ་ཚུལ་ལོ་ལྔ་ལོན་པ་ཅིག་རྗེ་སྒོམ་པོ་པའི་ཞབས་ཕྱིར་བྱོན་པ་དེ་ལ་དགོངས་པ་ཡིན་ཞེས་དཔལ་མཁའ་སྤྱོད་དབང་པོས་གསུངས། དེ་ནས་ར་སའི་གཙུག་ལག་ཁང་གཉིས་སློབ་མ་དམ་པ་ཞང་རིན་པོ་ཆེ་ལ་གཏད། དེའི་ཉེ་གནས་ཚལ་དཔོན་དར་མ་གཞོན་ནུ་ལ་སོགས་པ་རིམ་པར་བྱུང་བ་རྣམས་དང་ཕྱིས་བློན་པོ་མགར་གྱི་མི་བརྒྱུད་ཚལ་དཔོན་སངས་རྒྱས་དངོས་གྲུབ་ཕྱིན་མི་བརྒྱུད་ལ་འཇགས་པ་རྣམས་ཀྱིས་ཆོས་རྒྱལ་ཡབ་ཡུམ་གྱི་སྐུ་བཞེང་པ་དང་སྒོ་ཁང་ཕྱི་མ་སྒོ་སྲུང་མ་མགོན་སེང་ལྡེང་གི་སྒོ་གླེགས་དང་བཅས་པ་ཕུལ། ཆུ་རགས་ཆེན་མོ་སོགས་ཞབས་ཏོག་དཔག་མེད་བྱས། གཞན་ཡང་ལྷ་རྗེ་དགེ་བ་འབུམ་དང་དེའི་ལྕམ་མོ་ཡེ་ཤེས་མཆོག་དང་ཞིག་པོ་བདུད་རྩི་ལ་སོགས་པ་མང་པོས་ཆུ་རགས་དང་ཞབས་ཏོག་མཛད། ཡ་ཙེའི་རྒྱལ་པོ་(ཇ༡༤༩ན)


PTT001_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

རེ་འུ་སྨལ་གྱིས་མཁས་ཤིང་ཡོན་ཏན་དང་ལྡན་པའི་སྟོན་པ་རིན་རྡོར་དང་མཛོད་པ་ཨར་ཛུ་ལ་སོགས་མངགས་སྟེ་ཟངས་ཁལ་བཅོ་བརྒྱད་ལ་དོས་རེར་བྱས་པའི་ཟངས་དོས་བརྒྱ་དང་བཞི་གསེར་སྲང་ལྔ་བརྒྱ་རྣམས་ལས་ལྕགས་ཕོ་ཁྱི་ལོ་ལ་ཇོ་བོའི་དབུ་ཐོག་དུ་གསེར་ཐོག་ཕུབ། ལྷག་མ་ལ་གསེར་ཐོག་ཆུང་ངུ་ཞིག་བཅུ་གཅིག་ཞལ་གྱི་དབུ་ཐོག་དུ་ཕུབ་པ་ཕྱིས་ཡ་ཙེའི་རྒྱལ་པོ་པུ་ཎ་སྨལ་གྱིས་གསེར་ཐོག་ཆེ་བར་བཀྱེད། དེ་ཕྱིན་ཡང་འགྲོ་མགོན་དུང་མཚོ་རས་པ། གྲུབ་ཐོབ་མགོན་ཡེ་ཤེས། སྣེལ་པ་ཡོན་མཆོད་ལ་སོགས་པ་མང་པོས་རྙིང་གསོ་སར་བཞེང་དུ་མ་བྱས། རྗེ་ཀརྨ་པ་རོལ་པའི་རྡོ་རྗེ་དང་རྗེ་དེ་བཞིན་གཤེགས་པས་མཆོད་པའི་ཁྱད་པར་མང་པོ་དང་ཇོ་བོའི་སྐུ་ལ་མུ་ཏིག་གི་སྣམ་སྦྱར་རིན་ཐང་མེད་པ་གསོལ་བར་མཛད་དོ། །དཔལ་བསམ་ཡས་ཀྱི་གཙུག་ལག་ཁང་ལ་ཕྱིས་ས་སྐྱ་དཔལ་ལྡན་བླ་མ་དམ་པ་ཁོ་ན་བཀའ་དྲིན་ཆེ་སྟེ་ཞིག་གསོ་དང་ཞབས་ཏོག་མཐའ་ཡས་པར་མཛད་དོ། །སྔོན་ཆོས་རྒྱལ་སྲོང་བཙན་ཉིད་ཀྱིས་ཐུགས་དམ་རྣམས་ལ་མདོ་སྐོར་དང་སྒྲུབ་སྐོར་དང་ཞལ་གདམས་ཀྱི་སྐོར་གསུམ་དུ་ཕྱེ་ཞིང་མདོ་སྐོར་གྱི་མདོ་རྒྱུད་ཉེར་གཅིག་པོ་དབོན་སྲས་ལ་དར་དུ་བཅུག་མཛད་པ་ལོ་རྒྱུས་ཀྱི་སྐོར་དུ་མ་དང་སྐྱེས་རབས་ཀྱི་ཚོགས་དང༌། སྒྲུབ་སྐོར་ཆེ་ཕྲ་བཅུ་གསུམ། ཞལ་གདམས་ཀྱི་སྐོར་ལས་བཀའ་ཆོས་ཐོག་ཐ་བར་གསུམ་གྱི་ཤོག་དྲིལ་བསྡོམས་པས་ཞལ་གདམས་ཆེ་ཚོའམ་རྒྱ་ཆེ་བ་གཞན་དོན་དུ་གདམས་པའི་ཆོས་སྐོར་བརྒྱད་བཅུ་རྩ་ལྔ། ཞལ་གདམས་ཆུང་ཚོའམ་ཟབ་པ་རང་དོན་དུ་གདམས་པའི་ཆོས་སྐོར་བདུན་བཅུ་དོན་བཞི་རྣམས་སྤྲུལ་པའི་རྒྱལ་པོས་གསུངས། ཐོན་མིས་ཡི་གེར་བྲིས་དབུ་རྩེ་བྱང་གི་རྟ་མགྲིན་གྱི་ཞབས་འོག་དང་གདུང་ཁོལ་དང་གནོད་སྦྱིན་ཁང་པ་རྣམས་སུ་སྦས། ཕྱིས་སློབ་དཔོན་པདྨས་གཏེར་ཁ་ཕྱེ་སྟེ་ཆོས་རྒྱལ་ཁྲི་སྲོང་ལ་བསྟན་ནས་སླར་རྒྱས་བཏབ། ཕྱིས་གྲུབ་ཐོབ་དངོས་གྲུབ་ཀྱིས་བཏོན་ནས་ཆོས་རྒྱལ་ཁྲི་སྲོང་གི་སྤྲུལ་པ་མྱང་ཉི་མ་འོད་ཟེར་ལ་གནང༌། ཐུགས་རྗེ་ཆེན་པོ་ན་མཁའ་རྒྱལ་པོའི་མངོན་རྟོགས་དང་གབ་པ་མངོན་དུ་ཕྱུང་(ཇ༡༤༩བ)


PTT001_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་ལོགས་སུ་བཀའ་བརྒྱ་བཏབ་པ་ལྔ་པོ་གནོད་སྦྱིན་ན་ག་ཀུ་བེ་རའི་བརླ་གཡས་པའི་དར་ཤམ་འོག་དུ་སྦས་པ་གཏེར་བཏོན་ཤཱཀྱ་བཟང་པོས་ཕྱུང་སྟེ་ལྷ་རྗེ་དགེ་འབུམ་ལ་གནང༌། དེ་རྣམས་ནས་རིམ་པར་ལས་ཅན་མང་པོ་ལ་འཕེལ་ཞིང་རྒྱས་སྟེ་སྨིན་གྲོལ་གྱི་གཞིར་བྱས་སོ། །དེ་ལྟར་བོད་ཡུལ་སྐྱེ་འགྲོ་སྣོད་ལྡན་རྣམས། །དངོས་དང་བརྒྱུད་ནས་བྱང་ཆུབ་ལ་བཀོད་དེ། །འདི་ནས་མ་འོངས་རིང་ཞིག་འདས་པ་ན། །འགྲོ་བའི་རྟག་པར་འཛིན་བློ་ཟློག་པ་དང༌། །རྣམ་དག་རྫོགས་པའི་རིམ་པ་སྟོན་པའི་ཆད། །མཆོག་སྤྲུལ་མྱ་ངན་འདའ་སྟོན་ཇི་བཞིན་དུ། །ར་ས་འཕྲུལ་སྣང་སྤྲུལ་པའི་ཕོ་བྲང་གི །སྣོད་བཅུད་རྟེན་དང་བརྟེན་པར་བཅས་པ་ཡང༌། །རྣམ་འཕྲུལ་ཆོས་དབྱིངས་ཞི་བའི་དབྱིངས་སུ་སྡུད། །དེ་ཚེ་རབ་ཀྱིས་མཁའ་འགྲོས་སྤྱན་དྲངས་སྟེ། །འོག་མིན་སྟུག་པོའི་དབྱིངས་སུ་གཤེགས་པར་མཐོང༌། །ཐུན་མོང་མཐོང་སྣང་འཇའ་འོད་གུར་གྱིས་དཀྲིགས། །ལྷ་ཀླུ་ཀུན་གྱིས་མཆོད་པ་བྱེད་བཞིན་དུ། །ཆུ་བོའི་གཞུང་ལས་རྒྱ་མཚོར་གཤེགས་པར་སྣང༌། །ས་འོག་མུན་པ་མ་ལུས་སེལ་བར་མཛད། །བསམ་ཡས་ཕོ་བྲང་ཆེན་པོའི་སྤྲུལ་པ་ཡང༌། །ཡེ་ཤེས་མེ་ཡིས་བསྲེགས་པའི་ཚུལ་གྱིས་སྡུད། །དེ་བས་གཙུག་ལག་ཁང་ཆེན་འདི་རྣམས་ལ། །མེ་ཆུའི་གནོད་པ་བསྐྱབ་ཕྱིར་སུས་བརྩོན་པ། །དེ་ཡི་བསོད་ནམས་ནམ་མཁའི་ཁམས་ལས་བརྒལ། །རྡོ་རྗེའི་གདན་མཆོག་འབྱུང་བས་མི་ཤིགས་ཀྱང༌། །བྱིས་པའི་འཇིག་རྟེན་མཐུན་འཇུག་སྤྱོད་སྟོན་པ། །བདག་ཅག་བོད་འབངས་སྡིག་སྦྱོང་དགེ་སྐྱེད་པའི། །ཐབས་ཀྱི་མཛད་པ་ཐུགས་རྗེས་བསྟན་པ་ཉིད། །དེ་ཡང་ར་ས་འཕྲུལ་སྣང་དང་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་འདི་གཉིས་ནི་བདེ་བ་ཅན་གྱི་ཞིང་ཁམས་ལྟར་སྤྲུལ་པའི་རྟེན་བརྟེན་པ་དངོས་ཡིན་པས་མཐར་ཡང་མཆོག་གི་སྤྲུལ་པའི་སྐུ་མྱ་ངན་ལས་འདའ་བ་སྟོན་པ་ལྟར་སྤྲུལ་སྐུ་སྡུད་པའི་(ཇ༡༥༠ན)


PTT001_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་སྟོན་པ་སྟེ་སློབ་དཔོན་ཆེན་པོ་པདྨས་ལུང་བསྟན་པ་ཁོ་ཐིང་གི་གཏེར་མ་ལས། སློབ་དཔོན་གྱིས། གཙུག་ལག་ཁང་རྣམས་བཞེང་བའི་ཚེ། །སེམས་ཅན་བསོད་ནམས་ཡར་ལྡན་ཡིན། །གཙུག་ལག་ཁང་རྣམས་བསྐོར་བའི་ཚེ། །འགྲོ་བའི་བསོད་ནམས་འབྲིང་པོ་ཡིན། །གཙུག་ལག་ཁང་རྣམས་འཇིག་པའི་ཚེ། །འགྲོ་བའི་བསོད་ནམས་མར་འགྲིབ་ཡིན། །ཁྱེད་ཀྱི་གདུང་རབས་གསུམ་པ་ནས། །རྒྱལ་ས་སྟོངས་ཤིང་རྒྱལ་ཁྲིམས་འཇིག །བོད་འབངས་འཁྲུགས་པས་ལྷ་སྲིན་གཡོ། །ལྷ་སྲིན་གཡོས་པས་འབྱུང་བ་འཁྲུགས། །ནམ་ཞིག་དུས་ཀྱི་ཐ་མ་ལ། །ལྷ་ས་ཆུ་ཡིས་འཇིག་བྱེད་ཅིང༌། །བསམ་ཡས་མེ་ཡིས་འཇིག་པར་བྱེད། །ལར་ན་སེམས་ཅན་བསོད་ནམས་ཡིན། །ཐབས་ཀྱིས་ཅུང་ཟད་སྲིང་ཐབས་ཡོད། །ཅེས་གསུངས་པ་ལ། རྒྱལ་པོས། སྤྱིར་ནི་མཆོད་རྟེན་བསམ་ཡས་དང༌། །ལྷ་ས་བོད་ཀྱི་སྲོག་ཤིང་ཡིན། །འདི་ལ་ཞིག་ཐབས་ག་ལ་ཡོད། །ཀྱེ་ཧུད་བོད་འབངས་སྙིང་རེ་རྗེ། །ཐོས་པས་ཆོག་པའི་གཙུག་ཁང་ཡིན། །དྲན་པས་ཆོག་པའི་གཙུག་ཁང་ཡིན། །འདི་ལ་ཞིག་ཐབས་ག་ལ་ཡོད། །ཀྱེ་ཧུད་བོད་འབངས་ཉོན་རེ་མོངས། །མཁའ་ལ་ཉི་ཟླ་ལྟ་བུ་ཡིན། །འདི་ཞིག་མུན་པ་གང་གིས་སེལ། །གཤེད་མ་གྲི་ཐོགས་ལྟ་བུའི་དགྲ། །མེ་ཆུ་གཉིས་ལས་སྐྱབ་ཏུ་གསོལ། །ཞེས་གསོལ་བས་སློབ་དཔོན་གྱིས་བཀའ་བསྩལ་པ། ཀྭ་ཡེ་ཆོས་རྒྱལ་མ་བཤུམ་ཞིག །འཁོར་བ་སྒྱུ་མར་མཁྱེན་པར་མཛོད། །རྐྱེན་ངན་ལས་སུ་མཁྱེན་པར་མཛོད། །སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །རྟག་པ་མ་ཡིན་ཐུགས་ཁྲལ་སྐྱུངས། །ཆད་པ་མ་ཡིན་ཐུགས་མ་མུག །དག་སྣང་ཅན་གྱི་གང་ཟག་ལ། །རྒྱལ་བ་མྱ་ངན་འདས་པ་མེད། །རྒྱལ་བའི་ཞིང་ཁམས་སྟོངས་པ་མེད། །སེམས་ཅན་འཁོར་བར་འཁྱམས་པ་མེད། །འཁོར་བ་བདེན་པར་གནས་པ་མེད། །འབྱུང་བཞི་རྩུབ་འགྱུར་སྣང་བ་མེད། །བསམ་ཡས་ལྷ་ས་འཇིག་མི་མངའ། །སྒྲིབ་གཡོགས་འཁྲུལ་པའི་(ཇ༡༥༠བ)


PTT001_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་རྣམས། །བསམ་ཡས་ལྷ་སའི་རྩར་སྐྱེས་ཀྱང༌། །དེ་ཡི་གཙུག་ཁང་མཐོང་བ་མེད། །འགྲོ་བ་ཚོགས་བསག་སྒྲིབ་སྦྱོང་ཕྱིར། །མེ་ཆུ་གཉིས་ནི་བརྩོན་འགྲུས་ལྷ། །ཐུགས་རྗེ་ཆེན་པོའི་རང་བཞིན་ཡིན། །འདི་དག་དགྲ་མིན་ལོག་ལྟ་སྤོངས། །ཆོས་རྒྱལ་ཆེན་པོ་ཐུགས་དགོངས་གློད། །ཐབས་ཀྱི་རྒྱལ་པོ་ང་ཡིས་བསྟན། །གསུངས་ནས་ལྕགས་ཀྱུའི་ཕྱག་རྒྱ་མཛད་པས་ཀླུ་རྒྱལ་འཇོག་པོ་བྱུང་སྟེ་རིན་པོ་ཆེ་ཆུ་ཤེལ་ཕུལ་བ་བསམ་ཡས་ཀྱི་སྲོག་ཤིང་དུ་བཅུག་ནས་འདི་དང་མ་བྲལ་གྱི་བར་དུ་གཙུག་ལག་ཁང་མེས་མི་འཚིག་པར་འོང༌། ནམ་ཞིག་འབྱུང་བ་བརྙིགས་ནས་གཙུག་ལག་ཁང་ཉམས་འོང་པས་དེའི་དུས་གསོ་བ་ལ་བརྩོན་འགྲུས་གྱིས་ཅིག །དེའི་ཚེ་འཁོར་ཞིང་ཞབས་ཏོག་བྱེད་པ་དང་མཆོད་ཅིང་བསྐོར་བ་དང་ཐ་ན་སེར་ཀལ་འདམ་ཕྲ་ཙམ་ཞིག་སྦྱར་ནས་གསོ་བ་ཐམས་ཅད་ཀྱང་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ལ་བསྟི་བསྟང་བྱས་པ་ཡིན། ཆོས་ཐམས་ཅད་བསྒྲུབས་པ་ཡིན། བདེ་བར་གཤེགས་པ་ཐམས་ཅད་ལ་བཀུར་སྟི་བྱས་པ་ཡིན། གཙུག་ལག་ཁང་སར་དུ་བརྩིགས་པའི་བསོད་ནམས་འཐོབ་པ་ཡིན་ནོ། །དེ་ཚེ་འཕོས་ནས་བདེ་བ་ཅན་དུ་པདྨའི་སྡོང་པོ་ལས་སྐྱེ་བར་འགྱུར་རོ་ཞེས་གསུངས་སྟེ་གཙུག་ལག་ཁང་གསོ་བའི་དཀོར་ནོར་དུ་མ་ཡང་གཏེར་དུ་སྦས་སོ། །ཡང་བཀའ་བསྩལ་པ། སྔོན་གྱི་རྒྱལ་པོ་སྲོང་བཙན་སྒམ་པོ་ནི་ཐུགས་རྗེ་ཆེན་པོ་དངོས་ཡིན་མངོན་པར་མཁྱེན་པ་དང་ལྡན་པས་ལྷ་སའི་གཙུག་ལག་ཁང་འདི་གཙང་པོའི་འགྲམ་དུ་བཞེངས་པ་ཡིན་ནོ། །གཙང་པོ་འདི་གཙུག་ལག་ཁང་གི་རྩར་འོང་པ་ཡིན་ཕྱི་མའི་དུས་ཀྱི་མི་རྣམས་དེའི་ཆེད་དུ་ཆུ་རགས་བྱེད་དོ། །དེས་ནི་འགྲོ་བ་རྣམས་ཀྱི་སྒོ་གསུམ་གྱི་སྒྲིབ་པ་སྦྱོང་ཞིང་བྱང་ཆུབ་ཀྱི་ས་བོན་འདེབས་སྟེ་དེའི་ཆེད་ཏུ་ཐུགས་རྗེ་ཆེན་པོའི་སྤྲུལ་པས་གཙང་པོ་འདི་སླར་ཉེ་བར་སྟོན་ཏོ། །དེའི་ཚེ་འགྲོ་བ་གང་ཆུ་ལ་རགས་བྱེད་ཅིང་གཙུག་ལག་ཁང་སྐྱོབ་པའི་ཕྱིར་ལུས་འཁོལ་བ་རྣམས་ནི་སྤྲུལ་པའི་སྐུ་ཐོབ་པར་འགྱུར་རོ། །ངག་གིས་ཁ་བཀོད་བྱེད་པ་རྣམས་ནི་གསུང་ལོངས་སྐུ་ཐོབ་པར་འགྱུར་རོ། །ཡིད་ཀྱིས་སེམས་ཁྲལ་བྱེད་ཅིང་གཙུག་ལག་ཁང་སྐྱོབ་པར་སེམས་པ་རྣམས་ནི་ཐུགས་ཆོས་སྐུ་ཐོབ་པར་(ཇ༡༥༡ན)


PTT001_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །དེའི་ཚེ་ལུས་ངག་ཡིད་གསུམ་གས་འབད་དེ་ཆུ་རགས་དང་བསྐོར་མཆོད་དང་ཡི་རང་སྐྱེས་པ་དེ་ཐམས་ཅད་སྒོ་གསུམ་གྱི་སྒྲིབ་པ་བྱང༌། ཐེག་པ་ཆེན་པོ་འཐོབ་པ་ལ་ཐེ་ཚོམ་མེད་ཏོ་ཅེས་གསུངས་སྟེ་ཕན་ཡོན་འདི་རྣམས་ནི་ཆོས་རྒྱལ་ཉིད་ཀྱིས་བཀའ་ཆེམས་ལས་བྱུང་བ་དང་ཡང་ཐ་དད་མི་སྣང་ངོ༌། །ཡང་བཀའ་བསྩལ་པ། ལྷ་སའི་གཙུག་ལག་ཁང་འདི་ཡང༌། །ཕྱི་ལྟར་འགྲོ་བ་དང་བ་འདྲེན། །ནང་ལྟར་ཐ་མལ་ཞེན་པ་ལྡོག །གསང་བ་རང་སྣང་རིག་པའི་རྩལ། །གཙུག་ཁང་འཇིག་རྐྱེན་གཙང་ཆབ་འདི། །ཕྱི་ལྟར་རྟེན་གསུམ་གདན་འདྲེན་ཀླུ། །ནང་ལྟར་འགྲོ་བའི་སྒྲིབ་སྦྱོང་ཆུ། །གསང་བ་རང་བྱུང་རྣམ་དག་ཁྲུས། །གཙུག་ཁང་སྐུ་སྐྱོབ་མཆོད་མེ་ཡང༌། །ཕྱི་ལྟར་ལམ་ལ་བརྩོན་འགྲུས་ཅན། །ནང་ལྟར་འཕགས་པའི་སྤྲུལ་པ་དངོས། །གསང་བ་བྱང་ཆུབ་ཐོབ་པའོ། །ཨེ་མ་ཧོ། མ་འོངས་དུས་ཀྱི་འགྲོ་བ་ཀུན། །སྐལ་ལྡན་གསན་འཚལ་ཐབས་མཆོག་བཤད། །ལྔ་བརྒྱའི་ཐ་མར་ཤཱཀ་ཐུབ་སྐུ། །མ་དྲོས་ཀླུ་དབང་གདན་འདྲེན་ཚེ། །གཙང་ཆབ་ས་རྒྱ་གཅོད་ཚུལ་ནི། །གཙང་ཆབ་གཡས་ལག་རྐྱོང་བའི་ཚེ། །འུར་ཐོག་སྟེང་དུ་རྡོ་བཞག་འདྲ། །ཀླུ་རྒྱལ་དུང་མགྲིན་ཞུ་འབུལ་དུས། །དེ་དུས་བསྙེན་རགས་བྱེད་པ་ཀུན། །འཁོར་བ་ངན་སོང་བདུད་རིས་ཀྱི། །གཡུལ་ངོ་བཟློག་པར་སྨོས་ཅི་དགོས། །གཙང་པོའི་གཡས་ལག་རགས་ཀྱིས་བཅད། །རགས་ཁར་མཆོད་རྟེན་སྒོ་མང་རྩིགས། །དེས་ནི་ཀླུ་རྒྱལ་དུང་མགྲིན་ཟློག །གཙང་ཆབ་ཕྱེད་དུ་གྱེས་པའི་ཚེ། །པགས་རློན་སྟེང་དུ་བྲེ་བཞག་འདྲ། །ཀླུ་རྒྱལ་གླང་སྣའི་གསུ་བ་ཡིན། །དེ་དུས་གཙུག་ཁང་རགས་བྱེད་ཀུན། །རྣམ་སྨིན་ལས་སྦྱངས་བདེ་ཆེན་ཐོབ། །ཆུ་རགས་གོང་སྐོར་ལྟ་བུར་རྩིག །སྟོབས་ལྡན་ཀག་ནི་ཟུར་གསུམ་པ། །རགས་ཁར་བརྩིགས་ན་གླང་སྣ་ཟློག །གཙང་ཆབ་སྐོར་བ་(ཇ༡༥༡བ)


PTT001_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་ཚེ། །རང་ཐག་ཕུབ་སྟེང་བཞག་པ་འདྲ། །ཀླུ་རྒྱལ་མ་དྲོས་གདན་འདྲེན་ཡིན། །དེ་ཚེ་མི་ཡི་གང་ཟག་གིས། །གཙུག་ཁང་མཆོད་སྐོར་རགས་བྱེད་ཀུན། །སྨོན་ལམ་ཅི་དང་ཅི་བཏབ་འགྲུབ། །ཆུ་རགས་གཙུག་ཁང་གྲུ་བཞིར་བསྐོར། །ཟུར་བཞི་ཀུན་དུ་མཐོ་རེ་རྩིགས། །ཁྲོ་བོ་གཤིན་རྗེའི་གཤེད་པོ་དང༌། །རྟ་མགྲིན་དང་ནི་བདུད་རྩི་འཁྱིལ། །སྟོབས་པོ་ཆེ་བཞིར་མངའ་གསོལ་བྱ། །དེ་ལྟར་བགྱིས་ན་ཅུང་ཟད་ཕན། །ཀླུ་རྒྱལ་གསུ་བ་བྱུང་བའི་ཚེ། །ཀོ་བ་མཚོ་ལ་བྱེད་འདྲའི་དུས། །རྒྱང་ནས་མཆོད་ཅིང་གསོལ་བ་གདབ། །སྨོན་ལམ་རྒྱ་ཆེན་དཔག་མེད་ཐོབ། །དེ་ཚེ་འདུས་ཚོགས་འགྲོ་བ་ཀུན། །ཐུགས་རྗེ་ཆེན་པོ་དངོས་ཡིན་ནོ། །དེ་སོགས་དག་དང་མ་དག་གི །མཐོང་སྣང་རབ་ཐ་འདི་ལྟར་འབྱུང༌། །དག་སྣང་ཅན་ལ་གཙུག་ལག་ཁང༌། །འོག་མིན་གནས་སུ་གཤེགས་མཐོང་སྲིད། །ཐ་མའི་སྣང་བར་གཙུག་ལག་ཁང༌། །སྦྲུལ་གྱིས་དཀྲིས་ནས་ཆབ་ལ་ནི། །འཇའ་འོད་གུར་བཅས་གཤེགས་མཐོང་འགྱུར། །ལར་ན་མཐོང་ཐོས་རེག་པ་ཀུན། །ཐར་པ་འཐོབ་པའི་གནས་ཡིན་ནོ། །ཞེས་གསུངས་ནས་རྫུ་འཕྲུལ་གྱིས་རྒྱལ་པོ་ཁྲིད་དེ་ལྷ་སའི་གཏེར་རྣམས་དངོས་སུ་བསྟན། གབ་པ་མངོན་ཕྱུང་སོགས་ཁ་ཅིག་ཐུགས་དམ་གྱི་རྟེན་དུ་བཤུས་ནས་ཕྱིས་བསམ་ཡས་སུ་རྣམ་སྣང་གི་ཕྱག་དུ་ཕུལ་ཞེས་བྱུང་ལ་འདི་དང་ཆོས་རྒྱལ་ཉིད་ཀྱིས་ལུང་བསྟན་པ་མཐུན་པ་སྟེ། གཙང་ཆབ་གཡས་ལག་བརྐྱང་པ་ལྷ་ས་གཉིས་ཀྱི་བར་ཆུ་རྒྱས་པ་ནི་སྐམ་ས་ཉ་འདྲ་བའམ་འུར་ཐོག་གི་མཐིལ་འདྲ་བ་ནར་མོར་གནས་པ་སྟེ་ཀླུ་དུང་མགྲིན་གྱི་སྤྱན་འདྲེན་ཡིན་ལ་དེའི་ཚེ་ཉ་འདྲའི་དུས་སུ་གཞོག་ལྟར་སྦྲོན་ཞེས་གཡས་ལག་རགས་ཀྱིས་བཅད་ནས་རགས་ཁར་མཆོད་རྟེན་བཀྲ་ཤིས་སྒོ་མང་བརྩིག་གོ །གཙང་པོ་ཕྱེད་དུ་གྱེས་ནས་སྐམ་ས་ཐུར་གསུམ་དུ་གནས་པ་ནི་འཇོང་འདྲའི་དུས་སྟེ་ཆུ་རགས་ཞྭ་ལྟར་བཀོན་ཞེས་གཉའ་ནས་ཟུར་གསུམ་དུ་བསྐོར་སྟེ་གཙུག་དུ་ཀག་ནི་ཟུར་གསུམ་དུ་བརྩིགས་པས་ཀླུའི་རྒྱལ་པོ་(ཇ༡༥༢ན)


PTT001_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

གླང་སྣའི་སྤྱན་འདྲེན་བཟློག་གོ །དེ་ནས་སྐམ་ས་གྲུ་བཞི་ཁོལ་བུར་སོང་ཞིང་ཆུ་བསྐོར་འཁོད་པ་ནི་ཀླུའི་རྒྱལ་པོ་མ་དྲོས་པ་ཉིད་སྤྱན་འདྲེན་དུ་འོངས་པ་སྟེ་དེའི་ཚེ་ཆུ་རགས་གདན་ལྟར་འདིངས་པ་ཞེས་ལྕགས་རི་ལྟ་བུ་གྲུ་བཞིར་བྱས་སྟེ་ཟུར་བཞིར་མཐོའམ་མཆོད་རྟེན་རེ་བརྩིགས་པ་ཁྲོ་བོ་བཞིར་བསྐྱེད་ཅིང་མངའ་གསོལ་ན་ཅུང་ཟད་ཕན་ལ་དེ་ནས་སྐམ་ས་གྲུ་བཞིའི་ཟུར་ཉམས་སྟེ་སྒོར་མོ་རྔ་འདྲ་བར་གྱུར་པ་ནི་པིར་འདྲའི་དུས་སྟེ་དེའི་ཚེ་མཆོད་པ་བཟང་པོ་བཤམས་ནས་གསོལ་བ་དྲག་དུ་བཏབ་ན་ཅུང་ཟད་བཞུགས་པ་སྲིད་དོ། །སྤྱིར་འདི་རྣམས་ལ་སོ་སོའི་བྱེད་པ་སྨོན་ལམ་གྱི་མཐུ་ཅན་རེ་ཡོང་བར་གསུངས་སོ། །དེ་ནས་ཀོ་བ་མཚོ་ལ་བྱིང་འདྲ་ནི་གཤེགས་པ་ཉིད་ཀྱི་དུས་སྟེ་སྣང་བ་ཐ་དད་པ་དུ་མ་འབྱུང་ཞིང་མི་རྣམས་རི་ལོགས་ནས་བལྟས་སྟེ་སྨོན་ལམ་འདེབས་སྐད་དོ། །ར་ས་བསམ་ཡས་སོགས་གཙུག་ལག་ཁང་ཕལ་ཆེར་ཉམས་པའི་འོག་དུ་ཁྲ་འབྲུག་གི་རིན་པོ་ཆེའི་གཏེར་ཁང་ཁ་འབྱེ་ཞིང་སྲོང་བཙན་བང་སོའི་སྒོ་བྱེ་ནས་ནང་གི་ལྷ་ཁང་ལྔ་པོ་རྣམས་དང་བཅས་པ་ལ་བསྐོར་མཆོད་བྱེད་ཅིང་རང་བྱུང་གི་རྟེན་ཁ་ཅིག་ཡང་སར་དུ་འོང་ཞེས་གཏམ་རྒྱུད་པ་ལས་ཐོས་སོ། །དེ་སླད་ཕྱིན་ཆད་དད་ལྡན་སྐྱེ་བོ་རྣམས། །བསྟན་པའི་སྲོག་རྩ་ལྷ་ས་བསམ་ཡས་སོགས། །ཉམས་པ་གསོ་ཞིང་མ་ཉམས་དཔེལ་བ་དང༌། །རྒྱལ་བློན་སྤྲུལ་སྐུ་རྣམས་ཀྱི་ཐུགས་དམ་རྟེན། །ལྷ་ཁང་ཀུན་ལ་མཆོད་ཅིང་དད་པར་གྱིས། །ཕྱག་དང་སྐོར་བ་མཎྜལ་བྱས་པ་དང༌། །མེ་ཏོག་སྤོས་དང་མར་མེ་ཕུལ་སོགས་ཀྱི། །ཕན་ཡོན་བསམ་མི་ཁྱབ་པར་མདོ་ལས་བཤད། །ལུས་ངག་ཡིད་གསུམ་དགེ་བར་མ་བཀོལ་ན། །མི་ལུས་ཐོབ་ཀྱང་མུན་བསྐལ་སྐྱེས་དང་མཚུངས། །དཀོན་མཆོག་མཆོད་དང་སྦྱིན་ལ་མི་འབད་ན། །ལོངས་སྤྱོད་འབྱོར་ཡང་མཛོད་སྲུང་ཁྱི་དང་མཚུངས། །དཀར་ནག་ལས་འབྲས་བདེན་པར་མི་(ཇ༡༥༢བ)


PTT001_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ན། །འཕྲལ་དུ་བསྒྲིན་པར་སྣང་ཡང་སྤྲེའུ་བཞིན། །དགོས་པའི་དམ་ཆོས་རྒྱུད་ལ་མ་འཁེལ་ན། །མི་ལུས་ཐོབ་ཀྱང་དོན་མེད་སྟོང་ལོག་ཡིན། །སྒྱུ་མའི་ལོངས་སྤྱོད་སྐྱེ་འགྲོའི་སྤྱི་རྫས་ལས། །ནམ་ཞག་གཏན་རྒྱགས་སུས་ཐོབ་བྱེད་དུས་ཡིན། །སྙིང་པོ་མེད་པ་མི་གཙང་ཆུ་བུར་འདྲའི། །ལུས་ལ་སྙིང་པོ་ལེན་སྐབས་ད་ལྟ་ཙམ། །ཚེ་འདིའི་སྣང་བ་རྨི་ལམ་ཙམ་འདིས་སླུ། །གཏན་གྱི་འདུན་མ་དམ་པའི་ཆོས་ལ་དྲིལ། །ཐར་པ་དགེ་བའི་བཤེས་ལ་རག་ལས་ཀྱི། །ཚད་ལྡན་ཡོངས་འཛིན་འཚོལ་ལ་སྲོག་བཞིན་བསྟེན། །ཚིག་གི་ལོ་མ་མང་པོས་དགོས་དུས་སླུ། །གདམས་ངག་སྙིང་པོ་སེམས་ཀྱི་གནད་དུ་དྲིལ། །སང་བྱ་གནངས་བྱའི་ངང་ལ་འཆི་བས་སླེབ། །ད་ལྟ་ནམ་དྲན་དེ་ཀར་ཉམས་ལེན་འབུངས། །ཅི་བྱེད་དགེ་ལ་རང་འདོད་མི་འཁྲིས་པ། །མཁའ་ཁྱབ་ཕ་མའི་གཏན་དོན་ཁོ་ནར་གྱིས། །བདག་གཞན་འཁོར་འདས་ལ་སོགས་སྒྲོ་བཏགས་སྟེ། །ཤེས་རབ་དྲི་མེད་མདུན་ན་དེ་མི་གནས། །དེ་ལྟར་མ་ཤེས་རྨི་ལམ་ལྟར་འཁྲུལ་བའི། །མར་གྱུར་འགྲོ་འདི་སྙིང་བརྩེ་ལས་བརྩིའི་ཡུལ། །དེ་ལྟར་སྟོང་ཉིད་རྟོགས་པའི་ཤེས་རབ་དང༌། །མ་རྟོགས་འགྲོ་ལ་སྙིང་རྗེ་ཚད་མེད་ཐབས། །མི་ཕྱེད་རོ་མཉམ་ཟུང་དུ་ཆུད་པ་ཡིས། །རྫོགས་སྨིན་སྦྱང་ཕྱིར་ཕར་ཕྱིན་བཅུ་ལ་འབད། །ཆོས་ཀུན་གཟོད་ནས་རྣམ་པ་ཐམས་ཅད་དུ། །རྫོགས་བྱང་ཆུབ་པར་ཡང་དག་མཐོང་ནས་ནི། །སྲིད་ཞི་བདག་གཞན་ལ་སོགས་མི་དམིགས་བཞིན། །གང་འདུལ་འཕྲིན་ལས་མཁའ་མཉམ་རྒྱུན་མི་འཆད། །མཚན་ཙམ་གྱིས་ཀྱང་སྡུག་བསྔལ་ཀུན་སེལ་ཞིང༌། །རྒྱལ་བ་ཀུན་ལས་ལྷག་པའི་འཕྲིན་ལས་ཅན། །འཕགས་མཆོག་སྤྱན་རས་གཟིགས་ཀྱི་དབང་ཕྱུག་དེའི། །བཀའ་དྲིན་དྲན་ཆེད་གོ་འཕང་(ཇ༡༥༣ན)


PTT001_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

འཐོབ་པར་གྱིས། །དེས་ན་གཙུག་ལག་ཁང་ཡུན་དུ་གནས་པའི་ཕྱིར་བློ་གྲོས་ཅན་རྣམས་ཀྱིས་འབད་པར་བྱ་ཞིང༌། ནང་གི་ལྷ་དང་ཕྱིའི་རགས་གསོ་བ་ལ་འབད་པར་བྱ་ལ་ཁྱད་པར་ལྷ་སའི་སྲོག་ཤིང་ཡེར་པ་ཡིན་པས་དེར་རྟེན་འབྲེལ་སྒྲིག་པ་གལ་ཆེ་སྟེ་ཡེར་པའི་དཀར་ཆག་སྔ་མ་ལས། སྤྲུལ་པའི་རྒྱལ་པོའི་ཞལ་ནས། ངའི་སྒྲུབ་གནས་དང་རྟེན་མཆོད་ཀྱི་ཕྱོགས་སུ་འབུངས་པ་ནི་རྒྱལ་བའི་ཞབས་ཏོག་རྒྱལ་བས་བྱས་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་ལ་རིམ་གྲོ་དང་བསྙེན་བཀུར་བྱས་པའོ། །སྟོང་གསུམ་མི་འབྱེད་ཀྱི་ཞིང་ཐམས་ཅད་ཁྱབ་པའི་མཆོད་རྟེན་བཞེངས་པ་བས་ཡེར་པའི་སཱ་ཚ་ཞིག་བྱས་པའམ་ཞིག་པ་བསོས་པ་སྟོབས་ཆེའོ། །སྟོང་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་མཆོད་པ་འབུམ་ཕུལ་བ་བས་ཡེར་པར་མཆོད་པ་ཚར་གཅིག་བྱས་པ་སྟོབས་ཆེའོ། །གཞན་དུ་ལོ་བརྒྱ་བསྒོམས་པ་བས་ཡེར་པར་ཞག་གཅིག་བསྒོམས་པ་སྟོབས་ཆེའོ། །ལྷ་ས་བོད་ཀྱི་སྲོག་ཤིང་ཡིན། །ལྷ་སའི་སྲོག་ཤིང་ཡེར་པ་ཡིན། །ཡེར་པའི་མཆོད་རྟེན་མ་ཞིག་ན། །ལྷ་སར་བསྟན་པ་རྒྱུན་དུ་གནས། །ས་གཡོས་བྱི་བ་མེ་ཆུ་དང༌། །རླུང་གིས་ལྷ་སར་མི་གནོད་དོ། །ཡེར་པ་མི་ཞིག་ན་ལྷ་ས་གསོ་མཁན་རེ་ཡང་རྒྱུན་ཏུ་འོང༌། གསོ་མཁན་དེ་ཡང་རྒྱལ་བའི་ཞབས་ཏོག་རྒྱལ་བས་བྱས་པ་ཡིན་ནོ། །ཡེར་པ་མ་ཞིག་གི་བར་དུ་ལྷ་སའི་འདུན་མ་ཞིག་དྭོགས་མེད་ཏོ། །ལྷ་སར་གསོ་མཁན་དང་དཀོན་གཉེར་ཚེ་རིང་བར་འདོད་ན་ཡེར་པའི་རྟེན་དང་ཐིགས་ཚགས་དང་ཞལ་བ་གསོས་ཅིག་ཐིགས་ས་དང་ཞལ་བའི་གསེབ་ཏུ་སྤོས་དཀར་གཏོང་བ་གཅེས་སོ། །འདི་ཕྱིན་ལྷ་ས་དང་ཡེར་པ་ཞེས་སོ་སོར་སྦྱར་སྟེ་འདུན་མ་ཞིག་ན་ནས་ཕྱེས་སེར་ག་གསུབ་ཅིང་ཀ་བ་ཡོ་བ་སྲོང༌། ས་གཡོས་བྱུང་ན་མཎྜལ་ལ་རིན་པོ་ཆེས་ཆག་ཆག་གདབ། མེའི་གནོད་པ་བྱུང་ན་ཝ་ཆུ་གསོ་ཞིང་སེར་ག་དར་མཐིང་ནག་གིས་འཁྱིག །རླུང་གི་གནོད་པ་བྱུང་ན་སྒོ་གསོ་ཅིང་སྒོའི་སེར་ག་བ་དམར་མོའི་རྣམ་ལྔས་བསུབ། མིའི་ནད་བྱུང་ན་དམ་རྫས་བདུད་རྩི་ལྔས་དཀྱིལ་(ཇ༡༥༣བ)


PTT001_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གསོ། ཕྱུགས་ནད་བྱུང་ན་བྲག་ལྷར་ཁྲུས་དང་ཆག་ཆག་འདེབས། མཐའ་དམག་དང་མཚོན་གྱིས་འཇིགས་ན་རྟེན་མཆོད་གསོ་ཞིང་དར་ལྕགས་ཁའི་ཅོད་པན་དང་མདའ་དར་འཛུགས། གཏིང་རྡོལ་དང་ཆུས་ཉེན་ན་མཆོད་ཁང་དང་སྤོས་ཁང་མེ་ཁང་གསོ། ཇོ་བོ་ལ་རྒྱལ་པོའི་གདན་འདྲེན་བྱུང་ན་ལྷ་དང་མཆོད་རྟེན་གྱི་གདན་ཁྲི་གསོ། རྒྱལ་པོའི་ཆད་པ་བྱུང་ན་རོལ་ཆ་དང་དྲིལ་བུ་དང་རྔ་གསོ། འཁྲུག་པ་བྱུང་ན་གཡག་ཤིང་གསོ་ཞིང་སྤྱིན་དང་ཐང་ཆུས་སྦྱོར། མི་སྨྱོན་དང་ཁྱི་སྨྱོན་བྱུང་ན་ཤིང་སྟག་པ་དང་ཤུག་པས་ཐོག་གསོ། མུ་གེ་བྱུང་ན་གཡོས་ཁང་གསོ་ཞིང་འབྲུ་སྣའི་ཕྱིའི་ཞལ་བ་བྱ། ཇག་པ་དང་ཆོམ་རྐུན་དང་མི་རྒོད་ཀྱི་གནོད་པ་བྱུང་ན་གྱང་རིས་ཀྱི་དབུ་དང་ཕྱག་གསོ། ལོ་ཐོག་དུས་སུ་མ་སྨིན་ན་ཆུ་མིག་གསོ་ཞིང་དཀར་གསུམ་དང་མངར་གསུམ་གྱི་གཏོར་མ་བཏང༌། འབྲུ་ཉུང་ན་ཁྲི་དང་གཏོར་སྣོད་གསོ་ཞིང་འབྲུའི་གཏོར་མ་བཏང༌། ཆར་མ་བབ་ན་ཀླུ་ཁང་གསོ་ཞིང་ཀླུ་གཏོར་གཏོང༌། ཚེ་ཐུང་ན་མཆོད་རྟེན་གྱི་སྲོག་ཤིང་ཤུག་པའི་སྡོང་པོ་ལ་རིན་པོ་ཆེ་ལྔ་སྨན་འབྲུ་ཙནྡན་ཨ་ག་རུ་སོགས་དང་དར་སྣ་དང་ཚོན་སྐུད་ཀྱིས་དཀྲིས་པས་གསོ། ནོར་མ་འཕེལ་ན་ནོར་ཁང་གི་སྒྲོམ་གསོ་ཞིང་སེར་ག་རིན་པོ་ཆེས་བསུབ་པ་དང་ཚོགས་འཁོར་གཏོང༌། བསྲིས་མ་རྨེ་ན་ཐབ་ཁུང་གསོ་ཞིང་རིན་པོ་ཆེ་དང་ཟས་སྣ་ཚོགས་ཀྱི་སྦྱིན་སྲེག་བྱ། གོས་སྟན་གྱིས་ཕོངས་ན་སྐུ་དཀར་དང་རྒྱབ་ཡོལ་གསོ་ཞིང་དར་སྣ་དང་རས་སྣམ་གྱིས་ཞལ་བ་བྱ། སྦྲང་བུ་ཆག་རས་ཉེན་ན་སྒོའི་གཟེར་དང་སྒོ་ལྕགས་དམ་ལ་འགྲིག་པར་གསོ། སྡོམ་སྡིགས་སྦལ་སྦྲུལ་གྱིས་ཉེན་ན་ཐེམ་པ་གས་ཆག་མེད་པར་གསོ། ཤིག་སྲོ་དང་མུག་མས་ཉེན་ན་གསུང་རབ་ཀྱི་སྐུ་རགས་སར་པར་གསོ། མིག་རིམས་ཀྱིས་ཉེན་ན་ལོགས་དཀར་དང་སྐར་ཁུང་གསོ་ཞིང་དཀར་རྩི་སྐྱ་ཧ་རེ་བ་བྱ། ཀླུ་དང་ས་བདག་གིས་ཉེན་ན་ཅོང་གསོ་ཞིང་དྲེག་པ་དང་གཙའ་མེད་པར་བྱ། ཕོ་གདོན་མོ་གདོན་གྱི་ཉེན་ན་ལམ་འཕྲང་མཁྲང་ལ་བརྟན་པར་གསོ། བྱིས་པའི་གདོན་བྱུང་(ཇ༡༥༤ན)


PTT001_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྐས་ཀ་གྲུམ་མཐུད་མེད་པར་གསོ། འདུལ་ཁྲིམས་ཞིག་ན་དགེ་སློང་གཙང་མ་ངོ་ལྐོག་མེད་པའི་བཞི་སྡེ་གཟུགས། ཉན་བཤད་ཆད་ན་མཁས་བཙུན་དམ་ཚིག་གཙང་མའི་ཆོས་གྲ་གཟུགས། མི་རྣམས་ངང་རྒྱུད་རྩུབ་ན་མ་ཡེངས་སེམས་ལ་ལྟ་བའི་སྒོམ་གྲ་གཟུགས། བཀྲ་མི་ཤིས་ན་སྔགས་པ་དམ་ཚིག་གཙང་མའི་སྒྲུབ་པ་གཟུགས། ཞིག་གསོ་མཁན་གྱིས་ཉེན་ན་སྙིང་རུས་ཆེ་ཞིང་ངང་རྒྱུད་རིང་བས་ཞིག་གསོ་བྱ། ལྷ་སར་དཀོན་གཉེར་གྱིས་ཕོངས་ན་ཡེར་པར་གསུང་རབ་སྒྲོག་དེ་ཡང་གསལ་ལ་དག་པ་གཅེས། ལར་ན་ལྷ་སའི་གང་འདོད་ཀུན་ཡེར་པ་གསོས་པ་ལས་འབྱུང་ངོ༌། །འོན་ཀྱང་ལྷ་ཇོ་བོ་རྣམ་གཉིས་ཀྱི་ཐུགས་རྗེས་བསྐུལ་ནས་ཡེར་པ་གསོ་བ་ཡང་མང་དག་ཡོད། དེ་ཡང་རྒྱལ་བའི་ཞབས་ཏོག་རྒྱལ་བས་བྱེད་པ་ཡིན་ནོ། །ཞེས་སོགས་རྒྱལ་པོས་གསུངས་ནས་ཇོ་མོ་ཀོང་ཇོས་དཀར་ཆག་དུ་བཏབ་བོ་ཅེས་བྱུང་ངོ༌། །དེ་ལ་སོགས་པ་མཐའ་འདུལ་རུ་གནོན་སོགས་ཐམས་ཅད་ཀྱི་ཉམས་པ་གསོ་བ་གལ་ཆེ་ཞིང༌། དེ་ཐམས་ཅད་ལ་ཡང་མ་ཉམས་པ་མི་གཞིག་ཕན་ཚུན་མི་སྤོ། ཞིག་གསོའི་རྒྱུ་དང་ཆོས་གཏེར་འདོན་དགོས་ངེས་མ་གཏོགས་སྤྱིར་གཏེར་དང་ཁྱད་པར་ནོར་གཏེར་མི་དབྱུང༌། བགེགས་དང་དམ་སྲི་མནན་པ་མི་གདོན། ཐུགས་རྗེ་ཆེན་པོ་ལ་གསོལ་བ་བཏབ། མཆོད་པ་དང་ཚོགས་གསོག་བྱས་ནས་མ་བཀག་པར་ཤེས་ན་བྱ་བ་ཡིན་ཞིང༌། བསྟན་པ་དང་སེམས་ཅན་གྱི་སྤྱི་དོན་མ་གཏོགས་རང་གི་གྲགས་འདོད་དང་ས་འཛིན་པའི་ཆེད་སོགས་ཚེ་འདིའི་རང་འདོད་མ་ཞུགས་པ་ཁོ་ན་གལ་ཆེའོ། །དེ་ལྟར་འཕགས་མཆོག་སྤྱན་རས་གཟིགས་དབང་གིས། །ཐུན་མོང་མིན་པར་གདུལ་བའི་ཁུར་བསྣམས་ནས། །གང་ལ་གང་གིས་གདུལ་བའི་སྐུར་བསྟན་པ། །ཆོས་རྒྱལ་ལོ་པཎ་རིམ་པར་བྱོན་རྣམས་ཀྱི། །(ཇ༡༥༤བ)


PTT001_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་དྲིན་ཡང་ཡང་དྲན་པས་མ་བཟོད་དེ། །དད་པའི་གདུང་ཤུགས་ཟློག་པར་མ་ནུས་པའི། །རྐྱེན་གྱིས་བདག་རྒྱུད་རིང་མོ་ཞིག་ནས་བསྐུལ། །རྩོམ་པའི་འདུན་པ་ཡང་ཡང་འཕེལ་ན་ཡང༌། །ཀྱེ་མ་གཏམ་རྒྱུད་སྦུན་པས་ཅི་ཞིག་བྱ། །སྙིང་པོའི་དམ་ཆོས་རྒྱུད་ལ་སྒྲུབས་ཅིག་ཞེས། །རང་གིས་རང་ལ་གདམས་ནས་གནས་པའི་ཚེ། །ཚོགས་གཉིས་གཟི་འབར་བློ་གྲོས་ཡངས་པ་ཡི། །སྐལ་བཟང་དུ་མས་ལན་འགར་བསྐུལ་བ་ལས། །སངས་རྒྱས་བསྟན་པའི་ཆེ་བ་བརྗོད་པ་དང༌། །དམ་པའི་བཀའ་དྲིན་མི་བརྗེད་དྲན་ཕྱིར་དང༌། རྒྱལ་པོ་རྣམས་ལ་གདམས་པར་བྱ་བའི་ཆེད། །ལེགས་བཤད་ཀུན་ལས་བཏུས་པ་འདི་བརྩམས་སོ། །འདི་ནི་འཇིག་རྟེན་སྣང་བྱེད་ཉི་མ་སྟེ། །ཡང་དག་ལམ་རབ་སྟོན་པའི་སྣང་བ་ཡིན། །མཁས་རྣམས་དགའ་བྱེད་ལེགས་པར་བཤད་པའི་སྐྱེས། །ཡིད་ཀྱི་འདོད་པ་འཇོ་བའི་བུམ་བཟང་ཡིན། །གསེར་གྱི་རི་ལས་དུམ་བུ་བླངས་པ་ལྟར། །ཆ་ཤས་རེས་ཀྱང་ཡིད་ཀྱི་མུན་སེལ་ན། །རྫོགས་པར་ཁོང་དུ་ཆུད་ན་ལྟ་ཅི་སྨོས། །དེ་བས་འདི་ལྟའི་ལེགས་བཤད་རྙེད་པར་དཀའ། །འདི་ནི་རྙེད་དང་གྲགས་པའི་ཕྱིར་མ་ཡིན། །སྙན་ངག་མངོན་བརྗོད་སྡེབ་སྦྱོར་གྱིས་མ་བཅིངས། །ཡིད་འཆེས་ལུང་རྣམས་དཔང་པོར་བྱས་ནས་ནི། །སྐྱེ་བོ་ཀུན་གྱིས་གོ་བར་སླ་ཕྱིར་བཤད། །འདིའི་ཁུངས་ནི་ཆོས་རྒྱལ་སྲོང་བཙན་གྱི་བཀའ་ཆེམས་སྤྱི་དང་མྱ་ངན་འདས་ཆུང༌། གབ་པ་མངོན་ཕྱུང༌། ཇོ་བོའི་གཏེར་མ་ཀ་བཀོལ་མ། བསམ་ཡས་ཀྱི་དཀར་ཆག་ཆེན་མོའམ་རྒྱལ་རབས་དབའ་བཞེད་ཆེ་འབྲིང༌། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གི་ལོ་རྒྱུས་ཆེན་མོའམ་ལོག་ནོན་ཆེན་མོར་གྲགས་པ། (ཇ༡༥༥ན)


PTT001_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ལྡེ་སྟོན་གྱི་ཆོས་བྱུང༌། ཀུན་མཁྱེན་བུའི་ཆོས་བྱུང༌། ཡར་ལུངས་ཇོ་བོའི་རྒྱལ་རབས་དང་ཚལ་པའི་དེབ་དམར་དང་པོ་སོགས་དཔང་དུ་བྱས་སྟེ་ཕྱིས་ཡིག་ཆ་རེ་རེའང་རྙེད་དཀའ་བར་མཐོང་ནས་ཡིག་ཚོགས་ལ་མ་བསམས་པར་རང་སྐབས་ཀྱི་ལུང་དེ་ཚང་བར་བྲིས་པ་ཡིན་ནོ། །འདིར་འབད་དགེ་བ་མཁའ་ལྟར་ཡངས་པ་དེས། །རྙིགས་དུས་འགྲོ་བའི་ཡིད་མུན་ཀུན་བསལ་ནས། །ཐམས་ཅད་དམ་པའི་ལམ་ལ་རབ་གནས་པས། །སྤྱན་རས་གཟིགས་དབང་དགོངས་པ་ཡོངས་རྫོགས་ཤོག །དམ་པའི་ཆོས་ཀྱི་འཁོར་ལོས་བསྒྱུར་བ་རྣམས་ཀྱི་བྱུང་བ་གསལ་བར་བྱེད་པ་ལེགས་པར་བཤད་པ་མཁས་པའི་དགའ་སྟོན་ཞེས་བྱ་བའི་བོད་ཡུལ་གྱི་སྐབས་ལས་ཆོས་རྒྱལ་རིམ་པར་བྱོན་པ་དང་ར་ས་བསམ་ཡས་ལས་འཕྲོས་པ་བསྟན་པ་སྔ་དར་གྱི་ཚུལ་རྒྱས་པར་བཤད་པའི་སྐབས་སྟེ་གཉིས་པའོ།། །།ཨོཾ་སྭ་སྟི། ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། །ཇི་ལྟར་བྱོན་པའི་ལོ་རྒྱུས་ཆོས་ཀྱི་མཛོད། །དཔལ་ལྡན་གཙུག་ལག་ཕྲེང་བའི་གསུང་གི་རྒྱུན། །ཆོས་བྱུང་མཁས་པའི་དགའ་སྟོན་ཞེས་བྱ་བའི། །འཇིག་རྟེན་ཁམས་ཀྱི་རྣམ་གཞག་སྤྱིར་བསྟན་ནས། །བོད་ཡུལ་ཆོས་རྒྱལ་རྣམས་ཀྱི་མཛད་པའི་བར། །ཆོས་སྦྱིན་མི་ཟད་དཔེལ་བའི་ཆུ་རྒྱུན་འདི། །བསྟན་པའི་སྦྱིན་བདག་ལྷོ་སྟོད་ཡར་ཕྱིན་ནས། །ཆོས་ཀྱི་རྒྱལ་པོ་ཁུ་དབོན་ཡབ་སྲས་ཀྱིས། །ཐུགས་བསམ་རྣམ་པར་དག་པས་སྒྲུབ་པར་མཛད། །རྐོས་ལ་མཁས་པ་རྒང་རྒྱུད་སྤྲུལ་སྐུ་བ། །ཚེ་དབང་དར་པོ་ལ་སོགས་རྣམས་ཀྱིས་བསྒྲུབས། །ཞུས་དག་བྱེད་པོ་བྱམས་པ་དོན་གྲུབ་ཡིན། །འདི་ཡི་དགེ་བ་རྣམ་དཀར་དྲི་མེད་དེས། །གནས་སྐབས་འགལ་རྐྱེན་བར་ཆད་ཀུན་ཞི་ནས། །མཐར་ཐུག་རྣམ་མཁྱེན་སངས་རྒྱས་འཐོབ་པར་ཤོག །མངྒ་ལཾ།


previousབོད་ཀྱི་རྒྱལ་རབས།next