Nitartha Digital Library
Tibetan
ཆོས་འབྱུང་མཁས་པའི་དགའ་སྟོན།


   
   
   
   
   
   
   
   
བཀའ་བརྒྱུད་སྤྱིའི་ཆོས་ཀྱི་བྱུང་བ་བརྗོད་པ།
   
   
   
   
   


 
previousབཀའ་བརྒྱུད་སྤྱིའི་ཆོས་ཀྱི་བྱུང་བ་བརྗོད་པ།next

བཀའ་བརྒྱུད་སྤྱིའི་ཆོས་ཀྱི་བྱུང་བ་བརྗོད་པ།


PTT001_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བྱུང་མཁས་པའི་དགའ་སྟོན་གྱི་ཡན་ལག་གསུམ་པ་བོད་ཀྱི་སྐབས་ལས་བདུན་པ་བཀའ་རྒྱུད་སྤྱིའི་ཆོས་བྱུང་བཞུགས།(ན༡བ)


PTT001_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བས་བསྟན་པའི་ཆོས་ཀྱི་རྣམ་གྲངས་ཀུན། །མིང་ཚིག་དོན་སྤྱི་ཙམ་དུ་མ་ལུས་པར། །མངོན་སུམ་ཉིད་དུ་རྟོགས་པ་རྒྱུད་ལ་སྐྱེད། །ཚེ་འདིའི་ཆེད་དུ་སྦྱོར་དགྲོལ་དབང་དགུག་སོགས། །ཆོས་ལྟར་བཅོས་པ་ཐམས་ཅད་ཡོངས་སྤངས་སྟེ། །འཆི་ཆོས་སྙིང་ནས་བཟོད་མེད་དྲན་པ་དང༌། །སྲིད་དང་ཞི་བས་མི་འཕྲོགས་ངེས་འབྱུང་དང༌། །བདག་པས་གཞན་གཅེས་ཀུན་རྫོབ་བྱང་སེམས་དང༌། །སངས་རྒྱས་བླ་མར་ཤེས་པའི་མོས་གུས་དང༌། །ཆོས་ཀུན་མཉམ་ཉིད་མཐོང་བའི་དག་སྣང་དང༌། །ཅིས་ཀྱང་དགོས་པ་མེད་པའི་ཞེན་ལོག་དང༌། །ཡིན་ལུགས་ནང་ནས་ཤར་བའི་རྟོགས་པ་དང༌། །སངས་རྒྱས་སེམས་ལས་རྙེད་པའི་འབྲས་བུ་དང༌། །གཅིག་ཤེས་ཐམས་ཅད་གྲོལ་བའི་ཀུན་མཁྱེན་རྣམས། །མངོན་སུམ་ཉིད་དུ་རྒྱུད་ལ་སྐྱེད་བྱེད་པ། །བསྟན་པའི་ཡང་(ན༢ན)


PTT001_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་བཀའ་རྒྱུད་རིན་པོ་ཆེ། །འདི་ནི་གྲུབ་ཆེན་ཀུན་གྱི་གཤེགས་བཤུལ་སྟེ། །ཁྱད་པར་འཁོར་ལོ་བདེ་མཆོག་མིར་བསྟན་པ། །རྣལ་འབྱོར་དབང་ཕྱུག་དཔལ་ལྡན་ཏེ་ལོ་པས། །བཀའ་བབས་བཞི་ཡི་ཆུ་བོ་གཅིག་དུ་བསྡུས། །རྡོ་རྗེ་འཆང་ལས་མངོན་སུམ་ཆོས་ཀུན་གསན། །རྡོ་རྗེ་ཕག་མོས་གསང་བའི་སྒོ་ཀུན་ཕྱེ། །རྒྱུད་རྣམས་ཀུན་གྱི་བདག་པོར་གྱུར་པ་དེས། །རྡོ་རྗེ་སེམས་དཔའ་དཔལ་ལྡན་ན་རོ་པར། །སྙིང་པོའི་བསྟན་པ་ཡོངས་སུ་ཚང་བར་གཏད། །དགྱེས་པའི་རྡོ་རྗེ་མར་པ་ལོ་ཙཱ་དང༌། །གསང་བ་འདུས་པའི་ངོ་བོ་མི་ལ་རྗེ། །གསུང་གི་རྡོ་རྗེ་སྒམ་པོ་པ་ལ་སོགས། །བསྟན་པའི་བདག་པོར་རིམ་པར་དབང་བསྐུར་ཞིང༌། །རྫོགས་པའི་སངས་རྒྱས་སྤྲུལ་སྐུ་དཔག་མེད་དང༌། །བསྐལ་བཟང་སངས་རྒྱས་གྲུབ་ཐོབ་བརྒྱད་བཅུ་སོགས། །གང་འདུལ་སྐུ་དང་མཚན་དུ་སྣང་བ་ཡིས། །སྐལ་ལྡན་ན་མཁའི་མཐའ་ཀླས་གྲོལ་མཛད་པ། །སྙིང་པོའི་བསྟན་པ་བཀའ་རྒྱུད་རིན་ཆེན་གྱིས། །འཛམ་གླིང་ཁྱབ་པར་རྒྱུན་མི་ཆད་པར་བྱུང༌། །བྱང་ཆུབ་སེམས་ཀྱི་རྩ་བརྟན་ཞི་ལྷག་དང༌། །བསླབ་གསུམ་རང་བཞིན་བྱང་ཕྱོགས་ཡལ་ག་(ན༢བ)


PTT001_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །ལུང་དང་མངོན་རྟོགས་བྱེ་བའི་ལོ་མདབ་རྒྱས། །སྐྱེད་དང་རྫོགས་པའི་མེ་ཏོག་རབ་བཀྲ་ཞིང༌། །བརྩོན་འགྲུས་དབང་གིས་འདི་དང་འཆི་སྲིད་དང༌། །བར་དོར་གྲོལ་བའི་འབྲས་བུ་བཟང་པོ་ཅན། །རྒྱལ་བསྟན་ཡོངས་རྫོགས་ཆོས་ཀྱི་ཡོངས་འདུ་ཆེ། །ཁམས་གསུམ་ཀུན་དུ་གཉིས་པ་མ་མཆིས་པ༌། །འདི་ལ་བསྟེན་ནས་བསྟན་པའི་ཡན་ལག་གི །འཁྲི་ཤིང་སྣ་ཚོགས་བརྟེན་ནས་གནས་པ་ཡིན། །དེ་ཕྱིར་རྨད་བྱུང་སྙིང་པོའི་བསྟན་པ་དངོས། །རྡོ་རྗེ་འཆང་གི་གྲལ་རིམ་མ་ཉམས་པ། །མར་མི་དྭགས་པོའི་བཀའ་རྒྱུད་རིན་ཆེན་ལ། །རྣམ་པ་ཀུན་དུ་གུས་པས་ཕྱག་འཚལ་ལོ། །བོད་ཡུལ་ཕྱི་རབས་འདིར་རྒྱལ་བསྟན་ཡོངས་སུ་རྫོགས་པ་ནི་བཀའ་རྒྱུད་རིན་པོ་ཆེ་ཉིད་ཡིན་སྟེ། དེ་ཡང་ཐེག་པ་ཆེན་པོའི་འདོ་ལས་གསུངས་པའི་ལོངས་སྤྱོད་རྫོགས་པའི་སྐུ་ཆེན་པོ་དེ་ཉིད་ལ་སྔགས་བླ་མེད་དུ་ཐུན་མོང་མ་ཡིན་པའི་ཡོན་ཏན་གྱི་སྒོ་ནས་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་རྡོ་རྗེ་འཆང་ཆེན་པོ་ཅེས་བྱ་ཞིང༌། ཐུན་མོང་མ་ཡིན་པའི་གདུལ་བྱ་དག་པ་ལ་ཕུན་ཚོགས་ལྔ་ལྡན་དུ་རྒྱུན་མི་ཆད་པར་བཞུགས་པ་དེ་ལ་སྤྲུལ་པའི་སྐུ་ཏེ་ལོ་པས་དངོས་སུ་ཐུན་མོང་མ་ཡིན་པའི་ཆོས་མཐའ་དག་གསན་པས་བྷཾ་ག་ལ་རུ་སངས་རྒྱས་མཇལ། ཞེས་བཤད་པ་ཡིན་ལ། མིའི་བླ་མ་མེད་ཏོ་སྙམ་པ་དག་སེལ་ཕྱིར་བཀའ་བཞི་རྒྱུད་པའི་བླ་མ་བསྟན་པ་ཡིན་ལ། དེ་ཡང༌། ས་ར་ཧ། ཀླུ་སྒྲུབ། ཨཱརྻ་དེ་ཝ། ཟླ་བ་གྲགས་པ། མ་ཏཾ་གི་སྟེ་ཤར་གྱི་བཀའ་བབས་སོ། །ལཱུ་ཨི་པ། ཌྀངཱ་གི་པ། དྷ་རི་ཀ་པ། སུ་ཁ་དྷ་རི་རྣམས་ལྷོའི་འོ། །ཌོམྦི་པ། བི་ན་ས། ལ་བ་པ། ཨིནྡྲ་བྷཱུ་ཏི་རྣམས་ནུབ་ཀྱིའོ། །སུ་མ་ཏི། ཐང་ལོ་པ། ཤིང་ལོ་བ། ཀརྵ་རི་པ། ཛཱ་ལནྡྷ་ར་པ། ཙཱརྻཱ་པ་རྣམས་བྱང་གིའོ། །(ན༣ན)


PTT001_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་རྡོ་རྗེ་འཆང་དང་རྡོ་རྗེ་རྣལ་འབྱོར་མ་ཐ་མི་དད་པ་ཧེ་རུ་ཀས་རྒྱུད་མཐའ་དག་གསུངས། སྡུད་པ་པོས་བསྡུས་སྟེ་ཨོ་ཌྱན་གྱི་ཡུལ་དྷརྨ་ཛག་ཏྲ་ཆོས་ཀྱི་ཕོ་བྲང་ན་གླེགས་བམ་གྱི་རྣམ་པར་བཞུགས་སོ། །དེ་ཡང་སྔགས་སར་མའི་གྲུབ་ཐོབ་ཐམས་ཅད་ཀྱི་མཆོག་དཔལ་ས་ར་ཧ་ནི་སྟོན་པ་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་དང་སོ་དྲུག་ན་བྱོན་པར་རྗེ་རང་བྱུང་ཞབས་ཀྱིས་གསུངས་ལ། སྤྱན་སྔ་ལྷ་གཟིགས་རས་པས་བླ་མེད་དོན་རྫོགས་འདུས་པའི་རྒྱུད་ལས། ང་ནི་མྱ་ངན་འདས་འོག་དུ། །ལོ་ནི་བཞི་གཉིས་ལོན་པ་ན། །ཨོ་ཌྱན་ཡུལ་དུ་ང་ཉིད་འབྱུང༌། །འཇིག་རྟེན་ཀུན་གྱི་དཔལ་དང་ལྡན། །པདྨ་འབྱུང་གནས་ཅེས་བྱ་བ། །སྔགས་ཀྱི་སྟོན་པར་ལུང་དུ་བསྟན། །ཞེས་དང༌། ལོ་ནི་བརྒྱ་དང་བཅུ་གཉིས་ན། །ཅིག་ཅར་མཆོག་གི་སྐལ་བ་ཅན། །ས་ར་ཧ་ཞེས་བྱ་བ་འབྱུང༌། །རྐྱེན་བྲལ་གསུམ་གྱི་དོན་རྟོགས་ནས། །སངས་རྒྱས་ས་ལ་དེ་ཉིད་འགྲོ། །ཞེས་འདྲེན་ལ། བདག་གིས་ནི་རྒྱུད་དེ་ཆ་མ་འཚལ་ཏོ། །མདོར་ན་དེ་ཙམ་ན་ལྷོ་ཕྱོགས་བཻ་དྷརྦྷ་སྟེ་བོད་ལ་བེ་ཏའི་ཡུལ་དུ་གྲགས་པ་དེར་བྲམ་ཟེ་ཆེན་པོ་ཅིག་ལ་སྲས་མཆེད་ལྔ་ཡོད་པའི་ཐ་ཆུང་ངོ༌། །དེ་ཐམས་ཅད་བྲམ་ཟེའི་རིག་པ་ལ་ཤིན་དུ་མཁས་ཤིང་རྒྱལ་པོ་མ་ཧཱ་པཱ་ལས་བཀུར་བ་ལས་ཉིན་གཅིག་སྐྱེད་མོས་ཚལ་དུ་སྐྱོ་གསེང་ལ་བྱོན་པས་བྲམ་ཟེའི་བུ་མོ་ཕུལ་དུ་བྱུང་བ་བཞི་རིགས་ངན་མ་དང་ལྔ་འདུག་པ་ལ་གང་ནས་ཀྱང་མ་འོངས་ཅེས་སོགས་དྲི་ལན་གྱིས་ཆོས་བསྟན་པ་ཁོང་དུ་ཆུད་ཅིང་ཕུ་བོ་བཞི་བྲམ་ཟེ་རེ་དང་བཅས་མཁའ་སྤྱོད་དུ་ཡལ་ལོ། །དེར་ཐ་ཆུང་སྐྱོ་བར་གྱུར་སྟེ་སྲས་དགྲ་གཅན་ཟིན་གྱི་མཁན་བུ་ཐེག་ཆེན་དཔལ་གྱི་གྲགས་པ་ལས་རབ་ཏུ་བྱུང་བར་རང་བྱུང་ཞབས་བཞེད་ཅིང་ཕལ་ཆེར་སྲས་དགྲ་གཅན་ཟིན་ལས་རབ་ཏུ་བྱུང་བར་འཆད། དེར་ཚུལ་ཁྲིམས་རྫོགས་ཅིང་མཁས་པ་ཟླ་མེད་པར་གྱུར། ལན་ཅིག་སྐྱེད་ཚལ་དུ་བྱོན་པས་སྔར་གྱི་མནའ་མ་བཞི་དཀྱིལ་འཁོར་བཤམས་ཚོགས་ཀྱི་འཁོར་ལོ་བྱེད་པ་གཟིགས་སྟེ་ཐོད་(ན༣བ)


PTT001_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཆང་སྣ་མི་འདྲ་བ་བཞི་བྱིན་པ་ཅུང་ཟད་འཐུངས་པས་དགའ་བཞིའི་ཡེ་ཤེས་སྐྱེས། བྲམ་ཟེ་མོ་བཞི་རིགས་བཞི་མཁའ་འགྲོ་དངོས་སུ་གྱུར་སྟེ་དབང་བཞི་བསྐུར་ལ། རྡོ་རྗེ་མཁའ་འགྲོས་ཁྱོད་ཀྱི་བླ་མ་འདི་ན་གསུངས་པས་ན་མཁའ་ལ་ལྷ་སྲས་བདེ་བའི་མགོན་པོ་ཅེས་སམ་བློ་གྲོས་རིན་ཆེན་ཞེས་བྱ་བ་དེ་དང་དཔལ་རྟ་མགྲིན་བྱོན། ཕྱག་རྒྱ་ཆེན་པོ་ཅིག་ཅར་པའི་གདམས་པ་མཐའ་དག་གནང༌། དེར་ལུས་ཆང་གིས་ར་རོ། ངག་རྡོ་རྗེའི་གླུས་ར་རོ། སེམས་ལྷན་སྐྱེས་ཡེ་ཤེས་ཀྱིས་ར་རོ་སྟེ། །དུ་མ་རོ་གཅིག་རྒྱ་མཚོ་འདྲ། །བདེ་ཆེན་བདལ་བའི་ངང་ལ་ལུས། །ཅིར་སྣང་ཕྱག་རྒྱ་ཆེན་པོར་ཤར། །ཉམ་ང་མེད་པའི་ངང་ལ་ལུས། །གཞི་མེད་སྤྱོད་པ་སྨྱོན་པ་འདྲ། །བདག་འཛིན་བྲལ་བའི་ངང་ལ་ལུས། །ཞེན་པ་རང་ལོག་བུ་ཆུང་འདྲ། །སྣང་ལ་མ་ཞེན་ངང་ལ་ལུས། །ཁར་སང་ཕན་ཆོད་བྲམ་ཟེ་མིན། །གཙང་སྦྲ་བྱེད་པའི་བྲམ་ཟེ་ཡིན། །དེ་རིང་ཕྱིན་ཆད་བྲམ་ཟེ་ཡིན། །དོན་གྱི་བྲམ་ཟེ་གཙང་སྦྲ་ཆེ། །ཁར་སང་ཕན་ཆད་དགེ་སློང་མིན། །དཀའ་ཐུབ་བྱེད་པའི་དགེ་སློང་ཡིན། །དེ་རིང་ཕྱིན་ཆད་དགེ་སློང་ཡིན། །དོན་གྱི་དགེ་སློང་དཀའ་ཐུབ་ཆེ། །ཞེས་སོགས་གསུངས་སྟེ་ཚོང་འདུས་སུ་བྱོན་པས་མདའ་མཁན་མ་མདའ་བྱེད་པ་ལ་གཟིགས་པས་སྣང་བ་ཐམས་ཅད་བརྡར་ཤར་སྟེ་མདའ་མཁན་མ་ཕྱག་རྒྱར་ཁྲིད་ནས་སྤྱོད་པ་མཛད། དམངས་རྣམས་ཀྱིས་མི་མཛད་པར་ཞུས་པས་སྤྲུལ་སྐུ་གཙོ་བོར་སྟོན་པ་དམངས་དོ་ཧ་གསུངས། རྒྱལ་པོའི་བཙུན་མོ་རྣམས་ཀྱིས་ཞུས་པས་ལོངས་སྐུ་གཙོ་བོར་སྟོན་པ་བཙུན་མོ་དོ་ཧ་གསུངས། རྒྱལ་པོ་ཉིད་ཀྱིས་ཞུས་པས་ཆོས་སྐུ་གཙོ་བོར་སྟོན་པ་རྒྱལ་པོ་དོ་ཧ་གསུངས་པས་ཐམས་ཅད་གྲོལ་སྟེ་ཡུལ་དེ་སྟོངས་བར་གྱུར། ཕྱིས་གཞུང་གསུམ་ཏཱ་ལའི་ལོ་མ་ལ་བྲིས་པ་སྒྲ་མཁན་དཔུན་གཉིས་ཀྱི་ལག་དུ་བབས་པ་ནས་དར་སྐད། འཕགས་པ་ཀླུ་སྒྲུབ་དགེ་འདུན་གྱི་ཞལ་ཏ་བར་སྐོས་སྟེ་དཔལ་གྱི་རི་ལ་བཞུད། ཀླུ་སྒྲུབ་དགེ་འདུན་གྱི་ནང་ན་བཞུགས་ཚེ་ནང་ཅིག་བུ་མོ་གཞོན་ནུ་ཞིག་གིས་ནང་ཐམས་ཅད་བྱི་དོར་བྱས་སྟེ་གནངས་(ན༤ན)


PTT001_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

ནང་པར་འབོད་པ་ཅིག་འོང་གིས་དེར་མ་འགྲོ་ཞིག་ཟེར། གནངས་འབོད་པ་ལ་མ་ཕྱིན་པས་ཡང་བུ་མོ་དེ་བྱུང་ནས་ཁང་པ་ཤག་ཤིག་ན་ཤ་ཁྲག་ཟ་བའི་མི་མང་པོ་ཡོད་སར་ཁྲིད་སྟེ་ཕྱིན་ནས་ཤ་ཟོ་ཞིག་ཟེར་མ་ཟོས་པས་དེ་རྣམས་མི་སྣང་བར་གྱུར། བུ་མོ་ན་རེ་ད་གནངས་ནང་པར་ཁྱོད་ཀྱི་མདུན་བྱ་ངང་པ་ཚན་གཅིག་འོང་གིས་དེའི་ནང་ན་ཡི་དམ་འཕགས་པ་འཇམ་དཔལ་བཞུགས་ཡོད་ཀྱིས་གཅིག་ཟུང་ཞིག་ཟེར། དེར་གང་ཡིན་ནམ་བསམ་པ་ལ་ཤོར། ཡང་བྱུང་སྟེ་གནངས་བུད་མེད་ཁ་ཅིག་འོང་གིས་གཅིག་ཅིས་ཀྱང་ཟུང་ཞིག་ཟེར། གནངས་ཉིན་དེ་ལྟར་བཟུང་བས་མེར་འབར། ད་དུང་བཟུང་བས་ཆུར་གྱུར། ཆུ་བཟུང་བས་འཕགས་པ་འཇམ་དཔལ་དུ་གྱུར་ནས་སྟེང་གི་ན་མཁའ་ལ་འཕགས་སྟེ་དངོས་གྲུབ་ཅི་འདོད་གསུང་བ་ན། མཆོག་གི་དངོས་གྲུབ་ཚེ་འདིར་འཚང་རྒྱ་བ་ཞིག་ཞུ། ཐུན་མོང་གི་དངོས་གྲུབ་རྒྱ་མཚོའི་ནང་ན་རིན་པོ་ཆེའི་མཁར་རྩ་བ་ཀླུའི་ཡུལ་དུ་ཡོད་པ་རྩེ་མོ་ལྷ་ཡུལ་དུ་སླེབས་པ་ལྷ་ཀླུ་མི་གསུམ་གྱི་ལོངས་སྤྱོད་ལ་དབང་བྱེད་པ་ཅིག་ཞུ་བྱས་པས་གཉི་ག་བྱིན་གྱིས་སུ་ལའང་མ་སྨྲ་ཞིག་གསུངས། ལྷ་ཀླུ་མཐའ་ཡས་པས་བརྩིགས་སྟེ་མཁར་ཚར་ལ་ཁད་པ་ན་དགའ་ཆེས་སྟེ་མ་ལ་ཟུར་ཙམ་སྨྲས་པས་མཁར་རྩ་བ་ནས་འགྱེལ། ཁྱོད་ཀྱིས་དངོས་གྲུབ་ལེན་མི་ཤེས་པར་འདུག་གསུངས། དེར་ཐོས་པ་ཆུང་བས་ལན་སྙམ་སྟེ། ཧ་ཅང་ཐོས་པ་མ་ཆུང་ཞིག །ཐོས་པ་ཆུང་ནའང་ང་བཞིན་ནོ། །ཞེས་གསུངས་སྟེ་ཐོས་པ་མཛད་པས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་མཁྱེན་ཡང་ཐུགས་མ་གང་སྟེ། ཧ་ཅང་ཐོས་པ་མ་ཆེ་ཞིག །ཐོས་པ་ཆེས་ནའང་ང་བཞིན་ནོ། །གསུངས་སྐད། རྡོ་རྗེ་རྣལ་འབྱོར་མ་བུད་མེད་དུ་སྤྲུལ་པ་ཞིག་གི་རྐྱ་བ་གསེར་དུ་འདུག་ནས་གསེར་འགྱུར་གྱི་གདམས་པ་ཞུས་པས་གནང་སྟེ་དགེ་འདུན་བསྐྱངས། དཔལ་གྱི་རི་ལ་བྲམ་ཟེ་ཆེན་པོའི་དྲུང་དུ་བྱོན་སྟེ་བདུད་རྩི་བུམ་པ་གང་ལ་ཕྱག་རྟེན་བྱས་པས་རྒྱ་མཚོ་ཆེན་(ན༤བ)


PTT001_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བདུད་རྩིར་བསྒྱུར་བས་ཐུགས་རྒྱལ་ཆག་མཆོག་གི་དངོས་གྲུབ་ཐོབ་པ་དེས་ཨཱརྻ་དེ་ཝ་རྗེས་སུ་བཟུང༌། ཀླུ་སྒྲུབ་དབུ་སྦྱིན་པར་བཏང་ཚེ་འཇིག་རྟེན་དུ་ཉི་མ་ནུབ་བོ་ཅེས་ངུས་པས་ན་མཁའ་ནས་མཁའ་འགྲོས། ང་ནི་འདི་ནས་ལོ་ནི་ལྔ་བརྒྱ་ན། །སོ་ན་ཞེས་པའི་གྲོང་ཁྱེར་ཆེན་པོ་རུ། །ཉི་མ་ནུབ་ཀྱང་ཟླ་བས་མུན་སེལ་བ། །རྣམ་དག་རིགས་ལས་འཁྲུངས་པའི་པཎྜི་ཏ། །ཟླ་བ་གྲགས་པ་ཅེས་བྱའི་མཁས་པ་འབྱུང༌། །ཞེས་ལུང་བསྟན། ཨཱརྻ་དེ་ཝ་ལ་བསྟེན་སྟེ་གྲོལ། དེས་མ་ཏཾ་གི་ལ་གདམས། དེས་སློབ་དཔོན་ཏེ་ལོ་པ་ལ་གདམས་སྟེ་མ་ཏཾ་གི་ཚོལ་དུ་བྱོན་པས་བ་ལང་རྫི་མ་ཏཾ་གི་ཞེས་པ་མི་གཞན་པས་ཉིས་འགྱུར་གྱིས་ཆེ་བ་ཞིག་ཡོད་ཟེར་སྟེ་རྙེད་ནས་གཉི་གའི་འཚོ་བ་སྦྱོར་ཞིག་གསུངས་སྟེ་ཏིང་འཛིན་ལ་བཞུགས། དེས་སྒྱུ་ལུས་འོད་གསལ་ལ་སོགས་ཕ་རྒྱུད་ཀྱི་གདམས་པ་མཐའ་དག་གནང༌། འདི་འཕགས་པ་ཀླུའི་དངོས་སློབ་ཀྱང་ཡིན། ཕ་རྒྱུད་རླུང་གཙོ་བོར་སྟོན་པ་ཤར་གྱི་བཀའ་བབས་སོ། །རྒྱལ་པོ་ཅིག་གི་སྲས་འབྲིང་པོ་ཅིག་ཡབ་དང་གཅེན་ལ་གནོད་ཟེར་ནས་སྤྱུགས་པ་རྒྱལ་ཁམས་གཞན་དུ་ཡི་གེའི་གྲ་ཞིག་དུ་ཕྱིན། ཡིག་དཔོན་གྱི་གཡོག་བྱས་པས་ཡི་གེ་མཁས་པར་ཤེས་སྟེ་རྒྱལ་པོའི་ཡིག་མཁན་དུ་གྱུར། ཡང་བཙུན་མོ་དང་དུམ་མོ་ཞེས་ཕྲ་མ་བྱུང་སྟེ་སྤྱུགས། ཡུལ་གཞན་ཞིག་དུ་སླེབས་སྟེ་ཤིང་དྲུང་ཞིག་ན་འཁོར་བ་ལ་སྐྱོ་ཞིང་ཡིད་འབྱུང་བའི་ཚེ་ལྷོ་ཕྱོགས་ནས་འབྲུག་སྒྲ་ལྟ་བུ་དང་བཅས་སྟེ་རྣལ་འབྱོར་པ་གཟི་འོད་དང་ལྡན་པ་ཅིག་ལམ་བྱོན་ནས་སྤྱི་བོར་ཕྱག་བཞག་པའི་མོད་ལ་དེ་ཁོ་ན་ཉིད་མངོན་དུ་གྱུར་སྟེ་ལོ་བཅུ་གཉིས་སུ་རྟོགས་པ་འདི་སྐྱོངས་ཅིག་གསུངས་སྟེ་ས་ར་ཧ་ཡིན་སྐད། དེར་ཆུ་བོ་གཾ་གཱ་ལ་ཉ་པ་ལྔ་བརྒྱ་ཙམ་གིས་ཉ་རྟག་པར་གསོད་ཅིང་དེའི་རྒྱུ་ལྟོ་བོར་བའི་ཕུང་པོ་ཆེན་པོ་འདུག་ནས་འདི་བདག་གིར་མ་བྱས་པ་དང་རྙེད་སླ་བ་དང་འབད་རྩོལ་མི་དགོས་པ་དང་རྒྱུན་དུ་འོང་བས་འཚོ་བ་དག་པར་འདུག་སྙམ་སྟེ་དེས་འཚོ་བ་མཛད་ཅིང་རི་སྣའི་གད་ཕུག་ཞིག་དུ་སྒྲུབ་པ་མཛད། གྲུབ་པ་ཐོབ་ཀའི་ཚེ་གནོད་སྦྱིན་རྣམས་ཀྱིས་ཞག་བདུན་དུ་སེར་བ་ཕབ་པས་གངས་རི་ལྟར་གྱུར་ནས་(ན༥ན)


PTT001_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

རི་སྣ་དེ་ཆད་ནས་ཆུར་ལྷུང་ཡང་སློབ་དཔོན་ཏིང་ངེ་འཛིན་མ་སད་པ་ཉ་ཆེན་པོ་ཅིག་གིས་མིད། ཅི་ཞིག་ན་ཉ་དེ་ཉ་པ་རྣམས་ཀྱིས་ཟིན་ནས་བཤས་པས་སློབ་དཔོན་བྱུང་སྟེ་ཏིང་ངེ་འཛིན་ལས་སད། ཉའི་རྒྱུ་ལྟོ་གསོལ་བ་དང༌། ཉའི་ལྟོ་ནས་བྱུང་བ་གཉི་གའི་རྒྱུ་མཚན་གྱིས་ལཱུ་ཡི་པ་སྟེ་ཉ་རྒྱུ་པའམ་ཉ་ལྟོ་པ་ཅེས་གྲགས་སོ། །དེས་ལྷོ་ཕྱོགས་ཨོ་ཊེ་པི་ཤའི་ཡུལ་དུ་མར་སཱེ་ཏྲའི་རྒྱལ་པོ་བི་མ་ལ་ཙནྡྲ་གདུལ་བྱར་གཟིགས་སྟེ་རྒྱལ་པོ་སྐྱེད་མོས་ཚལ་དུ་འབྱོན་པའི་ལམ་དུ་གཅེར་བུར་གཟིམས་པ་ན་བྲམ་ཟེ་མདུན་ན་འདོན་འཁོར་བཅས་ཀྱིས་བཀྲ་མི་ཤིས་པའི་རྟགས་སེལ་དུ་འོངས་པས་མཐོང་སྟེ། རིགས་ངན་དག་ཕྱིར་ཁྱེད་ཅིག་ཟེར་བ་ན། མ་ལུས་པ་འདི་ཇི་ཙམ་ཡིན་སྟེ་འཇིག་རྟེན་གསུམ་པོ་ཇི་ཙམ་ཡིན། དེ་ཉིད་ཀྱི་ནི་ཆ་གཅིག་མི་བདག་གཞན་ཡིན་དེ་ཉིད་དེའི་གཡོག་ཡིན་ན། །བློ་བཟང་དེ་ཡང་གཞན་གྱི་དམ་པའི་སྤྱོད་ལ་བཞད་གད་བྱེད་པ་ནི། །ཨེ་མ་འཁོར་བ་ངོ་མཚར་རེ་ཆེ་འདི་ལ་སྨྲ་མང་ཅི་ཞིག་དགོས། །ཅེས་གསུངས་པས་ཐམས་ཅད་ཀྱིས་འཐེན་ཡང་སྒུལ་མ་ནུས། རྒྱལ་པོ་ལ་ཞུས་པས་གླང་ཆེན་སྨྱོན་པས་རྫིར་ཆུག་གསུངས་སྟེ་བཏང་བས་བསྐོར་བ་བྱས་ཤིང་ཞབས་ལ་ལྕེས་བལྡགས། རྒྱལ་པོ་ཉིད་འོངས་ནས་ཁྱོད་སུ་ཡིན་བྱས་པས། ར་ཙ་ཧོ་ཡི་ང་རྒྱལ་པོ་ཡིན་ཟེར། རྒྱལ་པོའི་ཡོ་བྱད་རྣམས་ག་རེ་གསུངས་པས། ས་ཡི་མལ་སྟན་ཆེན་པོ་ལ། །ལག་པའི་སྔས་ནི་འབོལ་ལ་མཉེན། །ཉི་མ་ཟླ་བའི་སྒྲོན་མེ་དང༌། །དུས་ཀྱི་རླུང་གིས་གསིལ་གཡབ་བྱས། །རྒྱལ་ལྟར་སྲིད་ན་འཇིགས་མེད་པའི། །རྣལ་འབྱོར་ང་ནི་བདེ་བར་ཉལ། །ཞེས་སྨྲས་པས་རྣལ་འབྱོར་པ་གོ་སྟེ་ཕོ་བྲང་དུ་སྤྱན་དྲངས། གདམས་པ་ཞུས་པས་རྒྱལ་སྲིད་སྤོངས་ཅིག་གསུངས་སྟེ་བདེ་མཆོག་གི་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་ནས་རྟོག་པ་གང་ལ་འཕྲོ་དྲིས་པས་རྒྱལ་པོ་སྨད་ཚོང་མ་ལ་འཕྲོ་ཟེར་མདུན་ན་འདོན་དེས་ཌེངཱ་གི་ཡི་སྒྲ་ལ་འཕྲོ་ཟེར། དེར་བྱིན་གྱིས་བརླབས་སྟེ་རྒྱལ་པོ་ལ་རྒྱལ་སྲིད་སྤོངས་ལ་ཨོ་ཊ་པུ་རི་ཁུར་བའི་གྲོང་ན་རྡོ་རྗེ་རྣལ་འབྱོར་མ་སྨད་ཚོང་དུ་བསྟན་པ་དེའི་ཁོལ་པོ་གྱིས་ལ་རྟོགས་པ་སྐྱོངས་དང་ལོ་བཅུ་གཉིས་(ན༥བ)


PTT001_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

ན་འཁོར་ཚོམ་བུ་དང་བཅས་པ་མཆོག་གི་དངོས་གྲུབ་འཐོབ་པར་གྱུར་རོ། །བློན་པོ་ལ་གྲོང་ཁྱེར་འདི་ཉིད་ཀྱི་ཆང་ཚོང་མ་འདི་ཞེས་བྱ་བའི་ཁོལ་པོ་གྱིས་ལ་རྟོགས་པ་འདི་སྐྱོངས་ཅིག་ལོ་བཅུ་གཉིས་ན་ཐམས་ཅད་གྲོལ་བར་འགྱུར་རོ་ཞེས་གསུངས། སློབ་དཔོན་འདིས་བདེ་མཆོག་གི་སྒྲུབ་ཐབས་མཛད་ཏོ། །རྒྱལ་པོས་ཀྱང་ཡོ་བྱད་རྣམས་མཆོད་ཡུལ་ལ་ཕུལ། ཕོངས་པ་ལ་བྱིན། ཆ་གཅིག་རྒྱལ་སྲིད་ཀྱི་རྒྱུར་བཞག་སྟེ་བཙུན་མོ་སྟོང་ཕྲག་བཅུ་གཉིས་དང་རྒྱལ་ས་སྤངས་ནས་སྨད་ཚོང་མའི་གཡོག་བྱས། ཉིན་ཞིང་ལས་དང་ནང་ནུབ་ཆང་ཉོ་དང་ཉལ་པོ་ལ་ཡོང་བ་ཀུན་གྱི་ལུས་བཀྲུ་པ་དང་སྐུ་མཉེ་བྱས། ནུབ་མོ་བསྒོམས། ཌེཾ་གི་པས་ཀྱང་ཆང་ཉོ་མི་ཀུན་གྱི་སྐྱེལ་བསུ་དང་བཟི་བ་ཀུན་གྱི་ངན་སྐྱུགས་འཕྱག་པ་དང༌། གོ་ལའི་རྩིགས་མ་འདོར་བ་སོགས་གཡོག་གུས་པར་བྱས་པས་ཆུ་ལེན་པ་ན་བུམ་པ་མགོ་ཐོག་དུ་ཁུར་ཡང་མགོ་ལ་མི་རེག་པར་བྱུང༌། རྒྱལ་པོ་ལ་བལྟས་པས་རེག་ཞིང་འདུག་པས། བླ་མའི་བཀའ་ཡིན་བསམ་ནས་གུས་པོར་མཛོད་བྱས་པས་རྒྱལ་པོས་ཀྱང་གུས་པར་བྱས་པ་ན་བུམ་པ་ན་མཁའ་ལ་ལྡིང་བར་གྱུར། ལོ་བཅུ་གཉིས་ན་ཌེཾ་གི་པས་ཡུལ་ཁམས་ཀྱི་སྐྱེ་བོ་ཐམས་ཅད་དང་བཅས་སྟེ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ། དེས་རྒྱལ་པོ་གྲོལ་བར་བྱས། དེས་སྨད་ཚོང་མ་སུ་ཁ་དྷ་རི་སོགས་བུད་མེད་སྟོང་ཕྲག་བཅུ་བཞི་གྲོལ་བར་བྱས། ཉལ་པོ་ལ་འོངས་པའི་སྐྱེས་པ་གཅིག་ཁོ་ན་ལུས་པའི་ཚེ་ན་མཁའ་ལས་སྒྲ་བྱུང་བ། གྲོང་ཁྱེར་འདིའི་དབུས་ན་རྡོ་རིང་གི་སྟེང་ན་རྡོའི་གླང་པོ་ཆེ་ཞིག་ཡོད་པ་ད་ལྟ་ཁ་ཤར་དུ་བལྟས་ཡོད། ལོ་རེ་ལ་ཏིལ་ཙམ་རེ་ནུར་ནས་དེ་ནུབ་ཕྱོགས་སུ་ཁ་བལྟས་པའི་ཚེ་ད་ལྟའི་ཡུལ་མི་ཐམས་ཅད་གྲོང་འདིར་སྐྱེས་ནས་ཁོད་དང་བཅས་པ་གྲུབ་པ་འཐོབ་པར་འགྱུར་རོ་ཞེས་པ་བྱུང༌། རྒྱལ་པོ་དཱ་རི་དྲ་བས་བདེ་མཆོག་གི་བསྟོད་པ་དང་ཀེང་རུས་ཀྱི་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་སོགས་མཛད། གཞན་ལུས་ཤེས་རབ་ལ་སོགས་པའི་(ན༦ན)


PTT001_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་དྲིན་རྙེད་པ་ལྷོའི་བཀའ་བབས་སོ། །ཌོམྦི་ཧེ་རུ་ཀ་ནི་ནུབ་ཕྱོགས་ཨོ་ཌྱན་གྱི་གྲོང་ཁྱེར་ཆེན་པོ་ཅིག་ན་བྲམ་ཟེའི་ཁྱེའུ་དད་པ་ཅན་རྩེད་མོའང་དཀོན་མཆོག་གི་ལས་ལས་མི་བྱེད་གཏམ་དུ་དཀོན་མཆོག་ལས་མི་སྨྲ་བ་གཉིས་ཡོད་པ། ཡུལ་ཆོས་ཀྱིས་དུས་བཟང་ལ་དུར་ཁྲོད་དང་ལྷ་ཁང་དུ་མཆོད་པ་བྱེད་དུ་འགྲོ་བས་ཚེས་བཅུའི་དུས་སྔགས་ཀྱི་ལྷ་ཁང་དུ་མཆོད་པ་ལ་ཕྱིན། ཚུར་ལམ་དུར་ཁྲོད་ལ་ལམ་ཡོད་པ་ལ་འོངས་པས་དུར་ཁྲོད་ཀྱི་དབུས་སུ་ས་སྲོས། ཅེ་སྤྱང་གིས་གནོད་ཀྱིས་དྭོགས། དེ་ན་རི་ཆུང་ཞིག་འདུག་པའི་བྲག་སྐྱིབས་སུ་བསྡད་པས་རི་དེ་ལ་ཡང་མི་རོའི་རྒྱལ་མཚན་ཞིག་ཕྱར་སྟེ་འདུག །དར་ཞིག་ན་ཌ་མ་རུའི་སྒྲ་གྲག་ཙམ་ན་དཔའ་བོ་དང་མཁའ་འགྲོ་མཐའ་ཡས་པ་ནང་དུ་ཡིབ་སོང༌། ཅི་ཞིག་ན་མཁའ་འགྲོ་མ་སྔོན་མོ་གྲི་ཐོད་ཐོགས་པ་དུ་མ་བྱུང་སྟེ་དུར་ཁྲོད་ཐམས་ཅད་བཙལ་ནས་ཚོགས་ཀྱི་རྒྱུ་གཉི་ག་འདི་ན་འདུག་ཟེར་ནས་བྱུང༌། ཅི་བྱེད་དྲིས་པས་ལུས་ཀྱིས་དཔའ་བོ་མཁའ་འགྲོ་མཆོད་ཏོ་ཟེར། དེར་ལུས་དོན་ཅན་དུ་སོང་བ་གོ་བཅད་འོན་ཡང་སྨོན་ལམ་གདབ་ཀྱི་བྱས་པས་འདི་སྐལ་པ་དང་ལྡན་པར་འདུག་གཙོ་མོ་ལ་ཞུའོ་ཟེར་ནས་སོང་བས་ཁྲིད་ཤོག་གསུངས་སྟེ་ནང་དུ་ཁྲིད་སྟེ་དཔའ་བོ་མཁའ་འགྲོའི་དབུས་སུ་ཧེ་རུ་ཀ་ཡབ་ཡུམ་གྱི་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་བྱིན་གྱིས་བརླབས་པས་བྲམ་ཟེའི་ཁྱེའུ་ཆེ་བ་དེ་དེ་ཉིད་དུ་ཡལ་སྟེ་འདི་ལ་ཌོམྦི་ཧེ་རུ་ཀ་ཆེན་པོར་གྲགས་སོ། །ཅིག་ཤོས་ཀྱང་ཡལ་བར་བྱུང་བ་ལ་མཁའ་འགྲོ་མ་ཐམས་ཅད་ཀྱིས་སྐུ་མི་སྡུད་པར་གསོལ་བ་བཏབ་ཅིང་རྡོ་རྗེ་རྣལ་འབྱོར་མས་རྣམ་སྨིན་གྱི་ལུས་མ་སྡུད་པར་སྐལ་ལྡན་རྗེས་སུ་ཟུང་ཞིག་གསུངས་མཁའ་འགྲོ་མ་ལྷའི་ལུས་ལས་འདས་པ་ཅིག་ཕྱག་རྒྱར་ཕུལ་བས་དེ་སྤྲང་མོ་ཧྲུལ་མོ་ཞིག་དུ་སྤྲུལ་སྟེ་དུར་ཁྲོད་དུ་འཇག་ལྕིལ་མཛད་སྟེ་དེས་འཚོ་བ་སློངས་ནས་སྦྱོར་རོ། །ནམ་ཞིག་ཉན་ཐོས་ཀྱི་དགེ་འདུན་མཆོད་རྟེན་བརྒྱ་རྩ་བཞེང་པ་ལ་སློངས་པས་མ་བྱིན་པར་སྤྲང་མོ་ངན་མ་འདི་(ན༦བ)


PTT001_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་ནས་བརྡེགས་པས་དེས་སློབ་དཔོན་ལ་རྫུ་འཕྲུལ་སྟོན་པར་ཞུས་སྟེ་ལྟ་སྟངས་ཀྱིས་མཆོད་རྟེན་རྣམས་མགོ་མཇུག་བསྒྱུར་ནས་བཞག །ནང་པར་ཁོང་རྣམས་མཆོད་རྟེན་ཞལ་སྲོར་འོངས་པ་ན་དེ་ལྟར་མཐོང་བས་ཁ་སང་གི་སྤྲང་མོ་དེ་བརྡུངས་པས་ལན། དེ་རྣལ་འབྱོར་པ་ཅིག་གི་ཆུང་མ་ཡིན། དུར་ཁྲོད་ན་འདུག་ཟེར་སྟེ་འོངས་པས་འཇག་ལྕིལ་གྱི་སྒོ་ན་མཎྜལ་བྱེད་ཅིང་འདུག །ནང་དུ་རྣལ་འབྱོར་པ་ལ་བཟོད་པར་གསོལ་བས་རྣལ་འབྱོར་མ་ལ་བཟོད་པར་གསོལ་ཞིག་གསུངས། བཟོད་པར་གསོལ་བས་ལན་གཉིས་སུ་ཅི་ཡང་མི་ཟེར། གསུམ་པ་ལ་བཟོད་ཏོ་ཟེར། འོ་ན་མཆོད་རྟེན་རྣམས་བསྒྱུར་དུ་གསོལ་བྱས་པས་བླ་མ་ལ་ཞུའོ་ཟེར་སྟེ་ཞུས་ནས་རྣལ་འབྱོར་པ་དེ་བྱུང༌། དེས་ལྟ་སྟངས་གྱེན་དུ་ལྡོག་པས་མཆོད་རྟེན་གཞན་རྣམས་དྲང་པོར་གྱུར། ཐོག་མཐའ་གཉིས་མགོ་ཞབས་ལོག་རུང་འདུག་པས་འདིའང་བསྒྱུར་བར་ཞུ་བྱས་པས་འདི་ཙམ་ཞིག་ཕྱི་རབས་ཀྱི་རྣལ་འབྱོར་པ་ལ་སྟོན་པའི་ཕྱིར་འཇོག་གསུངས་པ་དེང་སང་ཡང་ཡོད་སྐད། སྐྱེ་བ་བདུན་པའི་ཤ་བཙལ་སྟེ་དོན་བྱའོ་དགོངས་ནས་འབྲས་ལྡན་གྱི་གྲོང་ནས་བྲམ་ཟེ་དུང་གི་རྣ་ཆ་ཅན་བྱ་བ་སྐྱེ་བ་བདུན་པ་ཅིག་གི་རོ་བླངས་སྟེ་སྟག་ལ་ཆིབས། དུག་སྦྲུལ་ལ་གོང་རྨེད་དང་ལྕག་བྱས། གཡུང་པོའི་བུ་མོ་ཞིག་ཆིབས་ལོངས་སུ་བསྐྱོན། སྐྱེ་བདུན་གྱི་རོ་པང་པར་བླངས་སྟེ་དངོས་གྲུབ་སུ་འདོད་གསུངས་ནས་གྲོང་ཁྱེར་བསྐོར་བས་ནང་པའི་རྣལ་འབྱོར་པ་སྟག་ལ་སྦྲང་རྒོད་བླུད། སྦྲུལ་ལ་བླ་རྩི་བླུད་ནས་ནུས་པ་ཡོད་ཚུལ་སྟོན་པ་ཟེར་ནས་ཀུན་མ་མོས་སྐད། གཡུང་མོ་ལ་ལོངས་སྤྱད་པས་ཌོམྦིའི་ཧེ་རུ་ཀ་ཅེས་གཡུང་པོ་ཁྲག་འཐུང་དུ་གྲགས་བིརྺ་པའི་སློབ་མ་ཌོམྦི་པ་ཀོ་མཁན་ཉིད་ཡིན་ལ། འདི་ལ་རྗེ་རང་བྱུང་བས་ཀྱང༌། བྲམ་ཟེའི་རིགས་འཁྲུངས་རྣལ་འབྱོར་པ། །ཅེས་གསུངས་པ་ཡིན་ནོ། །བསོད་སྙོམས་པ་ཅིག་གིས་བདག་རྗེས་སུ་བཟུང་བར་ཞུ་ཟེར་བ་ལ། སྐྱེ་བདུན་གྱི་སྲིན་ལག་ཞིག་བཅད་སྟེ་བྱིན་པས་དེ་ཉིད་དུ་གྲོལ། དེར་ཆང་ཚོང་མ་པི་ན་སའི་ཁྱིམ་དུ་བྱོན་སྟེ་ཆང་ཉོའོ་གསུངས་པས་(ན༧ན)


PTT001_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཅི་ཡོད་ཟེར། ཉི་གྲིབ་མཚམས་སུ་ཕུར་པ་བཏབ་ནས་འདི་མ་འདས་པར་འཇལ་ལོ་ཟེར་བས་ཆང་དྲངས་པས་ཆང་ཐམས་ཅད་ཟད། ད་དུང་ཉི་མ་མ་སོང་ཆང་འདོད་ཟེར་བས་ཆང་ཚོང་མ་ལྔ་བརྒྱའི་ཆང་བསྐྱིས་ནས་དྲངས། རྒྱལ་པོའི་ཆུ་ཚོད་སོགས་རྩིས་ཐམས་ཅད་འཕྱུགས། མི་ཐམས་ཅད་གཉིད་ཀྱིས་མྱོས་སྟེ་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་རྣལ་འབྱོར་པས་ཉི་མ་བཟུང་བ་ཞིག་འདུག་ཟེར་ནས་རྩོད་བཅད་པས་བི་ན་སས་རྣལ་འབྱོར་པ་འདི་འདྲ་ཞིག་འདུག་ཟེར་སྟེ་ཉི་མ་གཏོང་བར་ཞུས་པས་འདི་བཏང་ན་ང་ལ་ཆང་རིན་མེད་གསུངས། ཆང་རིན་རྒྱལ་པོས་གཞལ་བས་བྲེ་བོ་ཆེའི་འབྲས་ཁལ་ལྔ་བརྒྱ་སོང༌། ཆང་ཚོང་མ་དེ་དད་ནས་དབང་གདམས་ངག་གནང་སྟེ་སྤྱོད་པ་འདི་ཉིད་ཀྱིས་ལམ་སྒྲུབས་ཅིག་གསུངས་སྟེ་སྦས་པའི་རྣལ་འབྱོར་དུ་བཞུགས་སྟེ་ཆང་འཐུངས་པས་ནད་འཚོ་བ་དང་ཡེ་ཤེས་རང་བྱུང་དུ་ཤར་བ་དུ་མ་བྱུང་ངོ༌། །ནམ་ཞིག་རྒྱལ་པོ་ཨིནྡྲ་བྷཱུ་ཏི་སྦྲུལ་གྱི་རིགས་ཅིག་གིས་ཟིན་པ་ན་རྒྱ་མཚོའི་གཏིང་གི་ཆུ་ལ་སྨན་ནམ་སྔགས་བཏབ་ན་མ་གཏོགས་མི་འཚོ་ཟེར་བ་ལ། བི་ན་ས་གྲུབ་ཐོབ་མར་གྲགས་པས་ལོན་ནམ་ཟེར་ནས་བཀའ་བསྒོས་པས། ཆང་བུམ་པ་གང་ཁྱེར་སྟེ་རིགས་ཀྱི་རྟོག་པ་སྤོངས་ལ་འདི་གསོལ་ཆུ་ཡང་བླང་གིས་ཟེར་སྟེ་ཆང་གསོལ་བས་ནད་ཕལ་ཆེར་ཞི། ཆུ་ལེན་དུ་སོང་བ་ལ་རྐང་མགྱོགས་པ་བལྟར་བཏང་བས་དེ་མ་ཐག་ཧལ་ཞིང་བྱུང་སྟེ་སྐད་ཅིག་གིས་རྒྱ་མཚོའི་སྟེང་ལ་ས་ལ་འགྲོ་བ་བཞིན་དུ་སོང་ནས་མཚོའི་གཏིང་དུ་སོང་ཟེར་དེ་མ་ཐག་ཆུ་ཁྱེར་སྟེ་བྱུང༌། རྒྱལ་པོས་གདམས་པ་ཞུས་པས་རིགས་ཀྱི་སྙེམས་པས་སྣོད་དུ་མི་རུང༌། བུ་ཞིག་བསྐྱེད་ལ་འདུལ་དུ་གཞུག་དགོས་སྙམ་ནས་བུ་བསྐྱེད་སྟེ་རབ་ཏུ་བྱུང་ནས་མཁས་པ་ཆེན་པོར་གྱུར་སྟེ་ཆོས་འཆད་པ་ན་ཡུམ་གྱིས་ཟས་ཆང་མང་དུ་བསྣམས་སྟེ་ཁྱོད་ཀྱི་བུ་སྨད་ལ་ཕྲད་དུ་འོངས་སོ་གསུངས་པས་པཎྜིཏ་ཚུལ་ཁྲིམས་ཀྱིས་ཡུས་སྟེ་བརྒྱལ། སངས་པ་དང་བུ་སྨད་ཀྱི་འཛིན་པ་དང་མ་བྲལ་པ་དེ་ག་བུ་སྨད་ཡིན་སྨོད་གསུངས་པས་ངེས་ཤེས་སྐྱེས་སྟེ་དབང་གདམས་ངག་བསྟན་ནས་ཤིན་དུ་སྤྲོས་མེད་ཀྱི་སྤྱོད་པས་སྐྱོངས་ཅིག་པར་(ན༧བ)


PTT001_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོ་བས་གྲོང་ཁྱེར་དུ་འཚོ་བ་སྒོ་རེས་སུ་བྱས་ནས་བསྒོམས། ནམ་ཞིག་འབྲས་ཆན་སྔ་མ་ཟད་ནས་ཕྱི་མ་འཚེད་ཀྱི་བར་དུ་སྒོ་དྲུང་དུ་འོད་གསལ་ལ་བཞུགས་པས་སད། དེས་འབྲས་ཆན་དྲངས་པའང་སོ་མར་འདུག་སྟེ་ལོ་བཅུ་གཉིས་ལོན། རྒྱལ་པོས་ངས་བུར་བཟུང་པཎྜིཏ་བཅོལ་བས་འདི་ལྟ་བུར་སྲང་དུ་ཉལ་བ་ཞེས་དམད་ཚེ་སྟེང་གི་ན་མཁའ་ལ་བྱོན་པས་དད་སྟེ་དབང་དང་གདམས་པ་གནང་བས་རྒྱལ་པོ་གྲོལ་ལོ། །དུས་དེར་ཨོ་ཌྱན་གྱི་བུད་མེད་ཐམས་ཅད་འཇིག་རྟེན་པ་ཕྱི་པའི་མཁའ་འགྲོ་མར་ཡོད་ཅིང་རྒྱལ་པོའི་བཙུན་མོ་ལྔ་བཅུ་རྩ་གཅིག་གི་ཐ་ཆུང་ཁོ་ན་ནང་པའི་མཁའ་འགྲོའི་རིགས་ཅན་ཡིན་ལ་གཞན་ཐམས་ཅད་ཕྱི་པའི་རིགས་ཅན་ཡིན་པས་ཤ་ཟའི་མཁའ་འགྲོ་ཐམས་ཅད་འདུས་སྟེ་སློབ་དཔོན་ལ་རྡོ་ཆར་ཕབ་པ་སྡིགས་མཛུབ་བསྟན་པས་རྡོ་ཁང་པ་ཙམ་ན་མཁར་ལུས་པ་ལ་བ་པའི་རྡོ་བརྡུགས་སུ་གྲགས་པ་ད་དུང་ཡོད་སྐད། སློབ་དཔོན་གྱིས་མཁའ་འགྲོ་མ་དེ་རྣམས་ལུག་དུ་བྱིན་གྱིས་བརླབས་ནས་བལ་བྲེགས་སྟེ་ལ་བ་སྐུ་ལ་གསོ་བས་ལ་བ་བར་གྲགས། སྐྱེས་པ་རྣམས་ཀྱིས་བུད་མེད་མ་རྙེད་ནས་རྒྱལ་པོ་ལ་ཞུས་པས་སློབ་དཔོན་ལ་ཞུས་གསུངས་སྟེ་ཞུས་པས་ཆད་པ་ཁས་ལེན་ན་གཏོང་གསུངས་སྟེ་བུད་མེད་རྣམས་མགོ་ལ་ལྷམ་གྱོན། སྣ་ལ་སྣ་བཅུ་ཆུག་སྦྲུལ་གྱི་ག་ཤ་གིས་གསུངས་སྟེ་ད་ལྟའང་ཨོ་ཌྱན་གྱི་བུད་མེད་རྣམས་དེ་བཞིན་ཡོད། རྒྱལ་པོས་ཆུ་བོ་ཀོ་ཏམ་པ་རིའི་ཕར་འགྲམ་དུ་སློབ་དཔོན་བཞུགས་སུ་གསོལ། བཙུན་མོ་རྣམས་རེ་མོས་ཀྱིས་སྦའི་དཔྱང་ཐག་ལས་འཚོ་བ་སྐྱེལ་འཇུག་པ་ལས། བཙུན་མོ་ཐ་ཆུང་གི་རེས་ལ་རྒྱལ་པོས་སྒོ་བ་བརྗེད་སྟེ་ནམ་ཕྱེད་ན་དྲན། གྲུབ་ཐོབ་ཀྱི་འཚོ་བ་ནང་རེ་ཆག་ན་མུ་གེ་ལོ་བཅུ་གཉིས་ཡོང་བས་དེ་འཕྲལ་བཙུན་མོ་ལ་བསྒོས་སྟེ་རྒྱལ་པོ་ཨིནྡྲ་བོ་དྷིས་མི་ཚངས་པར་སྤྱོད་པ་སྤངས་པའི་བདེན་པས་ཆུ་ཁྱོད་གྱེན་ལ་ལྡོག་པར་གྱུར་ཅིག་གྱིས་ལ་སོང་ཞིག །བདེན་པས་ཆུ་ཆད་པའི་བར་ལ་ཕྱིན་སྟེ་འཚོ་བ་དྲངས་པས་བཞེས་སྟེ་དྲོ་མཛད། ང་སློབ་དཔོན་ལ་བ་པས་གཉིད་དང་ཁམ་གྱི་ཟས་སྤངས་པའི་བདེན་པས་(ན༨ན)


PTT001_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ཁྱོད་གྱེན་ལ་ལྡོག་པར་གྱུར་ཅིག་གྱིས་ལ་སོང་ཞིག་གསུངས་སྟེ་དེ་བཞིན་བྱུང་བས་བཙུན་མོ་དད་སྟེ་རྒྱལ་པོ་དང་སློབ་དཔོན་གྱིས་བྱིན་གྱིས་བརླབས་ནས་ཡེ་ཤེས་ཀྱི་མཁའ་འགྲོར་གྱུར། དེར་བཙུན་མོ་ལྔ་བཅུ་པོས་སྤྲང་པོ་ལ་བ་པ་འདིས་རྒྱལ་པོ་ནང་པར་བཅུག་གིས་བསད་པར་བྱའོ་ཞེས་བགྲོས་སྟེ་གཉིས་ཀྱིས་ཉིན་མྱུལ་སྟེ་མཚན་མོ་ཐམས་ཅད་སོང་བ་ན་སློབ་དཔོན་འོད་གསལ་ལ་ཞུགས་པས་སྐུ་མ་མཐོང་སྟེ་ལ་བ་སྤུང་ངེ་འདུག་ནས་ད་ཀོ་འདི་ན་འདུག་པ་ཡིན་སྟེ་ཅེས་མཛུབ་མོ་བཙུགས་པ་ཤངས་ལ་རེག་བྱུང་སྐད། རྣལ་འབྱོར་པ་འདི་གཡོ་ཆེ་བས་ལ་བར་བརྫུས་པ་ཡིན་སྟེ་འོང་ཟེར་ནས་ལ་བ་དུམ་བུར་བྱས་ནས་ཟོས། སང་ཉིན་སློབ་དཔོན་གཅེར་བུར་བྱོན་པས་ཅི་ལགས་ཞུས་པས་ཁྱེད་ཀྱི་བཙུན་མོ་རྣམས་སྨྱོ་ནས་ལ་བ་ཟོས་སོང་གསུངས། སྤྱི་བོར་ཐལ་ལྕགས་རེ་བརྒྱབ་པས་ལ་བ་དུམ་བུ་རེ་བསྐྱུགས་བྱུང་བ་གཅིག་དུ་གྱུར་སྟེ་གསོལ། དེ་ལྟར་སློབ་དཔོན་དང་རྒྱལ་པོས་ཨོ་ཌྱན་གྱི་སྐྱེ་བོ་རྣམས་བཏུལ་ཏོ། །རྨི་ལམ་དང་བར་དོའི་གདམས་པ་རྙེད་པ་ནུབ་ཀྱི་བཀའ་བབས་སོ། །མཁའ་འགྲོ་སྐལ་པ་བཟང་མོ་ནི་སུ་མི་ཏ་ཀུན་དུ་བཟང་མོ་ཞེས་ཀྱང་བྱ་སྟེ་རྡོ་རྗེ་རྣལ་འབྱོར་མ་ཉིད་ཀྱི་སྐུའི་བཀོད་པའོ། །དེས་མྱ་ངམ་གྱི་ཐང་དུ་བཞུགས་པ་ཐང་ལོ་བ་དང༌། དེའི་ལྗོན་ཤིང་གི་རྩེ་ལ་བཞུགས་པ་ཤིང་ལོ་པ་རྗེས་སུ་བཟུང༌། དེས་བ་རེནྡྲའི་རྒྱལ་ས་སྤངས་སྟེ་ནཱ་ལནྡར་སློབ་དཔོན་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང་བ་མཚན་བློ་གྲོས་སྙིང་པོའི་དཔལ་རྩོད་པ་ལས་རྒྱལ་བས་སློབ་དཔོན་དགྲ་ལས་རྒྱལ་བ་ཞེས་གྲགས་པ་དེ་དབང་བསྐུར་ཞིང་བྱིན་གྱིས་བརླབས་སྟེ་ཨོ་ཌེ་བི་ཤའི་ནགས་ལ་རྩེ་གཅིག་དུ་སྒྲུབ་པའི་ཚེ་ཡུལ་དེའི་རྒྱལ་པོ་རི་དྭགས་གཤོར་དུ་འོངས་བས་མཐོང་སྟེ་དད་ནས་རས་ཀྱི་ཐོད་ཕུལ་བས་སློབ་དཔོན་གྱིས་མ་བཞེས་སྟེ། དངོས་རྣམས་སེམས་སུ་ཤེས་པའི་མཁས་པ་རྣམས་ལ་བརྙས་པར་མི་བྱ་སྟེ། །དེ་ནི་རྩཱ་རྩེ་ཆུང་ངུ་བས་ཀྱང་ཆུང་བའི་དངོས་ལ་ཆགས་པ་མིན། །རྔུལ་འཛག་པས་ནི་འགྲམ་ཡང་ནག་པོར་འགྱུར་བ་ཡི། །གླང་ཆེན་རྣམས་ནི་པདྨའི་སྐུད་པ་ཕྲ་མོ་དག་གིས་འཁྱིག་པར་མི་(ན༨བ)


PTT001_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་བཞིན། །ཞེས་གསུངས་པས་རྒྱལ་པོ་སྐྱེངས་སྟེ་ནགས་གསེབ་ཀྱི་དགེ་སློང་འདི་འབེབས་ནུས་ན་བྱ་དགའ་ཆེན་པོ་སྟེར་རོ་ཞེས་དྲིལ་བསྒྲགས་པས་ཆང་ཚོང་མ་མ་སྨད་ཀྱིས་ཁས་བླངས་སྟེ་བཀུར་སྟི་བྱས། བུ་མོ་བཅུ་དྲུག་མ་ཞིག་ཡོད་པ་སློབ་དཔོན་གྱི་ཞམ་རིང་དུ་ཕུལ་བས་པདྨ་ཅན་དུ་གཟིགས་ཤིང་རིམ་པ་གསུམ་པ་ནོར་བུ་འགེངས་པའི་སྐབས་སུ་སོན་ནས་ཕྱག་རྒྱ་བསྒྲུབས་སྟེ་རིམ་པ་ལྔ་པ་བསམ་གྱིས་མི་ཁྱབ་པ་གྲུབ་པ་ན་སྤྲུལ་པའི་བུ་དང་བུ་མོའང་བཞག་གོ །དེར་རྒྱལ་པོས་འབངས་ན་བཟའ་མི་ཡོད་ཏོ་ཅོག་གི་བུད་མེད་ཀྱིས་ཆང་བུམ་པ་བཏེག་ཞིང་སྐྱེས་པས་རྒྱལ་པོ་ལ་འདྲེན་དགོས་པའི་ཁྲིམས་བཅས་ཆང་ཚོང་མ་ལ་བབ་ཚེ་བུ་མོས་ཆང་བན་བཏེག་ཞིང་སློབ་དཔོན་གྱིས་འདྲེན་པ་ན་རྒྱལ་པོ་འཁོར་དང་བཅས་པས་སྔར་གྱི་ཚིག་གོ་ལྡོག་སྟེ། བརྙས་པར་བྱ་བ་སྟེ། ཞེས་དང༌། འཁྱིག་པར་ནུས་པ་བཞིན། ཞེས་བརྗོད་ཅིང་ཐལ་མོ་བརྡབས་པ་ན་སློབ་དཔོན་གྱིས་ཆང་བུམ་བརྡབས་པས་ཆང་གི་རྒྱུན་མ་ཆད་པས་ཡུལ་དེ་ཆང་གི་མཚོར་སོང་ཞིང་གྲོང་ཀུན་ཡང་ཆང་གི་སྟེང་ལ་ཡོམ་བྱུང༌། སློབ་དཔོན་གྱིས་བཙུན་མོ་ཀྲིཥྞ་སཱ་རའི་པགས་པར་བྱས་ནས་རྐེད་ལ་དཀྲིས། སྲས་ཕོ་མོ་རྡོ་རྗེར་དྲིལ་བུར་བྱས་སྟེ་མཁའ་སྤྱོད་དུ་འབྱོན་པར་དགོངས་སྟེ་སྟེང་གི་ན་མཁར་བྱོན་པ་དང༌། ཆང་གི་སྦུ་བའི་གསེབ་ནས་ཐུགས་རྗེ་ཆེན་པོའི་སྐུ་ཞིག་བྱོན་ནས་རིགས་ཀྱི་བུ་སེམས་ཅན་འདི་སྙེད་ཡལ་བར་འདོར་རམ་གསུང་བས་ས་ལ་བབ་སྟེ་རྡོ་རྗེ་ས་ལ་བསྣུན་པས་བུག་པ་ཅིག་བྱུང་བར་ཆང་ཐམས་ཅད་སོང་སྟེ་སྐུ་དེའང་བྱིན་རླབས་ཅན་དུ་གྲགས། བུག་པའི་སྒོ་དེ་ཡང་ཆང་གི་དྲི་ཆེན་པོས་མྱོས་ཐུབ་པ་ཅིག་དེང་སང་འདུག་སྐད། སློབ་དཔོན་གྱིས་ཡུལ་ཁམས་དེ་ཐམས་ཅད་རྡོ་རྗེ་ཐེག་པ་ལ་བཀོད་ཅིང་ཁྱད་པར་རྒྱལ་པོ་དེ་མཆོག་གི་དངོས་གྲུབ་བརྙེས་པ་ནི་སློབ་དཔོན་ཛཱ་ལནྡྷ་ར་པའོ། །ཙརྻ་པ་ནི་བྷཾ་ག་ལར་རྗེ་རིགས་སུ་འཁྲུངས། སློབ་དཔོན་ཛཱ་ལནྡྷ་རས་རྗེས་སུ་བཟུང་སྟེ་བདེ་མཆོག་གི་སྒོ་ནས་སྤྱོད་པ་སྒྲུབ་ཏུ་ཉེ་བ་ན་སློབ་དཔོན་གྱིས་གའུ་ཞིག་བསྐུར་སྟེ་འདི་ཁ་མ་དབྱེ་བར་ཨོ་ཌྱན་གྱི་ཡུལ་དུར་ཁྲོད་ཅིག་ན་བུད་མེད་(ན༩ན)


PTT001_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ་གྲལ་བྱས་པའི་གཤམ་ན་བུད་མེད་ངམས་ནག་ལ་བོངས་ཐུང་བ་མཁུར་ཚོས་གཡོན་ན་རྨེ་བ་ནག་པོ་སུམ་བརྩེགས་ཅན་ཡོད་ཀྱིས་དེ་ལ་འདི་ཕུལ་ལ་བྱིན་རླབས་ཞུས་ཅིག་གསུངས། དེ་ལྟར་བྱས་པས་དེས་གའུའི་སྟེང་དུ་མེ་ཏོག་ཅིག་བཞག་ནས་ཁ་མ་དབྱེ་བར་བླ་མ་ལ་ཕུལ་ཞིག་སྟག་སོགས་བྱུང་ན་ལྟ་སྟངས་གྱིས་དང་ཟློག་པར་འགྱུར་རོ་གསུངས། སྟག་ལ་ལྟ་སྟངས་བྱས་པས་རེངས་པ་དང་གའུ་ཁ་ཕྱེ་བས་རྒྱན་དྲུག་འདུག་པ་བཏགས་སྟེ་སྤྱོད་པ་ལ་རྒྱུ་བར་ཞུས་པས་ད་དུང་མ་རན་གསུངས། མ་གསན་པར་འཁོར་མང་པོ་དང་བཅས་བྱོན་པས་རི་བོར་ཞིག་དུ་སྐོམ་པས་ཉེན་པ་དང་མི་ཞིག་ཐོང་པ་ཁུར་གླང་གཉིས་དེད་པ་དང་ཕྲད་སྟེ་ཆུ་ལོང་སྟེ་ངའི་གླང་སྟག་གིས་བཟར་འོང་ཟེར་བས་སྲུང་བར་བྱས་སྟེ་ཆུ་འཚོལ་དུ་སོང་བ་ན་སྟག་བྱུང་བ་ཅིས་ཀྱང་མ་ཐུབ་སྟེ་གླང་ཟོས། མི་དེ་བྱུང་བས་སློབ་དཔོན་ཛཱ་ལནྡྷ་རང་གྱུར་སྟེ་སྤྱོད་པ་མ་རན་པའི་རྟགས་འདི་ཡིན་གྱིས་མ་བྱེད་ཟེར་སྟེ་མི་སྣང་ཡང་བྱོན་པས་བཀྲེས་སྟེ་ཆུ་འགྲམ་ན་མི་རོ་ཟ་བར་འདོད་ནས་མི་ཞིག་ལ་གྲི་གཡར་བས། སྤྱོད་པ་བྱེད་ན་འདི་ལྟར་གྱིས་ཟེར་ནས་བྱ་རོག་དུ་བྱས་སྟེ་ཟོས་ནས་སློབ་དཔོན་དུ་གྱུར་ནས་སྔར་བཞིན་གསུངས། ཡང་ཆུ་བོ་ཆེན་པོ་ཅིག་ལ་འཛེ་མོ་ཉམ་ཉེས་པ་ཅིག་གིས་སྤྱོད་པ་འཁོར་བཅས་ང་ཁུར་ཟེར་བས་སུས་ཀྱང་འཁུར་མ་ནུས། འཁོར་གྱི་ཐ་མ་བསོད་སྙོམས་པ་ཅིག་གིས་སྙིང་རྗེས་ཁུར་བས་ཆུའི་དབུས་སུ་སླེབས་ཚེ་རྡོ་རྗེ་རྣལ་འབྱོར་མར་གྱུར་སྟེ་བསོད་སྙོམས་པ་གྲོལ་སྟེ་གྲུབ་ཐོབ་ཙ་ཕུ་པར་གྱུར། བྷཾ་ག་ལར་རྒྱལ་པོ་རོལ་བའི་ཟླ་བ་མུ་སྟེགས་པ་རང་བློན་པོ་དགེ་བའི་མགོན་པོ་སངས་རྒྱས་པ་ཡིན་པས་བློན་པོས་སྤྱན་རས་གཟིགས་ལྷ་དབང་ཕྱུག་ཆེན་པོའི་དབྱིབས་སུ་བྱས་པ་ཅིག་གི་རབ་གནས་ཞུས་པས་སུ་པྲ་ཏིཥྠ་ཞེས་མེ་ཏོག་དབུར་བཞག །བློན་པོ་ཡིད་མ་འཆེས་པ་ནས་མེ་ཏོག་ཕོག་ནས་གོ་ལ་གསོལ་འཕྲོ་ཞིག་ལྷའི་རྣ་བར་བཅུག་པས་སྐུ་དེ་ཕྱགས་ཕྱིར་བྱུང༌། གོ་ལ་བཏོན་ནས་མེ་ཏོག་བཞག་སྟེ་བསྟན་པ་གནས་རིང་འདིར་བཞུགས་གསུངས་པས་སྤྱན་མ་འདྲོངས་དེ་གར་ལྷ་ཁང་བརྩིགས་ནས་བཞུགས། བློན་པོས་བདེ་མཆོག་(ན༩བ)


PTT001_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྒྲུབ་ཐབས་ཞུས། བྲིས་སྐུ་བྲིས་པ་རྒྱལ་པོས་ཐོས་ནས་འཇིགས་བྱེད་དུས་མཚན་མནན་པས་ཆད་པ་འོང་བར་ཞུས་སྟེ་སློབ་དཔོན་གྱིས་སངས་རྒྱས་པའི་རྒྱུད་ལས་བཤད་གསུངས་པས། དེ་མཆོག་གི་བྲིས་སྐུ་དང༌། དེ་གོ་ལྡོག་པ་ཅིག་བྲིས་སྟེ་ཕྱི་རོལ་པའི་ལྷ་ཁང་དུ་ཞལ་གཡོགས་ནས་ཞག་བདུན་མཆོད་པ་བྱས་པས་བདེ་མཆོག་འོད་དུ་འབར་ཞིང་ཅིག་ཤོས་ཀྱང་འཇིགས་བྱེད་དུས་མཚན་མནན་པ་འོད་འབར་བར་གྱུར་པས་རྒྱལ་པོ་སངས་རྒྱས་པར་གྱུར། དེའི་དུས་དུར་ཁྲོད་དུ་ཚོགས་འཁོར་བྱེད་པ་ན་མི་ནག་པོ་ཞིག་ཚོགས་དཔོན་བྱེད་ཟེར་བ་ལ་མ་བཅོལ་བས་ཚོགས་གྲོལ་ཁར་དེ་བདེ་མཆོག་དུ་གྱུར་ནས་བླ་མ་དང་ཡི་དམ་དང་མཁའ་འགྲོས་མ་གནང་བས་སྤྱོད་པ་མི་འགྲུབ་ཀྱིས་བཤགས་པར་བསྟན་བཅོས་དུ་མ་རྩོམས། བར་དོར་དངོས་གྲུབ་འཐོབ་བོ་ཅེས་གསུངས་སྟེ་མི་སྣང་བར་གྱུར། སློབ་དཔོན་འདི་ལས་བསྒོམས་པས་འཚང་རྒྱ་བ་གཏུམ་མོའི་གདམས་པ་མནོས་ཤིང་སྤྱིར་འཕོ་བ་དང་གྲོང་འཇུག་གཙོ་བོར་གྱུར་པ་བྱང་གི་བཀའ་བབས་སོ། །གྲུབ་ཆེན་འདི་རྣམས་ཀྱི་བྱོན་ཚུལ་ལ་བདེ་མཆོག་ཆོས་བྱུང་གི་རིགས་ན་འདྲ་མིན་མང་དུ་སྣང་ཡང༌། རྒྱུད་པ་འདི་ཉིད་ཀྱི་བཀའ་བཞིའི་རྣམ་ཐར་སྔ་མ་རྣམས་ཉིད་བཀོད་པའོ། །དེ་ལྟར་བརྒྱུད་པའི་བཀའ་བབས་ཐམས་ཅད་གཅིག་དུ་འདྲེས་ཤིང་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱིས་དངོས་སུ་བྱིན་གྱིས་བརླབས་པ་ནི་རྣལ་འབྱོར་གྱི་དབང་ཕྱུག་ཏེ་ལོ་པ་སྟེ་ཤར་ལྷོ་ཟ་ཧོར་གྱི་ཡུལ་གྱི་བྱེ་བྲག་ཛ་གོ་ར་ཞེས་བྱ་བའི་ཡུལ་དུ་ཡབ་བྲམ་ཟེ་ཆེན་པོ་རབ་གསལ་ཡུམ་བྲམ་ཟེ་མོ་གསལ་བ་སྲས་མོ་གསལ་ལྡན་མ་རྣམས་ཡོད་པ་བུ་འདོད་ནས་དཀོན་མཆོག་ལ་མཆོད་པ་ཆེར་བྱས་ནས་ཁྱེའུ་ཞིག་བཙས་མ་ཐག་ཡུལ་ཐམས་ཅད་འོད་ཀྱིས་གང་བར་གྱུར་ཞིང་བྲམ་ཟེ་མཚན་མཁན་གྱིས་ཀྱང་ལྷ་ཀླུ་གནོད་སྦྱིན་འཁོར་ལོས་བསྒྱུར་བ་སངས་རྒྱས་རྣམས་ཀྱི་མཚན་སྣ་ཚོགས་པར་འགྱུར་ཞིང་བྱུང་བས་ལུང་བསྟན་པར་མ་ནུས་སྟེ་འཁྲུངས་པའི་ལྟས་ལས་གསལ་བའི་འོད་ཅེས་བཏགས་ནས་གཅེས་པར་སྐྱོངས་ཅིག་རང་བཞིན་གསལ་བར་འགྱུར་རོ་ཞེས་ཟེར་རོ། །དེར་དབེན་པར་ཉི་གྲིབ་ཀྱི་མཚམས་སུ་(ན༡༠ན)


PTT001_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

རིག་བྱེད་ཀྱིས་བྲིད། བཅུད་ཀྱིས་གསོ་ཞིང་སྐྱེད་པའི་ཚེ་བུའི་ལུས་ལ་གྲིབ་མ་ཞིག་བྱུང་བ་ཕྱིར་བལྟས་པས་བུད་མེད་མི་སྡུག་པའི་མཚན་སོ་བདུན་ཡོད་པ་ཅིག་ན་རེ། གཅེས་པར་བསྐྱངས་ཀྱང་མི་འཆི་བའི། །ས་ཕྱོགས་གང་ནའང་ཡོད་མ་ཡིན། །ཇི་ལྟར་བྱས་ན་མི་འཆི་བྱས་པས། མ་ཧེ་སྐྱོང་ཞིང་ཡི་གེ་ལྟོས། །མཁའ་འགྲོ་མ་ཡིས་ལུང་སྟོན་འགྱུར། །ཟེར་སྟེ་མི་སྣང་བར་སོང༌། དེར་བུས་ལོ་གཅིག་ཙམ་ལོན་པ་ན་གཞན་གྱི་ལོ་བཅུ་གསུམ་པ་ཙམ་གྱི་ཚད་དུ་གྱུར་སྟེ་མ་ཧེའི་ཁྱུ་མདུན་བཀོད་སྟེ་ཁོལ་པོ་དང་བཅས་ནགས་སུ་བཏང་སྟེ་ཤིང་ཤ་པའི་སྡོང་པོ་ལ་རྒྱབ་བསྟན། མ་ཧེ་སྐྱོང་བཞིན་པས་ཡི་གེ་སྦྱོང་ཞིང་གནས་ཚེ་མི་སྡུག་པའི་བུད་མེད་དེ་འོངས་ནས་ཁྱོད་སུ་ཡུལ་དང་ཕ་མ་གང་ཞེས་འདྲི་བ་ལ། ཡུལ་ནི་ཤར་ཕྱོགས་ཛ་གོ་ར། །ཕ་ནི་བྲམ་ཟེ་རབ་གསལ་སྟེ། །མ་ནི་བྲམ་ཟེ་གསལ་བ་མོ། །སྲིང་མོ་རབ་མཛེས་གསལ་སྒྲོན་མ། །ང་རང་ཁྱེའུ་གསལ་བའི་འོད། །ཤིང་ནི་ཤ་པའི་ལྗོན་པ་སྟེ། །མ་ཧེ་ཁྱིམ་གྱི་ཉེར་འཁོའི་ནོར། །ཡི་གེ་ཐ་སྙད་དོན་འཚོལ་ཡིན། །ཞེས་སྨྲས་པས་ཁྲོས་སྟེ་དེ་ཐམས་ཅད་ལོག་པར་སྨྲའམ། འོ་ན་ཁྱོད་ཀྱིས་སྨྲོས་ཅིག །དེས་སྨྲས་པ། ཡུལ་ནི་ཤར་ཕྱོགས་ཛ་གོར་མ་ཡིན་ནུབ་ཕྱོགས་ཨོ་ཌྱན་གནས་ཀྱི་གཙོ། །ཕ་ནི་བྲམ་ཟེ་རབ་གསལ་མ་ཡིན་འཁོར་ལོ་བདེ་མཆོག་བདེ་བའི་མཆོག །མ་ནི་བྲམ་ཟེ་གསལ་མ་མ་ཡིན་རྡོ་རྗེ་ཕག་མོ་བདེ་གཤེགས་ཡུམ། །སྲིང་མོ་རབ་མཛེས་གསལ་སྒྲོན་མ་ཡིན་བདེ་སྟེར་ང་ནི་ཁྱོད་ཀྱི་སྲིང༌། །ཁྱོད་ནི་ཁྱེའུ་གསལ་འོད་མ་ཡིན་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང༌། །ཤིང་ནི་ཤ་བའི་སྡོང་པོ་མ་ཡིན་ཡིད་བཞིན་འགྲུབ་པའི་དཔག་བསམ་མཆོག །མ་ཧེ་ཁྱིམ་གྱི་ཉེར་འཁོ་མ་ཡིན་ཉམས་མྱོང་སྣ་ཚོགས་རེ་འདོད་སྦྱིན། །ཡི་གེ་ཐ་སྙད་དོན་འཚོལ་མ་ཡིན་སྙན་རྒྱུད་ཡི་གེ་མེད་པ་མཚོན་ཞེས་ཟེར། །སྙན་རྒྱུད་ཇི་ལྟར་འཚོལ་བྱས་པས། །ཨོ་ཌྱན་མཁའ་འགྲོའི་གནས་ན་ཡོད། །ལུང་བསྟན་དམ་ཚིག་ལྡན་པ་ཡི། །གྲུབ་ཐོབ་ཁྱོད་ཀྱིས་བླངས་ན་ལོན། །ཞེས་གྲུབ་པའི་ན་ཆུང་དུ་གྱུར་ཞིང་དེ་ཉིད་དུ་དེ་ཁོ་ན་ཉིད་རྟོགས་ནས་ན་མཁའ་ལ་ལྡིང་ཞིང་ཆེད་དུ་བརྗོད་པ་དུ་མ་མཛད། ལེགས་སོ་ལེགས་སོ་དེ་ཁོ་ན་ཉིད་ནི་འདིའོ་ཞེས་ངེས་པ་བསྐྱེད་སྟེ་མི་སྣང་བར་གྱུར། དེ་མ་ཐག་སྐུའི་བཀོད་(ན༡༠བ)


PTT001_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཐའ་ཡས་པས་རྡོ་རྗེ་འཆང་ལ་ཆོས་གསན་པ་དང༌། བཀའ་བཞི་བརྒྱུད་པའི་བླ་མ་སོ་སོ་བསྟེན་པ་དང༌། དགེ་སློང་མ་ཏིལ་ཚོང་མའི་སྲས་སུ་མཛད་སྟེ་རབ་ཏུ་བྱུང༌། མཚན་ཤེས་རབ་བཟང་པོར་བཏགས་ནས་ཆ་ག་པའི་ཕུང་པོ་རྣམ་ཤེས་སྤར་བ་ལ་སོགས་མཛད་ཅིང༌། སྐུའི་བཀོད་པ་གཅིག་ཨོ་ཌྱན་ཏུ་བྱོན་དཔལ་འཁོར་ལོ་སྡོམ་པ་དངོས་སུ་བཞེངས་སྟེ་རྡོ་རྗེ་ཐེག་པའི་གསང་བ་ཐམས་ཅད་ཀྱི་ཁྱབ་བདག་དུ་གྱུར་ནས་ཨོ་ཌྱན་གྱི་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱིས་བཞུགས་པར་གསོལ་བ་བཏབ་པས། ན་རོ་རི་རི་ཀ་སོ་རི། །བུ་རྣམ་གསུམ་གྱི་དོན་དུ་ནི། །གཙུག་གི་ནོར་བུའི་དགོན་པ་རུ། །ན་མཁའ་ལ་ནི་བྱ་བཞིན་དུ། །ཐོགས་མེད་ཤེས་རབ་བཟང་པོ་འགྲོ། །གསུངས་སྟེ་བྱོན། དེའི་ཚེ་གཟུགས་མེད་པའི་བུད་མེད་ཀྱི་སྐད་གྲག་པ། སྨིན་གྲོལ་སེམས་ཀྱི་རྒྱ་མདུད་ཤིག །སྤྱོད་པ་ཆུ་ལ་རལ་གྲི་རྒྱོབ། །དམ་ཚིག་རང་སེམས་མེ་ལོང་ལྟོས། །དམ་རྫས་རྟོགས་པའི་ཉི་མ་འདེས། །རོ་སྙོམས་སྤྱི་ཡི་མེ་ལོང་ཟུང༌། །བདེ་ཆེན་གསུང་གི་རིན་ཆེན་ཆོངས། །རྩ་རླུང་དྲ་མིག་འཁོར་ལོ་སྐོར། །རང་གྲོལ་ཕྱག་རྒྱ་ཆེན་པོ་སྒོམས། །རིག་པ་ཡེ་ཤེས་སྒྲོན་མེ་ལྟོས། །ཅེས་གྲག་སྟེ་ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུར་གྲགས། ཁྱད་པར་དུ་སློབ་དཔོན་མ་ཏཾ་གིས་ལུང་བསྟན་པ། ཤར་ཕྱོགས་ཟ་ཧོར་གྱི་ཡུལ་སྔོན་སྤྲུལ་པའི་རཱ་ཛཱ་ཨུཏྨ་ཀེ་ས་རས་བྱིན་གྱིས་བརླབས་པས་རང་བཞིན་གྱིས་སྒྲུབ་ཐག་ཉེ་བ་ན་རྡོ་རྗེ་རྣལ་འབྱོར་མ་སྨད་ཚོང་དུ་བསྟན་པའི་དྷ་རི་མ་འཁོར་ལྔ་བརྒྱ་དང་བཅས་པ་ཡོད་ཀྱིས་དེའི་གཡོག་གྱིས་ལ་རྟོགས་པ་འདི་སྐྱོངས་ཅིག་གསུངས་སྟེ། དེར་བྱོན་ནས་ཉིན་པར་ཏིལ་བརྡུང་པ་དང་ནང་ནུབ་སྐྱེས་པ་བསུ་སྐྱེལ་སོགས་བྱས་ཤིང་རྟོགས་པ་བསྐྱངས་པས་ལོ་བཅུ་གཉིས་ན་སྐུ་ལ་མེ་འབར་བ་དང༌། བུ་མོ་མང་པོས་བསྐོར་བ་སོགས་མཐོང་སྣང་སྣ་ཚོགས་པ་བྱུང་སྟེ་རྒྱལ་པོ་དང་སྐྱེ་བོ་ཐམས་ཅད་འདུས་པ་ན་དྷ་རི་མས་དྲིས་པས། གང་དག་སྙིང་པོར་གྱུར་པ་ཏིལ་གྱི་མར། །ཞེས་སོགས་གསུངས་སྟེ་བདེ་མཆོག་དུ་དངོས་སུ་སྣང་ཞིང་དྷ་རི་མ་གཙོ་མོ་དང་ཐ་མི་དད་པར་གྱུར། ཡུལ་ཁམས་དེའི་བྱ་དང་རི་དྭགས་ཡན་ཆད་སྐད་ཅིག་གིས་གྲོལ་ལོ། །ཡང་རྒྱལ་པོ་མ་ལ་(ན༡༡ན)


PTT001_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

གུས་པ་ཅིག་གིས་མའི་ངག་ལྟར་རྣལ་འབྱོར་པ་ཐམས་ཅད་བསྡུས་སྟེ་ནུས་པ་ཆེ་བ་ཞིག་གིས་ཚོགས་དཔོན་བྱེད་པར་རྩོམ་པ་ན་བུད་མེད་མི་སྡུག་པ་ཅིག་ན་རེ་ཚོགས་དཔོན་ཁྱོད་ཀྱིས་མི་འོང་ངའི་མིང་པོས་བྱ་དགོས་ཟེར་སྟེ་ཏེ་ལོ་པ་བྱོན། སྔ་མས་ཀྱང་དཀྱིལ་འཁོར་སྤྲུལ་པ་དང་ཚོགས་རྗེས་འགུགས་པ་དང་ཆང་འོ་མར་བསྒྱུར་པ་སོགས་ནུས་ཀྱང་ཏེ་ལོ་པས་ཉི་ཟླ་ལ་ཆིབས་པ་དང༌། བ་སྤུའི་ཁུང་བུ་རེར་དཀྱིལ་འཁོར་ལྷ་དང་བཅས་པ་དཔག་མེད་བསྟན་པས་དད་པ་ལ། བདེ་བ་ལ་ཞེན་རྩ་རླུང་སྦྱངས་གྱུར་པས། །སྣང་བ་ཐོགས་མེད་མངོན་ཤེས་རྫུ་འཕྲུལ་སོགས། །ཁམས་འདུས་ལྷ་ཡི་བདེ་ལ་ཞེན་པ་ཡིས། །དོན་དམ་གཉུག་མའི་གནས་ལུགས་རྟོགས་མི་འགྱུར། །སོགས་གསུངས་པས་གྲུབ་པ་ཐོབ་སྟེ་རྣལ་འབྱོར་པ་ནུས་ལྡན་རྡོ་རྗེ་ཞེས་ཨོ་ཌྱན་ན་བཞུགས་སོ། །ཡང་མུ་སྟེགས་ཀྱི་སྟོན་པ་རྫུ་འཕྲུལ་ཅན་ཞིག་གིས་ཐམས་ཅད་ནག་འབྱམ་དུ་བཏང་ཚེ་ཏེ་ལོ་པས་རྩོད་པས་ཕམ་པར་བྱས་ཤིང་ཁོས་ཉི་མ་གཏོད་ལ་མནན་པའང་ཕུལ་ནས་ནུབ་པར་བྱས་པས་ཁོ་ཁྲོས་ཁ་ནས་མེ་ཕྱུང་སྟེ། ཁམས་གསུམ་ཐམས་ཅད་འཇིག་བྱེད་པ། །མེ་ཡིས་མི་འཇིགས་རྣལ་འབྱོར་སུ། །ཟེར་བ་ལ་དེ་བས་མེ་ཆེ་བ་བཏང་སྟེ། ང་ནི་འཇིགས་པ་ཐམས་ཅད་ལས། །ཡོངས་སུ་གྲོལ་བའི་ཏེ་ལོ་ཡིན། །གསུངས་པས་དད་པ་ལ། མི་རྟག་འཁོར་བའི་ཉེས་དམིགས་དྲན། །ཡང་དག་ལམ་ལ་འཇུག་པ་ལ། །གཟེར་དྲུག་གནད་ཀྱི་མན་ངག་དགོས། །སོགས་གསུངས་པས་གྲུབ་ཐོབ་ཆེན་པོར་གྱུར་སྟེ་ནག་པོ་དགེ་བ་ཞེས་གསིལ་བ་ཚལ་ན་བཞུགས་སོ། །ཡང་རྒྱལ་པོ་ཞིག་ལ་སྒྱུ་མ་མཁན་སྒྱུ་མ་བྱང་པ་ཅིག་གིས་སྒྱུ་མའི་དམག་བཤམས་པ་ན་དམག་དཔོན་མཛད་སྤྲུལ་པའི་དམག་གིས་བཏུལ་སྟེ་སྒྱུ་མ་མཁན་རང་བཙོན་དུ་བཟུང་བས། ཆོས་ལ་བསྟེན་པའི་དམ་པ་ཁྱོད། །འདི་ལྟར་བྱེད་པ་ག་ལ་རིགས། །ཟེར་བས། སྒྱུ་མའི་སྐྱེས་བུ་གསད་སོགས་ལ། །སེམས་མེད་ཕྱིར་ན་སྡིག་པ་མེད། །གསུངས་པས་དད་པ་ལ། བྲམ་ཟེ་སླུ་བྱེད་སྒྱུ་མ་མཁན། །སྣང་སྲིད་སྒྱུ་མའི་རང་བཞིན་ལ། །དུག་གསུམ་སྒྱུ་མའི་ཞེན་པ་(ན༡༡བ)


PTT001_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

ཐོང༌། །སོགས་བསྟན་པས་གྲོལ་སྟེ་རྣལ་འབྱོར་པ་བདེན་པར་སྨྲ་བ་ཞེས་དུར་ཁྲོད་ཧ་ཧ་སྒྲོག་པ་ན་བཞུགས་སོ། །ཡང་ཆང་ཚོང་མ་གྲགས་པ་ཅན་ཞིག་གི་ཆང་མེད་པར་བྱས་པས་བཅད་ཅིང་བཏུབས་པ་ལས་བཞེངས་སྟེ་ཆང་སྔར་བས་མང་བར་བསྟན་པར་རས་ཆུང་པ་བཞེད་ཅིང་དམ་རྫོང་པས་ཉི་མ་གཏའ་མར་བཟུང་སྟེ་གཅིག་དང་དུ་མར་སྤྲུལ་ནས་གསོལ་ཆང་ཚོང་མ་མདུན་གྱི་ཆང་ཟད་སྣོད་སྟོང་པ་རྣམས་ལ་ལྟོས་ཅིག་གསུངས་པས་འབྲུས་གང་བས་དད་པར་འཆད་ལ། སྒྲུབ་ལ་བརྩོན་པའི་རྣལ་འབྱོར་གྱིས། །སོགས་གསུངས་པས་གྲུབ་པ་ཐོབ་སྟེ་རྣལ་འབྱོར་མ་ཉི་མ་འཛིན་ཞེས་དུར་ཁྲོད་སོ་ས་གླིང་ན་བཞུགས་སོ། །ཡང་བཤན་པའི་རྒྱལ་པོ་ཛི་ན་བྱ་བ་ཉིན་རེ་ཞིང་སྲོག་ཆགས་དཔག་མེད་གསོད་པ་ལས་བུ་གཅེས་པ་ཅིག་མི་སྣང་བར་བྱས་སྟེ་བུའི་མགོ་སུག་བཙོས་པར་མཐོང་བའི་རྫུ་འཕྲུལ་གྱིས་བཏུལ་སྟེ་གྲུབ་པ་ཐོབ་པ་ནི་རྣལ་འབྱོར་པ་བདེ་བྱེད་བྱ་བ་སྲིན་པོའི་གླིང་ན་བཞུགས་སོ། །ཡང་རྒྱང་འཕེན་པ་ཚེ་སྔ་ཕྱི་མེད་པར་འདོད་པ་དང་སངས་རྒྱས་པའི་པཎྜིཏ་ཅིག་རྟག་དུ་རྩོད་པའི་དཔང་པོ་མཛད་སྟེ་སུ་རྒྱལ་ཟེར་བ་ན་ཀུན་རྫོབ་ཏུ་ཡོད་པ་རྒྱལ། དོན་དམ་པར་གཉི་ག་མ་ཡིན་གསུངས་པས། འོ་ན་ཁྱོད་རང་དང་རྩོད་ཏོ་ཟེར་ནས་བརྩད་པས་ལན་གསུམ་དུ་ཏེ་ལོ་པ་རྒྱལ་ཡང་ལས་འབྲས་དཀར་ནག་གཉི་ག་དངོས་སུ་མ་མཐོང་ན་མི་འཇུག་ཟེར་བས་དམྱལ་བ་དང་ལྷ་གནས་མངོན་སུམ་དུ་བསྟན་པས་དམྱལ་བ་ན་རྒྱང་འཕེན་པ་དེ་ཤི་ནས་འཚེད་ཟེར་བའི་ཟངས་ཞུན་འཁོལ་བ་དང་སུམ་བཅུ་རྩ་གསུམ་ན་སངས་རྒྱས་པའི་པཎྜིཏ་དེ་ལྷའི་བུར་སྐྱེ་བ་ལྷ་མོ་སྡོད་པར་མཐོང་ནས་རྗེས་སུ་བཟུང་སྟེ། ཕྱི་དང་ནང་དང་གསང་བ་དང༌། །དེ་ཁོ་ན་ཉིད་རྣམ་པ་བཞི། །ཞེས་སོགས་བསྟན་པས་གྲོལ་སྟེ་རྣལ་འབྱོར་པ་དགའ་བ་དང་ལྡན་པ་ཅེས་ལྷོ་ཕྱོགས་དཔལ་གྱི་རི་ལ་བཞུགས་སོ། །ཡང་གླུ་མཁན་དུ་སྤྲུལ་སྟེ་གླུ་མཁན་དྲེགས་པ་ཅན་ཞིག་དང་འགྲན་ཚེ་ཚངས་པའི་གླུ་སོགས་བླངས་པས་དད་སྟེ། སྟོང་ཉིད་འགག་མེད་གཉིས་སུ་མེད། །ཅེས་སོགས་བསྟན་པས་གྲོལ་སྟེ་དབྱངས་ལྡན་ལྐུགས་པ་ཞེས་ཤྲཱི་ནཱ་ག་རར་བཞུགས་སོ། །ཡང་མུ་སྟེགས་མཐུ་བོ་ཆེ་ཞིག་གིས་རྒྱལ་(ན༡༢ན)


PTT001_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་དབང་དུ་བྱེད་པ་ན་དེའི་འཁོར་ཐམས་ཅད་བསད་པ་དང་སོས་པར་བསྟན་པས་དད་སྟེ། ཐམས་ཅད་ལྷན་སྐྱེས་རང་བཞིན་ཡིན་པ་ལ། །སོགས་བསྟན་པས་གྲོལ་སྟེ་རྣལ་འབྱོར་པ་ཟླ་བ་ཞེས་ཨི་ཙི་མི་ལིའི་གླིང་ན་བཞུགས་ཤིང་དེ་ཐམས་ཅད་ལ་ཡུལ་ཁམས་ཀྱི་སྐྱེ་བོ་བྱ་དང་རི་དྭགས་ཀྱི་བར་གྲོལ་བར་གྱུར་ཏོ། །ཡང་དགེ་སྡིག་ལུང་མ་བསྟན་བྱེད་པ་ཐམས་ཅད་ལ་སྐུ་མང་པོ་སྣང་ཞིང་དེ་ལས་ཀྱང་རླབས་ཆེ་བའི་དགེ་སྡིག་ལུང་མ་བསྟན་མཛད་སྟེ། དོན་རྟོགས་རྣལ་འབྱོར་ཏེ་ལོ་པས། དགེ་སྡིག་ཅི་ཡང་བྱས་པ་མེད། །གསུངས། ཡང་རྒྱལ་པོ་སེང་གེ་ཟླ་བའི་གྲོང་དུ་ཤིན་དུ་དུལ་བའི་དགེ་སློང་དུ་བྱས་ནས་བྱོན་སྟེ་སྔོན་མ་ཐོས་པའི་མདོ་མང་དུ་གསུངས་པས་དད་སྟེ་དྲིས་བྱས་པས། ང་ནི་རང་བྱུང་བཅོམ་ལྡན་འདས། །ང་ཡིས་ཤེས་བྱ་མ་བསླབས་སྟེ༌། །སྒྲ་ཚད་རིག་པ་རང་རྡོལ་ཡིན། །བདེ་མཆོག་སྐུ་གསུང་ཐུགས་དང་ནི། །ང་ནི་དབྱེར་མེད་བརྗོད་དུ་མེད། །གསུངས་པས་དད་ཅིང་རྡོ་རྗེའི་ཐེག་པར་སྨིན་ནས་གྲུབ་ཐོབ་དང་དཔའ་བོ་རྣལ་འབྱོར་པ་མཐའ་ཡས་པ་འདུས་པའི་ཚོགས་ཀྱི་སློབ་དཔོན་ཞུས་པས་ཐམས་ཅད་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོ་ཐ་དད་པར་མཐོང་སྟེ། རྒྱལ་པོས་ཞུས་པས། རྒྱལ་པོ། བདག་ལུས་དགྱེས་པའི་རྡོ་རྗེ་སྟེ། །ངག་ནི་མ་ཧཱ་མཱ་ཡ་ཡིན། །སེམས་ནི་བདེ་མཆོག་འཁོར་ལོ་སྟེ། །དབང་པོ་གསང་བ་འདུས་པ་ཡིན། །ཡན་ལག་དགྲ་རྒྱུད་དམར་ནག་སྟེ། །ཉིང་ལག་རྡོ་རྗེ་འཇིགས་བྱེད་ཡིན། །རྩ་གནས་རྡོ་རྗེ་གདན་བཞི་ལ། །རླུང་གནས་རྡོ་རྗེ་ཕྲེང་བ་ཡིན། །ཐིག་ལེ་གསང་བ་མཛོད་ཡིན་སྟེ། །གཙུག་ཏོར་སངས་རྒྱས་ཐོད་པ་ཡིན། །བདེ་ཆེན་སངས་རྒྱས་མཉམ་པར་སྦྱོར། །ཐམས་ཅད་བདག་ཉིད་དུས་འཁོར་ལ། །བ་སྤུ་དུས་གསུམ་སངས་རྒྱས་ཀྱི། །སྐུ་གསུང་ཐུགས་དང་དབྱེར་མེད་ཡིན། །ཞེས་གསུངས་སྟེ་རྡོ་རྗེ་འཆང་དངོས་ཡིན་ལ་ད་ལྟའང་མྱ་ངན་ལས་འདའ་བ་མི་མངའ་བར་བཞུགས་སོ། །སྨིན་གྲོལ་དུ་མཛད་པའི་སློབ་མ་ནི་ཡུལ་ཁམས་ཆེན་པོ་བཅུ་གཉིས་ཀྱི་བྱ་དང་རི་དྭགས་ཀྱི་བར་གྲོལ་བར་མཛད་སྟེ་བགྲང་གིས་མི་ལང་ངོ༌། །དེས་ཆོས་དྲུག་གི་ས་བོན་ཙམ་ཞིག་མཛད་པ་ད་ལྟ་བཞུགས་སོ། །དེས་རྗེས་སུ་བཟུང་བ་ནི་དཔལ་ན་རོ་པ་སྟེ་རས་ཆུང་(ན༡༢བ)


PTT001_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་རྒྱུད་པ་ཤར་ཕྱོགས་བྷཾ་ག་ལ་པར་བྱེད་ཀྱང་མར་པའི་གསུང་ཇི་ལྟ་བ་རྔོག་གིས་བྲིས་བའི་སྲེ་འཕོའི་ཞལ་གདམས་ལས། རྗེ་ན་རོ་པ་ནི་མི་ཆོས་ཡུལ་ཁ་ཆེ་བ་ཡིན། དཔལ་མེ་མུར་པ་ཞེས་ཀྱང་གྲགས་སྟེ་འཆི་བ་མེད་པ་རྡོ་རྗེའི་སྐུ་བརྙེས་པ་ཡིན། ཞེས་དང༌། ན་རོ་འགྲེལ་ཆེན་གྱི་ལེ་མཚམས་རེ་རེ་ཞིང་དཔལ་ཁ་ཆེ་བ་ཆེན་པོས་སྦྱར་བ་ཞེས་བཤད་པས་ནུབ་ཕྱོགས་ཁ་ཆེ་བ་ཡིན། བྲམ་ཟེ་དཀར་ནག་གཉིས་ལ་བརྒྱད་བརྒྱད་ཡོད་པའི་དཀར་པོའི་བཟང་ཤོས་ནཱ་རོ་ཏ་པ་ཡིན་ཞེས་ཁ་ཅིག་ཟེར་ཡང་ཤངས་པ་དང་བཀའ་རྒྱུད་རིན་པོ་ཆེ་མཐུན་པར་རིགས་རྒྱལ་རིགས། ཡབ་རྒྱལ་པོ་དགེ་བའི་གོ་ཆ། ཡུམ་དཔལ་གྱི་བློ་གྲོས་ལ་སྲས་ཀྱིས་དབེན་ནས་ཚོགས་གསོག་རྒྱ་ཆེར་མཛད་པས་འཁྲུངས། མཚན་མཁན་གྱིས་ཁྱིམ་དུ་བཞུགས་ན་ས་ཐམས་ཅད་ལ་དབང་བ་དང་རབ་ཏུ་བྱུང་ན་སངས་རྒྱས་དང་མཚུངས་པར་ལུང་བསྟན། མཚན་ཀུན་དུ་བཟང་པོ། རིག་གནས་མཐའ་དག་རང་བྱུང་དུ་ཤེས། ཡབ་ཡུམ་གྱིས་བཀག་ཡང་མ་ཐུབ་པར་སློབ་དཔོན་བྷྲིམ་ཀ་ལ་ཝརྟ་སོགས་བསྟེན་སྟེ་དགེ་བསྙེན་པཎྜི་ཏར་གྱུར། པཎྜིཏ་མང་པོས་བསྐོར་ནས་ཡུལ་དུ་ཆོས་གསུང་བའི་ཚེ་ཡབ་ཀྱིས་ཁབ་བཞེས་པར་ནན་གྱིས་ཞུས་པ་ན། རྟོག་མེད་གཙང་ལྡན་མིང་དྲི་མེད། །ཐེག་ཆེན་རིགས་ཅན་མུ་སྟེགས་ཀྱི། །བུ་མོ་རྙེད་ན་བཀའ་སྩོལ་ཞིག །གསུངས་པས་བློན་པོ་བརྟག་དུ་བཏང་བ་ན་བྲམ་ཟེ་དཀར་རྒྱལ་གྱི་བུ་མོ་དྲི་མེད་མ་ཆུ་སྣོད་ཐོགས་པས་མགྲོན་པོ་ངལ་བ་དག་མཐོང་སྟེ་ཆུ་བྱིན་པས་སྙིང་རྗེ་ཆེ་བར་རིག །སྣོད་མེད་པ་ན་ཟངས་སྐྱོགས་ཉིད་དུ་འཐུང་བཅུག་པས་རྟོག་པ་ཆུང་བར་ཤེས། ལེགས་པར་བཀྲུས་པས་གཙང་སྦྲ་ཆེ་བར་ཤེས། རིགས་དང་མིང་དྲིས་པས་བྲམ་ཟེ་དཀར་རྒྱལ་གྱི་བུ་མོ་དྲི་མེད་མ་བྱ་བ་ཡིན་ཟེར་བས་ཚང་བར་གོ་ནས་བཙུན་མོར་བླངས། འཁོར་དུ་བསྟེན་ནས་ཆོས་གསུང་བའི་ཚེ་རབ་ཏུ་འབྱུང་བར་དགོངས་ནས་བཙུན་མོ་ལ་དྲིས་པས་དེ་ལྟ་ན་བདག་གིས་མི་རིགས་པའི་སྤྱོད་པ་ཅུང་ཟད་བྱའི་སྐྱེ་བོ་དག་སྨོད་པ་ན་བདག་གིས་འགྲོ་ཡིས་སླར་ཅི་དགར་གཤེགས་(ན༡༣ན)


PTT001_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཞེས་ཟེར་བ་ལྟར་བྱས་སྟེ་གཙུག་ལག་ཁང་མྱ་ངན་མེད་པའི་ཚལ་དུ་སངས་རྒྱས་བསྐྱངས་ཀྱིས་མཁན་པོ་དང་སློབ་དཔོན་ཡེ་ཤེས་འོད་ལས་རབ་ཏུ་བྱུང་སྟེ་མཚན་སངས་རྒྱས་ཡེ་ཤེས་སུ་བཏགས། སླར་ཁ་ཆེའི་ཡུལ་དུ་པུརྞའི་གཙུག་ལག་ཁང་དུ་མཁན་པོ་ཆོས་ཀྱི་ཡེ་ཤེས་ཞབས་སོགས་ལས་བསྙེན་པར་རྫོགས། སྡེ་སྣོད་རྒྱུད་སྡེ་མཐའ་དག་ལ་ཟླ་མེད་པའི་ཚེ་གཙུག་ལག་ཁང་མྱ་ངན་མེད་ཚལ་གྱི་གནས་བརྟན་མཛད་པས་གནས་བརྟན་བསྟན་པ་འཛིན་པར་གྲགས། དུས་དེར་ནཱ་ལནྡའི་བྱང་སྒོ་བ་མེད་ནས་ཐོག་མར་ནང་པའི་པཎྜིཏ་རྣམས་དང་བརྩད་པས་ཟླ་མེད་པར་གྱུར། སླར་ཕྱི་རོལ་པ་རྣམས་དང་བརྩད་པས་ཐམས་ཅད་ཚར་བཅད་སྟེ་ནང་པར་བཅུག་པས་དཔལ་འཇིགས་མེད་གྲགས་པ་ཅེས་ཐོགས། བྱང་གི་སྒོ་སྲུང་བ་མཛད་སྟེ་འདིའི་ཚེ་ཤར་སྒོ་བ་མི་ཐུབ་ཟླ་བ། ལྷོ་སྒོ་བ་ཛེ་ཏ་རི་དགྲ་ལས་རྣམ་རྒྱལ། ནུབ་སྒོ་བ་ནག་པོ་ཞབས་ཅེས་སྔ་མ་ཁ་ཅིག་ན་འདུག་པ་འདི་དག་པར་སྣང༌། དེར་གནས་བརྟན་ཆེན་པོའི་བྱ་བས་དུས་འདའ་བ་ན་ཉིན་ཅིག་ཕྱོགས་བཞི་ཀར་དུ་ཕྱག་དཔེ་བཀོད་ནས་གཟིགས་པའི་ཚེ་གྲིབ་མ་ཞིག་བྱུང་བ་ན་བུད་མེད་མི་སྡུག་པའི་མཚན་སོ་བདུན་ཚང་བ་ཞིག་འདུག་ནས་ཁྱོད་ལྟ་བ་དེ་ཅི་ཡིན། ཤེས་སམ་ཟེར། སྡེ་སྣོད་རྒྱུད་སྡེ་ཡིན། ཤེས་བྱས་པས། ཚིག་ཤེས་སམ་དོན་ཤེས་ཟེར། ཚིག་ཤེས་བྱས་པས་དགའ་ཚོར་ཅི་ཡང་བྱས། དོན་ཡང་ཤེས་སམ་ཟེར། ཤེས་བྱས་པས་ཁྲོས། ཅི་ཡིན་དྲིས་པས་ཚིག་ཤེས་པ་བདེན། ད་ལྟ་ཁྱོད་ལས་ཚིག་ལ་མཁས་པ་མེད། དོན་ཤེས་པ་ངའི་མིང་པོ་ལས་མེད་ཟེར། འོ་ན་སྤྲོད་དང་བྱས་པས་གསོལ་བ་ཐོབ་དང་སྐལ་པ་དང་ལྡན་ན་མཇལ་བར་འགྱུར་ཟེར་ནས་མི་སྣང་བར་སོང༌། དེར་མི་སྡུག་པའི་མཚན་སོ་བདུན་པོ་དེ་ཕྱི་ལྟར་འཁོར་བའི་ཉེས་དམིགས་སོ་བདུན། ནང་ལྟར་རྩ་སོ་བདུན་དང་བྱང་ཕྱོགས་སོ་བདུན། གསང་བར་ལྷ་སོ་བདུན་ཡིན་པ་ལས་ཕྱིའི་དོན་རྟོགས་སྟེ་ཁོ་བོ་བླ་མ་ཞིག་འཚོལ་དུ་འགྲོ་ཞེས་སྤོང་དག་(ན༡༣བ)


PTT001_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པས་ཀུན་གྱིས་བཤོལ་བཏབ་ཅིང་བཞུགས་པར་ཞུས་པ་ལ་མ་གསན་པར་བྱོན། དགྱེས་རྡོར་གྱི་སྒོ་ནས་འཚོལ་བཞེད་པས་རྒྱལ་པོ་ཅིག་གིས་སྦྱིན་བདག་བྱས་སྟེ་དགྱེས་རྡོར་གྱི་སྒྲུབ་པ་མཛད་པས་ན་མཁའ་ནས་སྒྲ་བྱུང་སྟེ། ཀུན་རྫོབ་རྟེན་འབྲེལ་ཐ་དད་པས། །འཁོར་ལོ་བདེ་མཆོག་ལ་བརྟེན་ནས། །བླ་མ་སངས་རྒྱས་ཚོལ་དང་རྙེད། །ཅེས་གྲག །བདེ་མཆོག་གི་སྒྲུབ་པ་མཛད་པ་ན་བུ་མོ་གཉིས་བྱུང་ནས་བདེ་མཆོག་ཇི་ལྟར་སྒྲུབ་འདྲི་བ་ལ། སྐལ་ལྡན་གྲགས་པའི་ལུགས་ཡིན། འདི་ལྟར་སྒྲུབ་བྱས་པས། དེ་པཎྜིཏས་བསླད་འདུག་ངེད་ཀྱིས་རྡོ་རྗེ་འཆང་དངོས་ལ་ཞུས་པ་ཡིན་ཟེར་བ་ལ་མིག་བཙུམ་ནས་བསམས་པས་བདེན་པར་འདུག་བསམས་ནས་མིག་ཕྱེ་བས་གང་ནའང་མི་སྣང༌། ཐོ་རེངས་མནལ་ལམ་དུ་བྱུང་ནས་ངེད་གཉིས་ཞིང་སྐྱོང་གི་མཁའ་འགྲོ་མ་ཡིན། ད་ངེད་ཀྱིས་བསྟན་པ་ལྟར་སྒྲུབས་ཟེར་ནས་སྒྲུབས་པས་ཡིག་བདུན་འབུམ་ཕྲག་གཅིག་སོང་ཚེ་ས་གཞི་གཡོས་སྟེ་ཁྱོད་ནི་ཤར་ཕྱོགས་ཏེ་ལོ་པའི་རིགས་ཡིན་ནོ་ཞེས་ཐོས་ནས་ཤར་ཕྱོགས་སུ་བྱོན་པས་སྒྱིད་ལུག་པ་ན་ན་མཁའ་ལས། ལེ་ལོའི་བདུད་ལ་མ་སྒུར་བར། །ཤར་ཕྱོགས་སངས་རྒྱས་ཏེ་ལོ་ཚོལ། །ཞེས་གྲག་ནས་ཐམས་ཅད་དུ་བཙལ་བ་ན་བྲག་འཕྲང་དོག་པོ་གཟུར་ས་མེད་པ་ཅིག་ན་འཛེ་མོ་ཉམས་ཐག་པ་རྐང་ཆད་ལག་རྡུམ་ཞིག་འདུག་པ་ལ་ལམ་ཕྱེ་གསུངས་པས། རིངས་ན་འགོངས་ལ་སོང༌། མི་རིངས་ན་སྐོར་ལ་སོང་ཟེར་བས་ཤངས་བཀབ་སྟེ་འགོངས་སོང་བ་ན། རྣམ་རྟོག་འཆིང་བས་དམ་བཅིངས་པ། །ཁྱོད་ཀྱིས་བླ་མ་ཇི་ལྟར་རྙེད། །གཙང་དང་མི་གཙང་མཐའ་གཅིག་དུ། །བྱིས་པ་རྣམས་ཀྱིས་བཏགས་པ་ཙམ། །ཞེས་ཅོང་རོང་སོགས་ཀྱང་མི་སྣང་བར་བྱེ་སྟོང་ཞིག་ན་འདུག །བླ་མའི་སྤྲུལ་པ་སྟེ་མ་ཤེས་ན་ད་ནི་སུ་མཐོང་ཡང་དྲིའོ་སྙམ་པས་སོང་བ་ན་ལམ་འཕྲང་དོག་མོ་ཞིག་དུ་ཁྱི་མོ་རོ་སྨད་འབུས་གཞིགས་པ་རོ་སྟོད་གཞན་ལ་ཟུག་པ་ཅིག་འདུག་སྟེ་(ན༡༤ན)


PTT001_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

འགོངས་སོང་བ་ན། འགྲོ་དྲུག་བླ་མར་མ་ཤེས་ན། །བཙལ་བས་རྙེད་པར་ག་ལ་འགྱུར། །ཟེར་ནས་མི་སྣང༌། དེ་བཞིན་དུ་མི་གཅིག་གིས་གཅིག་གི་མགོ་བོ་གཅོད་གྲོགས་གྱིས་ཟེར་སྟེ། ངར་འཛིན་འགོང་པོ་མ་བཅོམ་ན། །ཞེས་དང༌། རྒྱུ་མ་གཅོད་པས། འཁོར་བའི་རྒྱུན་ཐག་མ་བཅད་ན། །ཞེས་དང༌། མིའི་ལྗན་ལྗིན་འཁྲུ་པས། བག་ཆགས་དྲི་མ་མ་བཀྲུས་ན། །ཞེས་དང༌། ཕ་བསད་ཤིང་ལ་བཙུགས་མ་ཁྲི་མུན་དུ་བཅུག་སྟེ་གསོད་པས། ཆགས་སྡང་ཕ་མ་མ་བསད་ན། །ཞེས་དང༌། རྔོན་པས་རི་དྭགས་དེད་སྟེ་བྱུང་བས། གཟུང་འཛིན་རི་དྭགས་མ་བསད་ན། །ཞེས་དང༌། བཙུན་རྒན་བཟའ་མི་ཉ་གསོད་པ་ཅིག་གིས་དགོང་མོ་ཞིག་ཉ་གསོན་པོ་བཙོས་ནས་བྱིན་སྟེ། ཐ་མལ་རྟོག་པས་བཅིངས་པ་ཡིས། །ཅེས་དང༌། མི་སྔོ་སྐྱ་ཐོ་བ་ཐོགས་པ་ཅིག་གིས་སྲོག་ཆགས་ཐམས་ཅད་གསོད་ཅིང༌། ཉོན་མོངས་དུག་ལྔ་མ་བསད་ན། །ཞེས་དང༌། པོ་ཏི་མང་པོ་མེ་ལ་སྲེག་ཅིང༌། ཐ་སྙད་ཞེན་པ་མ་བཅད་ན། །བླ་མ་རྙེད་པར་ག་ལ་འགྱུར། །ཞེས་པ་རེ་གྲག་སྟེ་མི་སྣང་ངོ༌། །ཡང་རྒྱལ་པོའི་ཕོ་བྲང་མཛེས་པ་ཅིག་མཐོང་སྟེ་དྲིས་པ་ན། རྒྱལ་པོ་དེ་ན་རེ་ཏེ་ལོ་པ་དང་སྤྲད་ཀྱིས་འདིར་སྡོད་ཟེར་སྟེ་ལྷ་གཅིག་བྱིན་ནས་སྔར་ཡང་གྱིས་ཟེར་བ་རྣམས་མ་བྱས་པས་ནོངས་སྙམ་སྟེ་ཁྱིམ་ཐབ་བྱས་ནས་སྲས་ཕོ་མོའང་བྱུང་ཚེ་གཞན་དག་གིས་སྲས་ཕོ་མོ་བསད། ལྷ་གཅིག་ཀྱང་སྐྱེས་པ་གཞན་ལ་སོང༌། རྒྱལ་པོ་ལ་ཞུས་པས་ཁྱོད་ལྟ་བུ་ལ་ལྷ་གཅིག་ག་ན་སྡོད་ཅེས་རྒྱ་གད་མང་པོ་བྱས། ཏེ་ལོ་པ་སྟོན་བྱས་པས་བླ་མ་འཚོལ་པ་ལ་མོས་གུས་དང་བརྩོན་འགྲུས་དགོས་པ་ཡིན། ཁྱོད་ཚུལ་འཚལ་འདོད་ཡོན་ལ་ཞེན་པས་ག་ན་རྙེད་ཟེར། དེར་རྒྱལ་པོ་འདིས་ང་བླ་མ་ཚོལ་བ་ན་གནས་མིན་གྱི་གནོད་པ་འདི་ལྟ་བུ་བྱས་པས་རིག་སྔགས་ཀྱིས་དགྲལ་ལོ་སྙམ་ནས་དུར་ཁྲོད་དུ་སོང་སྟེ་བདེ་མཆོག་རྩ་རྒྱུད་ནས་གསུངས་པའི་མཐུ་བྱེད་པར་བརྩམས་པས། འདོད་ཡོན་ལ་ཞེན་ཞེ་སྡང་ཅན། །བླ་མ་རྙེད་པར་ག་ལ་འགྱུར། །སྒྱུ་མའི་རྒྱལ་པོས་(ན༡༤བ)


PTT001_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

མ་བསླུས་སམ། །ཟེར་སྟེ་ཕོ་བྲང་སོགས་ཅི་ཡང་མི་སྣང་བར་བྱེ་སྟོང་ཞིག་ན་འདུག །ཡང་བཙལ་བས་གཙུག་ལག་ཁང་ཞིག་དུ་དགེ་འདུན་གྱིས་ངོ་ཤེས་སྟེ་བསུ་བ་ཞུས་པས་མ་གནང༌། རྗེ་བཙུན་ཏེ་ལོ་པ་མཐོང་ངམ་དྲིས་པས་སྤྲང་པོ་ཏེ་ལོ་པ་བྱ་བ་ཞིག་ལས་མ་མཐོང་ཟེར། དེ་སྟོན་དང་བྱས་པས་མི་སྔོན་པོ་སྤྲང་པོའི་ཡོ་བྱད་ཅན་འདུག་པ་ལ་ཐེ་ཚོམ་མེད་པར་ཕྱག་བྱས་པས་ཤིག་པར་པ་གང་གཏད་སྟེ་སྲོགས་ཅིག་ཟེར། མ་ནུས་པ་ན། སེམས་དང་བསམ་བྱུང་རྣམ་རྟོག་རྣམས། །མ་བསྲེགས་བླ་མ་ག་ལ་རྙེད། །ཅེས་མི་སྣང་ངོ༌། །དེར་ད་ཤར་ཕྱོགས་ན་མ་བཞུགས་པ་ཡིན་ནམ་ནུབ་ཕྱོགས་སུ་འཚོལ་སྙམ་པ་ན། ད་དུང་ཤར་ཕྱོགས་སུ་སོང་ཞིག་ཞེས་གྲག་ནས་སོང་བ་ལས་ཉིན་ཅིག་མིག་གཅིག་པའི་རྒྱལ་ཁམས་སུ་སླེབས། མི་ཐམས་ཅད་ལ་ལྟག་པ་ན་མིག་རེ་རེ་ལས་མེད་པའི་ཁྲོམ་ཆེན་པོ་འདུག །དམུས་ལོང་གིས་ལྟ། འོན་པས་ཉན། ཞ་བོ་རྒྱུག །ལྐུགས་པ་སྨྲ། རོ་གར་བྱེད་པ་སོགས་འདུག་པ་ལ་དྲིས་པས་ཐམས་ཅད་མགྲིན་གཅིག་དུ་བསྡེབས་ནས། མིག་གཅིག་དུ་མ་རོ་གཅིག་ཡིན། །དམུས་ལོང་ལྟ་རུ་མེད་པར་ལྟོས། །འོན་པ་ཉན་དུ་མེད་པར་ཉོན། །ལྐུགས་པ་སྨྲ་རུ་མེད་པར་སྨྲོས། །ཞ་བོ་འགྲོ་འོང་མེད་པར་རྒྱུགས། །དབུགས་བྲལ་སྐྱེ་མེད་གཡབ་མོ་བྱེད། །ཅེས་ཟེར་སྟེ་ཅི་ཡང་མི་སྣང་བར་བྱེ་སྟོང་ཞིག་ན་འདུག་གོ །དེར་རྣམ་སྨིན་གྱི་ལུས་དང་བཅས་མཇལ་བའི་སྐལ་བ་མེད་པ་ཅིག་ད་ནི་བར་དོར་མཇལ་བར་ཤོག་ཅིག་ཞེས་སྤུ་གྲིས་རྐེ་གཉེག་པ་ན། བླ་མ་མ་རྙེད་སངས་རྒྱས་རང༌། །བསད་པས་བླ་མ་ག་ལ་རྙེད། །ཁྱོད་འདོད་སྡིག་ཅན་ང་མིན་ནམ། །ཞེས་གྲག་སྟེ་རྣལ་འབྱོར་པ་མཐིང་ནག་འཇའ་འོད་ཀྱི་དཀྱིལ་ན་སྐྱབས་སྦྱིན་མཛད་པ་ཅིག་ལམ་བྱུང་བ་ལ། ན་མཁའི་སྤྲིན་བཞིན་ངེས་མེད་པའི། །དམ་པ་བཙལ་པས་ག་ལ་རྙེད། །ཀྱེ་མ་ཐུགས་རྗེས་མི་གཟིགས་སམ། །ཞེས་ཡུས་ཆེས་པའི་གདུང་ཤུགས་གསོལ་བས། ང་དང་པོ་འཛེ་མོར་(ན༡༥ན)


PTT001_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་ནས་སྐད་ཅིག་ཡང་མ་བྲལ་བར་ཡོད་སྟེ་ཁྱོད་རང་གི་སྒྲིབ་པས་མ་མཐོང་བ་ཡིན། ད་ལྟ་སྲོག་ལ་མི་ལྟ་བའི་གུས་པས་སྒྲིབ་པ་དག་པ་ཡིན་གསུངས། སྣོད་ལྡན་དྲི་མེད་གཟི་བརྗིད་ཁྱོད། །མཁའ་འགྲོ་གསང་སྔགས་གསང་བའི་གནས། །གསང་སྔགས་ཡིད་བཞིན་ནོར་བུ་ཡི། །གདམས་ངག་སྣོད་ཏུ་ད་གྱུར་ཏོ། །གསུང་ནས་ས་གཞི་ལ་བྱོན་ནོ། །འདི་ཡན་ནི་ལས་དང་རྣམ་སྨིན་གྱི་སྒྲིབ་པ་སྦྱོང་བ་དབང་བསྐུར་བ་ན་ལས་བུམ་གྱི་ཆུས་བཀྲུ་བའི་དོན་མངོན་ཏུ་གྱུར་པའོ། །དེ་ནས་ཅི་ཞིག་ན་མཎྜལ་ཕུལ་སྟེ་གསོལ་བ་བཏབ་པས་ཐོག་མར་དབང་སྐུར་བར་བྱའོ། །གསུངས་ནས་རས་ཡུག་ལ་མེ་སྟག་ཞིག་བཞག་པས་བསྲེགས་སྟེ་ཇི་ལྟ་བུ་གསུངས་པ་ན། དབང་དོན་མེ་སྟག་ལྟ་བུས་ཉོན་མོངས་རས་ཡུག་ལྟ་བུ་སྲེག་དགོས་པར་གོ་ཞུས་པས་ཅི་ཡང་མི་གསུང༌། དེ་བཞིན་དུ་ཤེལ་གོང་བསྟན། རྒྱ་མདུད་ཅིག་མཛད་ནས་བཀྲོལ། ཡིད་བཞིན་ནོར་བུ་ཞིག་བསྟན། ནོར་བུ་ཕྱག་མཐིལ་དུ་བཞག་པ་ལ་སྤྱན་མི་འགྱུར་བར་གཟིགས། ཆུ་སྐྱོགས་གང་ལྷག་མེད་དུ་གསོལ། སྣོད་མང་པོ་ཆུས་བཀང༌། ཆོས་འབྱུང་གི་ཕྱག་རྒྱ་མཛད། ཐུགས་ཀར་ཐིག་ལེ་ཞིག་བསྟན། ལྗགས་ལ་རྒྱ་མདུད་ཅིག་མཛད། ལྐུགས་པ་ལྟར་ཅུང་ཟད་བཞུགས། ཤིང་ཐོག་ངོ་མཚར་བ་ཞིག་བསྟན་ནས་ཅིར་གོ་གསུངས། ཤིང་ཐོག་བདག་གཞན་གཉིས་ཀྱི་དོན་འགྲུབ་པར་གོ་ཞེས་པའི་བར་དུ་དྲི་ལན་མཛད་སྟེ་མཐར་དོན་ངོ་སྤྲད་པ། ཉོན་མོངས་རས་ཡུག་ལྟར་སྲོགས་ཅིག །རང་རྒྱུད་ཤེལ་གོང་ལྟར་དག་གྱིས། ཆོས་བརྒྱད་ཚེ་འདིའི་རྒྱ་མདུད་ཁྲོལ། །ནོར་བུ་རིན་ཆེན་བླ་མ་ཡིན། །དད་གུས་དབང་པོ་འགྱུར་མེད་ཀྱིས། །དྲི་མེད་གདམས་ངག་ཆུ་རྒྱུན་འཐུང༌། །ཆུ་སྣོད་དུ་མ་རོ་གཅིག་ཡིན། །ཆོས་འབྱུང་སྐྱེ་བ་མེད་པ་སྟེ། །ཆོས་སྐུ་ཐིག་ལེ་རང་ལ་གནས། །རྒྱ་མདུད་སྨྲ་བསམ་བརྗོད་དུ་མེད། །ལྐུགས་པ་མི་སྨྲ་རྒྱ་ཆེར་གསུངས། །ཤིང་ཐོག་དོན་གཉིས་ཕུན་(ན༡༥བ)


PTT001_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཚོགས། །བཅུ་གཉིས་བརྡ་ཡི་མདུད་པ་ཁྲོལ། །ཁྱོད་ནི་བརྡ་ཤེས་སྐྱེས་བུ་ཡིན། །མ་སྨིན་སྨིན་བྱེད་དབང་གི་ནི། །གདམས་ངག་སྣོད་དུ་ད་གྱུར་ཏོ། །ཅེས་གསུངས་སོ། །སློབ་མས་ཀྱང་ངེས་པ་ཅུང་ཟད་རྙེད་སྟེ་གསོལ་བ། ཆུ་དང་ཅོད་པན་ལ་སོགས་ལ། །དབང་དུ་ཞེན་པའི་མུན་པ་བཅོམ། །བཅུ་གཉིས་བརྡ་ཡིས་བདག་སྨིན་གྱུར། །ཇི་ལྟར་ལྟ་བ་བཀའ་སྩོལ་ཞིག །བཀའ་བསྩལ་པ། ལྟ་བ་མེད་པའི་ཚུལ་དུ་ལྟོས། །མཐོང་བ་མེད་པའི་དད་ཉིད་ལས། །གྲོལ་བ་མེད་པའི་ཚུལ་གྱིས་གྲོལ། །དོན་མཐོང་རྣལ་འབྱོར་རང་གྲོལ་འགྱུར། །ཞེས་གསུངས་པས་ངེས་པ་ཅུང་ཟད་རྙེད་སྟེ། དབང་གི་དོན་མཐོང་རྣལ་འབྱོར་པ། །དབང་དོན་མེ་སྟག་ལྟ་བུ་ཡིས། །ཉོན་མོངས་རས་ཡུག་ལྟར་བསྲེགས་བདེ། །ཞེས་ཆེད་དུ་བརྗོད་པ་བྱས་སོ། །འདི་ནི་སྨིན་པར་བྱེད་པ་རྒྱུའི་དབང་སྟེ་ན་རོ་པ་རྒྱུད་སྡེ་ལ་ཆེས་མཁས་པས་ཚོགས་བཤད་ཀྱི་རིམ་པ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ཞེན་པ་སོགས་གཅོད་ཕྱིར་བརྡའི་དབང་བཅུ་གཉིས་སྟེ་དབང་རེ་རེ་ལ་བརྡ་གསུམ་གསུམ་དུ་འགྱུར་རོ། །དེ་ནས་དཀའ་ཆེན་བཅུ་གཉིས་ཀྱིས་ལམ་བགྲོད་སྟེ་དེ་ཡང་མཐོ་ཁྱད་རྒྱ་ཕུབས་རིམ་པ་བཅུ་གསུམ་ཡོད་པའི་རྩེར་སྐད་ཅིག་གིས་བྱོན་སྟེ་འདི་ལ་མཆོང་ནུས་པ་སུ་ཡོད་གསུངས་པས་ཚམ་ཚོམ་མེད་པར་མཆོངས་པས་ཡན་ལག་ཧྲག་ཧྲུག་དུ་ཆག་སྟེ་འཆི་ཀའི་ཚེ་ཕྱག་གིས་རེག་པ་ཙམ་གྱིས་ལུས་སྔོན་པས་ལྷག་པར་གྱུར་ཏོ། །ཡང་སྨྱུག་མའི་ཐུར་མ་རྣོ་ཞིང་ངར་བ་མང་དུ་བཟོས་སྟེ་མཁལ་ཁུང་ནས་ཕར་ཚུར་ཐལ་མར་ཕུག་ནས་ཟིང་ཟིང་པོར་བཏང་ནས་ཕྱག་གིས་རེག་པས་སྔར་ལས་ལྷག་པར་སོས་སོ། །ཡང་སྲིན་བུ་པད་པས་གང་བའི་འདམ་ལ་ལུས་སྨྱང་ནས་ཟམ་པ་བྱས་སྟེ་ཡུན་རིང་དུ་ཞབས་ཀྱིས་བརྫིས་སྟེ་བོར་བས་ལུས་གོ་མཚམས་མེད་པར་པད་པས་ཁྱབ་སྟེ་ཁྲག་ཟད་པ་ན་ཕྱག་རེག་པས་པད་པ་གཅིག་ཀྱང་མི་སྣང་སྟེ་ལུས་སྔར་ལས་ལྷག་པར་གྱུར་ཏོ། །དེ་གསུམ་གྱིས་དཀའ་བ་སྤྱོད་པའི་རྣམ་པ་བུམ་པའི་དབང་གིས་སྦྱང་གཞི་ལུས་ཀྱི་དྲི་མ་(ན༡༦ན)


PTT001_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་སུ་སྦྱངས་སྟེ་སྦྱོང་བྱེད་ལུས་སྣང་སྟོང་དབྱེར་མེད་སྐྱེད་རིམ་བརྟན་ཞིང་སྐུ་རྡོ་རྗེ་སྤྲུལ་སྐུ་ལ་གེགས་བྱེད་ཀྱི་དྲི་མ་བསལ་བའོ། །དེ་བཞིན་དུ་མེ་ཕུང་གིས་ལུས་བསྲེགས་པ་ལས་སོས་པ་དང༌། སྟོན་མོ་བྱེད་པ་ཅིག་ན་ཟས་སྔོན་མ་མྱོང་བའི་རོ་ཅན་ཞིག་བྱུང་བ་བཟར་འཕངས་ནས་བླ་མ་ལ་དྲངས་པས་ན་རོ་པའི་ཞལ་ཟས་ཞིམ་ད་དུང་ལོང་ཞིག་གསུངས་པས་ལན་གཉིས་སྟེར་བའི་ཁྲིམས་མེད་པས་བཅུས་སྟེ་བྲོས་པ་ཟིན་ནས་ཤི་ལ་ཐུག་པར་བརྡེགས། ཕྱག་རེག་པས་སོས་སྟེ་བུམ་པ་སོགས་བསྐུར་ནས་རིམ་པར་སྐྱུར་ལ་ཤོག་གསུངས་ནས་སྣོད་ཅིག་ལ་ཟས་དེ་ཅུང་ཟད་འབྱགས་འདུག་པ་ཁྱེར་ནས་བྲོས། དེད་པ་ན་དང་པོར་བུམ་པའི་ཆུ་ཕོ་བས་འོབས་ཆེན་པོར་གྱུར། དེ་ནས་ཐག་པ་བསྐྱུར་བར་ཆུ་བོར་གྱུར། དེ་ནས་མེ་ལོང་བསྐྱུར་བ་མཚོར་གྱུར། དེ་ཐམས་ཅད་ལས་འདས་སྟེ་ཟིན་ལ་ཁད་པ་ན་རལ་གྲི་གཡུགས་པས་ལྕགས་ཀྱི་ལྕིལ་པོར་གྱུར་པའི་ནང་དུ་བྲོས་པ་ཕྱོགས་ཀུན་ནས་མེ་བཏང་བས་ཕྱིར་དོན་པ་ན་བརྡེགས་སྟེ་འཆི་བ་ལ་ཐུག་པའི་ཚེ་ཕྱག་རེག་པས་སོས་སོ། །འདིའི་དང་པོ་ནི་གཏུམ་མོའི་མེ་དབང་སྟེ་རྣམ་སྨིན་གྱི་ལུས་ངག་དངོས་སུ་བསྲེགས་པ་ཡིན་ལ། ཕྱི་མ་གཉིས་ཀྱིས་བཟའ་བའི་དམ་ཚིག་སྟེ་སྤྱིར་དཀའ་བ་ལྟར་སྣང་བ་གསང་བའི་དབང་གིས་སྦྱང་གཞི་ངག་དག་ནས་སྦྱོང་བྱེད་རླུང་གི་རྣལ་འབྱོར་བརྟན་པ་གསུང་རྡོ་རྗེ་ལོངས་སྐུ་ལ་གེགས་བྱེད་ཀྱི་དྲི་མ་བསལ་བའོ། །ཡང་རྒྱལ་པོའི་བཙུན་མོ་ཁུག་གསུངས་སྟེ་རེག་པས་ཉུང་རུམ་གྱིས་ཡན་ལག་ཐམས་ཅད་བཅད་ནས་དོར་བ་ཕྱག་གིས་མཐུད་ནས་རེག་པ་ཙམ་གྱིས་སོས། ཡང་བློན་པོའི་ཆུང་མ་ཁུག་གསུངས་སྟེ་བཀུག་པས་བློན་པོའི་འཁོར་གྱིས་ཤི་བར་བརྡེགས་སྟེ་རྒྱོགས་ལ་འཕངས་པ་ཕྱག་རེག་པས་སོས། ཡང་རིག་མ་འཚོལ་ལ་སྟེན་ཞིག་གསུངས། རིག་མ་དེ་བླ་མ་ལ་ཕུལ་བས་འདིས་འདིའི་ཡིད་བཟུང་ངོ་གསུངས་ནས་ན་རོ་པའི་གསང་རྡོར་རྡོའི་བར་དུ་བརྡུངས་སྟེ་རྩའི་རྣལ་མ་ཆུ་འདོར་ཤེས་ཙམ་ལས་མ་ལུས་པས་ན་རོ་པ་ཅེས་རྩ་ཤད་པ་ཟེར་སྟེ་སྡོམ་པ་རྒྱ་མཚོའི་རྒྱུད་ལས། (ན༡༦བ)


PTT001_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་རྩ་ཤད་ཕྱིར་མི་ལྡོག །ཞེས་ལུང་བསྟན་ཏོ་ཅེས་རྒྱུད་པ་འདི་བཞེད་ལ། རོ་ག་རྩོད་པ་ལ་དགག་པའི་ན་སྔོན་དུ་བྱིན་ནས་ག་ཕྱིས་པས་ན་རོ་སྟེ་རྩོད་མེད་ཡིན་ཞེས་ལོ་ཙཱ་བ་དུ་མ་བཞེད་ཏོ། །སླར་ཕྱག་གིས་རེག་པ་ཙམ་གྱིས་སྔར་བཞིན་སོས་སྟེ་འདི་གསུམ་ནི་ཡིད་དང་ཐིག་ལེ་དག་པ་དབང་གསུམ་པ་བསྐུར་བ་སྟེ་བདེ་སྟོང་དབྱེར་མེད་ཀྱི་རྟོགས་པ་བརྟན་ཞིང་ཆོས་སྐུ་ཐུགས་རྡོ་རྗེ་ལ་གེགས་བྱེད་ཀྱི་དྲི་མ་བསལ་བའོ། །ཡང་ཐང་ཞིག་ལ་མི་ཞིག་སོང་བ་འདི་ཟུང་ཞིག་གསུངས། ཕྱིན་པ་ན་ཇེ་རིང་དུ་སོང་སྟེ་མཐར་འགྱེལ་ཞིང་བརྒྱལ། དྲན་པ་རྙེད་དབུགས་མ་ཆད་ཙམ་ན་བྱོན་སྟེ་རེག་པ་ཙམ་གྱིས་སོས། ཡང་མྱ་ངམ་གྱི་ཐང་ཞིག་དུ་མཎྜལ་གྱིས་གསུངས། ཆུ་དང་མེ་ཏོག་མ་རྙེད་པས་ཁྲག་གིས་ཆག་ཆག་བཏབ། དབང་པོ་རྣམས་དང་ཡན་ལག་ལྔ་ཚོམ་བུར་བྱས། ལག་པ་གཡས་པའང་རང་བྲུལ་སྟེ་ཚོམ་བུར་གྱུར་ནས། ན་མཁའ་ལས་མཎྜལ་འབུལ་བའི་ཚིགས་བཅད་མང་པོ་གྲག་པས་ཚོམ་བུ་དབུས་མ་མགོ་བོའི་སྤྱི་བོར་ཕྱག་བཞག་སྟེ། ལུས་ནི་དུམ་བུ་བརྒྱར་འཐོར་ཡང༌། །སེམས་ནི་མྱ་ངན་མེད་པ་ཁྱོད། །ཙཎྜིའི་གནད་ཀྱིས་ད་ཚིམ་བྱའོ། །གསུངས་པས་སྔ་མ་ལས་ཆེས་ལྷག་པའི་ལུས་སུ་གྱུར་ཏོ། །ཡང་ཅི་ཞིག་ན་གདམས་པ་ཞུས་པས་འདི་ཇི་ཙམ་བསྟན་ཡང་གོ་བས་དབེན་པ་གསུངས་སྟེ་མཆིལ་ལྷམ་ཐུགས་ཀར་བརྒྱབ་ཀྱང་ཟེར། ཞབས་ཀྱིས་བསྣུན་ཡང་ཟེར་སྟེ་དྲན་མེད་དུ་ལིང་བོག །བརྒྱལ་སངས་པ་ན་ཏེ་ལོ་པའི་ཐུགས་རྒྱུད་ཀྱི་སྤངས་རྟོགས་ཡོན་ཏན་པར་བཏབ་པ་ལྟར་གྱུར་སྟེ། ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་སྟེ། །ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏེ་ལོ་པས་ནི་ཅི་ཡང་བསྟན་དུ་མེད། །རང་གིས་རང་ཉིད་མཚོན་སྟེ་ཤེས་པར་བྱོས། །ཅེས་ངོ་སྤྲད་ཏོ། །འདི་གསུམ་གྱིས་སྦྱང་གཞི་གཉུག་མའི་ཡེ་ཤེས་ལ་སྦྱང་བྱ་མ་རིག་པའི་དྲི་མ་སྦྱངས་སྟེ་སྦྱོང་བྱེད་སོ་སོ་རང་རིག་པའི་ཡེ་ཤེས་མངོན་དུ་བྱས་པ་སྦྱངས་འབྲས་བདེ་བ་(ན༡༧ན)


PTT001_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་སྐུ་ལ་གེགས་བྱེད་ཀྱི་དྲི་མ་བསལ་བ་ཡིན་ནོ། །མདོར་ན་ཚོགས་བཤད་ཀྱི་དབང་ལ་ཞེན་པ་སྤང་པའི་ཕྱིར་དཀའ་བ་བཅུ་གཉིས་པོ་འདི་དག་གིས་ལམ་གྱི་དབང་ཡོངས་སུ་རྫོགས་པ་སྟེ། དེས་ན་ལམ་དབང་ཞེས་པ་ཡང་ས་ལམ་བགྲོད་དགོས་པ་ཡིན་གྱི་དགྱེས་རྡོར་གྱི་ལས་དང་པོ་པའི་བདག་འཇུག་ཁ་ཐོན་དུ་བྱེད་པ་ལ་ལམ་དབང་དུ་གྲགས་པ་ནི་མན་ངག་དང་བྲལ་བའོ། །འདི་དག་དུ་ཆོས་ཀྱི་རྣམ་གྲངས་རྫོགས་ཚུལ་ལ་རས་ཆུང་སྙན་རྒྱུད་པ་ནི་དཀའ་བ་དང་པོ་ལ་རྒྱུད་པ་ཡིད་བཞིན་ནོར་བུ། གཉིས་པ་ལ་ཐུན་མོང་ཡིད་བཞིན་ནོར་བུ། གསུམ་པ་ལ་དམ་ཚིག་ཡིད་བཞིན་ནོར་བུ། བཞི་པ་ནས་བཅུ་གཉིས་པའི་བར་ཆོས་དྲུག་གི་སྟེང་དུ་གྲོང་འཇུག་དང་ལས་རྒྱ་བསྣན་པས་བརྒྱད། བཅུ་གཉིས་པ་ལ་ཕྱག་རྒྱ་ཆེན་པོ་སྟེ་སྙན་རྒྱུད་རྫོགས་པར་འཆད། དབང་རྣོན་གྱི་དབང་དུ་བྱས་ན་དཀའ་བ་བཅུ་གཉིས་ཀྱི་མཐར། དངོས་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །ཞེས་པ་ཙམ་གྱིས་ཆོས་དྲུག་གཞི་ལམ་འབྲས་གསུམ་དུ་བསྡུས་ནས་གསུངས་པར་འཆད། ཤིན་དུ་དབང་པོ་ཡང་རབ་ཀྱི་ངོར། ཏེ་ལོས་ཚིག་གཅིག་མ་གསུངས་ལ། །ན་རོས་ཚིག་གཅིག་མ་ཉན་སྟེ། །བྱིན་རླབས་རྟོགས་པ་འཕོས་པས་གྲོལ། །ཞེས་འཆད་པ་ཡིན་སྟེ། མདོ་ལས་ཆོས་གང་ཡང་མ་བསྟན་པ་དང་སྟོང་ཉིད་གཅིག་པོ་བསྟན་པ་དང་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་པར་བཤད་པ་བཞིན་ནོ། །དེར་བླ་མ་ལ་ཞུས་པ། སྣང་བ་གཟུགས་ཀྱི་ཕུང་པོ་འདི། །སྐྱེ་བ་མེད་པའི་རང་བཞིན་ལ། །སྤྱད་དུ་ཡོད་ན་སྤྱོད་རིགས་སྟེ། །མེད་པར་སྤྱད་དུ་འདོད་པ་ཅི། །ཞེས་སོགས་ཕུལ་བས་ཤིང་ཨ་ཤྭ་ཏཱའི་སྟེང་དུ་བཞུགས་ནས་ལན་གསུངས་པ། སྣང་བ་རྟེན་ཅིང་འབྲེལ་འབྱུང་འདི། །སྐྱེ་བ་མེད་པར་མ་རྟོགས་པར། །ཚོགས་གཉིས་ཤིང་རྟའི་འཁོར་ལོ་དང༌། །འབྲལ་བར་མ་བྱེད་ན་རོ་པ། །སྐྱེ་མེད་སྟོན་པའི་སློབ་དཔོན་དུ། །སྣང་བ་དཀར་དམར་(ན༡༧བ)


PTT001_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་བ་ན། །ཤེས་པ་གཟིངས་ཀྱི་བྱ་ལྟར་ཐོང༌། །འདོད་ཡོན་སྤྱོད་ཅིག་ན་རོ་པ། །སེམས་ཉིད་རང་དག་རང་གསལ་བ། །སྐྱེ་མེད་སྤྲོས་དང་བྲལ་བ་ལ། །ཉམས་མྱོང་དྲན་རིག་བློ་བུར་འདི། །རྫུན་པར་རྟོགས་ན་ཅི་དགར་ཐོང༌། །ཅིར་སྣང་ཆོག་ཅིག་ན་རོ་པ། །འཁོར་བའི་མུན་མཐར་སྐྱེལ་བ་ཡི། །གཟུང་འཛིན་རྣམ་རྟོག་སྣ་ཚོགས་འདི། །རྟོགས་པའི་སྟ་རེ་རྣོན་པོ་ཡིས། །ཐད་ཀར་ཆོད་ཅིག་ན་རོ་པ། །སེམས་ཉིད་རང་བཞིན་འོད་གསལ་བའི། །སྣང་ཆ་རྟེན་འབྲེལ་མ་རྟོགས་ན། །ཞེན་པ་དང་བཅས་ཉམས་མྱོང་གིས། །བདག་ཉིད་འཆིང་འགྱུར་ན་རོ་པ། །འདོད་ཡོན་གཟུགས་སྒྲ་སྣ་ཚོགས་ལ། །སེམས་ཀྱི་ཞེན་པ་སྐྱེས་པ་ན། །སྦྲང་མ་རྩི་ལ་འབྱར་བ་འདྲ། །ཞེན་པ་ཐོང་ཞིག་ན་རོ་པ། །ལྟ་བ་སྒོམ་པ་སྤྱོད་པ་གསུམ། །གཅིག་དུ་རྟོགས་ན་དགེ་སྡིག་མེད། །གལ་སྟེ་རྟོགས་པ་ཞན་གྱུར་ན། །བརྟུལ་ཞུགས་སྤྱོད་ཅིག་ན་རོ་པ། །ཅེས་གསུངས་སྟེ་དབང་མ་བསྐུར་ཆོས་མ་བཤད་རྩོད་པ་མ་བྱས་པར་ཕྱག་རྒྱ་མ་བསྟེན་ལ་རྟོགས་པ་སྐྱོངས་ཤིག་གསུངས། དེ་ནས་སྤྱོད་པ་ལ་ཞུགས་སྟེ་སླང་སླང་ཁོ་ན་གསུངས་པས། ཅི་བྱེད་ཟེར་ཟ་བ་ཡིན་གསུངས་པས་འདི་ཟོ་ཞིག་ཞེས་ཅིག་གིས་ཆུ་གྲི་རྣོན་པོ་ཞིག་བྱིན་པ་ལྗགས་སྟེང་དུ་བཞག་པས་མར་བཞིན་དུ་ཞུ་ནས་གསོལ་བས་དད་སྟེ་བྱིན་གྱིས་བརླབས་པས་དེ་ཉིད་ཏུ་གྲོལ་སྟེ་ན་མཁའ་ལ་ལྡིངས་སོ། །ཉམས་སད་པའི་ཕྱིར་རྒྱལ་པོ་ཅིག་གིས་གླང་པོ་ཆེ་སྨྱོན་པ་རྦད་པ་ལ་བསད་གསོ་མཛད་པས་དད་སྟེ་མཆོད་གནས་སུ་བཞུགས་པར་གསོལ། ལྷ་གཅིག་ཡེ་ཤེས་སྒྲོན་ཕྱག་རྒྱར་ཕུལ། དེར་རྔོན་པའི་སྤྱོད་པ་མཛད་པས་མཆོད་གནས་ཉན་ཐོས་པ་རྣམས་དང་བཅས་པ་མ་མོས་སྟེ་མི་མཛད་པར་ཞུས་པས་སླར་ཡང་ལྟུང་བའི་ལྟ་སྟངས་ཀྱིས་བྱ་ཐམས་ཅད་བསད། ཟློག་པའི་ལྟ་སྟངས་ཀྱིས་ས་འོག་ན་གནས་པ་ཐམས་ཅད་བྱུང་ནས་བསད། ཐབས་སྣ་ཚོགས་ཀྱིས་སྐམ་དང་ཆུ་ནང་ན་རྒྱུ་བ་ཐམས་ཅད་བསད་པས་ཐམས་ཅད་མ་མོས་སྟེ་(ན༡༨ན)


PTT001_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་གཅིག་དང་བཅིངས་ནས་ཙནྡན་གྱི་མེས་བསྲེགས་པས་མེའི་དབུས་ན་ཡབ་ཡུམ་གཉིས་རྒྱན་གྱིས་བརྒྱན་ནས་གར་བྱེད་ཅིང་སྐུ་ཟིལ་པ་ཕྲོམ་མོ་བྱོན་སྟེ། ཁྱེད་ཅག་ཚིག་རྩུབ་མཚོན་ཆ་དེ་ནི་བཟོད་པའི་གོ་ཆ་འཆང་བའི་གྲོགས། །ངན་སེམས་དུག་གི་ཕྲེང་བ་དེ་ནི་གྲུབ་པའི་རྨ་བྱ་མཛེས་པའི་རྒྱུ། །བཟོད་དཀའ་ཙནྡན་མེ་ཆེན་དེ་ནི་བདེ་ཆེན་པདྨའི་རྫིང་ཡངས་སྟེ། །ཁྱེད་ཅག་ལྷན་ཅིག་ཁྲིམས་སུ་བཅས་པ་ངེས་པར་བདག་ལ་དགའ་བ་འཕེལ། །ཞེས་གསུངས་ཤིང་རྒྱལ་པོ་འཁོར་དང་བཅས་པས་ཀྱང་རྨི་ལམ་དུ་བསྐལ་པ་དུ་མར་དམྱལ་བར་སྡུག་བསྔལ་མྱོང་བ་མཐོང་བས་འགྱོད་ཅིང་བཤགས་སྟེ་གསོལ་བ་བཏབ་པ་ན། སུ་དག་མ་རྟོགས་པ་ལ་སྡིག་དང་དགེ། །ལས་དང་ལས་ཀྱི་འབྲས་བུ་ཞེས་གྲགས་སྟེ། །དེ་ཉིད་རྟོགས་པ་སུ་ཞིག་དེ་ལྟར་རྟོག །དེ་བས་རང་ངོ་ཡེ་ཤེས་ཆེན་པོ་ལྟོས། །ཅེས་བྱིན་གྱིས་བརླབས་པའི་མོད་ལ་རྒྱལ་པོ་འཁོར་དང་བཅས་པ་གྲོལ་བར་གྱུར་ཏོ། །ཡང་ཆུ་བོ་གངྒཱའི་འགྲམ་གྱི་བྱེ་མ་ལ་བྱིས་པ་རྣམས་དང་རྩེད་མོ་མཛད་པ་ན་ཏེ་ལོ་པ་ན་མཁར་བྱོན་སྟེ། ཕྱག་རྒྱ་ཆེ་ལ་བསྟན་དུ་མེད་ཀྱིས་ཀྱང༌། །དཀའ་བ་སྤྱོད་ཅིང་བླ་མ་ལ་གུས་པ། །སྡུག་བསྔལ་བཟོད་བྱེད་བློ་ལྡན་ན་རོ་པ། །སྐལ་ལྡན་ཁྱོད་ཀྱི་སྙིང་ལ་འདི་ལྟར་བྱོས། །ཅེས་སོགས་ཕྱག་རྒྱ་ཆེན་པོ་གཾ་གཱ་མ་གསུངས་པས་མཐར་ཐུག་གི་དོན་མངོན་དུ་གྱུར་སྟེ་ཆེད་དུ་བརྗོད་པ། ཡིད་ལ་མི་བྱེད་ཕྱག་རྒྱ་ཆེན་པོའི་ལམ། །དམིགས་མེད་སྤྲོས་བྲལ་སྒྲིབ་མེད་སེམས་ཀྱི་ནི། །ངོ་བོ་མཐོང་སྟེ་སུ་ལའང་དྲི་མི་བྱ། །དྲི་མེད་ཤུགས་འབྱུང་རྣལ་འབྱོར་རང་གྲོལ་ཡིན། །ཞེས་གར་བྱས་སོ། །དེའི་ཚེ་རི་རི་པ་དང་ཀ་སོ་རི་པས་ཀྱང་གཞན་དོན་ལ་བསྐུལ་ཞིང༌། བླ་མས་ཕྱག་སྤྱི་བོར་བཞག་སྟེ། པུཥྤ་ཧ་རིའི་དགོན་པར་ནི། །རང་གྲོལ་ཡེ་ཤེས་ཉི་མ་ཡིས། །མ་ཏིའི་མ་རིག་མུན་པ་སོལ། །ཡེ་ཤེས་སྣང་བས་ཁྱབ་པར་གྱིས། །གསུངས་པས་ཕྱག་བྱས་སྟེ། བླ་མ་དམ་པའི་བཀལ་ལུང་དང༌། །རྡོ་རྗེ་དཔུན་གྱི་(ན༡༨བ)


PTT001_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་བཞིན་དུ། །མདོ་རྒྱུད་སྙིང་པོ་དོན་གྱི་བཅུད། །ངེས་མེད་ཡུལ་དུ་བསྒྲག་པར་བྱའོ། །ཞེས་ཞུས་ནས་སླར་ཡང་བྱང་སྒོ་སྲུང་བ་མཛད་ལ་འདིའི་ཚེ་ཤར་ན་ཤཱནྟི་པ། ལྷོ་ན་ངག་གི་དབང་ཕྱུག་ནུབ་ན་ཤེས་འབྱུང་བློ་གྲོས་རྣམས་བཞུགས་སོ། །སློབ་མ་སྨིན་གྲོལ་དུ་མཛད་པ་མཐའ་ཡས་ཤིང་མཻ་ཏྲྀ་པ་དང་ཤཱནྟི་པ་སོགས་མཁས་གྲུབ་མཐའ་དག་ཡང་ན་རོ་པའི་སློབ་མ་ཡིན་ནོ། །དངོས་གྲུབ་བརྙེས་ནས་བཀའ་དཔེ་ཕྱི་མ་དང་རིམ་ལྔ་བསྡུས་པ་གསལ་བ་སོགས་མཛད་ཏོ། །འདིའི་དུས་རྗེ་མར་པས་གདམས་ངག་ཐམས་ཅད་རྫོགས་པར་གསན་པ་སྟེ་གསང་སྔགས་མཐའ་དག་དང་ཁྱད་པར་ཆོས་དྲུག་གི་རྒྱུད་པའོ། །ཁྱད་པར་དུ་ཕྱག་རྒྱ་ཆེན་པོ་སྙིང་པོའི་དོན་གྱི་བཀའ་བབས་ནི། རྡོ་རྗེ་འཆང༌། ས་ར་ཧ། ཀླུ་སྒྲུབ། ཤ་ཝ་ར། མཻ་ཏྲྀ་པ། རྗེ་མར་པ་སྟེ་དེ་ལ་ཤ་ཝ་ར་ནི་གླུ་གར་གྱིས་འཚོ་བའི་གར་མཁན་མིང་སྲིང་གསུམ་ཡོད་པ་རེ་ཞིག་ནཱ་ལནྡར་སློང་བ་ན་ཀླུ་སྒྲུབ་ཞབས་ཀྱིས་རིགས་ངན་ལ་རྟོག་པ་མ་མཛད་པར་ནང་དུ་བོས་ཟས་བཟང་པོ་གནང་བས་དད་སྟེ་ས་ར་ཧའི་དོ་ཧ་གླུར་བླངས་པས་དེའི་དོན་ཤེས་སམ་གསུངས། མ་འཚལ་སྟེ་མོས་ནས་ལེན་པ་ལགས་ཞུས་པས་ཤེས་པར་འདོད་དམ་གསུངས། ཤིན་དུ་དགའ་ནས་འཚལ་ལགས་ཞུས་པས་སྐལ་ལྡན་དུ་གཟིགས་ནས་དབང་བསྐུར་ཞིང་བྱིན་གྱིས་བརླབས་པས་ཅིག་ཅར་བའི་རྟོགས་པ་སྐྱེས། བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་གྱི་ཞལ་མཐོང༌། རྔོན་པའི་ཆ་བྱད་ཀྱིས་དཔལ་གྱི་རི་ལ་རྣམ་སྨིན་གྱི་ལུས་འདིས་འགྲོ་བའི་དོན་གྱིས་ཅིག་གསུངས་སྟེ་ད་ལྟའང་བཞུགས། མཻ་ཏྲྀ་པ་ནི། ཡུལ་དབུས་སུ་བྲམ་ཟེའི་རིགས་སུ་འཁྲུངས། དོ་ཧའི་ལོ་རྒྱུས་སོགས་ཡོངས་གྲགས་ལྟར་བྱས་པ་སྟེ། རྗེ་མར་པས། ཁྱེད་འགྲོ་བའི་དོན་དུ་འཛམ་གླིང་འདིར། །རྒྱལ་པོའི་རིགས་སུ་སྐྱེ་བ་བཞེས། །ཅེས་གསུངས་པས་རྒྱལ་རིགས་སུ་འཐད་ཏོ། །སྒྲ་ལ་མཐར་ཕྱིན་པར་མཁྱེན་ནས་ན་རོ་པ་དང་རྩོད་པས་ན་རོ་པ་རྒྱལ་སྟེ་སློབ་དཔོན་ཏུ་བཀུར། བྲམ་ཟེའི་བརྟུལ་ཞུགས་དང་བསླབ་པར་བྱ་བ་མཐར་ཕྱིན་ནས་ཤཱནྟི་པ་ལས་རབ་ཏུ་བྱུང༌། མཚན་མཻ་ཏྲྀ་སྟེ་བྱམས་པར་གྲགས། རིག་པའི་གནས་(ན༡༩ན)


PTT001_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ལ་མཁས་པ་ཟླ་མེད་པར་གྱུར། བི་ཀྲ་མ་ལ་ཤཱི་ལར་བཞུགས་ཚེ་ཡི་དམ་རྣལ་འབྱོར་མའི་ནང་གི་དམ་རྫས་བསྟེན་པ་ཇོ་བོ་རྗེ་ལྷ་གཅིག་སོགས་ཞལ་ཏ་པས་མཐོང་སྟེ་དགེ་འདུན་གྱིས་གནས་ནས་ཕྱུང་བས་ཉམས་པ་སྒོ་ལ་འགྲོར་མི་རུང་ཞེས་རྩིག་པ་ལ་ཐལ་བཞུད། མདུན་ན་ཆུ་བོ་གཾ་གཱ་ཡོད་པ་ལ་གདིང་བ་བཏིང་སྟེ་གཡོག་གུ་ས་ཀ་རའི་ལག་པ་ནས་བཟུང་སྟེ་སོང་བས་ཉི་མ་ནུབ་བོ་ཞེས་དགེ་འདུན་ཀུན་གྱིས་ངུས། ཇོ་བོས་གཟིངས་བསྐོར་སྟེ་རྗེས་སུ་འཛིན་པར་ཞུས་པས་ད་ལྟ་ལྕགས་རི་གཅིག་གི་པཎྜིཏ་ཕན་ཚུན་རྗེས་སུ་འཛིན་པར་མི་ནུས་ཀྱི་ངས་བླ་མ་དམ་པ་ཅིག་དང་མཇལ་བ་རྨིས་པས་མཇལ་ན་རྗེས་སུ་བཟུང་ངོ་ངའི་བྲང་ཁང་ན་སྒྲོལ་མའི་བྲིས་སྐུ་ཞིག་ཡོད་པ་དེ་ལ་ཡི་དམ་གྱིས་ཅིག་གསུངས། ཁཱརྶ་པཱ་ཎར་བསྙུང་བ་བྱས་སྟེ་རྨི་ལམ་བརྟགས་པས་རི་བོ་མ་ཎི་བྷ་ག་ལར་གུ་རུ་ས་ར་ཧ་པས་རྗེས་སུ་འཛིན་པར་འགྱུར་རོ་ཞེས་དང༌། ཡང་གནས་གཞན་དུ་བརྟགས་པས་རི་བོ་མ་ཎི་བྷ་ག་ལ་རྩེ་གསུམ་པ་དང༌། ཤ་ཝ་ར་དབང་ཕྱུག་སྨུག་ནག་འོད་མའི་གཞུ་ལ་ཕག་པའི་སྟེང་ཁོག་སྨད་ཁོག་བཀལ་བ་དང་རྣལ་འབྱོར་མ་གཉིས་ཀྱིས་བསྟེན་པ་གཟིགས་སྟེ། རྒྱ་མཚོར་འདོང་བའི་ཚོང་པའི་གསེབ་ཏུ་མཆོད་གནས་མཛད་སྟེ་ལྷོ་ཕྱོགས་སུ་རིང་དུ་བྱོན་པས་རྨི་ལམ་བཞིན་རི་དེ་ཝལ་བྱུང་བ་ན་དེར་བྱོན་ནས་ཤིང་ཐོག་ཟ་ཞིང་བཙལ། ཡང་བསྙུང་བ་བྱས་ནས་བཙལ་བས་ཀྱང་མ་རྙེད། བར་དོར་ཞལ་ལྟ་སྙམ་པས་ལྕེབ་པར་རྩོམ་ཚེ་ཤ་ཝ་ར་རྨི་ལམ་གྱི་ལྟ་བུ་ས་ཀ་རས་མཐོང་སྟེ་སྦྲན་ནས་བརྐྱང་ཕྱག་བྱས་པས་ང་ཡེ་ནས་འདི་ན་འདུག་པ་ཡིན་སྟེ་ཁྱོད་རང་གི་སྒྲིབ་པས་བསྒྲིབས་པར་ཟད། ང་མཐོང་བས་ཀྱང་འཆིང་བ་སྟེ། །ང་མ་མཐོང་ཡང་འཆིང་པར་འགྱུར། །ང་མཐོང་བས་ཀྱང་གྲོལ་འགྱུར་སྟེ། །ང་མ་མཐོང་ཡང་གྲོལ་བར་འགྱུར། །ཞེས་སོགས་གསུངས་པས་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེས། ཕྱག་རྒྱ་བཞི་ཁྲི་དང་དོ་ཧ་དང་ཐེག་ཆེན་ཉི་ཤུ་པ་སོགས་མང་དུ་གསུངས། ས་ཀ་ར་ནི་གྲོལ་སྟེ་མི་སྣང་བར་(ན༡༩བ)


PTT001_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། ཡང་ནགས་གསེབ་ལ་ཕག་རྒོད་ཅིག་འགྲོ་བ་ལ་མདའ་བརྒྱབ་ནས་བསད། ཅུང་མ་མོས་པ་ན། འཁོར་བའི་ནགས་ཚལ་སྐྱེ་མེད་ན། །མ་རིག་ཕག་རྒོད་རྒྱུ་བ་ལ། །ཤེས་རབ་གསལ་བའི་མདའ་ཞིག་བརྒྱབ། །མ་རིག་ཕག་རྒོད་བདག་གིས་བསད། །ཤ་ནི་གཉིས་སུ་མེད་པར་ཟོས། །རོ་ནི་བདེ་བ་ཆེན་པོར་མྱོང༌། །གསུངས་སྟེ་མི་སྣང་བར་གྱུར། ཡང་གསོལ་བ་བཏབ་པས་ངའི་རྣམ་སྨིན་གྱི་ལུས་རོ་ལས་བསྟན་པའི་སྐལ་བ་མེད་ཀྱི་སྤྲུལ་པའི་ལུས་རིགས་ངན་གྱི་གྲོང་ཁྱེར་དྷཱུ་ཏི་བྱ་བར་དགེ་ཚུལ་རྒན་པོ་ཅིག་ལ་དགེ་ཚུལ་མ་རྒན་མོ་གཉིས་ཀྱིས་བསྐོར་བ་ཡོད་ཀྱིས་དེར་སོང་ཞིག་ཞེས་གྲག་སྟེ་དེར་གདམས་ངག་གི་སྒྲོ་འདོགས་ཐམས་ཅད་བཅད། གཉིད་ཀྱིས་ལོག་པ་ལས་སད་པ་ན་ཆོས་ཐམས་ཅད་བརྗེད་འདུག་ནས་ལྕེབ་དགོས་སྙམ་ཚེ་ན་མཁའ་ལ་དངོས་སུ་བྱོན་སྟེ། མ་སྐྱེས་པ་ཡི་ཆོས་རྣམས་ལ། །ཤེས་ཞེས་བྱ་བ་ག་ལ་ཡོད། །མ་འགགས་པ་ཡི་ཆོས་རྣམས་ལ། །བརྗེད་ཅེས་བྱ་བ་ག་ལ་ཡོད། །སོགས་གསུངས་སྟེ་ཁྱོད་ཡུལ་དབུས་སུ་སོང༌། ངའི་འདྲ་འབག་གྱིས་ལ་སློབ་དཔོན་དུ་ཟུང༌། སྣོད་ལྡན་རྗེས་སུ་ཟུང་ཞིག་གསུངས། དེ་ལྟར་མཛད་སྟེ་སེང་གེའི་སྒྲ་བསྒྲགས་པས་མུ་སྟེགས་ན་ཏི་ཀ་ར་བཏུལ། ཤཱནྟི་པས་ཀྱང་རྩོད་ཡིག་བཞག་སྟེ་བྲོས། གཞན་སུས་ཀྱང་རྩོད་མ་ནུས་སྟེ་རྡོ་རྗེ་གདན་གྱི་མཆོད་དཔོན་མཛད། མ་གྷ་དྷའི་རྒྱལ་པོས་གཙུག་དུ་བཀུར་བས་མངའ་བདག་ཆེན་པོ་མཻ་ཏྲྀ་པ་ཅེས་མཚན་འདོན་སྟེ་རི་བོ་མེ་འབར་གྱི་དགོན་པར་བཞུགས་ཨ་མ་ཎ་སིའི་ཆོས་སྐོར་ཉེར་བཞི་མཛད། སློབ་མའང་མུ་སྟེགས་ན་ཏི་ཀ་ར་བཏུལ་པ་ལྷན་ཅིག་སྐྱེས་པའི་རྡོ་རྗེ་དང༌། དེ་ཝ་ཀཱ་ར་ཙནྡྲ་སྟོང་ཉིད་ཏིང་འཛིན་དང༌། རྒྱལ་པོ་ར་མ་པཱ་ལ་དགའ་བ་སྐྱོང༌། བཛྲ་པཱ་ཎི་རྒྱ་གར་ཕྱག་ན་སྟེ་ཁྱད་པར་གྱི་སློབ་མ་བཞི། ཨ་བྷི་ཡུཀྟ་སོགས་འབྲིང་བདུན། ཏེ་པུ་བ་དང་པ་ལམ་ཏ་ཨ་ཙརྻ་སོགས་ཆུང་བ་བཅུ་ལ་སོགས་པ་བྱོན། རྒྱ་བོད་ཐམས་ཅད་ན་ཉི་ཟླ་ལྟར་གྲགས་པ་ལས་རྗེ་མར་པས་གསན་ནོ། །རྗེ་ལོ་ཙཱ་བ་ནི་ལྷོ་བྲག་ནུབ་ཀྱི་ནང་མ་སྦེ་སར་གྱི་(ན༢༠ན)


PTT001_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་སྟོད་བཀྲ་ཤིས་ལིང་བ་བྱ་བར་འཁྲུངས། གདུང་མར་པ། ཡབ་དབང་ཕྱུག་འོད་ཟེར། ཡུམ་རྒྱལ་མོ་མཚོ། སྲས་ལྔའི་གསུམ་པ་ཡིན། ལོ་བཅུ་གཉིས་ནས་མྱུ་གུ་ལུང་དུ་འབྲོག་མི་ལ་ལོ་ཙཱ་བསླབས། བཅོ་ལྔ་ལ་བལ་པོར་བྱོན། སྤྱི་ཐེར་པ་བསྟེན་ལོ་གསུམ་ནས་རྒྱ་གར་དུ་བྱོན། ནུབ་ཏུ་ལ་ཀྵེ་ཏྲར་ཡེ་ཤེས་སྙིང་པོ་དང་མཇལ་ཀྲྀ་ཡ་མང་དུ་གསན། ཚོགས་འཁོར་གྱི་སར་ན་རོ་པའི་སློབ་མ་རྫུ་འཕྲུལ་ཅན་བཞིའི་རྣམ་འཕྲུལ་མཐོང་བས་དད་ཅིང་དེའི་པེཎྜ་པས་ན་རོ་པ་དང་སྤྲད། དགྱེས་རྡོར་གདམས་ངག་དང་བཅས་པ་གསན། ན་རོ་པས་ལུང་བསྟན་སྟེ་ཡེ་ཤེས་སྙིང་པོ་ལ་གསང་འདུས། ཀུ་ཀུ་རི་པ་ལ་མ་ཧཱ་མཱ་ཡ། མཻ་ཏྲྀ་པ་ལ་ཕྱག་ཆེན། རུས་པའི་རྒྱན་ཅན་མ་ལ་གདན་བཞི་སོགས་གསན། སྤྱིར་སྣང་བ་འགྱུར་ངེས་བཅུ་གསུམ་སོགས་བཞུགས། སླར་བོད་དུ་བྱོན། མེས་རྔོག་མཚུར། མགོ་ལེགས་སོགས་ཀྱིས་མཇལ། གསེར་མང་དུ་བསྣམས་སྟེ་འབུལ་བ་དང་མཆོད་པ་མཛད། སླར་ལན་གཅིག་ཡོང་དགོས་པར་ལུང་བསྟན། སླར་བོད་དུ་བྱོན་འགྲོ་དོན་མཛད་ཚེ་ན་རོ་པ་སྤྱོད་པ་ལ་གཤེགས་པར་མཁྱེན་ནས་མཁའ་འགྲོས་བསྐུལ་སྟེ་རྒྱ་གར་ལ་བྱོན། བླ་མ་ཐམས་ཅད་ལ་ཟླ་བ་རེ་ཚོགས་དང་མཎྜལ་ཕུལ་སྟེ་གསོལ་བ་བཏབ་པས་ཐམས་ཅད་ཀྱིས་མཇལ་བར་ལུང་བསྟན། མཐར་ཀ་སོ་རི་པས་ཟླ་བ་བརྒྱད་ན་མཇལ་བར་ལུང་བསྟན། ཟླ་བ་རེ་རེ་ལ་ཉམས་སུ་མཇལ་ཐེངས་རེ་བྱུང༌། མཐར་མངོན་སུམ་དུ་མཇལ་ཏེ་ལོའི་ལུང་བསྟན་ལྟར་པུཥྤ་ཧ་རིར་ཁྲིད་སྟེ་གདམས་ངག་ཐམས་ཅད་རྫོགས་པར་གནང༌། སློབ་མ་བས་ཀྱང་ཡང་སློབ་བཟང་བར་ལུང་བསྟན་ཁ་བ་ཅན་འདུལ་བར་བསྐོས། མཁའ་སྤྱོད་དུ་བྱོན་པར་གཟིགས་སྟེ་གསོལ་བ་བཏབ་པས་སེང་ལྡེང་སྟུག་པོའི་ནགས་སུ་དངོས་སུ་བྱོན་སྟེ་ཆོས་དྲུག་དྲིལ་པ་རྡོ་རྗེའི་མགུར་གསུངས་པས་འདུ་འབྲལ་མེད་པའི་གདེང་ཐོབ་བོ། །བླ་མ་གཞན་རྣམས་ལའང་གཏང་རག་གི་ཕྱག་(ན༢༠བ)


PTT001_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ངོ་མཚར་དུ་མ་གཟིགས་སྟེ་བོད་དུ་བྱོན། བུ་སློབ་མཐའ་ཡས་པ་སྨིན་པར་མཛད། ཕྱག་གི་རྟེན་འབྲེལ་འཕྱུགས་པས་བླ་མས་ལུང་བསྟན་པ་ལྟར་སྲས་ཀྱི་མཆོག་སྐུ་ཡལ། རྔོག་པ་ལ་དགྱེས་རྡོར་སོགས་རྒྱུད་བཤད་དང་སྲེ་འཕོ། མཚུར་སྟོན་ལ་གསང་འདུས་དང་རིམ་ལྔ། མེས་ཚོན་པོ་ལ་མ་ཧཱ་མཱ་ཡ་དང་འོད་གསལ། མི་ལ་ལ་གཏུམ་མོ་གཙོ་བོར་བཏོན་ནས་གདམས་ངག་ཐམས་ཅད་དང༌། མགོ་ལེགས་ལ་ཐུགས་རྒྱུད་གདམས་སྐོར་བཅོ་ལྔ་སོགས་གནང་སྟེ་ཆོས་ཀྱི་བཀའ་བབས་སོ་སོར་གཏད་ཅིང་སྐལ་ལྡན་མཐའ་ཡས་པ་སྨིན་གྲོལ་ཏུ་མཛད་སྟེ་དགུང་ལོ་གྱ་དྲུག་པ་ཟླ་བ་བཅུ་གཉིས་པའི་བཅོ་ལྔ་ལ་ཇོ་མོ་བདག་མེད་མ་འོད་དུ་ཞུ་ནས་བླ་མའི་ཐུགས་ཀར་ཐིམ། དབུ་གཙུག་ནས་འོད་ཟླ་བ་ལྟ་བུ་དང་བཅས་སྟེ་དག་པར་གཤེགས་སོ། །ཡུམ་གྱི་དབུ་ཐོད་དུ་གྲགས་པ་ནི་ཇོ་མོ་གཞན་གྱིའོ། །བུ་ཆེན་ཡང་མཉེས་པའི་བུ་ལྔ། བཀའ་བབས་ཀྱི་བུ་དྲུག་མོས་གུས་ཅན་གྱི་སློབ་མ་བཞི། ཞར་ལ་བསྐྱངས་པ་དཔག་དུ་མེད་པ་བྱོན་ལ། རྔོག་སྟོན་ཆེན་པོ། ལ་སྟོད་རྣལ་འབྱོར་མ། ཆིབས་ཁ་བ་ལྷོ་པ་རྟ་སྒོམ་སྟེ་གསུམ་ལུས་འདིས་མཁའ་སྤྱོད་དུ་བྱོན་ནོ། །རྒྱུད་པའི་བཀའ་ཟིན་པ་ཀ་ཆེན་བཞི་ལས་ལྷོའི་ཀ་བ་རྔོག་ཆོས་སྐུ་རྡོ་རྗེ་ནི་འཁྲུངས་ཡུལ་གཞུང་རི་བོར་འཁྲུངས། རྔོག་ཟིངས་པོ་རྗེ་བྱ་བ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་སུ་འཕྲུལ་དགའི་ལྷ་ཞིག་མི་ཡུལ་དུ་བབས་ཀྱང་ཟེར་ལ་མི་བུ་རིགས་བཞི་ལས་སྟོང་དུ་གཏོགས་ཀྱང་ཟེར། རྔོག་གཙན་གཉན་གྱིས་ཆོས་རྒྱལ་ཁྲི་སྲོང་གི་སྐུ་སྲོག་བཏོན་ཞིང་རྔོག་གཙན་གཟིགས་སྣང་ཞེས་སློབ་དཔོན་པདྨའི་དངོས་སློབ་ཏུ་གྱུར་པས་རྒྱལ་པོའི་སྐུ་རིམ་པ་སྔགས་མཁན་ཆེན་པོ་མཛད། དེ་ཕྱིན་རྙིང་མའི་གྲུབ་ཐོབ་རྒྱུད་པའི་རྔོག་གཡུ་ཁྲི་ལ་དཔལ་ལེ་རཏྣ། ཡུལ་བྱིན་གསུམ་བྱུང་བའི་ཡུལ་བྱིན་གྱི་སྲས་མི་རབས་གཉིས་ནས་རྔོག་ལོ་ཁུ་དབོན་བྱོན་ཞིང༌། དཔལ་ལེའི་ཡང་ཚ་ནི་རྔོག་བན་ཆེན་ཁ་པའོ། །(ན༢༡ན)


PTT001_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་དེ་དང་ཡུམ་འོད་ལྡན་མའི་སྲས་སུ་འཁྲུངས། ཡབ་ཆོས་སོགས་ལ་མཁས་པར་གྱུར་ཚེ་པ་བཟའ་ཆོས་འཚོ་ཁབ་ཏུ་བཞེས། གཞུང་སེ་ལུང་དུ་དགེ་བཤེས་དགྱེར་ཆུང་པ་ལ་རྙིང་མ་གསན་པ་ན་ཁོང་གིས་སྙིང་ནས་རང་ཆོས་བྱེད་ན་སྐྱེས་མཆོག་མར་པ་ལོ་ཙཱའི་སྤྱན་སྔར་འདོང་ངམ་ཞེས་གསུང་པས་མཚན་ཐོས་པ་ཙམ་གྱིས་དད་པ་རང་དབང་མེད་པ་སྐྱེས་ནས་དེ་ནུབ་རང་ཆོས་འཕྲོ་དྲིལ་སྟེ་ནང་པར་བྱོན། མཇལ་མ་ཐག་རྟ་ཕུལ་པས་ཕྱག་རྟེན་ཡིན་ན་ཆེ་ཞུ་རྟེན་ཡིན་ན་ཆུང་གསུངས། རི་བོར་གདན་དྲངས་ནས་སྤོང་དག་དང་པོ་ལ་གནག་བརྒྱ་སྦྲ་དང་བཅས་པ་དང༌། བར་པ་ལ་ཆོས་པོ་ཏི་སུམ་བཅུ་སོགས་གང་ཡོད། མཐའ་མ་ལ་ལུག་ཚེར་མོ་བརྒྱ་ལ་སོགས་པ་གང་ཡོད་ཕུལ། རིམ་པར་དགྱེས་རྡོར་གདན་བཞི། མ་ཧཱ་མཱ་ཡ་རྣམས་ཀྱི་རྒྱུད་མན་ངག་དང་གདམས་ངག་དཔག་མེད་གསན། ཆོས་སྐྱོང་དུ་དུད་སོལ་མ་གནང༌། གཞན་ཡང་གནམ་བྱེ་མ་ལུང་པ་དང༌། ཁམས་པ་ཤེས་རབ་རྡོ་རྗེ་ལ་མཚན་བརྗོད་གསན་ཞིང་དགྱེས་རྡོར་ལྷ་དགུ་བདག་མེད་མ་ལྷ་མོ་བཅོ་ལྔ། གདན་བཞི་ལྷ་མང༌། ཡེ་ཤེས་དབང་ཕྱུག་མ། མ་ཧཱ་མཱ་ཡ་ལྷ་ལྔ། གུར་རིགས་བསྡུས་སྟེ་རྗེ་མར་པ་ལས་བྱུང་བ་དྲུག་དང༌། སྨྲྀ་ཏི་ལུགས་ཀྱི་འཇམ་དཔལ་གསང་ལྡན་སྟེ་བདུན་ལ་རྔོག་དཀྱིལ་བདུན་དུ་གྲགས། རི་བོ་ཁྱུང་ལྡིང་གི་ལྷ་ཁང་བཏབ། འདིའི་དཀྱིལ་འཁོར་སྟེགས་བུ་མཛད་སར་རྔོག་ཡབ་སྲས་ཀྱིས་ལྷ་མོ་བཅོ་ལྔ་ལན་གསུམ་གཟིགས། ཞིང་གི་བར་ན་ནེ་སིང་ཁྱུང་འདྲ་བ་ཡོད་པས་ཁྱུང་ལྡིང་ཟེར་དགུང་ལོ་དྲུག་བཅུ་རྩ་བརྒྱད་ལ་སྐུ་ལུས་འདིས་མཁའ་སྤྱོད་དུ་བྱོན། སློབ་མ་རམ་རྩ་ཅན། པ་ཝ་བ་ཅན། རྔོག་མུན་པ་ཅན། སུམ་པ་ཕོད་ཀ་ཅན་སྟེ་ཅན་བཞི་སོགས་བྱོན། ཁྱད་པར་རིགས་ཆོས་གཉིས་ཀའི་སྲས་རྔོག་ཞེ་སྡང་རྡོ་རྗེ་ནི་པུག་ཡེ་རྒྱལ་གྱི་སྐྱེ་བ་ཡིན། མཚན་མདོ་སྡེ། ལོ་བཞི་པའི་དུས་མི་ལས་གཡོག་བྱས་སྟེ་སྤོང་དག་བར་པ་མཛད། རྒྱུད་འགྲེལ་གྱི་ཆོས་གྲར་ཤིན་དུ་འཚུབ་ཅིང་བླ་མ་(ན༢༡བ)


PTT001_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡབ་ཀྱི་དབུ་སྐྲ་དང་རྨང་ར་ནས་རེ་མོས་ཀྱིས་འཐེན་པས་རྔོག་གིས་འདི་སང་ནས་ཁྲིད་མི་ཡོང་དགོས་པ་འདུག་གསུངས་པས་རྗེ་མར་པའི་ཞལ་ནས་འདི་བླ་མ་ལྷོ་པ་ཆེན་པོ་ལ་རྒྱུད་དངོས་སུ་ཐོས་པ་ཡིན་ཟེར་ནས་ང་ལ་རྒྱུད་པ་འདེད་པ། བོད་ཀྱི་སྔགས་པའི་མཆོག་ཞིག་འོང་པས་ཁྲིད་ཤོག་གསུངས། ལོ་བཅུ་གཉིས་པ་རྟ་ལོ་ལ་ཡབ་གཤེགས། དེ་སྲིད་ཡབ་ལ་བཀའ་ལུང་ཐམས་ཅད་ནོད་ནས་སླར་རྔོག་དང་པ་ཝ་བ་ཅན་ལ་ཞིབ་ཚགས་མཛད། བྱ་ལོ་ཆག་ལོ་ར་ལོ་གཉན་ཆུང་ལོ་ཙཱ་ཤུད་བུ་ལོ་ཙཱ་ཟངས་དཀར་བ་རི་སོགས་མང་དུ་བསྟེན། ལོ་བཅོ་བརྒྱད་པ་ལ་ཡབ་ཀྱི་ཇོ་མོ་ཞིག་གིས་ཀ་ཝ་ལི་དྲ་བ་སྔོན་པོ་ཅན་དང་ཕྱིང་ཁུག་དྲ་བ་སྔོན་པོ་ཅན་བྱ་བ་ཡབ་ཀྱིས་བཞག་པ་གཏད་བྱུང་བ་ཀ་ཝ་ལི་ནས་རྒྱུད་བཤད་ཁྱད་པར་བ་དང་ཕྱིང་ཁུག་ནས་མན་ངག་ཁྱད་པར་ཅན་དུ་མ་བྱུང༌། གཙང་དུ་བྱོན་ནས་ཆུ་མིག་རིང་མོ་ན་བཞུགས་ཚེ་ཇོ་མོ་སྒྲེ་མོ་བྱ་བ་རས་ཆུང་པའི་སློབ་མ་དེ་ན་རེ་ངའི་མཁན་པོ་ཆུ་མིག་རིང་མོ་ན་འོ་བརྒྱལ་ཆང་ལ་ཆུ་རྒྱོབ་གསུངས་ནས་སྤྱན་དྲངས་སྟེ་སང་དགོང་རིག་མ་འདིའི་སར་བྱོན་ན་གདུང་རྒྱུད་འོང་ཞེས་དང༌། རྗེ་མར་མིའི་གདུང་སོགས་བཞུགས་པའི་གདུང་རྟེན་ཞིག་ཕུལ་སྟེ་ཚགས་མཛད་པར་ཞུས། སྲས་གཙང་ཚ་ཇོ་སྲས་ཚུལ་ཁྲིམས་ཤེས་རབ་འཁྲུངས་སྟེ་ལོ་བཞི་ལོན་པ་ཅིག་དབུས་སུ་ཕུལ་ཕྱིས་ཀྱང་བྱོན་པ་མཁྱེན་ཞིང་གདུང་རྟེན་དེ་ཁམས་སུ་ཐོགས་པ་མཁྱེན་ནས་ཕྱིས་མར་མིའི་གདུང་བཞུགས་པའི་གདུང་རྟེན་ཁྱད་པར་ཅན་ཕུལ་སྟེ་ད་ལྟ་མར་པ་གདུང་ཁང་ན་བཞུགས། མཁས་པ་ཕྱ་གཡོར་གཉིས་དང་ཞང་རིན་པོ་ཆེ་སོགས་དགེ་བཤེས་གདུགས་ཐོགས་བཞི་བརྒྱ་ཙམ་ལ་ཉ་མོ་སྐྱུར་དུ་ཆོས་འཁོར་ཆེན་པོ་མཛད། རྗེ་མར་པའི་སྲས་མོ་ཞིག་བྱོན་པ་ལ་གྲལ་དབུ་ཞུས། དེས་རྗེ་མར་པའི་གདུང་རྣམས་ཕྱག་དུ་ཕུལ། ཆོས་འཁོར་བ་ཀུན་གྱིས་དབོན་མོ་ལ་འབུལ་བ་བྱས་པས་ཁོང་ཕྱག་རྟེན་གྱིས་ནུབ་པ་བྱུང་སྐད། གདུང་རྣམས་ལ་དངུལ་གྱི་གདུང་ཁང་ཞིག་བཞེངས། དགུང་ལོ་དོན་བདུན་པ་ཁྱི་ལོ་ལ་ཉ་མོ་སྐྱུར་དུ་མྱ་ངན་ལས་འདས། སློབ་མ་རྩགས་དར་མ་རྒྱལ་པོ། མགར་སྟོན་བཀྲ་ཤིས་དབང་(ན༢༢ན)


PTT001_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག །འདི་གཉིས་ནས་མགར་འབུམ་དང་རྩགས་འབུམ་བྱུང༌། རྔོག་ཚ་ཆོས་སྐུ། ངོ་རྗེ་ཆེན་པོ་འདི་ནས་གཉལ་དྭགས་ཀྱི་ངོ་རྗེ་རྣམས་བྱུང༌། བྱ་ནག་ཆེན་པོ་འདི་ནས་བྱ་བ་རྣམས་བྱུང་ཞིང་ལྷ་མོ་གསེར་གྱི་སྤུ་གྲི་དང་དུད་སོལ་མ་ཉིད་ཡིན། མཚུར་དུམ་བུ་ཁ་བ། ལྷོ་ནག་ཆེན་པོ་དཀར་སྟོན་ཆོས་འོད་སོགས་མང་དུ་བྱོན་ཞིང་དགེ་བཤེས་གདུགས་ཐོགས་སུམ་བརྒྱ་དང་དྲུག་བཅུ་བྱོན་པར་གྲགས། ཡུམ་ཇོ་སྐྱབས་ལ་སྲས་ལྔ་འཁྲུངས། གསུམ་གཞོན་རིམ་གྱིས་གཤེགས། ཇོ་བསོད་ལོ་ཉེར་ལྔ་ལ་གཤེགས། ཇོ་སྲས་ཐོགས་མེད་གྲགས་པ་འཕྲིན་ལས་ཆེ་ཡང་སོ་བདུན་ལ་ཐེགས། དེའི་སྲས་རྒྱལ་ཚལ་མོ་དང་རྒྱལ་ཚ་རྡོར་སེང་ཡིན། གཅེན་པོ་གཙང་ཚ་ཚུལ་ཤེ་ལོ་ཞེ་བཞི་བཞུགས། སྲས་རྔོག་ཀུན་དགའ་འཁྲུངས་མ་ཐག་དུ་ཡབ་གཤེགས་ནས་དབོན་པོ་གསུམ་ག་མེས་པོས་བསྐྱངས་ཤིང་ཀུན་དགའ་ལོ་བཅུ་ལོན་ཚེ་མེས་པོ་གཤེགས་ནས་སློབ་དཔོན་ར་མོ་ལ་ཆོས་ཚར་བར་མཛད། འདིས་རྗེ་སྒམ་པོ་པའི་དངོས་སློབ་མ་ལ་ནག་ལ་ཆོས་མཐའ་དག་ཞུས། ཚངས་སྤྱོད་ཀྱི་སྡོམ་པ་ཞུས་པ་གདུང་རྒྱུད་དཔེལ་དགོས་གསུངས་ནས་མ་གནང༌། ཕྱིས་ར་མོའི་སྲས་ལྕམ་མོ་སྐུ་མཆེད་གསུམ་གྱི་དུས་བགོ་བཤའ་མཛད་པས་ས་གདན་ཕྱག་རྫས་རྣམས་སྐུ་མཆེད་གསུམ་དང་མར་པའི་གདུང་ཁང་གིས་གཙོས་པའི་བྱིན་རླབས་ལྷ་རྟེན་རྣམས་ཀུན་དགའི་སྐུ་སྐལ་དུ་བྱུང་སྟེ་ཁུར་ནས་བྱོན་པ་ན་ཡོན་བདག་སྤྲེའུ་བྱ་བས་ངའི་ཞིང་སྟེང་འདིར་གཟིམས་ཁང་གྱིས་ཟེར་བ་ལྟར་མཛད་སྟེ་སྤྲེ་ཞིང་དུ་གྲགས་ལོ་དོན་བརྒྱད་བཞུགས། མར་པའི་གདུང་ཁང་གི་རྟེན་འབྲེལ་གྱིས་གདན་ས་དངོས་སུ་སོང་ཞིང་སྲས་རྒྱུད་གདན་ས་རྔོག་གཟི་བརྗིད་གྲགས་པ། འདིས་རབ་བྱུང་མཛད། འདི་ཡན་སྔགས་ཆས་ཅན་རིམ་དགུང་ལོ་བརྒྱད་བཅུ་བཞུགས། དེ་ནས་རིམ་བཞིན་རྔོག་རིན་ཆེན་བཟང་པོ། རྔོག་ཆོས་རྒྱལ་བ། རྔོག་དོན་གྲུབ་དཔལ་བཟང༌། རྔོག་བྱང་ཆུབ་དཔལ་བ། རྔོག་བཀྲ་ཤིས་དཔལ་གྲུབ། རྔོག་བྱང་ཆུབ་དཔལ་གྲུབ། རྔོག་བྱང་ཆུབ་གྲགས་པའི་བར་དུ་སྐྱེས་བུ་དམ་པ་བྱོན་ལ་དེ་དག་གི་མཆེད་ཟླ་དང་རྔོག་ཚང་འོག་མའི་ཞལ་ངོ་ཡང་ཕྲིན་ལས་ཅན་དུ་མ་བྱོན་ཞིང་(ན༢༢བ)


PTT001_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་སྔར་རྔོག་ཆོས་ཤིན་དུ་དར་བས་ཞལ་ངོ་དང་སློབ་རྒྱུད་ཀྱིས་བྱས་པའི་རྒྱུད་བཤད་དང་སྐྱེད་རྫོགས་ཁོ་ནའང་དེང་དུས་བགྲང་གིས་མི་ལང་བར་སྣང་ངོ༌། །རྗེ་མར་པའི་བཀའ་རྒྱུད་ལས་རྔོག་པའི་བཀའ་རྒྱུད་ཀྱི་སྐབས་སོ། །ཤར་གྱི་ཀ་ཆེན་མཚུར་སྟོན་དབང་གི་རྡོ་རྗེ་ནི་ཡུལ་དོལ་མདའ། གདུང་མཚུར། ཡབ་སྔགས་པ་མཐུ་བོ་ཆེ་ཞིག་གི་སྲས་སུ་འཁྲུངས། སློབ་གཉེར་ལ་དཀའ་བ་དུ་མ་མཛད། ཕྱིས་འབུམ་བཞེང་བའི་ཡིག་མཁན་ལས་རྗེ་མར་པའི་སྙན་པ་ཐོས་སྟེ་དྲོ་བོ་ལུང་དུ་བྱོན། སྐུ་དགྲ་མར་པ་མོན་ནག་བཏུལ། ཕྱིས་དོལ་དུ་ཡང་སྤྱན་དྲངས་ཤིང་སྤྱིར་གསང་བ་འདུས་པའི་རྒྱུད་མན་ངག་རྫོགས་པར་གནང༌། དེ་ལ་སློབ་མའི་གཙོ་བོ་ཁམས་པ་རོ་མཉམ་རྡོ་རྗེ་ནི་རྒྱ་གར་དུ་གསང་འདུས་འཚོལ་དུ་བྱོན་པས་ཉན་ས་མ་རྙེད་པར་བོད་དུ་བྱོན། མཚུར་ལ་རྫོགས་པར་ཞུས། རྒྱུད་ཀྱི་ཊཱི་ཀའང་མཛད་པར་གཉིས་མེད་རྣམ་རྒྱལ་ཆེན་མོ་དྲངས་འདུག་སྐད། ཁོན་འདབ་ཀཱིརྟི་ནི་མང་ར་བ་སེང་གེ་རྒྱལ་མཚན་སོགས་ཀྱི་སློབ་མ་གསང་འདུས་ལ་ཤིན་དུ་མཁས་པ་ཡིན་ཡང་མན་ངག་མ་བྱུང་བས་མཚུར་ལ་བསྟེན་ཞིང་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མཐར་ཕྱིན་ནོ། །དེ་ནས་རིམ་པས་བྱ་ཁང་བ་བསོད་རིན། ཐུར་ལ་བ་ཚུལ་ཁྲིམས་སྐྱབས། ཐང་སེ་པ་འཕགས་པ་སྐྱབས། གསེར་སྡིངས་པ་གཞོན་ནུ་འོད། ཀུན་མཁྱེན་ཆོས་སྐུ་འོད་ཟེར། ཀུན་མཁྱེན་འཕགས་འོད། བུ་རིན་པོ་ཆེ། དེས་དར་རྒྱས་སུ་མཛད་ལ། ཕྱིས་རྗེ་ཙོང་ཁ་པ་ཆེན་པོས་དར་ཞིང་རྒྱས་པར་མཛད་ཏོ། །གསང་བ་འདུས་པའི་བཤད་སྒྲུབ་མཚུར་སྟོན་བཀའ་རྒྱུད་ཀྱི་སྐབས་སོ། །ནུབ་ཀྱི་ཀ་ཆེན་གཙང་རོང་གི་མེས་ཆེན་པོ་ནི་ཉང་སྟོད་སྟག་ཚལ་བ་ཡིན། མཚན་བསོད་ནམས་རྒྱལ་མཚན། གནས་གཞི་ར་དོའི་བདག་པོ་ཡིན། སྤོང་དག་ལན་གསུམ་གྱིས་རྗེ་མར་པ་ཤིན་དུ་མཉེས། མ་ཧཱ་མཱ་ཡ་དང་གདམས་ངག་མཐའ་ཡས་པར་གནང༌། སློབ་མ་ཞང་བསོད་ནམས་མཁའ་སོགས་གྲུབ་ཐོབ་ཏུ་མ་བྱོན་ནོ། །མེས་སྟོན་བཀའ་རྒྱུད་ཀྱི་སྐབས་སོ། །བྱང་གི་ཀ་ཆེན་རྗེ་མི་ལ་ནི། ཡུལ་ལ་སྟོད་མང་ཡུལ་གུང་ཐང་གི་བྱེ་(ན༢༣ན)


PTT001_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་སྐྱ་རྔ། དེ་ལས་རྩ། དེ་ལས་ཀོ་རིན་དུ་འཁྲུངས། གདུང་ཁྱུང་པོ་ཁྱད་པར་མི་ལ། ཡབ་ཤེས་རབ་རྒྱལ་མཚན་དང་ཡུམ་ཉང་ཚ་དཀར་རྒྱན། ཆུང་ངུ་ལ་ཡབ་གྲོངས་པས་ཁུ་བོ་དང་ཨ་ནེས་ནོར་གཞིས་ཕྲོགས། ཡུམ་གྱི་བཀས་དབུས་སུ་བྱོན་སྟེ་མཐུ་སེར་གྱིས་དགྲ་ཐམས་ཅད་བརླག་པར་མཛད། རྫོགས་ཆེན་པ་མཛད་དུས་རོང་སྟོན་ལྷ་དགས་རྗེ་མར་པའི་སྙན་པ་བརྗོད་པ་གསན་པས་མི་བཟོད་པའི་དད་པ་སྐྱེས་སྟེ་དེ་མ་ཐག་བྱོན། རྗེ་མར་པ་ལ་ཡང་བུད་མེད་གཉིས་ཀྱིས་ཤེལ་གྱི་རྡོ་རྗེ་ཞིག་གཏད་ནས་འདི་ཁྲུས་ལ་རྒྱལ་མཚན་གྱི་རྩེར་ཞོག་བླ་མའི་བཀའ་ལུང་ཡིན་ཟེར་བ་ལྟར་བྱས་པས་འོད་ཀྱིས་འཛམ་གླིང་ཁྱབ་པའི་ལྟས་གཟིགས་པས་བསུ་བར་བྱོན་སྟེ་ང་རྒྱལ་མི་སྐྱེ་བའི་ཕྱིར་ཕྲུ་སློག་པ་ལྟར་མཛད། འདི་རྐོས་ཅིག་གསུངས་སྟེ་བཀའི་ཐོག་མ་བསྒྲུབས། ཆང་གནང་བ་འཐུངས་པས་གདམས་ངག་གི་སྣོད་དུ་དགོངས། སྐུ་མཁར་ཟླུམ་པོ། སོག་ཀ་ཟླ་ཁམ། གྲུ་གསུམ་རྣམས་བརྩིགས་ཤིང་བཤིག །མཐར་གྲུ་བཞི་དགུ་ཐོག་རྩེ་མོ་རིན་པོ་ཆེ་འབར་བ་ལྟ་བུ་རྩིགས་གསུངས་ནས་བརྩིགས་ཤིང་མདོ་ཁྱམས་དང་དབུ་རྩེ་སོགས་བརྩིགས། དབང་གྲལ་ནས་ལན་མང་དུ་བཏོན་པ་སོགས་ཡིད་ཆད་ཆེན་པོ་བདུན་གྱིས་སྒྲིབ་པ་སྦྱངས། ཡི་ཆད་ཆེན་པོ་ལན་དགུ་ཐོངས་ན་ཐོས་པས་གྲོལ་བ་ཞིག་འོང་བ་ལ། ད་སྙིང་རུས་ཅིག་དགོས་སྟེ་སླ་ནས་འོང་གསུངས་སྔོན་གྱི་མནལ་ལྟས་ལས་རྡོ་རྗེ་རྒྱལ་མཚན་དུ་མཚན་བཏགས་སྟེ་བདེ་མཆོག་གི་དཀྱིལ་འཁོར་དུ་དབང་བསྐུར་ཚེ་འདི་ནི་མཚོན་བྱེད་དཔེའི་དཀྱིལ་འཁོར་ཡིན། མཚོན་བྱ་དོན་གྱི་དཀྱིལ་འཁོར་འདི་ན་ཞེས་ན་མཁའ་བསྟན་པས་བདེ་མཆོག་གི་ལྷ་ཚོགས་དངོས་སུ་གཟིགས་སྟེ་ལྷ་དང་བླ་མས་གསང་མཚན་བཞད་པའི་རྡོ་རྗེར་བཏགས། གདམས་ངག་ཐམས་ཅད་ཚང་སྤྲུགས་སུ་གནང་ནས་སྒོམ་དུ་བཅུག །མནལ་ལམ་དུ་ཡུལ་གྱི་ཁང་པ་ཅིག །ཡུམ་གྲོངས། སྲིང་མོ་འཁྱར་པ་སོགས་གཟིགས་པས་ཡུལ་ལ་འབྱོན་པར་འདོད་ནས་ཞུར་བྱོན་པས་མཁར་དང་སྐར་ཁུང་ནས་བླ་མའི་དབུ་ལ་ཉི་མ་(ན༢༣བ)


PTT001_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

ཤར། བླ་མ་མནལ་ཏུ་སོང༌། ཡུམ་གསོལ་འདྲེན་དུ་བྱུང་བའི་དབུ་སྔས་སུ་གཙང་ལ་ཡར་འགྲོའི་གླུ་ཕུལ་བས་ཁྱོད་འགྲོ་ན་བཏང་བས་ཆོག་སྟེ་ང་གཉིད་དུ་སོང་བ་དང་ཐུག་པས་ཕྱིས་མི་ཕྲད། མཁར་དང་ངའི་མགོ་ལ་ཉི་མ་ཤར་བས་ཁྱོད་ཀྱིས་བསྟན་པ་སྤྱི་དང་བཀའ་རྒྱུད་ཀྱི་བསྟན་པ་ཉིན་མོར་བྱེད། བདག་མེད་མས་ཟས་ཁྱེར་བ་འདིས་ཁྱོད་ཏིང་འཛིན་གྱིས་འཚོ་བའི་རྟེན་འབྲེལ་ཡིན་གསུངས་སྟེ་གདམས་ངག་ཐམས་ཅད་གནང་སྟེ་སྡུག་ཐུག་པའི་དུས་འདི་ལྟོས་དེ་བར་མ་ལྟ་གསུངས་ནས་ཤོག་དྲིལ་ལ་ཐམ་མ་ཞིག་གནང༌། ཁྱོད་ལ་བྱིན་དང་གཞན་ལ་བྱིན། །གལ་སྟེ་སྲང་ལ་བཅལ་ཡོད་ན། །སུམ་འགྱུར་བས་ཀྱང་མི་ལྷག་རི། །གསུང་སྟེ་བསྟན་པ་གཏད། ཆོས་ལའི་བར་སྐྱེལ་ཐུང་མཛད་སྟེ་སྤྱི་བོར་ཕྱག་བཞག་ནས་སྨོན་ལམ་དང༌། གཙང་སིལ་མ་ལ་ཡི་ལ་རྩེ་ན། །བསྟན་མ་བཅུ་གཉིས་ཀྱི་བསུ་མ་ཡོད། །སང་ཉིན་འགྲོ་བའི་ལམ་བར་ལ། །དཔའ་བོ་མཁའ་འགྲོའི་སྐྱེལ་མ་ཡོད། །ཕ་ཡུལ་ཞེན་པའི་མཁར་ཞིང་ན། །མི་རྟག་སྒྱུ་མའི་སློབ་དཔོན་ཡོད། །ཨ་ནེ་སྲིང་མོའི་ཉེ་འཁོར་ལ། །སྒྱུ་མ་བཤིག་པའི་མན་ངག་ཡོད། །ཡུལ་མི་རྩིས་ཆུང་རང་ཡུལ་དེར། །འཕྲལ་གཡེང་བ་མེད་པའི་དགེ་སྦྱོར་ཡོད། །ཟས་དཀོར་ཟས་མེད་པའི་རང་ཟས་ལ། །བདེ་ལ་ལྷ་ཡི་ཕམ་ཕབས་ཡོད། །མི་མེད་ལུང་པའི་བྲག་ཕུག་ན། །འཁོར་འདས་བརྗེ་བའི་ཚོང་འདུས་ཡོད། །མཚམས་དམ་པོ་མི་མེད་ཁྱི་མེད་ན། །རྟགས་མྱུར་དུ་མཐོང་བའི་སྒྲོན་མེ་ཡོད། །ནད་མེད་ཟྭ་ཡི་ཚོགས་འཁོར་ལ། །མ་མཁའ་འགྲོ་མཉེས་པའི་བདུད་རྩི་ཡོད། །འཕྲུལ་འཁོར་གནད་ཀྱི་ཁ་བསྒྱུར་ལ། །འབྲས་རིན་ཆེན་སྐྱེ་བའི་སོ་ནམ་ཡོད། །གྲིབ་དྭངས་པ་ལྷ་ཡི་གཞལ་ཡས་ན། །རང་དོན་ཆེན་འགྲུབ་པའི་ལྟད་མོ་ཡོད། །མི་ལ་རས་པའི་སྙིང་རུས་ལ། །སངས་རྒྱས་བསྟན་པའི་སྲོག་ཤིང་ཡོད། །མར་པ་ལོ་ཙཱའི་བུ་རྒྱུད་ལ། །གཏམ་སྙན་མང་པོའི་ཡོང་སྒོ་ཡོད། །ཅེས་ལུང་བསྟན་སྟེ་གངས་ཏི་སེ་ལ་ཕྱི་ཆུ་བར། བྲག་དམར་སྤོ་མཐོན། ཡོལ་མོ་གངས་ར་རྣམས་ལ་སྒོམས། ཤར་ཕྱོགས་ན་ཙཱ་རི་ཏྲ་ཡོད་སྟེ་ད་ལྟ་དུས་ལ་མ་བབས་མ་འོངས་(ན༢༤ན)


PTT001_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཁྱོད་ཀྱིས་གྲུབ་རྒྱུད་ཀྱིས་འཛིན་པར་འགྱུར་ཞེས་གནས་དང་རྒྱུད་འཛིན་ལུང་དུ་བསྟན་སྟེ་བྱོན། རྔོག་ལ་ཕྱི་ཕྱག་མཛད། ཞག་གསུམ་ལ་ཡུལ་དུ་ཕེབས། མནལ་ལམ་བཞིན་གཟིགས་པས་སྐྱོ་ཤས་ཆེར་སྐྱེས་སྟེ་དང་པོར་རྐང་ཚུགས་ཕུག་དུ་ཞིང་རིན་ལ་བསྟེན་ནས་བསྒོམས། དེ་ནས་བྲག་དཀར་རྟ་སོར་ཟྭའི་ཚོད་མ་ལ་བསྟེན་སྟེ་བཅུ་གཉིས་ཆ་བཞིའི་དམ་བཅའ་མཛད་ནས་བསྒོམས་ཚེ་སྲིང་མོ་དང་མཛེས་སེའི་ཟས་སྐོམ་གྱིས་རྐྱེན་བྱས་སྟེ་ཁམས་འདུས་པའི་རྣམ་པ་ཅི་ཡང་བྱུང་ཚེ་ཤོག་དྲིལ་གཟིགས་པས་རླུང་སེམས་གཉིས་མེད་ཀྱི་གདམས་ངག་བྱུང་སྟེ་བོགས་སུ་ཐོན། གྲུབ་པ་ཐོབ་ནས་སྨིན་ཁྱུགས་གྲིབ་མའི་རི་དང་ཕན་ཚུན་དུ་འཕུར་ཞིང་བསྒོམས། ལིང་པའི་བྲག་དུ་དབུ་མའི་མར་སྣར་མེ་རླུང་ཚུད་པའི་རྟེན་འབྲེལ་བྲག་སྲིན་མོའི་ཆོ་འཕྲུལ་སྣང་བ་དང༌། སྨན་ལུང་ཆུ་བར་དུ་མགྲིན་པའི་རྩ་མདུད་ཞིག་པའི་རྟེན་འབྲེལ་ཚེ་རིང་མའི་སྐོར་སྣང༌། ཆུ་ལ་མི་བྱིང་པས་ཞུ་ཡས་དར་མ་དབང་ཕྱུག་དང་ཁྱི་དང་ཤ་བ་མ་སྨད་ལྟར་དུལ་བས་ཁྱི་ར་བ་རྡོ་རྗེ་མགོན་པོ་བཏུལ། མཚོ་མ་ཕམ་ཕྱག་སོར་གྱི་རྩེ་ལ་ལེན་པ་དང༌། ཏི་སེའི་རྩེར་གཤེགས་པ་ལ་སོགས་པའི་རྫུ་འཕྲུལ་གྱིས་ན་རོ་བོན་ཆུང་བཏུལ། སྙན་པས་ས་ཐམས་ཅད་ཁྱབ་ཅིང་རྗེ་སྒམ་པོ་བ་ལ་བསྟན་པ་གཏད་སྟེ་དགུང་ལོ་གྱ་བཞི་ལ་མངོན་དགར་གཤེགས། སྣང་བ་དག་པའི་ངོར་སྐུ་གདུང་མ་བྱུང༌། འབྲིང་གིས་ཤེལ་གྱི་མཆོད་རྟེན་དུ་བྱས་པ་དང་སེང་གེ་ལ་བཅིབས་པ་མཁའ་འགྲོས་སྤྱན་དྲངས་པར་མཐོང༌། ཐ་མས་སྤུར་གཉིས་བྱུང་བ་བྲིན་དང་ཆུ་བར་གཉིས་ཀར་བཞུ་ཞིང་གདུང་རུས་མ་བཞག་པར་མཐོང་ངོ༌། །སློབ་མའི་མཆོག་ནི་ལྐོག་གྱུར་དབང་པོ་ཡང་རབ་ཀྱི་དོན་བྱེད་པ་སྔགས་སྐྱེས་ལྷན་ཅིག་སྐྱེད་པའི་སྒྲོན་མེ། མི་མ་ཡིན་འདུལ་བ་བཀྲ་ཤིས་ཚེ་རིང་མ། མི་འདུལ་བ་རྗེ་སྒམ་པོ་པ། རས་ཆུང་པ། འབྲི་སྒོམ་རས་པ། སེ་བན་རས་པ། རས་པ་ཞི་བ་འོད། ཁྱི་ར་རས་པ། ངམ་རྫོང་རས་པ། བདེ་བ་སྐྱོང༌། ར་རྫི་རས་པ་སྟེ་རས་པ་མཆེད་བརྒྱད། སྐུ་སྒྲེས་ཀར་འཁྲུངས་པའི་སྟོན་པ་དྲུག །རས་མ་བཅུ་གཉིས། ཁྱིམ་པའི་ཚུལ་ཅན་གྱི་གྲུབ་ཐོབ་མ་དྲུག་(ན༢༤བ)


PTT001_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བགྲང་གིས་མི་ལང་བ་བྱོན། ཞི་བ་འོད། ཁྱི་ར་རས་པ། སངས་རྒྱས་སྐྱབས། རོང་ཆུང་རས་པ། ལྕམ་པྲེ་ཏ། མཛེས་སེ། དཔལ་དར་འབུམ། སལ་ལེ་འོད། རས་ཆུང་མ། ཉ་མ་ལེགས་སེ་སྟེ་ལུས་འདིས་མཁའ་སྤྱོད་དུ་བྱོན་པ་མང་དུ་བྱུང་ངོ༌། །ཁྱད་པར་ཆོས་རྒྱུད་ཟིན་པ་མུས་ཏ་མོ་གླིང་ཁའི་འབྲི་སྒོམ་རས་པ་ནི་རྔོག་དཔྱལ་སོགས་བླ་མ་མང་དུ་བསྟེན་པ་ཅིག་གིས་རྗེ་མི་ལ་རྩ་བའི་བླ་མར་བསྟེན། ལོ་སུམ་བཅུར་སྒྲུབ་པ་མཛད་ཅིང༌། མལ་ཡེར་བ་པ་ལ་སོགས་པའི་སློབ་མ་བྱུང་ངོ༌། །རས་པ་ཞི་བ་འོད་ནི་བྲག་སྒྱེ་ཆུར་སྒྲུབ་པ་རྩེ་གཅིག་དུ་མཛད་མཐར་བྲག་ཕུག་གི་སྤྱི་བོ་བཏོལ་ནས་མཁའ་སྤྱོད་དུ་བྱོན་སྟེ་སློབ་མ་དམ་པ་རས་ཆེན་ནས་བརྒྱུད་པ་ཞི་བ་འོད་ཀྱི་སྙན་རྒྱུད་འཛིན་པ་བྱུང་ངོ༌། །མདོ་བཀྲ་ལྕིམ་ལུང་གི་ངམ་རྫོང་སྟོན་པ་བྱང་ཆུབ་རྒྱལ་པོ་ནི་བྱམས་ཆོས་དང་གསང་སྔགས་ལ་མཁས་པའི་སྟོན་པ་ཅིག་གིས་རྗེ་མི་ལ་རྩ་བའི་བླ་མར་བསྟེན་ནས་སྙན་རྒྱུད་བསྐྱངས་པ་ལ་ངམ་རྫོང་སྙན་རྒྱུད་ཅེས་གུང་ཐང་རས་པ་ནས་རྒྱ་ཕོ་བ་ལུང་པ་ལ་བརྒྱུད་པ་དང་གཉལ་པ་གསུང་བཅད་པ་ནས་དམར་བུ་བྲག་པ་ལ་བརྒྱུད་པ་སོགས་བྱུང་ངོ༌། །སློབ་མའི་གཙོ་བོ་གཅིག་ནི་རས་ཆུང་པ་སྟེ་མང་ཡུལ་གུང་ཐང་གི་པདྨ་དཀར་པོའི་གྲོང་ཕྲེང་རར་གཉན་དར་མ་གྲགས་ཀྱིས་སྲས་སུ་འཁྲུངས་རྡོ་རྗེ་གྲགས་སུ་བཏགས། ལོ་བདུན་ན་ཡབ་གཤེགས། ཡུམ་དང་ཁུ་བོ་འདུས་པ་ཤིན་དུ་སྡང་བར་བྱུང༌། ཀློག་ཚེགས་མེད་དུ་མཁྱེན་ནས་ཀློག་གི་ཟས་ཡོན་གྱིས་མ་ཁུ་བསྐྱངས། ལོ་བཅུ་གཉིས་ལ་རྗེ་མི་ལ་དང་མཇལ་སྟེ་རང་བྱུང་གི་སྒོམ་སྐྱེས། ཡང་མ་ཁུས་ས་གཉན་དུ་མ་རྐོར་བཅུག་པས་བསྙུང་འཛེ་བྱུང༌། ཛོ་གི་རི་བོ་རྩེ་ལྔ་ལ་འགྲོ་བ་ཞིག་གིས་ཀྱལ་མ་ལ་སྦྱར་སྟེ་རྒྱ་གར་དུ་བཏོལ། བླ་མ་ཝ་ལ་ཙཎྜས་གཏུམ་པོ་ཁྱུང་ཤམ་ཅན་གནང་སྟེ་ཟླ་བ་གསུམ་བསྒྲུབས་པས་དང་པོར་བསྙུང་དུ་སོང་ཡང་མཐར་རྟགས་ཁྱད་པར་ཅན་བྱུང༌། ནད་གདོན་ཡུལ་བུད། སླར་གཏང་རག་དུ་གསེར་སྲང་གསུམ་བཙལ་ནས་ཕུལ། རྗེ་བཙུན་མི་ལ་བསྟེན་པས་རས་ཆུང་པར་གྲགས། སླར་ལུས་མེད་(ན༢༥ན)


PTT001_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོའི་ཆོས་སྐོར་བཞི་ལེན་པ་ལ་བླ་མས་རྒྱ་གར་དུ་མངགས་སྟེ་བྱོན། ཏི་པུ་བ། གྲུབ་པའི་རྒྱལ་མོ། བལ་པོར་ཡེ་རང་པ་རྣམས་ལ་གདམས་ངག་མཐའ་ཡས་གསན། ཏི་པུ་པས་རྗེ་མི་ལ་ལ་ཨ་ག་རུ་ནག་པོའི་ཕྱག་མཁར་སོགས་ཀྱི་སྐྱེས་བསྐུར། ལོ་ཙཱ་བས་ཚིག་གི་ལྷད་བཅུག་པའི་སྐྱོན་རྣམས་བལ་པོར་བྷ་རི་རྣལ་འབྱོར་མ་གྲུབ་ཐོབ་མ་དེས་བསལ། རྗེ་བཙུན་མི་ལས་ཀྱང་རས་ཆུང་པ་ཤེལ་གྱི་མཆོད་རྟེན་དུ་རྟག་དུ་གཟིགས། མུ་སྟེགས་ཀྱི་སྟོན་པ་ཅིག་གིས་ཕན་གནོད་ཀྱི་མན་ངག་མང་དུ་ཕུལ་བས་དེ་ཕྱིན་རླུང་འཚུབ་ཀྱིས་བཏུམས་པར་གཟིགས། བླ་མ་ལ་ཕྱག་ལན་རེ་བ་དང༌། ལོག་རྟོག་སྐྱེ་བ་དང༌། ཐུགས་རྒྱལ་སྐྱེ་བ་ཐམས་ཅད་འདིས་ལན་པར་འཆད། དེས་ན་གནོད་བྱེད་ལྟ་ཞོག་ཕན་བྱེད་ཡིན་ཡང་མུ་སྟེགས་དང་འབྲེལ་བ་ནི་གཏན་མི་རུང་བ་ཡིན་ནོ། །བླ་མས་དཔལ་ཐང་ནས་བསུས་སྟེ་གཡག་རུའི་སྐོར་དང་རྐྱང་མགུར་སྐོར་རྣམས་བྱུང་ཞིང་མཆོག་གི་གདམས་པ་རྣམས་མཁའ་འགྲོས་སྤྱན་དྲངས་ཤིང་མུ་སྟེགས་ཀྱི་མན་ངག་རྣམས་བསྲེགས། དད་པ་རྩ་བ་ནས་ལོག་པ་རྫུ་འཕྲུལ་མང་པོས་བཏུལ་སྟེ་སླར་གསོལ་བ་བཏབ་པས་མཁའ་འགྲོའི་ཆོས་རྣམས་ཚང་བར་བྱུང་སྟེ་དད་པ་ལྷག་པར་སྐྱེས་ནས་སྔར་ལོ་བཅུ་གཉིས་ཕྱགས་ཕྱི་བྱས། ད་དུང་ལོ་བཅུ་གཉིས་མི་འབྲལ་བའི་དམ་བཅའ་ཕུལ། མན་ངག་རྣམས་བླ་མ་ལ་ཡང་ཕུལ། བླ་མས་ཀྱང༌། བཅུ་གསུམ་བར་དུ་ཆིག་རྒྱུད་རྒྱ་ཡིས་གདབ། ཅེས་པ་བདེ་མཆོག་སྙན་རྒྱུད་གནང་བས་ཐུགས་ཚིམ་སྟེ་ཉ་མ་རྣམས་ཀྱིས་རས་ཆེན་ལས་རས་ཆུང་ངོ་མཚར་ཆེ་ཞེས་བསྙེན་བཀུར་གོ་ལོག་དུ་བྱས་པས་དབུས་སུ་འབྱོན་པར་ཞུས་པ་བླ་མས་ཇི་ཙམ་བཤོལ་ཡང་མ་གསན་པར་བྱོན། འཇིག་རྟེན་པའི་ཁྱི་མོ་ཞིག་གིས་རྐང་པ་ནས་འཛིན་པར་འདུག་གོ་དེ་ལ་ཟོན་ཆེར་གྱིས་ཅིག་གསུངས། བླ་མ་བལ་པོ་དང་མཚུར་སྟོན་དང་མཇལ་བས་ཕྱིས་རྒྱ་བོད་ན་རྗེ་མི་ལ་ལས་ལྷག་པ་མི་འདུག་པར་ཡིད་འཆེས། ལྷ་ལྕམ་ལྡེམ་བུའི་སྐོར་གྱིས་ཐུགས་བྱུང་སྟེ་བླ་(ན༢༥བ)


PTT001_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

མའི་དྲུང་དུ་བྱོན་སྟེ་རིང་དུ་བཞུགས། བླ་མས་གསེར་གཡུ་ཀ་པཱ་ལ་གང་གནང་ནས་དགོས་པའི་དུས་ཡོད་པས་ཁྱེར་གསུངས། རས་ཆུང་པ་ཁྱོད་དབུས་སུ་འགྲོ་རན་གསུངས་ཞིང༌། བུ་བཞིའི་ནང་གི་དོན་པོ་སོང༌། །སྙན་རྒྱུད་འཛིན་པའི་སྒྲོན་མེ་ཁྱོད། །མ་རིག་མུན་པ་སེལ་ཞིང་སོང༌། །དབུ་རུའི་བྱང་ཕྱོགས་འགྲིམ་ཞིང་སོང༌། །དགེ་བཤེས་འགའ་ཞིག་གདུལ་བྱར་འགྱུར། །ཤམ་པོའི་གངས་ལ་སྒྲུབ་པ་གྱིས། །ལྷོ་ཕྱོགས་ཟུར་ཁ་འགྲིམ་ཞིང་སོང༌། །རྡོ་བོད་མཚམས་སུ་དགོན་པ་ཐོབ། །གསུངས་པས་བྱོན། འདིའི་མང་རེས་འཁྲུངས་ཡུལ་དུ་དགེ་བཤེས་ཁྱུང་པོ་རྩེ་མང་དང༌། དབོན་པོ་གཉན་ཆོས་སྐྱབས། ལ་སྟོད་ཅུང་བར་ལ་སྟོད་ཟངས་རི་བ། མཆོག་དཀར་གི་བྲག་ལ་བཞུགས་ཚེ་མངའ་རིས་པ་གསལ་མཆོག །ཙཱ་རི་སྒོམ་ཆུང༌། དབོན་པོ་གཉན་ནག་ལྷུན་པོ་རྣམས་སྨིན། དེར་ལྷ་འདྲེའི་ཆོ་འཕྲུལ་སྣ་ཚོགས་པ་ལམ་དུ་ལྷོངས། སྣུབས་རོང་དུ་ཅུང་ཟད་བཞུགས་པས་ཇོ་མོ་སྒྲེ་མོ་སྨིན། དབུར་སྟོད་དུ་དགེ་བའི་བཤེས་གཉེན་སྣེ་ཟུར་བས་གདམས་ངག་ཞུས། བྱ་ཡུལ་དུ་སྒོ་བཙིར་བྱུང་བ་ལ་དབྱངས་གསུངས་པས་བྱ་ཡུལ་པ་དད་སྟེ་གདམས་པ་ཞུས། འདིར་སྤྱན་སྔ་ཚུལ་ཁྲིམས་འབར་གྱིས་གདམས་པ་ཞུས་ཞེས་བྲིས་པ་ནི་མི་དག་སྟེ་བྱ་ཡུལ་པས་སྤྱན་སྔ་བཞུགས་ཀྱི་བར་ཉེ་གནས་མཛད་ནས་ཕྱིས་བྱ་ཡུལ་བཏབ་པ་ཡིན་པས་དགེ་བའི་བཤེས་གཉེན་གཞན་ཞིག་དང་ནོར་བ་ཡིན་ནོ། །བསམ་ཡས་སུ་བྱོན་ནས་རྫུ་འཕྲུལ་མང་པོ་བསྟན། གྲ་ཕྱི་ནང་སྦྲགས་སོགས་སུ་བཞུགས་སྟེ་འབྲོ་སྒོམ་དོན་གྲུབ། བུར་སྒོམ་ནག་པོ། འབྲོ་སྒོམ་ལྷ་འོད། བསོད་ནམས་འོད་ཟེར། གཉལ་རྡོ་རྗེ་འོད་ཟེར། རྟ་ཤོད་རས་པ་སྔ་ཕྱི་རྣམས་སྨིན། འཕྱོས་སྐྱི་ཚང་དུ་བཞུགས། ཉང་དགོན་པ་སྐྱབས་ནེ་ཚན། ཤེས་རབ་དབང་ཕྱོགས་སོགས་སྨིན། ར་མོ་སྲིན་མོ་བྲག་དུ་བཞུགས། ཞང་བྲག་རྩེ་བ། ཞང་གྲོམ་པ་སྐྱེས། གཉགས་གཅེར་བུ་བ་སོགས་སྨིན། ཤམྦུ་ཡུ་དཀར་དུ་བཞུགས་སྟེ་བྱར་པོའི་རྣལ་འབྱོར་མ་གསུམ་གྲོལ་(ན༢༦ན)


PTT001_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མཁའ་སྤྱོད་གྲུབ། མཁར་ཆུར་བྱོན་ནས་རོ་སྙོམས་དང་སངས་རྒྱས་ཐོས་ཆོག་གི་གཏེར་སྦས། སླར་ཤམ་པོའི་ནུབ་གསང་ཕུག་སོགས་དུ་མར་བཞུགས། ཡར་ལུང་དུ་ལྷ་རྗེ་ལྷ་འབར། སྒོམ་ཆེན་སྨོན་ལམ་འབར། དགེ་བཤེས་ཁྱུང་པོ་སོགས་སྨིན། གཡེར་ཁྱུང་པོ་ལྡན་དམར་སྨིན། མ་གཅིག་གྲུབ་པའི་རྒྱལ་མོའི་སྐུའི་བཀོད་པ་ལོ་རོ་གཡོ་བ་གཡོ་བ་བཙུན་ཆུང་མས་སྤྱན་དྲངས་ལམ་དུ་ཤོ་སྟོན་རྡོ་རྗེ་རྒྱལ་མཚན་དང་ཅུང་པ་རྒྱན་ནེ་སོགས་ཀྱིས་མཇལ། ལོ་རོ་རཱ་བྱེས་མགོལ་བཏབ། མཁའ་འགྲོ་བཙུན་ཆུང་མ་ཁྲོམ་གྱི་དབུས་ནས་མཁའ་སྤྱོད་དུ་བྱོན། བྱར་དུ་བྱོན་སྟེ་བྱར་སྨད་དུ་ཐུགས་དམ་ཁྱད་པར་ཅན་བྱུང༌། རྭ་ཤེས་སྣང་སྐུ་མཆེད་སྨིན། བྱེས་མགོལ་དུ་མཁའ་འགྲོ་བཙུན་ཆུང་མའི་ཇོ་ཇོ་གཡོ་བ་འབར་རེ་དེའི་བུ་གྲགས་པ་དཔལ་ཆོས་སྒོར་ཞུགས་པས་སྒོམ་པ་ཆོས་གྲགས་ཅེས་ཟེར་ཞིང་གྲུབ་ཐོབ་ཆེན་པོར་གྱུར་སྟེ་སངས་རྒྱས་སྒོམ་པར་གྲགས། དེའི་རིགས་ཀྱི་སྲས་པོ་སྟོན་པ་ཡང་དག་དཔལ་ཡིན་ལ་དོན་གཉིས་མཐར་ཕྱིན་ན་མཁའ་ལ་སྐྱིལ་ཀྲུང་འཆའ་ཞིང་འཕུར་བ་དང་གྲོང་འཇུག་ནུས། སངས་རྒྱས་སྟོན་ཡང་དུ་གྲགས། ལྷ་ལྕམ་ལྡེམ་བུས་བཤགས་པ་ཕུལ། བླ་མས་གནང་བའི་གསེར་གཡུ་ལས་སྐུ་གསུང་ཐུགས་རྟེན་བྱེད་དུ་བཅུག །ལྷ་ལྕམ་སོགས་ཐམས་ཅད་ཀྱི་ནད་སོས། རྣལ་འབྱོར་དབང་ཕྱུག་དུ་གྱུར། བྱ་ཡུལ་བའི་སློབ་མ་རྩའི་རྒྱལ་བ་ལོ། ལ་སྟོད་ཅུང་བ་ནས་སུམ་པ་ལས་རབ་ཏུ་བྱུང་མདོ་སྔགས་ཀྱི་མཁས་པར་གྱུར་པ་སེང་གེ་དཔལ་གྱིས་སྲིན་མཛུབ་མར་མེར་ཕུལ། ཉེ་གནས་མཛད་པས་ཐུགས་ཀྱི་སྲས་དམ་པ་མཐེབ་རྡུམ་དུ་གྲགས། ཉི་མ་རྗེས་ལ་འོང་གི་ཡོད་བྱ་བའི་མནལ་ལྟས་བཞིན་སྟོད་ལུང་པ་ཡེ་ཤེས་བླ་མ་མདོ་སྔགས་ལ་མཁས་པ་བྱུང་བ་ལ་སྙན་རྒྱུད་ཆིག་རྒྱུད་རྣམས་གནང༌། ལན་གསུམ་མཇལ་བའི་དང་པོ་ཞག་དགུ་བཅུ་གཉིས་པ་ལ་ལྔ་བཅུ། གསུམ་པ་ལ་ཞག་སུམ་བཅུ་ཡིན་ཡང་རྟེན་འབྲེལ་གྱིས་ཕྱེད་ཕྱེད་གསོངས་(ན༢༦བ)


PTT001_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ནས་དང་པོ་ལ་ཞག་ཞེ་ལྔ་བསྡད་སོགས་ཀྱིས་གསུངས། ཕྱིས་ཁྱུང་ཚང་བྲག་ལ་སྒྲུབ་པ་མཛད་པས་རྒྱལ་བ་ཁྱུང་ཚང་བར་གྲགས། འདི་ལ་གླིང་གི་རྣམ་ཐར་ན་ཁྱུང་ཚང་པས་རས་ཆུང་པ་མ་མཇལ་བྱ་བ་དང༌། ལོ་རོའི་བླ་མ་རྣམས་ཀྱི་གསུང་ལས་རྗེ་བཙུན་ལ་ཁྱུང་ཚང་བ་བྱ་བའི་སློབ་མ་མེད་གསུང་བྱ་བ་ཡོད་ཀྱང་ཁྱུང་ཚང་བ་གཞན་ཞིག་དང་ནོར་བའི་མ་དག་པ་འཕེལ་བ་ཞིག་གོ །མོག་པ་ཚེ་སྐོང་དང་སྨུ་སྟེང་ཁ་སོགས་སུ་སློབ་དཔོན་པདྨས་རིགས་ལྔའི་ཞིང་བསྟན་ཞིང་རིགས་ལྔ་ཐམས་ཅད་རང་གི་འཁོར་དུ་གཟིགས། བུད་མེད་ཤིན་དུ་མི་སྡུག་པ་ཅིག་སང་སྤྲུལ་པ་ཅིག་སྤྲུལ་པ་མཇལ་བར་འོང་ངོ་ཟེར་བས་ཁམས་པ་དབུ་སེ་བྱོན། ལན་གསུམ་དུ་བསྟེན། བུ་སློབ་ཅིག་ལ་གདམས་ངག་ཐོབ་ཆེ་བར་གྲགས། གངས་བར་གསེར་ཁའི་རིན་ཆེན་གླིང་པ་གདམས་པས་རྗེས་སུ་གཟུང༌། ཆུ་བར་ནས་ཤེལ་གྱི་མཆོད་རྟེན་མཁའ་འགྲོས་གདན་འདྲེན་པ་གཟིགས་སྟེ་སྐད་ཅིག་གིས་བྱོན་པས་ལམ་དུ་རྗེ་བཙུན་དངོས་དང་མཇལ། སྒྲུབ་ཁང་དུ་བྱོན་པས་གདུང་བཞུ་བ་དང་ཐུག་སྟེ་གཞོན་པ་འགས་མ་བཏང་བས་མགུར་ལྷང་གསུངས་མ་ཐག་སྤུར་ལ་མེ་མཆེད། མེ་ལྕེའི་ནང་ནས་རྗེ་བཙུན་གྱི་སྐུས་ལན་གྱི་གླུ་མཛད། སྣང་བ་ཐམས་ཅད་བརྡར་ཤར་ཞིང་དཔའ་བོ་མཁའ་འགྲོས་བརྡ་འདྲི་བའི་ལན་བཀྲོལ། ཤིང་གི་ལྷ་ལ་ཆོས་གསུངས། སངས་རྒྱས་སྟོན་ཡང་ལ་བྱིན་རླབས་རྟེན་སོགས་རྒྱས་པར་གནང་སྟེ་བྱེས་མགོལ་ལ་སོགས་དགོན་གནས་རྣམས་སྐྱོངས་ཅིག་གསུངས། རྒྱལ་བ་ལོས་ཞབས་ལ་ཐུག་པའི་ཚོགས་པ་རྣམས་སྐྱོངས་ཅིག་གསུངས། སུམ་པ་ལ་ཕུག་མོ་ཆེ་སོགས་སྒྲུབ་གནས་རྣམས་སྐྱོངས་ཅིག་གསུངས་སྟེ་སྐུ་ལུས་འདིས་མཁའ་སྤྱོད་དུ་བྱོན་པར་སྣང་ངོ༌། །དགུང་ལོ་དོན་བརྒྱད་དང་གྱ་བཞི་སོགས་ཅི་རིགས་སྣང་ཞིང་སྒྲུབ་པས་མཉེས་པ་སངས་རྒྱས་སྟོན་ཡང་སོགས་ལྷོའི་བུ་ཆེ་བ་བཞི། ཏེ་ལོའི་སྤྲུལ་པ་ཁྱུང་ཚང་བ་སོགས་བྱང་གི་བུ་ཆེ་བ་བཞི། ཐབས་ལམ་གྱི་བཀའ་བབས་ཟངས་རི་རས་པ་(ན༢༧ན)


PTT001_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བཀའ་བབས་ཀྱི་བུ་བཅུ་བདུན་སོགས་བྱུང་ལ་དེ་རེ་རེས་ཀྱང་འཕྲིན་ལས་ཆེར་བྱུང་ལ། ཁྱད་པར་ཁྱུང་ཚང་པ་ནས་མ་གཅིག་ཨོང་ཇོ་དང་དེས་ཞང་ལོ་གྲུབ་པ་དཔལ་སོགས་ནས་རས་ཆུང་སྙན་རྒྱུད་དར་རོ། །མི་ལའི་བཀའ་རྒྱུད་ལས་དྭགས་པོའི་བཀའ་རྒྱུད་ལས་གཞན་བཤད་པའི་སྐབས་སོ། །མི་འདུལ་བའི་མཆོག་རྗེ་སྒམ་པོ་པ་ནི་མདོ་ལས་དགེ་སློང་འཚོ་བྱེད་དུ་ལུང་བསྟན་ཞིང་ཏིང་འཛིན་རྒྱལ་པོར་ཕྱི་དུས་བྲམ་ཟེ་དང་དགེ་སྦྱོང་རྣམས་ཆོས་སྤོང་བའི་ཚེ་ཟླ་འོད་གཞོན་ནུར་གྱུར་པས་ལུས་དང་སྲོག་བློས་བཏང་སྟེ་ཏིང་ངེ་འཛིན་འདི་འཛིན་པར་དམ་བཅས་ཤིང་ཆོས་སྨྲ་བ་བརྒྱད་བརྒྱ་ལངས་སྟེ་ཏིང་ངེ་འཛིན་འདི་འཛིན་པར་དམ་བཅས་པའི་ཚེ་ལྷ་ཀླུ་བྱེ་བ་བརྒྱད་བཅུ་དང་ཁྲག་ཁྲིག་དྲུག་བཅུས་དེ་དག་གི་གྲོགས་སུ་ཁས་བླངས་པའི་ཟླ་འོད་གཞོན་ནུ་རྗེ་སྒམ་པོ་པ་དང༌། བྱང་ཆུབ་སེམས་དཔའ་བརྒྱད་བརྒྱ་པོ་བཀའ་རྒྱུད་ཀྱི་བླ་མ་གཞན་རྣམས་དང་ལྷ་ཀླུ་རྣམས་བཀའ་སྲུང་དང་སྦྱིན་བདག་སོགས་ཡིན་ནོ། །དེ་ལ་རྗེ་སྒམ་པོ་པ་ནི་འཁྲུངས་ཡུལ་སྐྱལ་བོད་སྙི། གདུང་རུས་ཀྱང་སྙི་བ་ལ་རྒྱ་སྙི་གཡུ་སྙི་བོད་སྙི་གསུམ་ལས་བོད་སྙི་བ་ལ་རུས་ཆེན་ཆེར་ཡོད་པའི་ནང་ནས་སྨན་དང་སྔགས་མཁྱེན་པའི་རྒྱལ་པོ་དགའ། ཡུམ་ཤོ་མོ་བཟའ་ཆེ་ལྕམ། ཆེ་བ་རྒྱ་པ་གསེར་རེ། ཆུང་བ་སྙི་ཆུང་བ། འབྲིང་པོ་རྗེ་འདི་ས་མོ་ལུག་ལ་འཁྲུངས། མཚན་དར་མ་སྐྱབས། སྨན་དང་སྔགས་ལ་མཁས་པར་གྱུར། དབོན་དར་མ་འོད་ཀྱི་ལྕམ་མོ་ཞིག་ཇོ་མོར་ཡོད་པས་སྲས་ཕོ་མོ་གཉིས་བྱོན་པ་ཡང་འདས། ཇོ་མོ་ཡང་ནད་དྲག་པོས་ཐེབས་པས་ཐུགས་སྐྱོ་སྟེ་སྙིང་ནས་ཆོས་བྱེད་པར་འདོད་ཚེ་ཇོ་མོས་ཀྱང་ཆོས་རང་གྱིས་ཅིག་ཟེར་ནས་འདས། ཐམས་ཅད་དགེ་ཕྱོགས་སུ་བཏང༌། རྨོས་མཛད་འཕྲོ་ལ་བྱོན་ཕྱགས་ཀྱི་འཇིམ་པ་བརྡབས་སར་མེ་ཏོག་པདྨ་རེ་སྐྱེས། དྭགས་པོ་དཔྲོངས་ཀར་དགེ་བཤེས་མང་ཡུལ་པ་བློ་ལྡན་ཤེས་རབ་དང་སློབ་དཔོན་ཤ་པ་གླིང་པ་ལས་སྤྲེའུ་ལོ་ཉེར་དྲུག་ལ་ཆིག་རྫོགས་(ན༢༧བ)


PTT001_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། མཚན་བསོད་ནམས་རིན་ཆེན་དུ་བཏགས། མཁན་པོ་ལ་རྒྱུད་མན་ངག་མང་དུ་གསན། བླ་མ་བྱང་ཆུབ་སེམས་དཔའ་ལ་མི་ལའི་མན་ངག་ཡོད་པར་མཁྱེན་ནས་ཞུས་པས་གནས་པ་བཟང་པོ་ཞག་བཅུ་གསུམ་དུ་ཏིང་ངེ་འཛིན་གཅིག་ལ་འགྲོ་བ་བྱུང༌། ཉོན་མོངས་མགོ་ནོན། འདོད་པའི་ཡོན་ཏན་ལྔ་ཡིད་ལ་མི་འགྱུ་བ་བྱུང༌། ཟངས་དཀར་ལོ་ཙཱ་བ་ལ་ཡོ་ག་དང་བདེ་མཆོག་བྱ་འདུལ་ལ་འདུལ་བ་རྣམས་མཁས་པར་སྦྱངས། དགེ་བཤེས་སྙུག་རུམ་པ་ཟླ་བ་བདུན་བསྟེན་པས་ཀུན་རྫོབ་བྱང་སེམས་ལ་བརྟན་པ་ཐོབ། ལྕགས་རི་གོང་ཁ་བ་དང་རྒྱ་ཡོན་བདག་ཇོ་བོའི་མན་ངག་མཐའ་དག་གསན། ཐོས་བསམ་གྱི་སྒྲོ་འདོགས་ཆོད་ནས་སྒྲུབ་པ་མཛད་པའི་ཚེ་སྒྲིབ་པ་དག་པ་དང་འཇིགས་པ་ལས་གྲོལ་བ་དང་ས་ཐོབ་པ་ལ་སོགས་པའི་ལྟས་སུ་བཤད་པའི་རྨི་ལམ་ཁོ་ན་རྨི། ཕྱི་ནང་གི་སྲིན་བུ་མེད་པ་དང་ཁམ་གྱི་ཟས་ལ་མ་ལྟོས། རྟག་དུ་ཏིང་ངེ་འཛིན་ལ་གནས་པ་བྱུང༌། ལན་ཅིག་སྐྱོ་སངས་ལ་བྱོན་པས་སྤྲང་པོ་གསུམ་ཟས་སྐོམ་ལ་སྨོན་པ་ལ་གཅིག་གིས་རྗེ་བཙུན་མི་ལ་རས་པ་ལྟ་བུ་ཟས་སུ་མཁའ་འགྲོས་བདུད་རྩི་འདྲེན། སེང་གེ་ལ་ཞོན་ནས་ན་མཁའ་ལ་འགྲོ་བ་དེ་ཡིན་ན་དགའ་མོད་ཟེར། དེ་གསན་པ་ཙམ་གྱིས་དད་པ་མི་བཟོད་པ་སྐྱེས། སྔར་གྱི་ཤེས་པ་དེ་མ་ཡིན་པ་ཅིག་ཤར། ཡུན་རིང་དུ་འབྱོན་ཡང་མ་མཁྱེན། དལ་བུས་བྲང་ཁང་དུ་བྱོན་སྟེ་ཡན་ལག་བདུན་པ་བྱས་པས་འཕྲོ་སྟོར་ཞིང་སོང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་ཡིད་ཡུལ་དུ་གསལ། སེམས་ཅན་ཐམས་ཅད་ཀྱི་ཁམས་དང་དབང་པོ་ཤེས་པ་སྙམ་བྱེད། དེ་ནས་སྤྲང་པོ་དེ་ཀུན་ལ་གྲུབ་ཐོབ་དེ་ག་ན་ཡོད་དྲིས་པས་བྲིན་དང་སྙེ་ནམ་ན་བཞུགས། མར་པ་ལོ་ཙཱའི་སློབ་མ་ན་རོའི་ཆོས་དྲུག་གསུང་བ་ཡིན་པར་འདུག་སྐུའི་བཀོད་པ་མཐའ་ཡས་པ་སྟོན། སྙན་གྲགས་ཤིན་དུ་ཆེ་བས་ལ་སྟོད་རང་གནས་ཤེས་འོང་ཟེར། དེ་རྣམས་ཟས་སྐོམ་གྱིས་ཚིམ་པར་མཛད། (ན༢༨ན)


PTT001_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ནས་གར་སོང་མི་འདུག་སྟེ་སྤྲུལ་པར་ཤེས། དེར་འབྱོན་པར་ཐག་བཅད་ཚེ་བོད་ཡུལ་ན་སྒྲ་ཆེ་ཟེར་བའི་རག་དུང་བུས་པ་དང༌། ན་མཁའ་ལ་རྔ་བོ་ཆེ་འདུག་པ་བརྡུངས་པས་སྒྲ་ཆེན་པོ་བྱུང༌། མོན་མོ་ཞིག་གིས་འོ་མ་ཐོད་ཕོར་གང་བྱིན་སྟེ་མི་འདི་རྣམས་ལ་རྔ་བརྡུངས། རི་དྭགས་འདི་རྣམས་ལ་འོ་མ་འདི་བྱིན་ཟེར། འདིས་རི་དྭགས་མང་པོ་དེ་མི་ཁེབ་བྱས་པས། ཐོག་མར་ཁྱོད་རང་འཐུང་དང་སེམས་ཅན་ཐམས་ཅད་ཀྱང་ཁེབ། ང་ནུབ་ཕྱོགས་སུ་འགྲོ་ཟེར། ཕྱིས་རྔའི་སྒྲ་ལ་ཉན་པའི་མི་རྣམས་བཀའ་གདམས་ཀྱི་ཆོས་ཀྱིས་བསྐྱངས་པ་རྣམས་དང་རི་དྭགས་རྣམས་བཀའ་རྒྱུད་ཀྱི་སྒོམ་ཆེན་རྣམས་ཡིན་པར་འདུག་བཀའ་གདམས་ཀྱང་བཀའ་དྲིན་ཆེ་གསུངས། བླ་མ་རྣམས་ལ་འབྱོན་ཕྱག་མཛད་པས་རྒྱ་ཡོན་བདག་བདག་གིས་རྣལ་འབྱོར་པ་དེ་གྲུབ་པ་ཐོབ་ངེས་སུ་འདུག་པས་ཆོས་ཐམས་ཅད་དྲིས་གདམས་ངག་གི་ཁྱོས་མ་ཁྱེར་ལ་ཤོག་གསུངས། སྤྱན་སྔ་བས་ཁྱོད་རྣལ་འབྱོར་པའི་རྩར་ཅིས་ཀྱང་འགྲོ་ན་ངེད་ཀྱི་རྟགས་མ་དོར་བར་ཤོག །ཟངས་ངེད་ཀྱིས་བརྡུངས་ཟངས་སྐད་མིས་འདོན་པར་འདུག་སྟེ་སེར་ཁ་ལ་ཕན་ན་ཁྱི་ཚིལ་ཡིན་ན་ཡང་ཡིན་པས་ཐབས་མེད་གསུངས། སྙུག་རུམ་པས་ང་རྒས་ཀར་ཁྱོད་ཀྱིས་མ་བོར་བར་ཤོག་ཞིག་གསུངས། འདིའི་དུས་རས་པ་རྣམས་ཀྱིས་གདན་ས་ཞིག་སྐོ་བར་ཞུས་ཀྱང་ཟེར། རས་ཆུང་པས་རྒྱུད་པ་སུས་འཛིན་ཞུས་ཀྱང་ཟེར་སྟེ། མདང་རྨི་ལམ་ན་ངའི་ལག་ན་ཤེལ་བུམ་བདུད་རྩིས་གང་བ་ཞིག་འདུག་པ་དབུས་ནས་དགེ་སློང་ཞིག་བྱུང་བས་དངུལ་གྱི་བུམ་པར་བྱོ་ནས་སོང་བ་རྨིས། ངའི་རྒྱུད་པ་འདི་རས་པས་མི་འཛིན་པར་རབ་བྱུང་གིས་འཛིན་པར་འདུག་གསུང་ཞིང༌། འཁོར་དུ་སྤྲུལ་སྐུ་འདུ་བ་འདི་ཨེ་མ་ཧོ། །ཞེས་དྭགས་པོ་ལུང་བསྟན་གྱི་མགུར་གསུངས། དེར་གཙང་ལ་བྱོན་པས་ཉི་མ་ཕྱེད་དང་གཉིས་ཀྱིས་སླེབས་པའི་སར་མགོ་ཡོམས་ཀྱི་བསྙུང་གཞི་བྱུང་ནས་རླུང་བརྒྱལ་ཡང་ཡང་བྱུང༌། རྗེ་བཙུན་ཆོས་གསུང་ཚེ་(ན༢༨བ)


PTT001_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

རེས་བཞད། རེས་སྤྱན་ཆབ་ཕྲོམ་ཕྲོམ་འདུག་པ་ན་ཅི་ལགས་ཞུས་པས། ངའི་བུ་དབུས་པ་སྟོན་པ་དེ་འོང་ཞིང་འདུག་པས་དགའ་བ་ཞིག་ཀྱང་བྱུང༌། ངལ་སྟེགས་ཀྱི་ཁ་ནས་ཡང་ཡང་འགྱེལ་ཞིང་འདུག་པས་སྙིང་རྗེ་བ་ཞིག་ཀྱང་བྱུང༌། ད་མྱུར་བར་སླེབ་པ་འདུག་པས་དེའི་མཇལ་སྣ་སུས་བྱས་ལ་ངན་སོང་མེད་གསུངས། ཉ་མ་ཞིག་གིས་ངའི་བུ་མོ་སྒོམ་མ་ཞིག་ཡོད་པ་ལ་མཇལ་སྣ་འཆོལ་ཞེས་བཤད་ཀྱང་ཟེར། རས་པ་ཅིག་གིས་བསུས་སྟེ་བཤད་ཀྱང་ཟེར་སྟེ་ཐུགས་རྒྱལ་ཅུང་ཟད་སྐྱེས་པ་གཅོག་ཕྱིར་ཟླ་བ་ཕྱེད་དུ་མཇལ་ཀ་མ་བྱུང༌། དེ་ནས་ཕ་བོང་ཞིག་གི་སྟེང་ན་བཞུགས་འདུག་པ་ལ་གསེར་དང་ཇ་ཕུལ་པས། གསེར་དང་མ་རྒན་ལོ་མི་མཐུན། །ཇ་ལ་སྐོལ་བའི་ཐབ་ཀ་མེད། །གསུང་ཞེས་ཕལ་ཆེར་ལས་འཆད་ལ། གསེར་གྱི་འབུལ་བ་ཡང་མི་ཞན་སྙམ་པ་ན་ས་རྡོ་གསེར་དུ་མཛད་ནས་ང་རྒྱལ་བཅག་པ་དང་སྟོན་པའི་ཇ་ལན་ཡིན་གསུངས་ནས་སྔོ་གང་བྱུང་བ་བསྡུས་པའི་ཁུ་བ་ལ་ཆབ་བསིལ་བས་རོ་མཆོག་བྱུང་ཞེས་རེ་གཉིས་ན་སྣང༌། ཁྱོད་ཀྱི་མིང་ཅི་གསུངས། བསོད་ནམས་རིན་ཆེན་ལགས་ཞུས་པས་བསོད་ནམས་རིན་ཆེན་ཞེས་ལན་གསུམ་གསུངས་ནས། བསོད་ནམས་ཚོགས་ཆེན་བསགས་ལས་བྱུང༌། །འགྲོ་དྲུག་ཀུན་གྱི་རིན་པོ་ཆེ། །གསུངས། ཆང་ཀ་པཱ་ལ་གང་གསོལ་ཞིང་འདུག་པ་གནང་བས་ཐེ་ཚོམ་པ་ན་རྣམ་རྟོག་མ་མང་བར་འདི་འཐུང་གསུངས། ཐེ་ཚོམ་མེད་པར་གསོལ་བས། གདམས་ངག་རྫོགས་པའི་རྟེན་འབྲེལ་འགྲིག །ཤར་སེང་གེ་དཀར་མོའི་འོ་མ་དེ། །ཞེས་སོགས་སྣེ་ལེན་གྱི་མགུར་མཛད། སིནྡྷུ་རའི་དཀྱིལ་འཁོར་ལ་བརྟེན་ནས་དབང་བསྐུར་མཛད། སྔར་དབང་ཐོས་ཚུལ་དང་ཏིང་ངེ་འཛིན་ཡོད་ཚུལ་ཞུས་པས་འབྲས་བུ་མཐོ་ཡང་འདུ་ཤེས་མེད་པའི་ལྷ་གསུངས་ནས་བཞད། ལར་བོད་ཀྱི་སྙིང་ལ་འདྲེ་ཞུགས་ཨ་ཏི་ཤ་གསང་སྔགས་འཆད་དུ་མ་བཅུག་པས་མི་མང་པོ་འཕུང་གསུངས། བཀའ་(ན༢༩ན)


PTT001_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་པ་ལའང་གསང་སྔགས་མང་དུ་ཡོད་ཞུས་པས་དེ་ཀུན་གསང་སྔགས་ཡིན་སྟེ་མན་ངག་མིན་གསུངས། ཚོགས་གསོག་པའི་ཐབས་གང་ཆེ་ཞུས་པས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མཆོད་པ་ལས་སློབ་དཔོན་གྱི་བ་སྤུའི་ཁུང་བུ་གཅིག་མཆོད་པ་བསོད་ནམས་ཆེ། དེ་ལས་ཀྱང་བླ་མའི་གདམས་ངག་ཆུད་མ་ཟོས་པར་ཉམས་སུ་བླངས་ན་བསོད་ནམས་ཆེ་གསུངས། ཚེ་གཅིག་ལ་འཚང་རྒྱ་བ་སྲིད་དམ་ཞུས་པས། ཚེ་འདི་ལ་བལྟོས་པ་སྤུ་ཙམ་མེད་པ་ཅིག་གིས་བླ་མ་མཚན་ལྡན་ཞིག་ལ་དབང་གདམས་ངག་ཞུས་ནས་བར་མ་ཆད་བསྒོམས་ན་རབ་ཚེ་འདི། འབྲིང་འཆི་ཀ་འམ་བར་དོ། ཐ་མ་སྐྱེ་བ་བདུན་ནམ་བཅུ་དྲུག་ན་གྲོལ་བ་ཡིན། ལར་ལྷ་རྗེ་སྟོན་པ་ཁྱོད་ལྟ་བ་ཁ་ཐོ་ལ་སྐུར་བའི་མི་དང་བློ་མ་སྟུན། སྒོམ་པ་ཉམས་སུ་ལེན་པའི་མི་དང་བློ་སྟུན་དེའི་ངག་ལ་ཉོན། གྲོས་ཕུགས་ཚེ་འདི་བློས་བཏང་བའི་བྱ་བཏང་ལ་གྱིས། ཚེ་འདི་པ་རྣམས་ཀྱིས་ཆོས་བརྒྱད་སློབ་ཏུ་འོང་བ་ཡིན། སྤྱིར་སྟོང་ཉིད་ལ་ཤོར་ས་བཞི་ཡོད་སྟེ་སྟོང་ཉིད་རྒྱས་འདེབས་སུ་ཤོར་བ་བྱ་བ་བློའི་ཡུལ་དུ་གྱུར་པ་ཐམས་ཅད་སྟོང་པར་སྒོམ་པ་ཡིན་མོད་བྱ་བ་དང༌། སྟོང་ཉིད་ཤེས་བྱའི་གཤིས་ལ་ཤོར་བ་བྱ་བ་འཁོར་འདས་ཐམས་ཅད་སྟོང་པ་ཉིད་ཡིན་མོད་ཟེར་བ་དང༌། སྟོང་ཉིད་གཉེན་པོར་ཤོར་བ་ཉོན་མོངས་དང་རྣམ་རྟོག་གང་སྐྱེས་ལ་བལྟས་པས་དེ་ག་སྟོང་པ་ཉིད་ཡིན་མོད་ཟེར་བ་དང༌། སྟོང་ཉིད་ཆད་ལྟར་ཤོར་བ་བྱ་བ་ད་ལྟ་ཁོ་བོ་ལ་སྒོམ་དུ་མེད་ཟེར་བ་ཡོད། དེ་ཐམས་ཅད་ཡང་དག་མ་ཡིན། འོན་འང་ལས་དང་པོ་བའི་ཞན་པ་ཕྱོགས་རེ་ཟློག་པ་ལ་ཕན་དུ་རུང་ཙམ་ཡིན། ལར་སེམས་ཀྱི་གཞི་རྩ་མ་ཆོད་ན་བདེ་གསལ་མི་རྟོག་པའི་ཉམས་ཇི་ཙམ་བཟང་ཡང་ཁམས་གསུམ་ལས་མི་འདའ་སྟེ་རྩ་བ་མ་ཆོད་པའི་ཉམས་བྱ་བ་ཡིན། འོ་ན་ལམ་ཡང་དག་པ་གང་ཡིན་ན། མཚན་ལྡན་གྱི་བླ་མས་སློབ་མ་སྣོད་ལྡན་ཁྲིད་སྟེ་(ན༢༩བ)


PTT001_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

གཉུག་མའི་ཤེས་པ་སེམས་ཅན་ཐམས་ཅད་ལ་གནས། སངས་རྒྱས་ལ་ཆོས་སྐུའི་དགོངས་པར་རང་གསལ། རྣལ་འབྱོར་པ་ལ་ཐབས་དུ་མས་མཚོན་སྟེ་ངོ་སྤྲད་ནས་བསྒོམས་པས་ལྟ་བ་ཤུགས་ལ་རྟོགས། ཉོན་མོངས་ངང་གིས་འགག་རྣམ་རྟོག་རང་སར་གྲོལ། ཡེ་ཤེས་མངོན་དུ་གྱུར། གནས་ལུགས་ཉམས་སུ་མྱོང་བ་དེ་ངག་དུ་སྨྲར་མི་བཏུབ། བརྗོད་པས་མཚོན་མི་ནུས། གཞོན་ནུ་མའི་བདེ་བའམ་ལྐུགས་པའི་རྨི་ལམ་བཞིན་སྨྲར་མེད། གཞི་དེ་ཀུན་ལ་ཡོད་ཀྱང་ངོ་མ་ཤེས། དེས་ན་རྒྱུད་ལྡན་གྱི་བླ་མ་བསྟེན་པ་གལ་ཆེ་བར་གདའ། གཉུག་མ་ཐ་མལ་གྱི་ཤིག་པ་དེ་བུ་གར་ཡང་མ་གཏད། དཔེ་གང་གིས་ཀྱང་མི་མཚོན། བརྗོད་པ་གང་གིས་ཀྱང་མི་རྟོགས། ཐ་སྙད་གང་གིས་ཀྱང་མི་རིག །དེས་ན་བཅས་བཅོས་མི་བྱ། རང་ག་སོ་མའི་ངང་ལ་ལྷོད་དེ་ཞོག་མཛོད་གསུངས་ནས། ལྟ་བ་ཡིན་པར་ངེས་ཀྱིས་རང་གིས་སེམས་ལ་ལྟོས། ལ་སོགས་པ་གསུངས། དེར་དོ་ནུབ་གསུང་གླེང་ཁོ་ཐག་ཆོད་པ་ཅིག་ཞུ་དགོས་སྙམ་ཡང་གཟི་བརྗིད་མ་བཟོད་པར་མ་ཚད་དུ་གཟིམས། དེ་ནས་ཡོན་ཏན་མ་འཚོང་པར་བྲིན། སྙེ་ནམ་ལ་བསོད་སྙོམས་གྱིས། ནུབ་མོ་སྤྲོ་བདེ་ཕུག་དུ་སྙོགས་གསུང་བ་ལྟར་བྱས། གཏུམ་མོ་གནང་ནས་རས་རྐྱང་མཛད་སྟེ་བསྒོམས་པས་ཞག་བདུན་ན་རྒྱལ་བ་རིགས་ལྔའི་ཞལ་མཐོང་བ་ཞུས་པས་འབྱུང་བ་ལྔའི་རླུང་ཅུང་ཟད་ཟིན་པ་ཡིན་སྐྱོན་ཡོན་གང་ཡང་མ་ཡིན་གསུངས་སྟེ་དུ་སོགས་ཀྱི་རྟགས་སུ་ངོ་སྤྲད། དེ་བཞིན་དུ་སྟོང་གསུམ་འཁོར་ལོ་ལྟར་འཁོར་ཞིང་དྲན་མེད་དུ་བརྒྱལ་བ་རོ་རྐྱང་གི་རླུང་དྷཱུ་ཏིར་ཚུད་པ་དང༌། ན་མཁའ་ཐམས་ཅད་ཐུགས་རྗེ་ཆེན་པོས་གང་བའི་དབུ་ཐོག་ན་ཟླ་བའི་དཀྱིལ་འཁོར་རེ་འདུག་པ་སྤྱི་བོའི་འཁོར་ལོར་ཐིག་ལེ་འཕེལ་བ་དང༌། དམྱལ་བ་ཐིག་ནག་མཐོང་བས་སྙིང་རླུང་དྲག་པོ་བྱུང་བ་གྱེན་རྒྱུའི་རླུང་རྩུབ་ཟིན་ཡིན་ལ་སྒོམ་ཐག་ཐུངས་པས་ཀྱང་ལན་པ་དང༌། ལུས་ལ་འདོད་ལྷ་དྲུག་མཐོང་བ་གོང་མས་(ན༣༠ན)


PTT001_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

འོག་མ་ལ་བདུད་རྩིའི་ཆར་ཕབ་པས་ཚིམ་པ་ལ་བདག་གི་མ་སྐོམ་དྲིར་འཆི་བ་མཐོང་བ་མགྲིན་པར་ཐིག་ལེ་འཕེལ་ཞིང་དྷཱུ་ཏིའི་མར་སྣ་ཁ་མ་ཕྱེད་པ་ཡིན་ཞེས་འཕྲུལ་འཁོར་བཙན་ཐབས་ཀྱི་རྡེག་ཆོག་གནང༌། ལུས་འཕར་འདར་སོགས་དྲག་དུ་བྱུང་བ་སྙིང་གར་ཁམས་འཕེལ་བ་ཡིན་འཕྲུལ་འཁོར་འབད་ལས་སྒོམས་གསུང༌། དེ་ནས་དགའ་བདེས་གང་སྟེ་ཟས་སྐོམ་ཡང་ཆེར་མི་དགོས་པ་བྱུང༌། ཡང་ཉི་ཟླ་གཉིས་གཟའ་རྟ་རྔ་ཕྲ་མོས་བཟུང་བ་མཐོང་བ་ན་རོ་རྐྱང་གི་རླུང་ཐིག་དྷཱུ་ཏིར་རོ་མཉམ་པ་ཡིན་སྐྱོན་ཡོན་གང་ཡང་མིན་ལར་ཕོ་རྒོད་རབ་འདུག་ད་ནི་ད་ནི་ད་ནི་གསུང༌། དགྱེས་རྡོར་དམར་པོའི་དཀྱིལ་འཁོར་མཐོང་བས་སྙིང་གར་མ་ལས་ཐོབ་པའི་རཀྟ་བརྟན་པ་དང༌། བདེ་མཆོག་ལོ་ཧི་པའི་ཀེང་རུས་ཀྱི་དཀྱིལ་འཁོར་མཐོང་བ་ན་ལྟེ་བར་དཀར་ཆ་བརྟན་པ་དང༌། ཡང་ལུས་ན་མཁའ་དང་མཉམ་པ་ལ་རིགས་དྲུག་ཐམས་ཅད་ཚང་བ་འོ་མ་འཐུང་བ་མཐོང་བས་རྩ་ཕྲན་ཐམས་ཅད་དུ་ཐིག་ལེས་གང་བ་ཡིན། རླུང་དེ་ཡེ་ཤེས་ཀྱི་རླུང་དུ་བསྒྱུར་དགོས་གསུངས་ནས་མཆོག་གི་གཏུམ་མོ་གནང༌། དེ་ཐམས་ཅད་སྐྱོན་ཡོན་གང་ཡང་མིན་པས་སྒོམས་ཤིག་གསུངས་སྟེ་བསྒོམས་པ་ལས་བྱུང་བས་སྐྱོན་མ་ཡིན་ལ། འདི་དག་ལ་མཆོག་དུ་བཟུང་ན་ལམ་གོང་མའི་བར་ཆོད་བྱེད་པས་ཡོན་ཏན་མ་ཡིན་པར་བསྟན་ཞིང་འདི་ཡན་གྱི་རྟགས་སྣང་ཐམས་ཅད་རྣམ་ཤེས་འགག་པའི་རྟགས་མེ་འབར་བ་ན་དུ་བ་འབྱུང་བ་ལྟར་མཐར་དག་དགོས་པར་བསྟན་པ་ཡིན་ནོ། །དེའི་ཚེ་གསེར་གྱི་པདྨ་ལ་སྐྱིལ་ཀྲུང་བཅས་པ་སོགས་རྨི་ལམ་ངོ་མཚར་ཅན་བཅུ་དྲུག་རྨིས་སྟེ་མ་འོངས་ལུང་བསྟན་རྨི་ལམ་ཞུས་ལན་གྱི་མགུར་མཛད། དེ་ནས་ཟླ་བ་གཅིག་ན་སྨན་བླ་མ་མཆེད་བརྒྱད་དང་སངས་རྒྱས་སྟོང་གི་གཙོ་བོ་ཤཱཀྱ་ཐུབ་པས་མཛད་པ་དང་ལོངས་སྐུའི་ཞིང་རབ་འབྱམས་རྣམས་མཐོང་བས་ནང་པར་ཞུར་བྱོན་པས་བྲག་རྩ་ཅིག་ན་གཟིམས་འདུག་པ་ལ་ཕྱག་འཚལ་ཞིང་ཡོད་པ་ལ་བཞེངས་ནས། ད་ནི་སངས་རྒྱས་དངོས་སུ་མཐོང་སྟེ་ལོངས་(ན༣༠བ)


PTT001_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་གཉིས་དངོས་སུ་མཐོང༌། ཆོས་སྐུ་ད་གཟོད་མཐོང་པར་འགྱུར་གྱི་ད་ང་དང་འགྲོགས་མི་དགོས་པས་དབུས་སུ་སོང་ལ་སྒོམས། ད་མངོན་ཤེས་ཀྱི་ཕྲང་ཡོད་སྟེ་མངོན་ཤེས་བྱུང་ཚེ་གསང་བ་གལ་ཆེ། རླུང་ལག་སོར་ལ་ཚུད་ན་རླུང་གི་ཕྲང་ལས་ཐར་བ་ཡིན་གསུངས། ཐལ་བ་ལ་ལག་སོར་བཏང་སྟེ་བཅུན་པས་སྤུ་རུ་རུ་བྱུང་བས་རྩ་རླུང་ལ་དབང་ཐོབ་པ་ནི་མིན་སྟེ་རྩ་རླུང་ལས་སུ་རུང་བ་ཡིན་གསུངས། བུ་ཁྱོད་ལ་སེམས་ཀྱི་ངོ་བོ་བཅོས་མིན་དུ་མཐོང་བའི་རྟོགས་པ་འཆར་ཞིང་མི་རྒན་ང་ལ་ཡང་སངས་རྒྱས་དངོས་སུ་མཐོང་བའི་མོས་གུས་འབྱུང༌། དེའི་རྟོགས་པ་དེ་བརྟན་ནས་ཚོགས་པ་སྐྱོངས་ཅེས་མགུར་བཞེངས་པ། བུ་སྟོན་པ་དབུས་སུ་བཞུད་མི་བཞུད། །སྟོན་པ་དབུས་སུ་བཞུད་པ་ན། །རེས་འགའ་ཟས་ཀྱི་སྣང་བ་འཆར། །ཟས་ཀྱི་སྣང་བ་ཤར་ཙ་ན། །ཟས་སུ་ཟག་མེད་ཏིང་འཛིན་ཟོ། །ཞིམ་མངར་སྒྱུ་མར་ཤེས་པར་མཛོད། །ཅིར་སྣང་ཆོས་སྐུར་ཉམས་སུ་ལོངས། །རེས་འགའ་གོས་ཀྱི་སྣང་བ་འཆར། །གོས་ཀྱི་སྣང་བ་ཤར་ཙ་ན། །གོས་སུ་གཏུམ་མོའི་བདེ་དྲོད་གྱོན། །འཇམ་ལེགས་སྒྱུ་མར་ཤེས་པར་མཛོད། །ཅིར་སྣང་ཆོས་སྐུར་ཉམས་སུ་ལོངས། །རེས་འགའ་ནོར་གྱི་སྣང་བ་འཆར། །ནོར་གྱི་སྣང་བ་ཤར་ཙ་ན། །ནོར་དུ་འཕགས་པའི་ནོར་བདུན་སྤེལ། །ནོར་རྫས་སྒྱུ་མར་ཤེས་པར་མཛོད། །ཅིར་སྣང་ཆོས་སྐུར་ཉམས་སུ་ལོངས། །རེས་འགའ་ཡུལ་གྱི་སྣང་བ་འཆར། །ཡུལ་གྱི་སྣང་བ་ཤར་ཙ་ན། །ཡུལ་དུ་ཆོས་ཉིད་གཏན་ཡུལ་ཟུངས། །ཕ་ཡུལ་སྒྱུ་མར་ཤེས་པར་མཛོད། །ཅིར་སྣང་ཆོས་སྐུར་ཉམས་སུ་ལོངས། །རེས་འགའ་གྲོགས་ཀྱི་སྣང་བ་འཆར། །གྲོགས་ཀྱི་སྣང་བ་ཤར་ཙ་ན། །གྲོགས་སུ་རང་བྱུང་ཡེ་ཤེས་སྟེན། །ཟླ་གྲོགས་སྒྱུ་མར་ཤེས་པར་མཛོད། །ཅིར་སྣང་ཆོས་སྐུར་ཉམས་སུ་ལོངས། །རེས་འགའ་བླ་མའི་སྣང་བ་འཆར། །བླ་མའི་སྣང་བ་ཤར་ཙ་ན། །འབྲལ་མེད་སྤྱི་བོར་གསོལ་བ་ཐོབ། །རྗེད་མེད་སྙིང་གི་དཀྱིལ་དུ་སྒོམས། །བླ་མ་ཡང་སྒྱུ་མ་རྨི་ལམ་འདྲ། །(ན༣༡ན)


PTT001_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

ལར་ཐམས་ཅད་སྒྱུ་མར་ཤེས་པར་མཛོད། །ཤར་སྒམ་པོ་བདར་གྱི་རི་བོ་དེ། །རི་རྒྱལ་པོ་གདན་ལ་བཞུགས་པ་འདྲ། །རྩེ་མོ་རིན་ཆེན་པྲོག་ཞུ་འདྲ། །རྒྱབ་རི་དར་དཀར་ཕྱར་བ་འདྲ། །མདུན་རི་རིན་ཆེན་སྤུངས་པ་འདྲ། །རི་བདུན་བློན་པོ་འདུད་པ་འདྲ། །སྤང་ཐང་གསེར་གྱི་མཎྜལ་འདྲ། །རི་དེ་ཡི་མགུལ་ན་གདུལ་བྱ་ཡོད། །ཁྱོད་དེ་རུ་སོང་ལ་འགྲོ་དོན་སྒྲུབས། །བུ་ཁྱོད་ཀྱི་སྐུ་དོན་འགྲུབ་སྟེ་མཆི། །ཞེས་གསུངས། འདི་ནི་ཡེ་ཤེས་མཐོང་བའི་རྟགས་སྟེ་རྡོ་རྗེའི་ཡེ་ཤེས་དང་ཆོས་ཀྱི་སྐུར་ངོ་སྤྲད་པར་བྱ་བ་སངས་རྒྱས་ཀྱི་སའི་བར་དུ་གོང་འཕེལ་དུ་འགྲོ་བ་ཡིན་ནོ། །དེས་ན་རྣམ་ཤེས་དང་ཡེ་ཤེས་ཀྱི་རྟགས་ཕྱེད་པ་ནི་བོད་ན་བཀའ་རྒྱུད་འདི་ལས་གཞན་མི་སྣང་ངོ༌། །དེ་ནས་ཤིང་སྟག་པའི་ནགས་དང་ཆུ་རྡོ་ཟམ་ཞིག་ཡོད་པའི་བར་སྐྱེལ་ཐུང་མཛད། རྟེན་འབྲེལ་གྱི་གནད་ཅིག་གིས་ཆུ་འདིའི་ཕར་ཁར་ཁོ་བོ་མི་འགྲོ། འོ་སྐོལ་ཕ་སྤད་ཀྱི་ཕྲིན་བགོས་འདིར་བྱ་གསུངས་ནས་ཨ་རུ་ར་གསེར་མདོག་ཞིག་དང་མེ་ཆ་ཞིག་གནང༌། ང་ལ་ཡང་ཉམས་མྱོང་ཡུན་རིང་དུ་མ་སྐྱེས་པ་འདི་ལ་བརྟེན་ནས་སྐྱེས། ཁྱོད་ལའང་ཉམས་མྱོང་འཕེལ་འགྲིབ་ཅིག་འབྱུང་བའི་དུས་སུ་འདི་དགོས་པ་ཡིན་གསུངས་ནས་རླུང་སེམས་གཉིས་མེད་གནང༌། ཁྱོད་ལ་སྒོམ་ཆེན་པ་མཐར་ཐུག་པ་ཅིག་འོང༌། བུ་ཁྱོད་ཀྱི་མིང་ཡང་དགེ་སློང་རྡོ་རྗེ་འཛིན་པ་འཇམ་གླིང་གྲགས་པ་བྱ་བ་ཡིན་ནོ། །དབུས་པ་སྟོན་པ་ཕ་ཚན་གྱི་ཁེ་དྲེགས་སྤོངས། གཉེན་འདུན་གྱི་ཐག་པ་ཆོད། ཚེ་འདིའི་རྡོས་ཐག་མེད་པར་གྱིས། རིའི་བུ་གྱིས། ཆོས་ཐམས་ཅད་གཅིག་དུ་དྲིལ་ལ་ཉམས་སུ་ལོངས། མི་རྒན་ང་ལ་ཡང་གསོལ་བ་ཐོབ། དུག་གསུམ་རྒྱས་པའི་མི་དང་འགྲོགས་སུ་མི་རུང༌། སྤྱིར་ཡང་རི་དྭགས་རྨས་མའམ་བྱ་བཞིན་དུ་ཟོན་བག་ཆེ་བར་བྱ། ཞི་བ་དུལ་བ་རྩེ་རེག་ཆུང་བར་བྱ། བཟོད་པ་ཆེ་བར་བྱ། ཐམས་ཅད་དང་མཐུན་པར་བྱ། གཙང་སྦྲ་ཤིན་དུ་ཆེ་བར་བྱ། རྟོག་པ་ཤིན་དུ་ཆུང་བར་བྱ། རི་མཚམས་དང་སྨྲ་བཅད་དང༌། འདག་སྦྱར་(ན༣༡བ)


PTT001_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱིས་འདུས་འདའ་བར་བྱ། རང་སེམས་སངས་རྒྱས་སུ་རྟོགས་ཀྱང་བླ་མ་རྡོ་རྗེ་སློབ་དཔོན་མི་སྤོང་པ་ལ་བསླབ། གསག་སྦྱང་གཉིས་པ་རང་སར་དག་ཀྱང་ཚོགས་ཆུང་ངུ་ཆུང་ངུ་ནས་གསག །ལས་འབྲས་ན་མཁའ་ལྟར་གོ་ཡང་སྡིག་པ་ཆུང་ངུ་ནས་འཛེམ། མཉམ་རྗེས་འདྲེས་པའི་ཉམས་ཡོད་ཀྱང་ཐུན་བཞིའི་རྣལ་འབྱོར་རྒྱུན་ཆད་མེད་པར་བླང༌། བདག་གཞན་མཉམ་ཉིད་དུ་གོ་ཡང་ཆོས་དང་གང་ཟག་ལ་སྐུར་བ་མི་གདབ། ཅེས་སོགས་རྒྱས་པར་གསུངས་སྟེ། བུ་ཁྱོད་ཡོས་བུའི་ལོ་རྟའི་ཟླ་བའི་ཚེས་བཅུ་བཞི་ལ་བྲིན་སྙེ་ནམ་གྱི་རི་ལ་སླེབ་པར་གྱིས་ཅིག་གསུང་ནས། བུ་སྤྲོས་བྲལ་སེམས་ལ་ཤར་དུས་སུ། །ཐ་སྙད་ཚིག་ཕྱིར་མ་འབྲེང་ཞིག །ཆོས་བརྒྱད་སྒྲོག་དུ་འཚུད་ཉེན་ཡོད། །བུ་ང་རྒྱལ་མེད་པའི་ངང་ལ་ཞོག །དེ་གོའམ་དབུས་པ་སྟོན་པ་བ། །དེ་གོའམ་དྭགས་པོ་ལྷ་རྗེ་བ། །རང་གྲོལ་ནང་ནས་ཤར་དུས་སུ། །ཚད་མའི་སྦྱོར་བ་མ་བཀོད་ཅིག །དོན་མེད་འབད་རྩོལ་བྱེད་ཉེན་ཡོད། །བུ་རྣམ་རྟོག་མེད་པའི་ངང་ལ་ཞོག །རང་སེམས་སྟོང་ཉིད་རྟོགས་དུས་སུ། །གཅིག་དང་དུ་མར་མ་སྦྲེལ་ཞིག །ཆད་པའི་སྟོང་པར་འགྲོ་ཉེན་ཡོད། །བུ་སྤྲོས་པ་མེད་པའི་ངང་ལ་ཞོག །ཕྱག་རྒྱ་ཆེན་པོ་སྒོམ་དུས་སུ། །ལུས་ངག་གི་དགེ་སྦྱོར་མ་རྩོལ་ཞིག །མི་རྟོག་ཏིང་འཛིན་ཡལ་ཉེན་ཡོད། །བུ་མ་བཅོས་ལྷུག་པའི་ངང་ལ་ཞོག །རྟགས་དང་ལུང་བསྟན་བྱུང་དུས་སུ། །དགའ་རློམ་ཆེད་དུ་མ་འཛིན་ཞིག །བདུད་ཀྱི་ལུང་བསྟན་འབྱུང་ཉེན་ཡོད། །བུ་ཆེད་འཛིན་མེད་པའི་ངང་ལ་ཞོག །རང་སེམས་གཏན་ལ་འབེབས་དུས་སུ། །མངོན་ཤེས་ལ་འདོད་པ་མ་སྐྱེ་ཅིག །རློམ་སེམས་བདུད་ཀྱིས་འཁྱེར་ཉེན་ཡོད། །བུ་རེ་དྭོགས་མེད་པའི་ངང་ལ་ཞོག །དེ་གོའམ་དབུས་པ་སྟོན་པ་བ། །དེ་གོའམ་དྭགས་པོ་ལྷ་རྗེ་བ། །ཞེས་གསུངས་སྟེ་དབུས་སུ་བྱོན། རྗེ་བཙུན་གྱིས་རས་པ་རྣམས་བསྡུས་སྟེ་མདང་རྨི་ལམ་ན་ངའི་རྩ་ནས་བྱ་རྒོད་སེར་པོ་ཅིག་དབུས་སུ་འཕུར་སོང་བ་རི་ཆེན་པོ་ཅིག་གི་རྩེར་བབ་པ་ལ་ངང་པའི་(ན༣༢ན)


PTT001_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་མཐའ་ཡས་པ་འདུས། ཅི་ཞིག་ནས་གྱེས་སོང་བས་ངང་པ་རེ་ལའང་ངང་གཡོག་ལྔ་བརྒྱ་ཙམ་རེ་འདུས་ནས་ལུང་པ་ཐམས་ཅད་ངང་པས་སེར་མྱོག་གིས་གང་བ་རྨིས། དབུས་པ་སྟོན་པ་དེས་འགྲོ་དོན་དཔག་མེད་ཡོང་བར་འདུག་ཁོ་བོ་རྣལ་འབྱོར་པ་ཡིན་ཡང་རྗེས་སུ་རབ་བྱུང་དཔག་མེད་ཡོང་བ་འདུག་པས་ཁོ་བོས་ཀྱང་བསྟན་པ་ལ་བྱ་བ་བྱས་པར་འདུག་གསུང༌། དེ་ནས་བཀའ་གདམས་པའི་ཆས་མཛད་ནས་སྙུག་རུམ་པ་ལ་སྒྲོལ་དཀར་གསན། ཡེ་ཤེས་ཀྱི་མཁའ་འགྲོས་གདུགས་ཚོད་དྲངས། བླ་མའི་གསུང་དྲན་ནས་རྒྱ་བ་གསེར་རེ་ལ་གསེར་མང་པོ་བསྐྱིས་སྟེ་བྱོན་པ་རྗེ་བཙུན་ཡོས་བུ་ལོ་རྟའི་ཟླ་བའི་བཅུ་བཞི་ལ་གཤེགས་ཅེས་ཐོས་པས་ཅུང་ཟད་བརྒྱལ། སངས་པ་ན་གསེར་ཐམས་ཅད་བྲིན་གྱི་ཕྱོགས་སུ་གཏོར་སྟེ་རྗེ་གངས་དཀར་མའི་གདུང་དབྱངས་མཛད། བཀའ་གདམས་ཀྱི་ཚོགས་སུ་ཉམས་མྱོང་ཡལ་བ་ན་བླ་མའི་གསུང་དྲན་སྟེ་གསོལ་བ་བཏབ་པས་བདེ་དྲོད་ཀླུངས་སུ་འཆུད། ཕྱག་རྒྱ་ཆེན་པོའི་རྟོགས་པ་ན་མཁའ་དང་མཉམ་པ་ཤར། སྔར་འདྲིས་ཀྱི་མི་དང་ཕྲད་པ་ལྟར་སེམས་ཀྱིས་སྒྲོ་འདོགས་ཆོད་སྟེ་རྗེ་བཙུན་ཆེན་པོ་དེ་སངས་རྒྱས་དངོས་སུ་འདུག་པ་ལ་ངས་གྲུབ་ཐོབ་ཆེན་པོ་ཅིག་དུ་བཟུང་འདུག་སྙམ་ནས་མོས་གུས་བཅོས་མིན་དུ་སྐྱེས། དུས་གསུམ་གི་སངས་རྒྱས་ཀྱིས་ང་ལུང་བསྟན་ན་ཤིང་འདི་ལ་ཤིང་ཁྱོད་སྐྱེ་བར་གྱུར་ཅིག་ཅེས་བོ་དྷི་ཙའི་ཕྲེང་བ་ལྕང་མ་ལ་བརྒྱབ་པས་ལྕང་མ་ལ་བོ་དྷི་ཙེ་འཕྲལ་དུ་སྐྱེས་སོ། །དེ་ནས་འོལ་ཁ་དགེ་ལུང་དང་འོ་དེ་གུང་རྒྱལ་གྱི་གངས་ལ་བཞུགས་ཚེ་འོ་དེ་གུང་རྒྱལ་གྱིས་སྐྱབས་འགྲོ་སེམས་སྐྱེད་ཞུས་ནས་འདིར་མི་བཞུགས་ན་ངའི་བུ་དྭགས་ལྷ་སྒམ་པོས་ཕྲིན་ལས་སྒྲུབ་པས་དེར་གཤེགས་པ་ཞུ་ཟེར། དེར་དགུང་ལོ་བཞི་བཅུ་རྩ་གྲངས་ནས་སྒམ་པོར་བྱོན། ལོ་བཅུ་གཉིས་འདག་སྦྱར་མཛད་པར་དགོངས་ཚེ་བུད་མེད་ལུས་ལ་ཐལ་བ་བྱུགས་ཤིང་རྨ་བྱའི་སྒྲོ་ཐོགས་པ་ཅིག་གིས། བཅུ་གཉིས་འདག་སྦྱར་བྱས་པ་བས། །བཅུ་གཉིས་བསྟན་(ན༣༢བ)


PTT001_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

པ་དཔེལ་ན་དགའ། །ཟེར། དེ་མ་ཐག་དབུས་གཙང་ཁམས་གསུམ་གྱི་སྣོད་ལྡན་མཐའ་ཡས་པ་འདུས་སྟེ་ཐམས་ཅད་རིང་པོར་མ་ལོན་པར་རྩ་རླུང་ཐིག་ལེའི་ཡོན་ཏན་ཡོངས་སུ་རྫོགས་པ། མངོན་ཤེས་དྲུག་ཤར་བ། མ་དག་པའི་དངོས་པོ་བརྒྱད་མི་འཆང་བ། ཅོག་བུའི་སྦྱངས་ཡོན་ཅན། རི་མཚམས་དང་སྨྲ་བཅད་འདག་སྦྱར་གྱིས་དུས་འདའ་བ། སྙིང་རྗེ་པད་དཀར་ལས་དག་པའི་འཁོར་ལུང་བསྟན་པ་ལྟ་བུ་ཤ་སྟག་བྱུང་ངོ༌། །ཡང་ཚེས་བཅུ་བཞི་བཅོ་ལྔ་བཅུ་དྲུག་གསུམ་ལ་དྭགས་པོ་ལྷ་ས་བའི་རབ་གནས་དང༌། ཡོན་བདག་དབྱེར་འབུམ་གྱི་རྟེན་རབ་གནས་དང༌། མཚམས་ནས་བྱུང་སྟེ་དབུས་གཙང་ཁམས་གསུམ་ལ་ཁྲིད་མཛད་པ་དང༌། གཟིམས་མལ་ཉིད་དུ་བཞུགས་པ་སྟེ་སྐུའི་བཀོད་པ་བཞི་དུས་གཅིག་དུ་སྣང༌། འབྱུང་བའི་ཟད་པར་ལྔ་དང་རྟེན་ལ་དངོས་སུ་ཡེ་ཤེས་པ་བསྟིམ་པ་དང༌། སྐུ་སྒམ་པོའི་རི་བས་ཆེ་བ་གཟིམས་ཁང་ཆུང་ངུར་ཆུད་པ་དང༌། ལུས་སྣང་སེམས་གསུམ་འདྲེས་པས་ཀ་བ་ལ་ཕྱག་མ་ཐོགས་པར་གཡུག་པ་དང༌། ཡེ་ཤེས་ཀྱི་མཁའ་འགྲོའི་འདུ་བ་རྒྱུན་མི་ཆད་པ་དང༌། གཙང་པོ་ལ་གདིང་བ་བཏིང་བ་ལ་བཞུགས་ནས་ཆུ་སྦྱིན་མཛད་པ་དང༌། འཇའ་ལ་ཆིབས་པ་ལ་སོགས་ངོ་མཚར་མཐའ་ཡས་པ་བསྟན་ཞིང་སྐུ་ཚེའི་སྨད་ལ་སེམས་ཀྱི་ངོ་བོ་སྟོན་པ་ཕྱག་རྒྱ་ཆེན་པོ་ཆིག་ཆོད་ཁོ་ན་གཙོ་བོར་མཛད་སྟེ། རས་བལ་བཞིན་དུ་ཤེས་པ་གློད་ལ་ཞོག་སོགས་དང༌། མ་བཅོས་བཞག་པའི་སེམས་འདི་སངས་རྒྱས་ཡིན། །ཞེས་སོགས་བླ་མ་རང་སེམས་ལ་བཞུགས་པའི་ཞལ་ཆེམས་མཛད་ཅིང༌། སེམས་ཅན་ལ་ཕན་པ་ནི་དཀའ། གནོད་པ་ནི་ཡོད་པས་གདན་ས་དང་སྐུ་ལྡེར་དང་འབུམ་པ་སོགས་མི་མཛད་པར་ཞུ། གདན་ས་དང་བླ་མའི་རྣམ་ཐར་ལ་སོགས་པ་གང་ཡིན་ན་ཆོས་དང་མཐུན་པ་དེ་ཡིན་པས་རྒྱལ་བའི་བཀའ་དང་མི་འགལ་བ་རེ་མཛད་པར་ཞུ། གསུངས་ནས་དགུང་ལོ་དོན་ལྔ་པ་ཆུ་མོ་བྱ་ལོ་ཁྲུམས་ཀྱི་ཟླ་བའི་བཅོ་ལྔ་རི་སྐེད་ཉི་ཤར་དུས་མྱ་ངན་ལས་འདས། ལྟས་བསམ་གྱིས་(ན༣༣ན)


PTT001_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཁྱབ་ཅིང་གདུང་བཞུ་པའི་ཐུགས་སྒོ་མང་དུ་བཞུགས་སོ། །རྗེ་དེ་ལ་མཇལ་བ་དང་མོས་པ་བྱས་པས་རྟོགས་པ་སྐྱེས་པ་མང་དུ་བྱུང་ཞིང༌། སྒམ་པོའི་རི་མཐོང་བ་དང་ཞལ་མཐོང་བ་ཙམ་གྱིས་གྲོལ་བ་མང་དུ་ཡོད་ལ། སྤྱིར་ཤོ་སྒོམ་འཕགས་པ། ཟིམ་ཤི་ཡེ་ཤེས་སྙིང་པོ། གསེར་སྒོམ་ཡེ་ཤེས་སྙིང་པོ། རམ་སྙི་ཆོས་གཡུ་སྟེ་གྲུབ་ཐོབ་བཞི། དྭགས་པོ་སྒོམ་ཚུལ། གྲུབ་ཐོབ་དབུ་སེ། ཕག་གྲུ་པ། འབབ་རོམ་པ་སྟེ་རྒྱུད་འཛིན་བཞི། དྭགས་པོ་འདུལ་འཛིན། འགར་སྒོམ་དཀར་པོ། ལྷོ་ལ་ཡག་པ། ཀྱེ་བོ་ཡེ་རྡོར་སྟེ་ཉེ་བའི་སྲས་བཞི། རྨོག་ཅོག་པ། སྒོམ་ཆུང༌། གྲོལ་སྒོམ་ཆོས་གཡུང༌། གསལ་སྟོང་སྒོམ་ཤེ་སྟེ་ཐུགས་ཀྱི་སྲས་བཞི། ཇོ་སྟན། ལེགས་མཛེས། གསལ་བྱང༌། གསལ་མེ་སྟེ་ཉེ་གནས་བཞི། གཞན་ཡང་གཉགས་ནག་པོ་དང་རྫི་སྒོམ་སྐྱེས་སེ་སོགས་མཐའ་ཡས་པར་བྱོན་ནོ། །ཁྱད་པར་རྗེ་སྒོམ་ཚུལ་ནི་བླ་མ་རིན་པོ་ཆེའི་གཅེན་པོ་རྒྱ་བ་གསེར་རེའི་སྲས་སུ་འཁྲུངས། སྐུ་མཆེད་གསུམ་ལས་གཅེན་པོ་སློབ་དཔོན་སྒོམ་པ། བླ་མ་ཆེན་པོས་སོ་བརྒྱད་བཞེས་པ་མེ་སྤྲེ་ལ་འཁྲུངས། འབྲིང་སྒོམ་པ་གྲགས་ཤེས་བྱ་བ་ཡོན་ཏན་དང་ལྡན་པ་བྱོན་ཡང་སྔ་བར་འདས། ཆུང་བ་སྒོམ་ཆུང་ཡིན། སློབ་དཔོན་སྒོམ་པ་ལོ་ལྔ་པར་བླ་མ་རིན་པོ་ཆེ་དང་མཇལ། མཚན་འཛམ་གླིང་གྲགས་པར་བཏགས། མི་གཡོ་བ་ཡི་དམ་དུ་ཕོག་པས་ཞལ་གཟིགས། བཅུ་གཅིག་ལ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་འཁྲུངས། བཅུ་བདུན་ལ་མངའ་རིས་པ་ལས་རབ་ཏུ་བྱུང༌། མཚན་ཚུལ་ཁྲིམས་སྙིང་པོར་གསོལ། ཉི་ཤུ་ལ་ཤ་པ་གླིང་པ་ལས་བསྙེན་རྫོགས་མཛད། བླ་མ་ཆེན་པོས་མན་ངག་ཐམས་ཅད་རྫོགས་པར་གནང་སྟེ་བཅོ་བརྒྱད་པར་སྒོམ་མེད་ཀྱི་རྟོགས་པ་སྐྱེས། སྙགས་ལྷ་བྱར་མ་དང་ཤ་འུག་སྟག་སྒོ་ལ་སོགས་པར་སྒྲུབ་པ་མཛད། ཤོ་སྒོམ་འཕགས་པས་ཉམས་ཀྱི་འཆར་ལུགས་གོ་ལགས་སམ་གསུངས་པས། ཉམས་རྟོགས་ངོ་བོ་གཅིག་དུ་འདྲེས། །(ན༣༣བ)


PTT001_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་སྐུ་ལ་འདུ་འབྲལ་མེད། །ཉམས་རྟོགས་ཅན་ལ་ང་མི་སྨོན། །སོགས་གསུངས་པས་འཕགས་པས་བཤུམས། རྗེ་སྒམ་པོའི་ཞལ་ནས་ད་འོ་སྐོལ་གྱིས་ཁོ་མི་ཐུབ་ཉལ་དུ་འགྲོ་གསུངས་སྐད། དབང་ཞུ་ཕུག་དུ་ཞྭ་སྣ་རིང་གི་སྣ་བལྟབ་སྟེ་མནབས་པས་སློབ་དཔོན་སྒོམ་པའི་ཞྭ་ཞེས་སྒོམ་ཞྭར་གྲགས་པ་བྱུང༌། སྒོམ་ཚུལ་འདི་ཀུན་ས་བཅུའི་བྱང་ཆུབ་སེམས་དཔའ་ཁོ་བོས་སད་པར་བྱས་པ་ཙམ་ཡིན་གསུང་ཞིང་སོ་ལྔ་པ་ལྕགས་རྟ་ལ་འཁོར་རྣམས་སྐྱོང་བར་བསྐོས། དེ་ནས་ལོ་གསུམ་ན་བླ་མ་ཆེན་པོ་གཤེགས་པའི་ཐུགས་ལྗགས་ཀྱི་བཞུགས་ཁང་སྒོ་མང་དང་མཆོད་ཁང་རྙིང་མ་དང་སྒོམ་སྡེ་མཛད། སྟོད་ལུང་དུ་མཚུར་ལྷ་ལུང་བཏབ། ལྷ་ས་རྦ་འབྲིང་གི་སྡེ་འཁྲུག་གིས་ཞིག་ཅིང་སྟོངས་པའི་སྐབས་སུ་བླ་མ་རིན་པོ་ཆེ་དང་ཇོ་བོ་ཐ་མི་དད་པས་ཁྱོད་ཀྱིས་ད་འཇོག་ཕོད་དམ་གསུང་ཞིང་གསང་བ་འདུས་པའི་དཀྱིལ་འཁོར་དུ་གཟིགས་ནས། སྔོན་ཆོས་རྒྱལ་ཉིད་ཀྱིས། བྱང་ཆུབ་སེམས་དཔའ་ཤར་ལྷོར་སྐུ་འཁྲུངས་པ། །སྙིང་པོའི་མཐའ་ཅན་སྐྱེས་བུ་དམ་པ་ནི། །གཙུག་ལག་ཁང་ཆེན་འདི་ལ་ཕན་པར་འགྱུར། །ཞེས་ལུང་བསྟན་པ་ལྟར་སྡེ་འཁྲུག་བསྡུམས། ཞིག་གསོ་རྒྱ་ཆེར་མཛད་སྟེ་ཞང་རིན་པོ་ཆེ་ལ་གཏད། ཕྱ་པ་དང་རོང་པ་ཕྱག་སོར་བས་ཞབས་ལ་བཏུགས། གཙང་ནག་པས། སྐལ་མེད་སྐྱེ་བོས་རིང་ནས་ངན་བརྗོད་ཀྱང༌། །མཐོང་དང་འདྲིས་པའི་སྐྱེ་བོ་དད་འགྱུར་ཞིང༌། །མངོན་རློམ་དྲེགས་པ་བརྒྱ་དག་ཟིལ་གནོན་པ། །བསོད་ནམས་གཟི་ལྡན་སྐུ་ལ་སྐྱབས་སུ་མཆི། །ཞེས་བསྟོད་པ་བྱས། དགུང་ལོ་ལྔ་བཅུ་རྩ་བཞི་པ་གླང་ལོ་ལ་སྐུའི་བཀོད་པ་བསྡུས་སོ། །རྣལ་འབྱོར་ཆོས་གཡུང་གཉིས་ཀྱི་ཀླུང་ཤོད་པ་ནི་གྲུབ་ཐོབ་ཆེན་པོར་བཞུགས་ལ། འོལ་ཁ་ཆོས་གཡུང་ནི་ཆོས་དྲུག་གི་ཡོན་ཏན་མཐར་ཕྱིན། སེ་མོ་དོར་ངང་པ་ལ་གྲོང་འཇུག་མཛད་པས་དཔལ་རྒྭ་ལོ་སློབ་མར་འདུས། རྗེ་སྒམ་པོ་བ་དང་དཔོན་སློབ་ཐུགས་རྒྱུད་གཅིག་པར་(ན༣༤ན)


PTT001_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས། ཚོགས་ཀྱི་རེས་ལ་ལྷའི་བདུད་རྩི་དྲངས། བ་རི་ལོ་ཙཱ་དང་ཕ་དམ་པའི་མཆོད་གནས་མཛད། ཞང་རིན་པོ་ཆེའི་བླ་མར་གྱུར། གོ་བདུན་པ་ས་ལུག་ལ་ཐེགས། ལྷོ་ལ་ཡག་པ་བྱང་ཆུབ་དངོས་གྲུབ་ནི་ཏར་ཁ་བོ་དྷི་རཱ་ཛ་ཞེས་པ་རྙིང་མའི་གྲུབ་ཐོབ་ལོ་བརྒྱ་དང་བཅུ་གཉིས་བཞུགས་པའི་སྲས་ཏར་ཁ་དཔལ་སྐྱེད་དང་ཡུམ་མཁའ་འགྲོ་མ་ཞིག་གི་སྲས་སུ་འཁྲུངས། ཆུང་ངུའི་དུས་ལག་པ་དཀར་པོ་རྒྱན་ཅན་ཞིག་གིས་བུ་རྫི་བྱེད་པ་བྱུང༌། ཀློང་མ་བསླབས་པར་ཤེས། མདོ་སྔགས་མཐའ་དག་ལ་སྦྱངས། སྒོམ་པ་ཞི་མཛེས་ཀྱིས་ཁྲིད་ནས་སྒམ་པོར་བྱོན། ཉི་མ་རྒས་ཀའི་སྦང་ཐན་འདྲ་སྟེ་རྗེ་བཙུན་དང་ངའི་ལས་འབྲེལ་ལྟ་བུ་ཞིག་འདི་དང་ང་ལ་ཡོད་གསུངས་ནས་མཚམས་ཁོང་དུ་བཅུག་ནས་གདམས་ངག་ཐམས་ཅད་གནང༌། རྟོགས་པ་ན་མཁའ་ལྟ་བུ་འཁྲུངས། བླ་མས་ལུང་བསྟན་པ་ལྟར་ཕྱིས་བདེ་མཆོག་གི་སྒྲུབ་ཐབས་དང་དྭགས་པོའི་ཆོས་བཞིའི་འགྲེལ་བ་སོགས་མཛད་སྟེ་དེང་དུའང་དར་རོ། །གྲུབ་ཐོབ་དབུ་སེ་ནི་བསྐལ་བཟང་གི་སངས་རྒྱས་སེང་གེ་ཤཱཀྱའི་བསྟན་པ་ལ་ཚངས་པར་སྤྱོད་པ་སྟེ་ཤར་ཀྲེ་ཤོད་དུ་འཁྲུངས། མཆོག་གི་བླ་མ་ལས་རབ་ཏུ་བྱུང༌། དེའི་ཚེ་མཁའ་འགྲོ་ཐམས་ཅད་ཀྱིས་དབུ་ཞྭ་ནག་པོ་འབུལ་བ་དང་ཀརྨ་པའི་མཚན་གསོལ་(ན༣༤བ)


PTT001_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

བར་གཟིགས་པས་ཕྱིས་དབུ་ཞྭ་ནག་པོ་མནབས། ལོ་ཉི་ཤུ་ལ་དབུས་སུ་བྱོན་སྟེ་སྟོད་ལུང་རྒྱ་དམར་བ་དང་ཕྱ་བ་སོགས་བསྟེན། གསུང་རབ་མཐའ་དག་ལ་སྦྱངས། ཤར་བ་པ་དང་དཔལ་རྒྭ་ལོ་སོགས་བསྟེན་སྟེ་གདམས་ངག་བོད་ན་བཞུགས་སོ་འཚལ་གསན། དགུང་ལོ་སུམ་བཅུ་བཞེས་པ་ཆོས་རྗེས་རེ་གཅིག་བཞེས་པ་ན་རྗེ་སྒམ་པོ་པ་ཁུ་དབོན་མཇལ། གདམས་ངག་ཐམས་ཅད་གནང་སྟེ་སྒོམ་ཆེན་བརྒྱད་བརྒྱའི་ནང་ན་སྒོམ་སྲན་ཆེ་བར་གྲགས། ཆོས་རྗེས་ལུང་བསྟན་སྟེ་འོལ་ཁ། ཟངས་རི། ཕག་མོ་གྲུ་མོན་དོམ་ཚང་སོགས་སུ་བསྒོམས། རྗེ་བཙུན་མི་ལའི་དངོས་སློབ་བདུན་གྱི་གདམས་ངག་ཐམས་ཅད་རྫོགས། ཆོས་རྗེས་བུ་ཁྱོད་སྒྲུབ་པ་ཁམས་ཀྱི་ཀམ་པོ་གངས་རར་གྱིས་འགྲོ་དོན་དབུས་གཙང་ཁམས་གསུམ་ཁྱབ་པར་འབྱུང་ཞེས་གཞན་ལ་མ་གནང་བ་སྐྱེད་རིམ་ལྷན་ཅིག་སྐྱེས་མ་དང་རྫོགས་རིམ་རླུང་སེམས་གཉིས་མེད་སོགས་གནད་མཐའ་དག་གནང༌། ཇོ་མོ་གངས་དང་གཞུ་གྲུ་བཞི་ལ་སོགས་པར་སྒྲུབ་པ་མཛད། ཆོས་རྗེ་གཤེགས་པ་མཁྱེན་ནས་བྱོན་པས་ན་མཁའ་ལ་དངོས་སུ་བྱོན། དགུང་ལོ་ང་ལྔ་ལ་ཁམས་སུ་བྱོན་སྟེ་ཀམ་པོ་གནས་ནང་དུ་སྒྲུབ་པ་རྩེ་གཅིག་དུ་མཛད། དོན་ལྔ་ནས་འབྲི་ཆུའི་རྒྱུད་སོགས་སུ་གཞན་དོན་མཛད་སྟེ་བརྒྱད་བཅུ་ནས་མཚུར་ཕུར་དགོན་པ་བཏབ། སྔོན་དགུང་ལོ་ལྔ་བཅུ་ཙམ་གྱི་ཚེ་དཔལ་ཕག་མོ་གྲུབ་པས་ཁྱེད་ཁམས་སུ་མ་འབྱོན། འབྱོན་ནའང་དབང་སྐུར་དང་རབ་གནས་མང་པོ་མ་མཛད་སྐུ་ཚེ་ལ་བར་ཆད་བྱུང་དྭོགས་ཡོད་ཅེས་བྱུང་བ་ན་ཁོ་བོ་དབང་བསྐུར་ཡང་བརྒྱད་བཅུ་རྩ་བཞི་མ་བསྐུར་ཡང་བརྒྱད་བཅུ་རྩ་བཞི་ཡིན་ཞེས་གསུངས་པ་ལྟར་གྱ་བཞི་ལ་རྟེན་དང་ཕྱག་དཔེ་རྣམས་མ་འཐོར་བ་གྱིས་གསུངས་སྟེ་ཐེགས། བཀའ་བབ་ཀྱི་བུ་ལྔ། རྒྱུད་འཛིན་གྱི་བུ་བཞི། ཉེ་གནས་འོད་བཞི། བླ་མ་བཞི། སྔ་བུ་བཞི། ཕྱི་བུ་བཞི་སོགས་མཐའ་ཡས་པར་བྱོན་ཞིང་སྤྲུལ་པའི་སྐུ་རྒྱུན་མི་ཆད་པར་བྱིན་གྱིས་བརླབས་སྟེ་སངས་(ན༣༥ན)


PTT001_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་རས་ཆེན་ལ་བརྒྱུད་པ་གཏད་ཅིང་ཁྱད་པར་གྲུབ་ཐོབ་ཀརྨ་པཀ་ཤིས་ཧོར་རྒྱལ་པོས་བསྟན་པ་གཞིག་མི་ནུས་པར་མཛད། རྗེ་རང་བྱུང་རྡོ་རྗེས་གྲུབ་ཐོབ་མཐའ་ཡས་པ་ཕྱུང༌། རྗེ་རོལ་པའི་རྡོ་རྗེས་རྒྱ་བོད་ཧོར་གསུམ་བཏུལ། རྗེ་དེ་བཞིན་གཤེགས་པས་བོད་རྒྱ་དམག་གི་འཇིགས་པ་ལས་བསྐྱབས། རྗེ་མཐོང་བ་དོན་ལྡན་གྱིས་སྔགས་ཀྱི་གདུལ་བྱ་རྣམས་བཏུལ། རྗེ་བདུན་པས་ལུང་རྟོགས་གཉི་གའི་བསྟན་པ་སྤེལ། ཕྱི་དུས་སྤྱིར་བསྟན་པ་ཐམས་ཅད་དང་ཁྱད་པར་བཀའ་རྒྱུད་ཀྱི་བསྟན་པ་ཉམས་སྟེ་ཟས་གོས་ཀྱིས་ཕོངས་པའི་མུ་ཏོ་པ་ཐམས་ཅད་ཀྱིས་བཀའ་རྒྱུད་པར་ཁ་གཡར་སྟེ་སྒབ་རྡུམ་མགོ་སོག་རེ་བྱས་ནས་ཆང་ཚུལ་ཁ་ཐམས་ཅད་ཉུལ་ཞིང་རྣམ་རྟོག་ཆོས་སྐུ་ཨེ་ཡིན་ཁྱོད་ཀྱིས་རྐྱེན་ཨེ་ཐེག་ཟེར་ཞིང་རྩོད་རུས་བསྣུན་པས་བསད་ཤི་མང་དུ་བྱེད་ཅིང་གྲག་ཤོས་རྣམས་ཀྱང་བླང་དོར་མེད་ཟེར་ཞིང་ལས་འབྲས་ཁྱད་དུ་གསོད། རྙེད་བཀུར་སྣ་རེའི་ཆེད་དུ་མི་བྱ་བ་དང་མི་ཟེར་བ་ཅི་ཡང་མེད་པས་བོད་ཡུལ་གང་བའི་དུས་སུ་བདག་གི་བླ་མ་ཀརྨ་པ་བརྒྱད་པའི་ཞབས་ཀྱིས་སངས་རྒྱས་ཀྱི་བསྟན་པ་རྨང་ནས་བསོས་སྟེ་ཆོས་མིན་རྣམས་ནུབ་ཅིང་ཉན་ཐོས་ཀྱི་ངེས་འབྱུང་ཐེག་ཆེན་གྱི་སེམས་སྐྱེད་གསང་སྔགས་ཀྱི་དམ་ཚིག་རྣམ་པར་དག་པ་དང༌། ཁྱད་པར་བཀའ་རྒྱུད་རིན་པོ་ཆེའི་མར་རྔོག་གི་རྒྱུད་བཤད། མི་ལའི་སྙིང་རུས་དང་མན་ངག །སྒམ་པོ་པའི་ངོ་བོའི་ག་དར། ཕག་གྲུ་པའི་གསང་སྔགས། འབྲི་ཁུང་པའི་ཁྱད་ཆོས་རྣམས་ཀྱི་དགོངས་པ། གཙང་པ་རྒྱ་རས་ཀྱི་རྟེན་འབྲེལ་དང་རོ་སྙོམས། ལོ་རྒོད་ཀྱི་མོས་གུས་དང་ཞེན་ལོག །དེ་ཐམས་ཅད་རླུང་སེམས་དབྱེར་མེད་ཀྱི་ངོ་བོར་གཉིས་མེད་དུ་ཚང་ལ་མ་འདྲེས་པ་དར་བར་མཛད་སྟེ་མར་མི་དྭགས་གསུམ་གྱི་བཀའ་རྒྱུད་ཐམས་ཅད་ཀྱི་བསྟན་པ་རྨང་ནས་བསོས་པ་ཡིན་ལ་རྗེ་བཙུན་གྱིས་རྗེ་དྭགས་པོ་ལ་དུག་གསུམ་རྒྱས་པའི་མི་དང་མ་འགྲོག །སྤྱིར་ཡང་རི་དྭགས་རྨས་མའམ་བྱ་བཞིན་དུ་ཟོན་བག་ཆེ་བར་བྱ། (ན༣༥བ)


PTT001_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བ། དུལ་བ། ཅེ་རེག་ཆུང་བར་བྱ། བཟོད་པ་ཆེ་བར་བྱ། ཐམས་ཅད་དང་མཐུན་པར་བྱ། གཙང་སྦྲ་ཤིན་དུ་ཆེ་བར་བྱ། རྟོག་པ་ཤིན་དུ་ཆུང་བར་བྱ། རེ་མཚམས་དང༌། སྨྲ་བཅད་དང༌། འདག་སྦྱར་གསུམ་གྱིས་དུས་འདའ་བར་བྱ། རང་སེམས་སངས་རྒྱས་སུ་རྟོགས་ཀྱང་བླ་མ་རྡོ་རྗེ་སློབ་དཔོན་མི་སྤོང་བ་ལ་བསླབ། གསག་སྦྱང་གཉིས་པོ་རང་སར་དག་ཀྱང་ཚོགས་ཆུང་ངུ་ཆུང་ངུ་ནས་གསག །ལས་འབྲས་ན་མཁའ་ལྟར་གོ་ཡང་སྡིག་པ་ཆུང་ངུ་ནས་འཛེམ། མཉམ་རྗེས་འདྲེས་པའི་ཉམས་ཡོད་ཀྱང་ཐུན་བཞིའི་རྣལ་འབྱོར་རྒྱུན་ཆད་མེད་པར་ཉམས་སུ་བླང༌། བདག་གཞན་མཉམ་ཉིད་དུ་གོ་ཡང་ཆོས་དང་གང་ཟག་ལ་སྐུར་པ་མི་གདབ། ཅེས་གསུངས་པའི་དགོངས་པ་རྫོགས་པར་མཛད་ཏོ། །རྗེ་དུས་མཁྱེན་གྱི་ཉེ་གནས་ན་མཁའ་འོད་ཀྱི་སྐུའི་སྐྱེ་བ་བརྒྱུད་པ་ཤ་གྲགས་པ་སེང་གེ་ནས་བཟུང༌། ཞྭ་དམར་ཅོད་པན་འཛིན་པའི་བཀའ་རྒྱུད་དར་རྒྱས་སུ་གྱུར་ལ། སྤྱིར་ཞྭ་ནག་གི་ཅོད་པན་འཛིན་པ་ན་རིམ་བཅུ་གཅིག་དང༌། ཞྭ་དམར་གྱི་ཅོད་པན་འཛིན་པ་ཉི་ཤུ་རྩ་གཅིག་འབྱོན་པར་གསུངས་པ་ལས་ད་ལྟ་ཞྭ་ནག་གི་ཅོད་པན་འཛིན་པ་དགུ་པ་བྱོན་མ་ཐག་དང་ཞྭ་དམར་གྱི་ཅོད་པོད་ཅན་འཛིན་པ་ལྔ་པ་སེང་ཁྲི་ལ་བཞུགས་པ་ཞབས་བརྟན་པར་གྱུར་ཅིག །རྗེ་སྒོམ་ཚུལ་གྱིས་ལོ་བཅུ་དགུ་གདན་སར་བཞུགས་པ་ནས། རྗེ་སྒོམ་ཆུང༌། ལྷོ་ལ་ཡག་པ། དྭགས་པོ་འདུལ་འཛིན་རྣམས་རྗེ་སྒམ་པོ་བ་ཉིད་ཀྱི་དངོས་སློབ་དང༌། དེ་ནས་རྗེ་འཇིག་རྟེན་མགོན་པོས་གདན་སའི་མིང་མ་མཛད་པར་བསྐྱངས། དེ་ནས་སྤྱན་སྔ་འབྲི་ཁུང་གླིང་པ། དམ་ཆོས་གླིང་པ། ཆོས་ཚུལ་པ་རྣམས་འབྲི་ཁུང་པའི་ཞལ་སློབ་དང༌། དེ་ནས་སྒོམ་པ་མཆེད་ཀྱི་བུ་ཆེན་ལྷ་ལུང་པ། བོར་གནས་པ། ཆོས་དབང་བ་ཡིན་ལ། དེ་ནས་སྤྱན་སྔ་ཇོ་སྲས་པ་ནས་ཕྱི་རུས་གཅིག་པའི་དབོན་རྒྱུད་ཀྱིས་གདན་ས་བསྐྱངས་པ་སྟེ་འདི་ཐམས་ཅད་ཕྱི་མས་སྔ་མ་ལ་ཆོས་གསན་པར་མ་ངེས་སོ། །རྗེ་སྒོམ་ཚུལ་གྱི་སློབ་མའི་གཙོ་བོ་ནི་ཞང་རིན་པོ་ཆེ་སྟེ། འཁྲུངས་ཡུལ་སྐྱིད་ཤོད་ཚ་བ་གྲུ་གདུང་སྣ་ནམ་ཞང༌། ཡབ་རྡོ་རྗེ་སེམས་དཔའ་(ན༣༦ན)


PTT001_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ཡག་མོ་མང་སྐྱིད་ཀྱི་སྲས་སུ་ཆུ་སྟག་ལ་འཁྲུངས། མཚན་དར་མ་གྲགས། ཆུང་ངུ་ནས་སྤྲུལ་པར་གྲགས་སྟེ་ཐམས་ཅད་ཀྱིས་བྱིན་རླབས་ཞུ། ལོ་དྲུག་པ་ན་ཡབ་ཀྱིས་གཞན་ལ་དམྱལ་བའི་སྡུག་སྔལ་བཤད་པ་གོ་སྟེ་ཅི་ཕན་དྲིས་པས་སྐྱབས་འགྲོ་དང་ལྷ་ཕྱག་ཕན་ཟེར་བས་རྟེན་གྱི་དྲུང་དུ་སྐྱབས་འགྲོ་དང་ཕྱག་མཛད། མས་ཡིག་བརྒྱ་བསླབས་སྟེ་ནང་ནུབ་ཉིན་གསུམ་དུ་མ་ཆག་པར་བཏོན། ཆག་པ་ན་རྨི་ལམ་དུ་བྲེད་སྔངས་བྱུང་བས་འཆག་མ་སྟུབ། དགུ་ནས་བཅོ་བརྒྱད་ཀྱི་བར་ལ་མདོ་སྔགས་མང་དུ་གསན། ལོ་གསུམ་དུ་འདྲེའི་མཐུ་བསྒྲུབས། ཡབ་ཡུམ་གྲོངས་པས་སྐྱོ་སྟེ་ཁམས་སུ་བྱོན། གཞན་གྱི་མཐུ་པ་མཛད་ཚེ་ཅིས་ཀྱང་དྭོགས་མེད་སྐྱེས་མཐུའི་རྫས་རྣམས་གཏོར། རུ་བཙུན་ཆུང་གི་བཤིད་ཀྱི་དུས་རབ་བྱུང་མཛད་པར་བརྩམས་པས་ངེད་ཁམས་པ་ཀུན་དབུས་སུ་འགྲོ་བ་ལ་དབུས་པ་ཁམས་སུ་ཆོས་བྱེད་པ་ག་ན་འོང་ཟེར་བླ་མ་དང་ཡོན་བདག་ཀུན་གྱིས་གཤོལ་ཡང་དེ་སྲིད་མི་འཆི་བའི་གདེང་ཅི་ཡོད་སྙམ་ནས་མཁན་པོ་རྒྱ་སྟོན་མཁར་མགོ་བ་དང་ལས་སློབ་གྲབ་མཁར་བ་ལས་ལོ་ཉེར་དྲུག་ལ་བསྙེན་པར་རྫོགས་སྟེ་མཚན་བརྩོན་འགྲུས་གྲགས་པར་བཏགས། དཔལ་ཆེན་པོ་རྒྭ་ལོ་ཁམས་སུ་བྱོན་པ་མཇལ། མོས་གུས་རྩོལ་མེད་དུ་སྐྱེས། སྔ་ཕྱིར་གདམས་ངག་ཐམས་ཅད་རྫོགས། ཕུགས་སུ་བདག་རབ་སྒང་དུ་མཆིས་ལ་སྒོམ་པར་ཞུ་ཞུས་པས་ནམ་ཕུགས་སེམ་པའི་སྒོམ་ཆེན་པ་སྐྱུག་བྲོ་གསུངས། གདམས་པ་དེ་རང་ཆེ་བར་བྱུང༌། བསྒོམས་པས་ཉམས་མྱོང་ཇི་ལྟ་བུ་ཡང་བྱུང༌། དབུས་སུ་བྱོན་ནས་འགར་གྲོང་བྲག་ལ་བསྒོམས་པས་གེགས་མང་དུ་བྱུང་ནས་སྤོས་ཁར་བྱོན་པས་མ་མཇལ་ཡང་དད་པ་སྐྱེས། གེགས་སེལ་གྱི་སམྤུ་ཏྲ་གནང་བས་ཕན་ཐོགས། ཕྱིས་མཇལ་བ་ན་དཔལ་ཆེན་པོའི་གདམས་ངག་གིས་ཐུགས་ཁེངས་པ་མཁྱེན་སྟེ་གེགས་སེལ་ལ་བསྙད་ནས་ན་རོ་པའི་གདམས་ངག་ལ་བཙུད། ན་ཟ་རྐྱང་པ་མཛད་ནས་བསྒོམས་སྟེ་དེ་ཕྱིན་རླུང་གི་སྐྱོན་མ་བྱུང༌། བཟའ་བཏུང་(ན༣༦བ)


PTT001_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོ་རླུང་བཅོས་དགོས་པའང་ངན་ལང་དུ་འདུག་གསུངས། རྨི་ལམ་ལ་རང་དབང་ཐོབ། རྗེ་ཡེར་པ་བ་མཇལ་ནས་བསམས་པས་སྔར་དགེ་སྦྱོར་བྱས་ཚད་ལ་ཚེ་འདིའི་རྟོག་ངན་ལོ་འདོད་གཡོ་སྒྱུ་ཟོལ་ཟོག་གཞན་གྱི་ཕྱེ་གཏོར་འགམས་པ་སོགས་དང་འདྲེས་པ་ད་གདོད་ཚོར། ཕྱིན་ཆད་ཞེ་དམ་དང་གཉེན་པོས་འབུར་འཇོམས་བྱས། ང་ལ་ནི་ཚེ་འདིའི་རྟོག་ངན་ཁོ་ན་སྤང་དཀའ་བར་བྱུང་གསུངས། ཆོས་བྱེད་ན་གནད་འདི་ཤེས་དགོས་པར་གོ །ལམ་འབྲས་ཞ་མའི་ལུགས་ཀྱི་ལྷ་གོ་རར་ཞུགས་ཤིང་ལུས་ལ་བསྟིམ་པ་མཛད་པས་རྗེ་བཙུན་མའི་སྐུར་ཞག་གསུམ་བཞུགས། རྗེ་སྒོམ་ཚུལ་དང་མཇལ་བས་བཀའ་རྒྱུད་ཀྱི་བྱིན་རླབས་ཞུགས། སེམས་ཀྱི་ངོ་བོ་ཡང་དག་པར་གཟིགས་པས་སྔར་ནས་མཁྱེན་པའི་ཆོས་ཐམས་ཅད་ཇི་ལྟ་བར་རྟོགས་ནས་སྒྲོ་འདོགས་ཀུན་ཆོད། སྤྱིར་དཔལ་རྒྭ་ལོ་ཡེ་ཤེས་མགོན་པོ་ཡིན་ངེས། མལ་ཡེར་པ་བ་རྡོ་རྗེ་རྣལ་འབྱོར་མ་ཡིན་ངེས། དངུལ་ཆུ་བཻ་རོ་བ་ཧེ་རུ་ཀ་ཡིན་ངེས། རྗེ་སྒོམ་ཚུལ་རྡོ་རྗེ་འཆང་ཡིན་ངེས་སྟེ་ཡིན་ངེས་ཀྱི་བླ་མ་བཞི། དེའི་སྟེང་དུ་འོལ་ཁ་བ་དང་གཤེན་པ་རྡོ་རྗེ་སེང་གེ་བསྣན་པས་རྩ་བའི་བླ་མ་དྲུག་ཕྱིར་ཆོས་ཐོབ་ཀྱི་བླ་མ་སོ་དྲུག་ཡོད། མནལ་ལམ་བཟུང་ནས་སུམ་བཅུ་རྩ་གསུམ་དུ་བྱོན། ཨོ་ཌྱན་དུ་འབྱོན་བཞེད་པ་ན་ཡེ་ཤེས་མགོན་པོས་ཕྲིན་ལས་བཞིའི་དངོས་གྲུབ་ཕུལ། གཟའ་དང་རྒྱུ་སྐར་ཐམས་ཅད་ཀྱིས་སྲོག་སྙིང་ཕུལ། རང་ཉིད་ཡི་གེ་ཧཱུྃ་དམར་པོར་གྱུར་པ་རྡོ་རྗེ་རྣལ་འབྱོར་མའི་གསང་བ་ནས་དྲངས། གྲོངས་པ་ཡིན་ནམ་བསམ་པ་ཡུད་ཙམ་ཤར། ལྟེ་བར་འགྲོ་བ་རིགས་དྲུག་ཐམས་ཅད་དང་སྔར་འདས་པའི་བླ་མ་སྟོང་རྩ་བརྒྱད་སོགས་དང༌། མ་འོངས་པ་གཞེང་བའི་མཆོད་ཁང་དང༌། མཆོད་རྟེན་བང་རིམ་གསུམ་ཚར་བའི་སྟེང་ན་ཉིད་ཀྱི་གདུང་བཞུ་བ་སོགས་དང༌། སྙིང་ཁར་འཛམ་གླིང་བྱེ་བ་ཕྲག་བརྒྱ་ན་ཉིད་བྱེ་བ་ཕྲག་བརྒྱས་རྡོ་རྗེ་གདན་ལ་མཆོད་པ་བྱེད་པ་དང༌། མགྲིན་པར་སངས་རྒྱས་ཀྱི་ཞིང་མཐའ་(ན༣༧ན)


PTT001_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་པའི་དབུས་ན་རང་ཉིད་རྣམ་སྣང་དུ་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། སྤྱི་བོར་རྡོ་རྗེ་རྣལ་འབྱོར་མ་ལྷ་བདུན་གྱི་དཀྱིལ་འཁོར་གཟིགས་ཤིང་འཁོར་ལོ་བཞིར་ཡས་རིམ་གྱིས་དབང་བཞི་ཐོབ་ནས་ཧེ་རུ་ཀའི་རྣམ་པས་ཕྱིར་བྱུང་ནས་མཚོ་སྐྱེས་རྡོ་རྗེར་མཚན་གསོལ་བ་དང༌། ཡང་རྣལ་འབྱོར་མས་ཆོས་ཅིག་གསུངས་པ་ལས་མནལ་སད་ནས་ནམ་སྨིན་གྱི་ལུས་དག་སྟེ་སྒྱུ་འཕྲུལ་དྲ་བའི་སྐུར་གྱུར་ལུས་གཟུགས་སྐུ་དང་སེམས་ཆོས་སྐུར་སངས་རྒྱས་པའོ། །གཞན་ཡང་གནས་བདུན་དུ་གསང་བའི་རྣམ་ཐར་བདུན་ཟབ་ཆོས་དང་བཅས་པ་བསྟན་ཞིང་སྤྱིར་དེའི་དུས་བོད་རྒྱལ་ཁྲིམས་མེད་པ་སིལ་བུར་སོང་བའི་སྐབས་ཡིན་པས་ཐམས་ཅད་ལ་རི་རྒྱ་ཀླུང་རྒྱ་ལམ་རྒྱ་མཛད། རྒྱ་འོག་དུ་མི་འདུ་བ་རྣམས་ལ་དམག་གཡུལ་ངོ་སོགས་དྲག་པོའི་འཕྲིན་ལས་མཛད་པས་སློབ་མ་རྣམས་ལའང་འཁྲུག་གྲལ་དུ་ཕྱག་རྒྱ་ཆེན་པོའི་རྟོགས་པ་སྐྱེས་པ་མང་དུ་བྱུང་ཞིང་དཔོན་དར་མ་གཞོན་ནུས་འཁྲུག་གྲལ་དུ་བདེ་མཆོག་ཞལ་མཐོང༌། ཚལ་གྱི་ན་སྦལ་ལྗོང་གིས་གང་བ་དེ་ལ་ཤིང་རིང་པོའི་སྣ་གཉིས་ལ་ཐག་པ་བཏགས། དེ་ཉིད་ཀྱི་མགུལ་ལ་བཞེས་ནས་འདྲུད་པ་མང་དུ་མཛད་ནས་ན་ཁ་དམར་ཉོག་གིས་སོང་བ་ན་དེ་རིང་དོན་ཆེན་པོ་བྱུང་གསུངས་ནས་མཉེས་པར་མཛད། སྤྱིར་ངན་སོང་གསུམ་བསྒྲལ་བའི་ཞིང་དུ་བཤད་ཀྱང་དྲག་པོའི་འཕྲིན་ལས་མངོན་སུམ་དུ་མཛད་པ་རྒྱ་གར་དུ་བིརྺ་པ་དང་བོད་དུ་ཞང་རིན་པོ་ཆེ་ལས་མ་བྱུང་ཞེས་གྲུབ་ཐོབ་ཨོ་ཌྱན་པས་གསུངས། རྗེ་སྒོམ་ཚུལ་གྱིས་ལུང་བསྟན་སྟེ་མེ་ལུག་ལ་གུང་ཐང་གི་གཙུག་ལག་ཁང་ལྷ་ཆེན་དང་བཅས་པ་བཞེངས། བདེ་མཆོག་གི་ཕོ་བྲང་གཟིགས་སར་ཡང་དགོན་བཏབ། རྫུ་འཕྲུལ་དང་སྐུའི་བཀོད་པ་དང་ཕྲིན་ལས་ནི་མཐའ་ཡས། དོན་གཉིས་པ་ཆུ་གླང་ལ་འབུམ་མོ་ཆེ་རྨང་བཏིང་པའི་བང་རིམ་གསུམ་ཚར་བ་ན་མྱ་ངན་ལས་འདས་སྟེ་དེའི་སྟེང་དུ་གདུང་བཞུ་ཞིང་རྟེན་ངོ་མཚར་ཅན་མང་དུ་བྱོན་ནོ། །སྔོན་ན་མཁའ་འོད་ལ་གདན་སའི་བཀའ་གནང་(ན༣༧བ)


PTT001_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཅག་པས་སྐུ་ཚེ་ཐུང་བ་དང༌། ཕྱི་མ་ནས་འཕྲིན་ལས་ཆེར་བར་ལུང་བསྟན། མཉམ་མེད་སངས་རྒྱས་ཡེ་ཤེས་ཅེས་པས་ཡར་འབྲོག་སྟག་ལུང་ལ་མཁས་གྲུབ་ཆེན་པོ་དེ་ཁྲིད་གཉེར་མཛད་བཞིན་པ་ལས་ཞང་རིན་པོ་ཆེ་རེ་བདུན་བཞེས་ཚེ་གདན་སར་བསྐོས། ལོ་ཉེར་གཅིག་བཞུགས་སྟེ་སྐུ་འབུམ་ཆེན་མོ། གདུང་རྟེན་མཐོང་གྲོལ་ཆེན་མོ། ཁྱམས་སྨད། ལྕགས་རི་ནང་མ། རྒྱ་ཕིབས་གསེར་ཕྲུ་སོགས་བཞེངས། དེ་ནས་ལྷ་ཕྱུག་པ་ཉི་ཟླ་འོད་ཀྱིས་ལོ་ལྔ། ཁོང་གི་ཉེ་གནས་སངས་རྒྱས་འབུམ་གྱིས་ལོ་ལྔ་བྱས་ཚེ་བླ་ཚང་དང་དཔོན་ཚང་ཞིག་ནས་ཁོང་ཟུར་དུ་བཞུགས་པ་ལས་སྒོམ་སྡེ་བ་བྱུང༌། སླར་སངས་རྒྱས་སྙིང་པོ་ལོ་བདུན། སངས་རྒྱས་རས་པ་ལོ་ཉེར་གསུམ། གསེར་ཁང་སྟེང་པ་ལོ་སོ་གསུམ་སོགས་རིམ་པར་བྱོན་ནོ། །ཞང་རིན་པོ་ཆེའི་བུ་ཆེན་འོད་བཞིར་གྲགས་པ་ལས་ན་མཁའ་འོད་ནི་ཡུལ་གྲའི་འཇད། འདིས་སྤང་གཤོག་ལྷ་རི་ཁ་བཏབ་ཅིང་སངས་རྒྱས་ལྷ་དགེ་སངས་རྒྱས་དཔོན། དེ་ཝ་ཀུ་མ་ར་ཡན་དུ་སྐྱེས་བུ་དམ་པ་བྱོན། འདིའི་ཡན་ལག་ཀོང་པོར་གྱང་མཐོ། ཟུ་རུ་གདོང༌། གསོམ་ཁ་བྲག་སྟེ་དགོན་སྐོར་གསུམ་དང༌། འབྲོག་ཡང་སྟེང་ལ་སོགས་པའོ། །ལྷ་ཕྱུག་པ་ཉི་ཟླ་འོད་ནི་དོལ་གྱི་ཞུར་ན་ལུང་དུ་འཁྲུངས། ལྷ་ཕྱུག་མཁར་བཏབ། བླ་མ་སྤྱན་སྔ་བ། མཁས་པ་སྟོན་ནམ། བླ་མ་བ་ལམ་པ་སོགས་གདན་ས་རིམ་པར་བྱུང་ཞིང་འདི་དག་གི་སློབ་མ་སྣང་སྒོམ་ཞིག་པོས་བྲག་རྟ་སྒར་སྒྲུབ་པའི་རྒྱལ་མཚན་བཙུགས་པ་ནས་མངའ་རིས་གློ་པོ་མེན་ཞང་སོགས་སུ་སྐྱེད་ཚལ་མཐའ་ཡས་པར་འཕེལ་ལོ། །རྟོགས་ལྡན་རུ་ཐོག་པས་མལ་འགྲོ་རུ་ཐོག་བཏབ་ཅིང་དེ་ལས་མཆེད་པའང་དུ་མ་བྱུང་ངོ༌། །ཁ་རག་པ་འདུལ་བ་འོད་ནི་མཚན་དགེ་སློང་དངོས་གྲུབ་བླ་མ་ཟེར། ཞང་རིན་པོ་ཆེས་འདུལ་བ་འོད་དུ་བཏགས། རྟོགས་ལྡན་ཉག་པོ་སེང་གེར་ཡང་གྲགས། འཁྲུག་པ་ལ་སོགས་པ་ཞང་རིན་པོ་ཆེའི་བཀའ་ཐམས་ཅད་བསྒྲུབས། ཁ་རག་དུ་སྒྲུབ་པ་མཐར་ཕྱིན། སློབ་མའི་ནང་ན་གྲུབ་རྟགས་ཆེ་བར་གྲགས། (ན༣༨ན)


PTT001_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

དགོན་པ་མང་དུ་བཏབ་ཅིང་དབོན་པོས་གདན་ས་བཟུང་ནས་མགོན་པོའི་གྲུབ་ཐོབ་ཏུ་གྱུར་ཏོ། །འདྲིར་པ་ཤཱཀྱ་འོད་ཀྱིས་བྱང་དུ་དགོན་པ་བཏབ་ཅིང་དར་རྒྱས་སུ་གྱུར་ཏོ། །ཡང་བྲག་ནག་པས་ཞང་གི་ལུང་བསྟན་ལྟར་ཡ་འབྲོག་དུ་བྲག་ནག་བཏབ་སྟེ་དེ་ལས་ལྷོ་བྲག་གི་བདེ་ཆེན་དང་ཞོང་ཁ་སོགས་མཆེད་ཅིང་འདི་ལས་མཁས་བཙུན་སེང་གེ་རྫོང་པ་མཁར་ཆུ་ནས་མཁའ་སྤྱོད་ལ་དངོས་སུ་བྱོན་ནོ། །ཡར་ལུང་པ་གྲགས་པ་སེང་གེས་ཞང་རིན་པོ་ཆེའི་ལུང་བསྟན་བཞིན་མི་ཉག་གི་ཡུལ་དུ་སྒྲུབ་པ་མཛད་སྟེ་རྒྱལ་པོའི་བླ་མར་གྱུར་ནས་གོ་ར་དགོན་མོ་ཆེ་དང་བྷ་ཏི་སོགས་མི་ཉག་གི་ཡུལ་དང་འཕྲིན་ལས་ཧོར་ཡུལ་དུའང་དར་ཞིང་རྒྱས་ལ་ཕྱིས་རྒྱལ་པོ་སེ་ཆེན་གྱིས་ཚལ་པ་སྒོས་མི་དང་གུང་ཐང་སྒོས་ཀྱི་ལྷ་ཁང་དུ་བྱས་ནས་ཞབས་ཏོག་བྱེད་ཅིང་གཙུག་ལག་ཁང་ཟླ་མེད་པར་གྱུར་ཏོ། །རོས་སྐམ་པ་ལོ་སྒོམ་ཉི་མ་ཤེས་རབ་ཀྱིས་རོས་སྐམ་དུ་དར་རྒྱས་བྱུང༌། ཏི་ཤྲི་རས་པ་ཡང་ཞང་རིན་པོ་ཆེས་ཇི་ལྟར་བྱས་ཀྱང་ཕྱག་ཆེན་ཡིན་གསུངས་པས་ངོ་འཕྲོད་པས་རྩ་བའི་བླ་མར་འཛིན། གཙང་པ་རྒྱ་རས་ཀྱི་དབུ་སྐྲ་བཅད་སྟེ་རབ་བྱུང་བསྙེན་རྫོགས་གནང་བས་ཕྱིས་ར་ལུང་པས་དཀོན་གཉེར་ཡང་ལོ་ཤས་བླངས་པ་ཡིན་ནོ། །ཞང་རིན་པོ་ཆེའི་བུ་ཆེན་གཞན་ནི། ལོ་ཞིག་མར་སྒོམ། རི་སྒོམ། སྦྲ་སྒོམ། གཙང་སྟོན་བློ་ལྡན། འཇའ་སྒོམ་བྱང་སྙིང༌། ཤངས་པ་རོལ་པའི་རྡོ་རྗེ་སོགས་དང༌། འཕྲིན་ལས་སྒྲུབ་པའི་བུ་ཆེན། ཆོས་སྐྱོང་གི་སྤྲུལ་པ་དཔོན་དར་མ་གཞོན་ནུ། ཕྲེང་པོའི་ལྷ་བཙུན་དབང་སེང༌། བསམ་ཡས་ཀྱི་བརྩད་པོ་ཁྲི་སེང༌། བཟང་ཡུལ་གྱི་གནས་བརྟན་དགེ་སེང༌། གྲུ་གུ་སྒང་གི་གནས་བརྟན་སེང་གེ་གྲགས། སྒ་འདྲའི་གནས་བརྟན་གྲུབ་ཐོབ་དཀོན་མཆོག་སེང་གེ་སོགས་མི་ཆེན་མང་པོ་དང༌། ལྷ་གཟོ་བ་དབོན་ཕོག་རོ་དང་མར་པ་ལྷ་དཀར་ཞིང་མཁན་ཕག་ལྷ་གཟོ་སོགས་གཟོ་པོའི་རྣམ་པས་འཕྲིན་ལས་སྒྲུབ་ལ། དཔོན་ཆེན་དར་མ་གཞོན་ནུ་ནས་ཉིད་ཀྱི་སྐུ་ཚབ་ལུགས་གཉིས་ཀྱི་བདག་(ན༣༨བ)


PTT001_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

པོར་བསྐོས་པའི་ཉེ་གནས་ཆེན་མོ་ལ་རིམ་པར་འབྱགས་པ་ལས་ཚལ་དཔོན་སངས་རྒྱས་དངོས་གྲུབ་ཕྱིན་བློན་པོ་མགར་གྱི་རྒྱུད་ལ་འབྱགས་པའི་ཚལ་པའི་དཔོན་ཆེན་རྣམས་ཀྱིས་ལོ་བརྒྱ་དང་བཞི་བཅུར་ཉེ་བར་དབུས་གཙང་གི་བདག་པོ་དང་འདྲ་བའི་སྐུ་དབང་གིས་ཐམས་ཅད་ལ་ཕ་མ་ལྟར་བྱམས་པས་བསྐྱངས་ཤིང་དེ་སྲིད་བསྟན་པ་དངོས་གནས་ལ་དེ་ཕྱིན་གཟུགས་བརྙན་ལ་སྤྱོད་ཅིང་ཞང་རིན་པོ་ཆེ་ཉིད་ཀྱིས་ལོ་འདི་ལ་མེས་སྲེག་པའི་ལུང་བསྟན་འདུག་ཟེར་བ་ལྟར་བདག་གི་ལོ་ཞེ་བཞི་པ་མེ་མོ་ལུག་ལོ་ཟླ་བ་བཞི་པའི་བཅོ་ལྔའི་མཚན་མོ་མེས་བསྲེགས་པའི་ཚུལ་གྱིས་གཙུག་ལག་ཁང་གི་བཀོད་པ་བསྡུས་པ་ཡིན་ལ་དེང་སང་ཚལ་པའི་ཆོས་ཤེས་པ་མི་སྣང་ཡང་བཀའ་རྒྱ་བཀའ་འབུམ་ཙམ་ལ་ཐམས་ཅད་མོས་པ་བྱེད་པར་སྣང་ངོ༌། །དྭགས་པོའི་བཀའ་རྒྱུད་ལས་རྗེ་སྒོམ་ཚུལ་གྱི་བཀའ་རྒྱུད་གཉིས་པ་ཚལ་པའི་སྐབས་སྟེ་ཕག་གྲུ་བཀའ་རྒྱུད་ལས་གཞན་བཤད་ཟིན་ཏོ། །དཔལ་ཕག་མོ་གྲུ་པ་ནི་མདོ་ཁམས་འབྲི་ཆུའི་རྒྱུད་རྨེ་ཤོད་ཀྱི་རྟག་ངོས་སབ་ཁང་དུ་འཁྲུངས། གདུང་དབའས། ཡབ་ཝེ་ན་ཨ་ཐར། ཡུམ་བཙུན་ནེ། ཡུམ་ལ་གསེར་གྱི་རྡོ་རྗེ་ཞིག་སྐྱེས་པའི་འོད་ཀྱིས་འཇིག་རྟེན་གསལ་བ་རྨིས། ཟོ་ཞབས་སྟོང་པ་ཅིག་ན་མར་འོངས་པ་སྙམ་བྱེད་ཙ་ན་འཁྲུངས་སྟེ་སྐྱེ་བའི་སྡུག་བསྔལ་མ་བྱུང་ཞིང་དེ་དུས་ཡབ་ཀྱིས་ཕག་ཁོག་ཁྱེར་བྱུང་བ་གཟིགས། གནས་པ་རང་འཁྲུངས་སུ་བྱུང༌། སྐྱེ་བ་མང་དུ་དྲན་པ་ཕ་མས་རྨེ་ཤ་བྱིན་པས་བརྗེད། ཡབ་ཡུམ་གྲོངས་པས་གཅུང་པོ་ཤུལ་དུ་བཞག་སྟེ་བྱ་ཁྱི་ལྷ་ཁང་དུ་མཁན་པོ་ལྡིང་ངེ་ཚུལ་ཁྲིམས་འབར་དང་སློབ་དཔོན་ལྡིང་ངེ་འོད་ཟེར་རྒྱལ་ལས་ལོ་དགུ་ལ་རབ་ཏུ་བྱུང༌། མཚན་རྡོ་རྗེ་རྒྱལ་པོར་བཏགས། བྲིས་ཀློག་ལྷ་བྲིས་རང་བྱུང་དུ་མཁྱེན་ནས་མཁན་པོའི་དཔོན་ཡིག་གི་སྡེབས་དང་ལྷ་བྲིས་མཛད། གནས་བཞིའི་དབུས་ན་ཐ་བའི་རྡོ་ཁྲོད་ཆེན་པོ་ཅིག་ཡོད་པ་ཤིང་རྟས་མ་འདྲོངས་པ་སྐུ་ཤེད་ཆེ་བས་སྐུ་རྒྱབ་ལ་བསྣམས་ཀྱིན་པོར། བླ་མ་རྒྱ་ལ་ཆང་མི་གསོལ་བའི་དམ་བཅའ་མཛད། དབུ་རི་(ན༣༩ན)


PTT001_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་འབར་ལ་ཆོས་གསན་ཞིང་དེ་གཙོ་བོའི་རྣམ་པར་སྣང་རུང་ས་བཅུ་པ་བར་འདུག་གསུང༌། སློབ་དཔོན་དགུའི་ཆོས་རྫོགས། སྤྱིར་ཁམས་སུ་བླ་མ་བཅུ་དྲུག་བཞུགས། སྤྱོད་འཇུག་སོགས་གཞན་ལ་ཡང་བཤད། ལོ་ཉེར་གཉིས་ལ་དབའས་ཆེན་པོ་དང་བསྡོངས་ནས་བོད་དུ་བྱོན། ཡོ་བྱད་ཐམས་ཅད་ཁོང་གིས་སྦྱར། སོག་དུ་དབུས་ཀྱི་ཕྱོགས་ནག་པོ་ར་རི་ཞིག་གིས་གང་འདུག་པ་མི་གཡོ་བའི་རལ་གྲིས་བཅད་པར་གཟིགས། ཐོག་མར་སྟོད་ལུང་རྒྱ་དམར་གྱི་གྲ་སར་རྟ་སྒ་ཕོག་རྒྱ་དམར་བ་དང་ཉང་བྲན་ལ་དབུ་ཚད་བྱམས་ཆོས་དང་སྤྱོད་ཕྱོགས་གསན། ཡང་གད་པ། དོན་སྟེང་པ། བྱ་ཡུལ་པ་སོགས་ལ་བཀའ་གདམས་གསན། ཉེར་ལྔ་ལ་ཟུལ་ཕུར་མཁན་པོ་བྱ་འདུལ། ལས་སློབ་རྒྱ་དམར་བ། ཨར་གྱིས་གསང་སྟོན་མཛད་སྟེ་བསྙེན་པར་རྫོགས་ནས་འདུལ་བ་མཐའ་དག་གསན། གྲ་ས་རྣམས་སུའང་ཐུན་བཞིའི་རྣལ་འབྱོར་ཆག་མ་མྱོང༌། དམར་ཆོས་ཀྱི་རྒྱལ་པོ་ལ་བདེ་མཆོག་གི་རྒྱུད་མན་ངག་གསན། དཔའས་ཆེན་པོ་ཡུལ་དུ་བཞུད་ཚེ་ཕྱག་དཔེ་སོགས་བསྐུར་ནས་ཕྱིར་བཞུགས། འཇང་བྲག་སྟག་པ་དང་རྔོག་མུ་ནེ་ལ་འཕགས་སྐོར་དང་མངོན་པ་ཞུས། བུར་སྒོམ་ལ་རས་ཆུང་པའི་སྐོར་ཞུས་པས་སྣང་བ་བདེ་བར་ཤར། སྟོད་ལུང་ན་སངས་རྒྱས་སྨྱལ་ཆུང་བྱ་བ་དངོས་རིག་གི་རྣལ་འབྱོར་པ་ཅིག་ལ་གདམས་པ་མང་དུ་ཞུས་ཤིང་དགེ་བཤེས་ཁམས་པ་ཁྱེད་ཀྱི་ཕྱི་ལ་མཁའ་འགྲོ་མ་གསེར་རྒྱན་ཅན་བཞི་འབྲང་གི་འདུག །དམ་ཤོད་རི་ནག་གི་དྲུང་དུ་འགྲོ་བའི་དོན་ཡོད་གསུངས། འཇིམ་ལོ་ཙཱ་བ་སོགས་གཞན་ཡང་མང་དུ་བསྟེན། ཁྱད་པར་རྗེ་ས་སྐྱ་པ་ཆེན་པོ་ལ་རྒྱུད་དང་ལམ་འབྲས་ལ་སོགས་རྫོགས་པར་གསན་སྟེ་མཐོང་ལམ་པར་ངོ་སྤྲད། ཆོས་མང་པོ་ཚུར་དྲི་ཞིང་ཁམས་པ་ཤེས་རབ་ཅན་ཞེས་མཉེས། མདོར་ན་གཞུང་མན་ངག་ལ་མི་མཁྱེན་བྱ་བ་མེད། ཁམས་པ་ཡར་འདུ་བ་ཅིག་ལ་ཆོས་ཚང་པའི་གྲགས་པ་བྱུང༌། དགེ་བཤེས་ཞང་སུམ་ཐོག་པ་(ན༣༩བ)


PTT001_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཆེན་པོ་དེས་ཆོས་ཞུས། མཆོད་གནས་སུ་ཁུར་ཡང་རེ་ཞིག་བཀའ་རྒྱ་བཏབ་སྟེ་སློབ་མའི་ཚུལ་མཛད། དྭགས་པོ་སྙི་སྒོམ་དེ་གྲགས་པ་ཆེ་བར་འདུག་པས་ཞལ་ཞིག་ལྟ། ཆོས་མི་ཤེས་པ་ཞུ་རྒྱུ་མེད། དེ་ནས་ཁམས་ལ་འགྲོ་དགོངས་སྟེ་ཞང་དང་གཉིས་སྒམ་པོར་བྱོན། སྐུ་རིམ་དུ་མཆོད་རྟེན་ཞིག་རྩིག་འདུག་པའི་ལས་ཀ་རེམ་པའི་ཐོག་ཆོད། ཞག་བཞི་ན་མཇལ། ཇ་བཞུར་གྲང་མོ་ཞིག་དྲངས་བྱུང་བས་ཐང་ཆད་པ་ལ་ཇ་གྲང་མོ་འདི་ཕན་སྙམ་པ་ཅིག་བྱུང༌། ཡང་མང་ཇའི་ཚྭ་གཟིགས་འབུལ་འདུག་པ་ཧུབ་གང་བཞེས་ནས་རྐྱན་དུ་བླུག་སོང་བས་གསོལ་རས་ཀྱིས་ཐམས་ཅད་ལ་ཁྱབ་པར་འདུག་སྙམ་པའི་དད་པ་སྐྱེས། ཞང་ལ་མ་དག་པའི་རྣམ་རྟོག་རེ་རེ་བྱུང༌། ཕྱི་ཉིན་དྲུང་དུ་མཇལ་བ་ན་ཕྱག་ན་ཟན་ཞིག་ཆངས་ཆངས་མཛད་ཅིང༌། དགེ་བཤེས་ཁམས་པ་ཁྱོད་ཀྱིས་ཆོས་ཅི་ཤེས་གསུངས། འདི་ལྟར་ཐོས་ཞུས་པས་ཐོས་པ་དེ་ཙམ་ལ་ང་རྒྱལ་རྒྱུ་ཅི་ཡོད། འཕགས་པ་ཀླུ་སྒྲུབ་ཀྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་མཁྱེན་ཡང་ཁེངས་པ་རྡུལ་ཙམ་མི་མངའ། ཁྱོད་ཀྱིས་ལོ་དུ་བསྒོམས་གསུངས། ལོ་བདུན་བསྒོམས་ཞུས་པས། སྒོམ་ཡུན་དེ་ཙམ་ལ་ང་རྒྱལ་རྒྱུ་ཅི་ཡོད། ཁོ་བོས་ལོ་བཞི་བཅུ་བསྒོམས་པ་ཡིན། ཉམས་མྱོང་འདྲ་ཅི་སྐྱེས་གསུངས། མཐོང་ལམ་སྐྱེས་ཚུལ་ཞུས་པས་དེ་ལ་མཐོང་ལམ་དུ་འཛིན་ནམ་གསུངས། རྡོ་རྗེའི་ཚིག་རྐང་ལས་བཤད་ཚུལ་ཞུས་ནས་མཐོང་ལམ་ཡིན་ཞུས་པས། ཨ་ཀྱང་དེ་ལ་མཐོང་ལམ་དུ་འཛིན་ནམ་གསུང༌། བླ་མས་ཀྱང་མཐོང་ལམ་དུ་ངོ་སྤྲད་ཅིས་ཀྱང་ཡིན་ཞུས་པས། ཨ་པ་ཞེ་ནས་རང་དེ་ལ་མཐོང་ལམ་དུ་འཛིན་ནམ་གསུང༌། མདོ་རྒྱུད་ཉམས་མྱོང་ཐམས་ཅད་ཀྱིས་གྲུབ་པའི་མཐོང་ལམ་ཡིན་ཞུས་པས། ཁྱེད་ཀྱི་མཐོང་ལམ་བཟང་པོ་དེ་ལས་ངའི་ཟན་ཆངས་འདི་མི་དགའ་རེ་གསུངས་པས་སྔར་གྱི་བདེ་གསལ་མི་རྟོག་པའི་ཉམས་བཟང་པོ་དེ་ཧྲུལ་གྱིས་ཞིག་ནས་ཤེས་པའི་ངོ་བོ་དེ་སྔར་འདྲིས་ཀྱི་མི་དང་ཕྲད་པ་ལྟར་ཡེར་བྱུང་བ་ན་འོ་མཐོང་ལམ་བྱ་བ་དེ་འདྲ་བ་ཞིག་ཡོང་བ་ཡིན་གསུངས། དེ་ལས་ལྷག་པ་(ན༤༠ན)


PTT001_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་བསྟན་དུ་མེད་ཀྱང་ཁོ་བོ་རང་གི་ལུགས་བྱའོ་གསུངས་ནས་ལྷན་ཅིག་སྐྱེས་སྦྱོར་གནང༌། འདི་ལ་ཕྱིས་ཀྱང་ཁོ་བོའང་ཆོས་མིང་ཆེན་པོ་ཅིག་གིས་དེའུ་བསླུས། ཅེས་དང༌། བླ་མ་རིན་པོ་ཆེ་དང་མ་མཇལ་ན་ཁོ་བོའི་མི་ཚེ་འདི་དོན་མེད་དུ་དེའུ་སོང༌། ཞེས་དང༌། བླ་མ་རིན་པོ་ཆེ་དང་མ་མཇལ་གྱི་བར་དུ་སྟོང་ཉིད་སྒོམ་ཤེས་པ་སུ་ཡང་མ་བྱུང་ཞེས་གསུང་བ་ཡིན་ལ་རྗེས་ཀྱང་འོ་སྐོལ་དཔོན་སློབ་གཉིས་ས་བཅུའི་བྱང་སེམས་ཡིན་ཡང་ཁྱོད་ཁོ་བོ་དང་མ་ཕྲད་ན་དོན་འགྲུབ་པར་གདའམ་ཞེས་གསུངས་པ་ཡིན་ནོ། །མཐོང་བྱ་དང་མཐོང་མཁན་ལ་སོགས་པ། །དམིགས་གཏད་ཀྱི་གཉིད་ལས་མ་སངས་པར། །མངོན་སུམ་གྱི་མཐོང་ལམ་རེ་བ་ཚོ། །ཆབ་རོམ་ལ་ཤེལ་དུ་ཞེན་པ་འདྲ། །དུས་རྟག་དུ་ཡོད་པའི་སེམས་ཉིད་ཀྱི། །རང་ཞལ་རང་ཉིད་ལ་མངོན་སུམ་སྟོན། །མཐོང་མ་མཐོང་གི་འཛིན་པ་གཞིག་མཛད་པ། །བཀའ་རྒྱུན་འདི་བསམས་ཀྱིན་ངོ་མཚར་ཆེ། །བར་སྐབས་ཀྱི་ཚིགས་བཅད་ཏོ། །དེ་ནས་ངའི་བླ་མ་དེ་ཚོའང་བླ་མ་འདི་དང་མཇལ་ན་བསམས་སྟེ་བདག་དཔེ་ཆ་ལེན་དུ་འགྲོ་བར་ཞུ་ཞུས་པས་བསྡད་ན་ཁེབས་ཆེ་སྟེ་གསུངས། བླ་མ་རྣམས་ཁྱེད་དྭགས་པོ་སྙི་སྒོམ་ཅན་དུ་ཕྱིན་ཨང་ཟེར་བ་ཙམ་དང་འོ་སྐོལ་ལས་ལྷག་པའི་མན་ངག་ཅང་ཡོད་ཏམ་ཟེར་བ་ལས་མི་འདུག་པས་ཕྱག་དཔེ་བླངས་སྟེ་བྱོན། ཁམས་ལ་འབྱོན་པའི་སྤྲོས་པའང་ཆོད། དབྱངས་རྟ་དང་བསྟོད་པ་མ་བྱས་པ་ཅིག་གྱིས་གསུང་བས་མཉམ་མེད་དམ་པ་མཛད། ད་ནི་གཙང་གི་གནས་གཞི་ཅིག་ལ་འཇུག་ཡོན་བཙལ་སྟེ་ཕུལ་ནས་སྒྲུབ་པ་བྱེད་དགོས་བསམས་པ་ན་ནང་པར་སྔ་བར་ཤོག་གསུངས་སྟེ་ཕྱག་འཚལ་ཞིང་ཡོད་ཙ་ན་ཞལ་འཛུམ་མཛད་ནས་དགེ་བཤེས་ཁམས་པ་འཚོ་བའི་སེམས་ཁྲལ་ནི་མི་འཚལ། ཁྱོད་ཀྱི་གདུལ་བྱ་དམ་ཤོད་རི་ནག་གི་དྲུང་ན་ཡོད་གསུངས། དེ་ལྟར་རྗེ་སྒམ་པོ་པ་དོན་གསུམ་བཞེས་ཤིང་ཉིད་ཞེ་གཅིག་བཞེས་པ་ལྕགས་མོ་ལུག་ལ་མཇལ་ནས་ལོ་ངོ་(ན༤༠བ)


PTT001_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བསྟེན་སྟེ་དོན་ལྔ་ཆུ་བྱ་ལ་ཆོས་རྗེ་མྱ་ངན་ལས་འདས། གཤེགས་ཀར་ང་དང་དགེ་བཤེས་ཁམས་པ་ལ་ཁྱད་རྟ་རྔ་ཙམ་ཡང་མེད་པས་ཐམས་ཅད་ཀྱིས་འདུད་གསུངས་ནས་ཆོས་ཞུས། དུས་ཀྱི་རྒྱལ་པོ་བྱ་ལོ་ཤར་བའི་ཚེ། །ཞེས་པའི་གདུང་དབྱངས་ཀྱང་མཛད། སའི་བཀྲག་ཉམས་སྡོད་མི་འདོད་པར་གྱུར་ཀྱང་འཇིག་རྟེན་པ་ཁྲེལ་ཡོད་ཀུན་ཡང༌། དབྱར་དགུན་རེ་མྱ་ངན་བྱེད་པས་ཁོ་བོའང་སློབ་དཔོན་སྒོམ་པའི་སྡུག་གྲོགས་བྱེད་པ་ཡིན་གསུངས་ནས་འཚོ་བ་བཀྲེན་པ་ལས་མེད་ཀྱང་བཞུགས་སྟེ་སློབ་དཔོན་སྒོམ་པའི་ཞབས་ཏོག་མཛད། ཞེ་བཞི་ལ་འོལ་ཁར་བྱོན་ན་ཟ་ཧྲུལ་བས་བསོད་སྙོམས་མཛད་གསུངས་ནས་ལྡོམ་ལུགས་ཀྱི་མགུར་མཛད་སྟེ་ཉེ་གནས་ཤན་གྲོང་པས་ན་བཟའ་སྐུ་གང་བརྗེས། དམ་ཤོར་བྱ་ར་བྱི། ཡར་ལུངས། འོན་ཚན་སྒང༌། སྤང་ཆུང་དགོན་པ་སོགས་སུ་བཞུགས། སློབ་མའང་མང་དུ་འདུས་སྟེ་རྗེ་དྭགས་པོའི་ལུགས་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཁོ་ནས་བསྐྱངས་ཤིང་འདུལ་བ་ལ་གཙོ་བོར་མཛད། བླ་མ་ས་སྐྱ་པ་སྔོན་ནས་ང་ལ་ཆོས་འདྲི་ཞིང་མཉེས་པ་ལ་ད་ཁོ་བོ་ཆོས་ཐམས་ཅད་ན་མཁའ་ལ་མདུང་བསྐོར་བ་ལྟར་སོང་བ་འདི་ལ་བླ་མའི་ལན་ཚུལ་བཞིན་གདབ་དགོས་སྙམ་ནས་འབུལ་བ་རྣམས་སྐྱེལ་པ་དང་སྒྲེས་པ་འགའ་དབང་བསྐུར་ཞུ་འདོད་དང་བཅས་བྱོན། རྩིས་ཀྱི་ལྷ་ཁང་དུ་ཞག་གསུམ་བཞུགས་པས་དམ་པ་རྒྱ་གར་དང་མཇལ་སྟེ་ཞི་བྱེད་མནལ་ལམ་མ་སོགས་མང་དུ་གསན། ད་རེས་ཆོས་ཀྱང་མི་འདྲི། སྤྱན་རྩའང་འགྱུར་འདུག་སྟེ་འགྲོངས་ལྟས་མ་ལགས་སམ་གསུངས་སྟེ་མྱུར་དུ་གྲོངས། འོན་དུ་ཐུགས་ཟོ་མ་སོད་ནས་ད་ནི་རི་ཁྲོད་ཀྱི་དགོན་པ་ཅིག་འཛིན་དགོས་དགོངས། གྲྭ་པ་རྣམས་ལ་ཁོ་བོ་ཕྱེད་ལམ་ཙམ་དུ་འགྲོ་བས་ཁོ་བོའི་རྗེས་ལ་སུ་ཡང་མ་ཡོང་ཞིག །དབྱར་བཞུགས་ཐོན་ནས་སོ་སོར་ཡུལ་ལ་བྱོན་ཞིག །ཁོ་བོ་མཚམས་བྱེད་པས་ནང་བར་ཡང་སུ་ཡང་མ་ཡོང་ཞིག་གསུངས། དེ་ནུབ་དཔོན་སློབ་བཞིས་བྲོས་སྟེ་བྱོན། མཐར་རྩའི་གྲོང་མདར་གྲོང་འདི་ལ་ཕག་མོ་དང་གྲུ་འདི་ལ་ཕག་མོ་གྲུ་ཟེར་(ན༤༡ན)


PTT001_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་བས་ཡི་དམ་ཕག་མོ་བཞུགས་ཤིང་སེམས་ཅན་འཁོར་བའི་ཆུ་ལས་སྒྲོལ་བར་དགོངས་སྟེ་ལུང་བསྟན་གྱི་གནས་དེ་ཡིན་པར་མཁྱེན། འདིའི་ཕུར་བསྡད་ཆོག་གམ་དྲིས་པས་ཆོག་ཡོང་སྟེ་ཚ་རོང་བཙད་པོ་ལ་འདྲི་དགོས་ཟེར་བས་འདྲིར་བྱོན་པ་ན་ཁོ་རང་མིག་མང་རྩེ་ཞིང་འདུག །ཁྱེད་ཀྱི་ལུང་པ་ཡ་གིར་དགོན་པ་ཅིག་བཏབ་ཆོག་གམ་ལན་གཉིས་གསུངས་པས་ཐོབ་ཐོབ་ཟེར། ཡང་གསུངས་པས་བརྒྱ་དགོས་ན་སྟོང་ཐོབ་ཟེར་བས་དར་བའི་རྟེན་འབྲེལ་འགྲིག་སྟེ་ཞེ་དགུ་པ་ས་ཕོ་སྟག་ལ་ཕག་གྲུ་བཟུང༌། དེ་ནས་ལོ་བདུན་འདས་པ་ཤིང་བྱ་ལ་སྟག་ལུང་ཐང་པ་ཉི་ཤུ་རྩ་བཞི་འགྲོ་བ་ཞིག་གིས་མཇལ་སྟེ་ཉེ་གནས་མཛད། གྲ་པ་རྣམས་ཀྱང་རིམ་པས་བྱུང༌། རྒྱ་སྒོམ་རྨི་རས་བྱ་བའི་འཇག་ལྕིལ་དུ་ཚ་བ་ལ་གདན་དྲངས་པས་ཁྱོད་ཀྱི་ལྕིལ་པོ་འདི་སྐྱིད་ལན་གསུམ་གསུངས་པས་མཉེས་ན་འབུལ་ཟེར་བ་ལ་འོ་ན་ངའི་ཀོམ་སྟན་ད་ལྟ་ལོང་ཤོག་གསུངས་སྟེ་གཟིམས་ལྕིལ་མཛད། སྔོན་བྱང་སེམས་ཟླ་བ་རྒྱལ་མཚན་གྱིས་ཁྱོད་ཀྱིས་ཟླ་སྟོད་ལ་མཚམས་གྱིས་ཟླ་སྨད་ལ་ཁྲིད་ཀྱིས་རྐང་བཞིའི་འབུལ་བ་མ་ལེན་དབང་བསྐུར་མ་བྱེད། དེ་ལྟར་བྱས་ན་ཚེ་རིང་ཞིང་འགྲོ་བ་མང་པོ་ལ་ཕན་པར་འགྱུར་ཞེས་ལུང་བསྟན་པ་དང༌། བླ་མ་ལྷ་རྗེའི་རྣམ་པར་ཐར་པ་ཡང་དེ་ཉིད་ཡིན་པས་སློབ་མ་བྱ་བ་བླ་མའི་རྣམ་ཐར་འཛིན་པ་ལ་ཟེར་བ་ཡིན། ཁོ་བོའང་བླ་མའི་རྣམ་ཐར་བཞིན་བྱེད་པ་ཡིན་གསུངས་ནས་དེ་བཞིན་མཛད་ཏོ། །བླ་མ་མགོལ་ཕུ་བ་དང་འགྲོ་མགོན་སྨར་པ་སོགས་ནི་གཞན་བླ་མ་མང་དུ་བསྟེན། ཆོས་གདམས་ངག་ཐམས་ཅད་རྫོགས། ཉམས་མྱོང་གིས་ཐུགས་ཁེངས་པ་རེ་རྗེ་དེའི་དྲུང་དུ་བྱོན། མགོལ་ཕུ་བ་ཕྱག་འཚལ་ཞིང་ཡོད་ཚེ། སྨྲ་བསམ་བརྗོད་མེད་སོགས་ནས། དུས་གསུམ་རྒྱལ་བའི་ཡུམ་ཡང་དེ་ཉིད་ཡིན། །ཞེས་གསུངས་པས་རྟོགས་པ་ངོ་འཕྲོད་པ་ན་འོ་དེ་ལས་ལྷག་པ་མེད་ཀྱིས་དེ་ཉིད་ཀྱི་རྩལ་སྦྱོངས་ཅིག་གསུང༌། འགྲོ་མགོན་སྨར་པ་ཞག་འགའ་ཁམས་མ་བདེ་བ་ལས་སོས་ནས་མཇལ་དུ་ཕྱིན་པས། ཕྱག་མ་འཚལ་བར་སྐྱིལ་ཀྲུང་ཆོས་ལ་བཞུགས་ཅིག་གསུང༌། ཆོས་ཅིའང་མི་གསུང༌། (ན༤༡བ)


PTT001_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཀྱི་དྲི་རྨེད་མཛད། ང་གང་དུ་བཞུགས་སར་ལུས་གནད་ཆོས་ལ་བཞུགས། ཤེས་པ་ལ་ཅི་བྱུང་ཡང་སུ་ལའང་མ་ཟློ་ཞིག་གསུངས༌། དེ་ལྟར་བྱས་པས་རྟོགས་པ་ཁྱད་པར་ཅན་འཁྲུངས༌། འོ་བཀའ་རྒྱུད་ཀྱི་བྱིན་རླབས་ཞུགས། འཁོར་འདས་ཀྱི་འབྲེལ་ཐག་ཆོད། ཁྱོད་ཀྱིས་དབུ་མའི་དོན་ཡང་གཟོད་གོ་བ་ཡིན། བདག་པོས་མ་ཚོར་བར་སྒོམ་འདེབས་པ་གཞན་གྱིས་མི་ཤེས་གསུངས། འགྲོ་མགོན་ཡེལ་པ་བ་ཐུགས་དམ་དཔྱིས་ཕྱིན་པ་ཅིག་གིས་བར་ཕུ་བ་ལ་དོ་ཧ་ཞུས་པས་བཤད་རྐྱང་དུ་འདུག་པ་དགོངས་སྟེ། ཉིད་ལ་ཕྱག་རྒྱ་ཆེན་པོའི་གཞུང་གི་སྒོམ་ཆེན་སྣང་བ་ལ་ངའི་བླ་མ་རིན་པོ་ཆེ་དང་མཇལ་ན་ཉམས་རྟོགས་ཀྱང་སྐྱེ་བས་འབྱོན་པར་ཞུ་བྱས་པས་ལྟའོ་གསུངས་སྟེ་བྱོན། ཐུགས་རྒྱལ་གྱིས་ཡོན་ཏན་མ་སྐྱེས། ཡང་ཕྱིས་བསྐུལ་སྟེ་བྱོན། བུ་རམ་པདྨའི་བར་ལ་བཏབ་པའི་ཙ་གོ་ར་དྲངས་པས་ཁོང་ཆགས་སྟེ་མ་གསོལ། ཡེལ་པ་བས་བཅག་སྟེ་ད་གསོལ་བར་ཞུ་བྱས་ནས་གསོལ་ཞིང་ཡོད་ཚེ། ཞལ་ནས་ཕར་ཕྱིན། དབུ་མ། གསང་སྔགས། ཕྱག་རྒྱ་ཆེན་པོ་ཐམས་ཅད་སྒོམ་དགོས་པ་ཁོ་ན་ཡིན་པས་སྒོམས་ཅིག་གསུང་བ་ན་སྒོམ་ལུགས་ཅི་ཡང་མ་བསྟན་པར་སྒོམས་ཅིག་གསུང་བ་ཅི་ཡིན་སྙམ་ཚེ་སྒོམ་བྱ་སྒོམ་བྱེད་ཀྱི་འཛིན་པ་ཞིག་སྟེ་གནས་ལུགས་མངོན་དུ་གྱུར་ནས་བཞེངས་སྟེ་ཁྱོད་ནི་མཐོང་དང་ཐོས་དང་དྲན་པས་ཀྱང༌། མིང་ཚིག་ཡི་གེའི་ཚོགས་ལ་མི་ལྟོས་པར། །ཕྱག་རྒྱ་ཆེན་པོའི་རྟོགས་པ་འཆར་བ་ཡི། །བླ་མ་བྱིན་རླབས་ཅན་ལ་ཕྱག་འཚལ་ལོ། །ཞེས་ཕྱག་མཛད། གཞན་ཡང་རླངས་སེང་གེ་རྒྱལ་མཚན་གྱིས་ཞལ་མཐོང་བ་ཙམ་གྱིས་སྒོམ་སྐྱེས། དེ་ལ་སོགས་པ་མཚན་ལ་མོས་པ་ཙམ་དང༌། ཞལ་མཇལ་བ་ཙམ་དང༌། བརྡ་དང་རྣམ་འགྱུར་བསྟན་པ་ཙམ་དང༌། བྱིན་རླབས་གནང་བ་ཙམ་གྱི་གྲོལ་བ་མང་དུ་བྱུང་ངོ༌། །གྲ་པ་སུམ་བརྒྱ་ཙམ་ཚོགས་པ་ན་ཁོ་བོས་ཆོས་བསྟན་ན་ཁྱེད་རྣམས་ལ་ཕན་ཡང་ཚེ་ཐུང་བར་འོང༌། མཚམས་འབའ་ཞིག་བྱས་ཁྱེད་རྣམས་དང་མ་ཕྲད་ན་ཚེ་ཉི་ཟླ་དང་མཉམ་པ་རྒྱ་གར་གྱི་གྲུབ་ཆེན་ལས་ལྷག་པར་འོང་བས་གདམ་ཁ་(ན༤༢ན)


PTT001_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཅེས་གསུངས་པས་དགེ་བཤེས་རླངས་སོགས་རྒན་པ་རྣམས་ཀྱིས་འགྲོ་དོན་མཛད་པར་ཞུས། མི་ཉག་སྒོམ་རིང་སོགས་རྣམས་ཀྱིས་སྒྲུབ་པ་མཛད་པར་ཞུས། དེར་སྒྲུབ་པ་མཛད་པ་ན་དགེ་བཤེས་ཞང་བྱོན་སྟེ་ཞུ་ཕོད་མཛད་པས་ཚོགས་པ་བསྐྱངས། ཅི་དགོས་ཀྱང་རྟེན་འབྲེལ་འབའ་ཞིག་གིས་མཛད། སྐུ་འདའ་བའི་ལོ་ལ་ཚོགས་པ་བརྒྱད་བརྒྱ་ཙམ་འདུས་ཤིང་ཐམས་ཅད་ཡོན་ཏན་ཡོངས་སུ་རྫོགས་པ་ཤ་སྟག་དུ་བྱུང༌། ཕག་མོ་གྲུར་བྱོན་ནས་གྲོང་དུ་འབྱོན་མ་མྱོང༌། སྔོན་དབང་བསྐུར་གསན་དུས་ཚོགས་ཀྱི་ཤ་ཆང་མ་གསོལ་བས་ད་གསོལ་ན་བླ་མ་དེ་ཀུན་གྱི་དབུ་སྐོར་བར་འགྲོ་གསུངས་ནས་ཤ་ཆང་ལྟ་ཅི་སྨོས་སྟེ་ཡང་དགོན་དུ་ཚིལ་བུའི་སྡོར་འདེབས་མ་མྱོང༌། སྐུ་འདའ་ཁར་ཡང་སྨན་རྟའི་སིངས་པོ་ཙམ་ཡང་མ་གནང༌། མདོར་ན་སྐལ་ལྡན་མཐའ་ཡས་པ་ཚེགས་ཆུང་ངུས་གྲོལ་བར་མཛད་ཅིང་ཕག་མོ་གྲུར་ལོ་བཅུ་གསུམ་བཞུགས་ནས་ལྕགས་ཕོ་སྟག་གི་ལོ་ཟླ་བ་བདུན་པའི་ཉེར་ལྔའི་སྔར་དྲོ་མྱ་ངན་ལས་འདས་སྟེ་ངོ་མཚར་གྱི་ལྟས་མང་དུ་བྱུང་ངོ༌། །སྐྱེས་རབས་ཀྱང་དགེ་སློང་ཆོས་ཀྱི་དཔལ་དུ་གྱུར་པ་སོགས་སྐྱེས་རབས་ཆེན་མོར་གསུངས་པ་ལྟར་སྟེ་ཐུན་མོང་གི་གདུལ་བྱའི་སྣང་བ་སོ་སྐྱེ་ལྟར་བསྟན་པའོ། །སྐལ་པ་མཆོག་གི་གདུལ་བྱ་ལ་རྒྱལ་པོ་ཨིནྡྲ་བོ་དྷི་བར་པ་དང༌། ཡང་པཉྩ་པ་ནས་གསང་བ་བཀྲོལ། སོགས་སྐུའི་བཀོད་པ་བརྒྱད་དང༌། སྲོང་བཙན་སྒམ་པོ་སོགས་རྒྱལ་པོའི་སྐུའི་བཀོད་པ་བཞི་དང༌། ག་ཡ་དྷར་ལ་སོགས་པའི་སྐུའི་བཀོད་པ་བཞི་ལ་སོགས་གསང་བའི་མཛོད་སྒོ་དབྱེ་བ་ལས་བསྟན་པ་ལྟར་དང༌། སྐུ་འདི་ཉིད་ཀྱིས་དུས་གཅིག་ལ་ཨོ་ཌྱན་ནས་བདེ་མཆོག་གི་རྒྱུད་མན་ངག་ལེན་པ་དང༌། འདི་ལ་སྟོན་པའི་བདག་ཉིད་མེ་ཡི་རླུང༌། །ཞེས་པ་ཙཀ་ཀྲ་སམ་བྷ་རར་བཤད་ཀྱང་ཛ་ཡིག་དགོས་པས་ཛཱ་ལ་སཾ་བྷ་ར་འདྲ་བ་སྡོམ་པ་ཞེས་པ་འབྱོར་བར་སྣང༌། ཉེ་བའི་ཞིང་ཙཱ་གོང་དུ་མཁའ་འགྲོ་བཏུལ་ནས་ནད་ཡམས་བཅད་པ་(ན༤༢བ)


PTT001_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། རྒྱ་གར་གྱི་མུན་པ་མི་བཟད་པའི་དུར་ཁྲོད་དུ་རྣལ་འབྱོར་པ་གཏི་མུག་རྡོ་རྗེ་མཆོག་སྒྲུབ་པའི་ཚོགས་གྲལ་དུ་བྱོན་པ་དང༌། རྒྱ་གར་ལྷོ་ཕྱོགས་སུ་མུ་སྟེགས་ཀྱི་རྒྱལ་པོ་ཤྲཱི་ནག་པོ་བཏུལ་པ་དང༌། ཛམྦུའི་གླིང་གི་ཤར་ལྷོ་གླིང་ཕྲན་ཞིག་དུ་དགེ་སློང་བློ་གྲོས་རྒྱལ་པོར་བསྟན་པ་དང༌། གླིང་དེ་ཉིད་ཀྱི་ནུབ་ཕྱོགས་སུ་སྔོན་སྐྱེ་བ་དུ་མའི་གོང་གི་མ་ཞིག་ངན་འགྲོར་ལྷུང་བར་འདུག་པ་ལས་དྲངས་པ་དང༌། བྱང་སྟག་ལུང་གི་སའི་མི་མ་ཡིན་ཐམས་ཅད་བཏུལ་སྟེ་ས་ཆུ་ཐམས་ཅད་བྱིན་གྱིས་བརླབས་པ་དང༌། རྒྱ་ནག་གི་རྒྱལ་པོ་ཟ་མ་ཧོ་སྡིག་པ་ལས་ལྡོག་པའི་ཕྱིར་ནད་བསལ་བ་དང༌། དུར་ཁྲོད་ཧ་ཧ་རྒོད་པར་འབྱུང་པོ་རེངས་བྱེད་བཏུལ་བ་དང༌། ཁམས་ཀྱི་ལྷོར་ཟིང་ཨ་བསྟན་རྒྱའོ་འདྲེར་སྐྱེས་པ་བཏུལ་བ་དང༌། ཕག་མོ་གྲུ་ཉིད་ན་བཞུགས་པ་སྟེ་བཅུ་གཉིས་ཅིག་ཆར་བསྟན་པ་ནི་དབང་པོ་འབྲིང་ལ་གྲུབ་ཐོབ་ཆེན་པོར་བསྟན་པའི་རྣམ་པར་ཐར་པའོ། །འདས་པའི་སངས་རྒྱས་འཁོར་བ་འཇིག་དང་ད་ལྟར་སྟོན་པ་ཉིད་དང་མ་འོངས་པའི་མི་སྐྱོད་སྨན་པའི་རྒྱལ་པོར་ཞལ་གྱིས་བཞེས་པ་ནི་གདུལ་བྱ་ཡང་རབ་ལ་སངས་རྒྱས་ཉིད་དུ་བསྟན་པའི་རྣམ་པར་ཐར་པའོ། །དེའི་སློབ་མ་ལ་སྤྱིར་ཚོགས་པ་བརྒྱད་བརྒྱ་ལ་གདུགས་ཐོགས་ལྔ་བརྒྱར་གྲགས་ཤིང་ཁྱད་པར་དུ་བུ་ཆེན་ཉེར་བཞི་ལ། མོས་གུས་མཐར་ཐུག་སྟག་ལུང་པ། རྟོགས་པའི་མཐར་ཐུག་སྣ་ཕུ་པ། ཤེས་རབ་མཐར་ཐུག་པར་ཕུ་པ། ནུས་པའི་མཐར་ཐུག་མཆན་བུ་རྒྱ་རས་སྟེ་མཐར་ཐུག་གི་བུ་བཞི། སྐལ་ལྡན་ཡེ་ཤེས་སེང་གེ་མི་ཉག་སྒོམ་རིང༌། ཉག་རེ་སེ་བོ། ཀུན་ལྡན་རས་ཆུང་སྟེ་གདམས་པའི་བུ་བཞི། འཇིག་རྟེན་མགོན་པོ། ཆོས་རྗེ་ལྡུམ། ཆོས་རྗེ་གཏུམ། བནྡྷེ་ཕུག་པ་དང་རོ་གཅིག་རྟོགས་པ་ཕྱེད་དང་བཞི་སྟེ་གཏུམ་ལ་གཟུགས་སྐུའི་ས་བོན་མ་ཐེབས་པས་ཕྱེད་མར་འཇོག་གོ །གཤེན་དགོན་དཀར་བ། མྱང་ཤན་གྲོང་པ། རྔོག་སེང་གེ་ཁ་པ། རྩི་ལུང་པ་རྣམས་ལ་ཐུགས་ཀྱི་སྲས་བཞི་ཟེར། རིན་པོ་ཆེ་ཤུག་ཚར་བ། ལྷ་ས་པ་དགེ་འདུན་(ན༤༣ན)


PTT001_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས། གྲུ་གུ་བློ་གྲོས་སེང་གེ་རྒྱན་ཐང་པ་སྟེ་ཡི་གེ་མའི་བུ་བཞི། བླ་མ་སྨར་པ། ཡལ་ཕུག་པ། དགྱེར་སྒོམ་པ། སེང་གེ་དཔལ་སྟེ་ཉེ་བའི་སྲས་བཞི་ཞེས་སྔ་རབས་རྣམས་འདྲེན་ལ། པར་ཕུ་བ་ནི་སྔོན་རྟེན་འབྲེལ་གྱིས་རྟོགས་པ་སྐྱེད་ཅིང་སྟོད་ལུང་ཕུར་པར་དགོན་པ་མཛད་ནས་དོ་ཧའི་འཕྲིན་ལས་ཤིན་དུ་ཆེ། མཆན་བུ་རྒྱ་རས་ནི་མགོན་པོའི་གྲུབ་པ་ཐོབ། མི་ཉག་སྒོམ་རིང་ནི་ཁོའི་དྲུང་དུ་རལ་གྲི་ཞིག་བཞག །ཁོའི་ཕ་གསོད་མི་དེ་ཁྲིད་ནས་བྱོན་པས་ཁོ་ཞེ་སྡང་སྐྱེས་སྟེ་རལ་གྲི་ཁྱེར་ནས་དེད་པས་ཁྱོད་རང་གི་ཞེ་སྡང་ལ་ལྟོས་གསུངས་པས་ངོ་བོ་མཐོང་སྟེ་དེ་འདག་སྦྱར་ཡུན་རིང་དུ་བྱས་ནས་བསྐྱངས། ཕྱིས་འགྲོ་མགོན་གྱི་སློབ་མ་སར་པ་རྣམས་ལ་སྒོམ་ལུགས་སློབ་ཅིང་ཉམས་ལྟ་མཛད། འགྲོ་མགོན་གཤེགས་ནས་འབྲི་ཁུང་བཟུང་སྟེ་ཁྱེད་རྣམས་བླ་མ་ངན་དུ་མི་འགྲོ་གསུང་ངོ༌། །ཉག་རེ་སེ་བོ་དོམ་ལ་ཆིབས་ཤིང་ཀླུ་མི་མགོན་དཀར་པོ་རོལ་དུ་ཁྲིད་ནས་འབྱོན། ཀམ་པོ་རྡོ་རྗེ་དཔལ་བརྩེགས་བཏུལ། ཁམས་སུ་སྣེ་དགོན་བཏབ་བོ། །གཤེན་དགོན་དཀར་བ་རྡོ་རྗེ་དབང་ཕྱུག་ནི་ཞང་རིན་པོ་ཆེའི་བླ་མ་གཤེན་པ་ཡིན་པར་དེབ་སྔོན་པ་སོགས་འཆད་ཀྱང་ཞང་གི་བླ་མ་དེ་ནི་གཤེན་པ་རྡོ་རྗེ་སེང་གེ་ཡིན་ནོ། །ཉང་ཤན་གྲོང་པ་ནི་ཞབས་ཏོག་ཤིན་དུ་ཆེ། འཁྲུངས་ཡུལ་དུ་སྒྲུབ་པ་མཛད། མཁའ་སྤྱོད་དུ་བྱོན་པར་གྲགས། རྔོག་སེང་གེ་ཁ་པ་ནི་ལྗང་སེང་གེ་ཁ་འདེབས་མཁན་ཡིན། ཕྱིས་འཁྲུངས་ཡུལ་དུ་བཞུགས། འདིའི་སློབ་མ་དཔལ་ཆེན་ཆོས་ཡེས་ཡིན། རྩི་ལུང་པ་ནི་རྗེ་འཇིག་རྟེན་མགོན་པོའི་ལས་སློབ་མཛད། འོན་དང་དོལ་གྱི་རྩི་ལུང་བཏབ། རྒྱན་ཐང་པ་ནི་སྤྲུལ་པའི་བྱ་རོག་གིས་གཏོར་སྣོད་བཞག་སར་གཡེ་རྒྱན་ཐང་གི་དགོན་པ་བཏབ། རྗེ་འཇིག་རྟེན་མགོན་པོའི་བསྟན་བཅོས་གླང་པོ་ཆེའི་བེམས་ཀྱང་དེ་ན་བཞུགས་པར་གྲགས། གཞན་ཡང་མཆེད་གྲོགས་ལས་སློབ་མར་གྱུར་པའི་མི་ཆེན་ཕྱིས་རྗེ་འཇིག་རྟེན་མགོན་པོའི་མཁན་པོ་མཛད་པ་ཞང་སུམ་ཐོག་པ་དང༌། སངས་རྒྱས་གཉན་རས་ཅེས་བྱ་བ་མ་ཡུལ་དང་ལོ་རོར་མགོན་(ན༤༣བ)


PTT001_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཛད་དེ་མི་རབས་འགའ་ཡར་དུ་སྒྲུབ་རྒྱུད་བཟང་དུ་བྱུང་བ་ལ་སོགས་པ་ནི་ཆེས་མང་ངོ༌། །གདུང་གི་ཐུགས་མེས་མ་གནོད་པ་གདུང་རྟེན་བཀྲ་ཤིས་འོད་འབར་དུ་བཞུགས་ཤིང༌། འཇག་ལྕིལ་དུ་སྐུ་གདུང་གི་ཞབས་རྗེས་དུས་བཟང་ལ་འཁོར་བ་ལ་ལས་མཐོང་ལ་ལས་མི་མཐོང་བ་ཞིག་བྱུང༌། གདུང་ཐལ་དང་དྲི་འདམ་ལ་སྐུ་འདྲ་རིན་པོ་ཆེ་བཞེངས་པ་ལ་ཚོན་གང་ཡང་མ་བཞེས་པས་གཟོ་བོ་རྣམས་སྐྱོ་ཞིང་དྲོ་ལ་སོང་བའི་བར་དུ་ར་རྫི་བུ་མོ་ལྐུགས་མ་ཞིག་འདུག་པ་དེས་ཚོན་ཐམས་ཅད་བསྲེས་ནས་བཞག་འདུག་པ་དེ་ཀ་བྱུགས་པས་བཞེས་སྟེ་སྐུ་མདོག་སྨུག་ནག་འདི་བྱུང་བས་ཞལ་བཞུགས་དུས་ཀྱི་སྐུ་རྣམས་སྐུ་མདོག་དཀར་བར་སྣང་ཡང་འདི་བསྙུང་དུས་ཀྱི་སྐུ་མདོག་ཡིན་པར་སྣང་ཞིང༌། འདིའི་འདམ་དྲས་རོ་ལས་རུ་མ་བྱས་སྟེ་བཞེངས་པ་ལ་དྲས་མ་དང༌། ཆོས་ཁྲི་སྟེང་དུའང་དེ་ལྟར་བཞེངས་པས་བུད་མེད་ཅིག་ག་ནས་འོངས་ཆ་མེད་པར་བྱུང་ནས་ངའི་བླ་མ་རིན་པོ་ཆེ་འདི་རང་འདྲ། འདི་ཀ་ལ་ཞོག་ཟེར་བ་བཞག་པ་སློབ་མ་མང་པོ་ལ་ཆོས་གསུངས་པ་དེའི་སྐུའི་སྟ་ཟུར་ནས་བྱི་བས་བྲུས་པས་ལྟོས་ཅིག་ཞེས་གསུང་བྱོན་པ་དེའི་ས་ལ་རུམ་བྱས་ནས་བཞེངས་པ་ལ་བྱི་ས་མ་ཞེས་གྲགས་པ་ཡིན་ནོ། །ལི་དཀར་དམར་སོགས་རྒྱུ་སྣ་ཚོགས་འདྲེས་པ་ལ་གསང་འདུས་འཇམ་པའི་རྡོ་རྗེ་བླུག་པས་ཡབ་ལི་དཀར་དང་ཡུམ་ལི་དམར་ཤངས་རྩེ་འབྲེལ་བ་ཞིག་བྱོན། ཕྱིས་འབྲི་གདན་བྱེ་བའི་དུས་ཤངས་རྩེ་འབྲེལ་བ་དེ་ཆད། རྗེ་འཇིག་རྟེན་མགོན་པོ་ང་དྲུག་བཞེས་པའི་ས་རྟ་ལ་འབྲི་ཁུང་པས་མང་མཁར་སྒང་དུ་བཞེངས་པ་ན་རྡོ་རྗེ་གདན་ཚུན་འདུ་གསུང་ཡང་སྟག་ལུང་པས་ངའི་བླ་མའི་སྐུ་རྗེན་པར་མི་འཇོག་ཞེས་འཇག་ལྕིལ་མཆོད་ཁང་གིས་བཏུམས་པ་མཛད། བྲག་བརྐོས་ཆེན་མོ་སོགས་མཛད་སྟེ་མཆོད་ཁང་ཆེན་མོ་སྐོར་ཁང་བཅས་པ་མཛད། བཀའ་རྒྱུད་ཚུགས་པའི་བུ་ཆེན་གྱི་གཙོ་བོ་བརྒྱད་ལས་བསྟན་པའི་བདག་པོར་གྱུར་པ་སྐྱུ་ར་རིན་པོ་ཆེ་ནི་མདོ་ཁམས་འབྲི་ཀླུང་དམ་པ་ཆོས་ཕྱུག་གི་ཡུལ་ཙར་སྟོད་གཡོན་ལུང་གི་གྲོང་ཙུ་དུར་འདྲུ་(ན༤༤ན)


PTT001_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྐྱུ་རའི་གདུང་འཛིན་པར་མཛད་ཏོ། །དེ་ཡང་སྔོན་རྒྱལ་པོ་གླང་དར་གྱི་དུས་ཙམ་ན་སྐྱུ་རའི་སྔགས་འཆང་ཆེན་པོ་ཅིག་ལ་ཡེ་ཤེས་ཀྱི་མཁའ་འགྲོའི་གཙོ་མོ་སྣ་ནམ་བཟའ་ཆོས་ཀྱི་དབང་ཕྱུག་བླངས་པ་ལ་ང་ལ་སངས་རྒྱས་ཀྱི་བསྟན་པ་འཛིན་པའི་བུ་བཞི་འོང་ཟེར་ཞིང་ཤ་གཟུག་གཅིག་དྲངས་པས་ཕག་ནས་གྲི་གྲུག་དང་ཐོད་པ་ཕྱུང་སྟེ་ཤའི་གསུམ་ཆ་གཅིག་ཐོད་པར་གཏོར་མ་བྱས་ནས། ཆ་གཅིག་རང་གིས་ཟོས། ཆ་གཅིག་ཁོལ་མོ་ལ་བྱིན་སྐད། གཟུགས་སྣ་ཚོགས་སུ་བསྒྱུར་ཞིང་རི་རབ་ཁང་ཁྱིམ་ལ་ཐོགས་མེད་དུ་རྒྱུ་ཞིང་དུས་མིན་དུ་འགྲོ་འོང་བྱེད། མཐར་སྐུ་ལུས་འདིས་བཀའ་སྲུང་ཀུན་གྱི་གཙོ་མོར་གྱུར་སྟེ་རྒྱུད་འཛིན་རྣམས་ཀྱིས་མཚན་ནས་བོས་པ་ཙམ་གྱིས་དགྲ་ཁ་ཕུང་དུ་འགྲོ་བ་དེང་སང་ཡང་འབྲི་ཁུང་ཨ་ཕྱི་ཞེས་གྲགས་པ་དེའི་སྲས་ན་མཁའ་དབང་ཕྱུག་གི་རྒྱུད་པ་ཨ་མེས་དབང་རྒྱལ་བྱ་བ་ནུས་པ་ཅན་དེའི་སྲས་བཞི་པ་མདོ་སྔགས་ལ་མཁས་པ་འཇིགས་བྱེད་ཀྱི་རྣལ་འབྱོར་པ་རྡོ་རྗེ། ཡུམ་བཙུན་མ་ཞེས་བྱ་བ་བུད་མེད་བུ་དང་བྲལ་བ་ལ་བུ་ཡིད་ལ་མ་བྱེད་དང་སྡུག་བསྔལ་མི་སྐྱེའི་ཞེས་སྟོན་པ་ཅིག་གི་སྲས་སུ་ཆུ་མོ་ཕག་ལོ་ལ་འཁྲུངས༌། ལྷུམས་སུ་འཇུག་པ་ནས་ལྟམ་པའི་སྐབས་ཀུན་དུ་རྡོ་རྗེ་མཆུའི་པོ་ཏི་དཀར་པོ་འོད་ཀྱི་རྣམ་པར་ཡུམ་གྱིས་གཟིགས། སྐུ་གཅེས་པས་བོན་པོ་ལ་གཏད་སྟེ་དེས་མཚན་དཔལ་བ་ཐར་དང་ཕྱིས་རང་གིས་བཙུན་པ་སྐྱབས་སུ་མཚན་སྤོས། དགུང་ལོ་དྲུག་ནས་ཀློག་མཁས་པར་མཁྱེན་སྟེ་ཟ་ཡོན་གྱིས་མི་ངས་ཀྱིས་ཉེན་པའི་སྐྱེ་བོ་མང་པོ་བསྐྱབས་ཤིང་ད་ལྟའང་འབྲི་ཁུང་ཐེལ་བའི་ཀློག་ཞེས་ཀློག་ཆོད་ཆེ་ཞིང་སྐྱོན་ཆུང་བ། ས་སྒྲ་ར་སྒྲ་སོགས་ཐོན་འཕུལ་རྟེན་སོགས་ལའང་མཆུ་སྦྱོར་ཐ་དད་པ་ཐོན་པ་ཡོད་ཏོ། །སློབ་དཔོན་ལྔ་དྲུག་ཙམ་ཡོད། ཆོས་མང་དུ་གསན། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་འཁྲུངས། མནལ་ལམ་དུའང་སངས་རྒྱས་ཀྱི་ཞིང་མང་པོ་བྱང༌། མདོ་རྒྱུད་ལས་གསུངས་པའི་ལས་ཚོགས་རྣམས་གྲུབ། ཆོས་མཁས་པ་དང་ནད་སེལ་བ་དང་མཐུ་ཆེ་བ་སོགས་ནུས་པ་ཆེའི་གྲགས་པ་ཐོབ། འོན་ཡང་དཔལ་ཕག་མོ་(ན༤༤བ)


PTT001_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་པའི་སྙན་པས་ཐུགས་ཕྲོགས་སྟེ་དམ་ཅན་རྡོར་ལེགས་ཀྱིས་འཕྲིན་ལས་བསྒྲུབས་སྟེ་བྱོན། ཆས་པའི་ཉིན་ཁམས་ནས་དབུས་ཀྱི་བར་འཇའ་ས་འབྲེལ། བླ་མ་དེའི་དྲུང་ན་གདུགས་ཐོགས་པ་ལྔ་བརྒྱ་ཡོད་ཀྱང་ཐུགས་ཀྱི་སྲས་ང་རང་ཡིན་སྙམ་དུ་ངམ་ངམ་པ་བྱུང༌། མནལ་ལམ་དུ་རྗེ་ཕག་མོ་གྲུ་པ་སྤྱན་རས་གཟིགས་སུ་མཇལ། སྦལ་ལོ་ཙཱ་བ་ལ་དབས་རྡོ་རྗེ་རྒྱལ་པོ་སྐུ་ཁམས་བཟང་ངམ་བྱས་པས་ཁོ་ཁྲོས་སྟེ་རྡོ་ཕྱར་བྱུང༌། གཅིག་ན་རེ་ཁམས་པ་ཕག་མོ་གྲུར་འགྲོ་བར་འདུག་ཟེར་བས་འོ་ན་སོང་ཞིག་བླ་མ་རིན་པོ་ཆེ་སྐུ་ཁམས་བཟང་ངོ་ཟེར། ཁོང་ནི་མ་ག་དྷར་ལོ་བཅུ་གཉིས་བསྡད་པ་ཅིག་ཕག་མོ་གྲུར་གཟིམས་ལྕིལ་ལ་སྐོར་བ་བདུན་བྱས་པས་ཐུགས་དམ་འཁྲུངས་པ་ཡིན་པར་སྣང༌། དེ་ནས་དགུང་ལོ་ཉེར་ལྔ་པ་མེ་ཕག་གི་མཇུག་ལ་ཕག་མོ་གྲུར་མཇལ། ཇ་དང་དར་ཟབ་དང་རྟ་ཀུན་ཕུལ་བས་ཁོ་བོ་རྐང་བཞིའི་འབུལ་བ་མི་ལེན་པ་ཡིན་ཞེས་རྟ་མ་བཞེས། ཇ་དེ་ལ་ཕྱག་བཅུག་མནམས་ནས་བཟང་པོ་ཅིག་འདུག་ཐོན་པར་སྐོལ། འདི་འདི་རྣམས་བོས་གསུངས་སྟེ་དབུ་ཆེ་བརྒྱད་བཅུ་ཙམ་ཚོགས་པ་ལ་དྲངས། རྗེ་ཉིད་ཀྱིས་ཡང་ཡང་བཞེས་པས་སྐུ་གཟི་མདངས་དང་ལྡན་པར་གྱུར། བླ་མ་འདི་ལྟ་བུ་རྙེད་པ་ང་རེ་ཚོགས་བསགས་སྙམ་པ་ན། ཁྱོད་ད་ང་རང་ལ་རེ་ཆེ་བར་འདུག་སྟེ་ངས་ཁྱེད་རྣམས་ཀྱི་དོན་དུ་དཀའ་བ་དཔག་མེད་སྤྱད་པ་ཡིན་གསུངས། སྔར་རྟོགས་ལྡན་ཐོད་པ་བོར་ཆོག་ཡིན་ཡང་སྲིད་མི་ལེན། འོན་ཡང་ད་དུང་ཁོ་བོའི་སློབ་མ་མ་ཚང་གསུང་ཞིང་ངའི་རྒྱུད་པ་འདི་ནི་དགེ་བསྙེན་ས་བཅུ་པ་ཅིག་གིས་འཛིན་གསུང་བ་ལ་ཆོས་རྗེ་ཉིད་ཕེབས་ཕྱིན་ཆད་ད་ནི་ངའི་འཁོར་ཚང་གསུང་ཞིང་རྟོགས་ལྡན་སྐྱེ་བའི་འཁོར་ལོ་སྐོར་བྱ་བ་སོགས་གསུངས་པས་སྔ་མ་ཁ་ཅིག་མ་མོས་སྐད། ལན་ཅིག་རྗེ་བཞེངས་ནས་ལུས་གནད་བཅོས། མདུན་དུ་ཡི་གེ་གསུམ་གསུང་ཆེན་པོ་ཅིག་མཛད་ནས་ཁྱོད་ལ་སྒོམ་ཆེན་བཟང་པོ་ཅིག་འོང༌། (ན༤༥ན)


PTT001_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་ཆེན་ཙམ་ལ་བཟང་བ་ཞིག་འོང༌། དེ་ལ་ཁོ་བོ་དགའ་བ་ལགས་མོད་གསུངས། དག་སྣང་ལ་ལྟེམ་རྐྱང་བྱུང་བས་སེར་ཕྱག་གི་ཞེ་དམ་མཛད་པས་སོར་ཆུད། མོས་གུས་ལ་ལྟེམ་རྐྱང་བྱུང་བ་ཞུས་པས་དེ་ཕྱིན་ཆད་ལྟེམ་རྐྱང་མ་བྱུང༌། སངས་མ་རྒྱས་ཀྱི་བར་དུ་ཆོས་ལྔ་པོ་འདི་དང་མ་བྲལ་བར་གྱིས། རྟོགས་པ་འདིས་ཆོག་སྙམ་ན་ད་དུང་མང་དུ་གོར་ཡོད་པ་ཡིན་གསུངས། ཆོས་བསྒུགས་ཀྱི་སར་ཡང་ཡན་ལག་བདུན་པ་ཁོ་ན་ཕུལ། ཕྱག་རྟེན་སྣ་རེ་མེད་པར་མཇལ་མ་མྱོང༌། བྱང་ཆུབ་སེམས་སྡོམ་གནང་ནས་ཁྱོད་ཀྱི་མིང་ནི་བྱང་ཆུབ་སེམས་དཔའ་རིན་ཆེན་དཔལ་ལོ་གསུངས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཇི་ལྟར་འཆར་ཞུས་པས་དེ་ཁྱོད་རང་གིས་ཤེས་ནས་འོང་ལན་གསུམ་གསུངས། གཤེགས་ཀར་བླ་མའི་ཐུགས་ཀ་ནས་གསེར་གྱི་རྡོ་རྗེ་བྱུང་སྟེ་རྗེ་འདིའི་ཐུགས་ཀར་ཐིམ་པ་དེར་ཡོད་ཀུན་གྱིས་མཐོང༌། ལྕིལ་པོའི་རྡོ་ཡན་ཆོད་སྐུ་འབུམ་གྱི་ཕྱོགས་སུ་བཏང༌། ཕྱིས་གཡེ་ཆུང་དུ་བླ་མ་ཡལ་གྱིས་ཞབས་ཏོག་བྱས་སྟེ་སྒྲུབ་པ་མཛད་པས་ཕྱི་ནང་གི་རྟེན་འབྲེལ་ཐམས་ཅད་ཤར། རླུང་དབུ་མར་ཆུད། ཆོས་ཟབ་མོ་འདི་རྣམས་བླ་མས་སྔོན་ནས་གསུངས་འདུག་པ་སྙམ་ནས་མོས་གུས་ཁྱད་པར་ཅན་སྐྱེས། སྒྲོལ་མ་ཞལ་གཟིགས། སླར་ཡང་ལོ་གཉིས་སྒྲུབ་པ་མཛད་པ་ན་བསྙུང་འཛེ་དྲག་པོ་ཐོག་བབས་སུ་བྱུང་བས་རྐྱེན་བྱས་སྟེ་སྙིང་རྗེ་བློ་རྡེག་དུ་འཁྲུངས་པས་ཀླུ་ཆེན་པོ་དེ་ཡང་སྐུ་ལུས་ལས་བུད་པར་གཟིགས་པས་བསྙུང་གཞི་སྐད་ཅིག་གིས་གྲོལ། རྟོགས་པ་མཐར་ཕྱིན་སྟེ་སངས་རྒྱས་ཐམས་ཅད་དང་དགོངས་པ་མཉམ་པ་ཉིད་དུ་གྱུར། འོན་ཡང་གཞན་གྱི་ངོར། ཞག་ཕྱེད་དང་བཞི་ཡི་ནང་པར་ལ། །མི་ཁོ་བའི་ལས་ངན་རང་སར་དག །ཞེས་གསུངས། སྔོན་བླ་མ་རིན་པོ་ཆེས་ཀྱང་ཁྱོད་རབ་ཏུ་བྱུང་གསུངས་པ་ལ། རང་བཞིན་ཁ་ན་མ་ཐོ་བ་བརྒྱད་ཁལ་དང་འདྲ་བའི་སྟེང་དུ་བཅས་པའི་ཁ་ན་མ་ཐོ་བ་སྤོང་བ་གོང་ཚ་ལྟ་བུ་མི་ཐེག་དགོངས་ནས་མ་བླངས། ཕྱིས་གཡེ་(ན༤༥བ)


PTT001_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་ངུ་བཅས་རང་ངོ་བོ་གཅིག་པ་དང་བཀག་པ་ཡེ་བཀག་གནང་བ་ཡེ་གནང་དང་ཆོས་ཀྱི་རྒྱལ་པོས་འགྲོ་བ་སྤྱི་ལ་བཅས་པ་དང་ཉམས་པ་ལས་མ་བླངས་པ་ཉེས་པ་ལྕི་བ་སོགས་ཀྱི་གནད་དགོངས་པས་རབ་ཏུ་མི་འབྱུང་ཀ་མེད་དུ་འདུག་པར་མཁྱེན་ནས་དགུང་ལོ་སོ་ལྔ་པ་མེ་མོ་བྱ་ལོ་ལ་ཞང་གིས་མཁན་པོ་དང༌། རྩི་ལུང་པས་སློབ་དཔོན། སྨྱལ་བ་འདུལ་འཛིན་གྱིས་གསངས་སྟོན་མཛད་སྟེ་བསྙེན་པར་རྫོགས། སྨྱལ་འདུལ་ལ་འདུལ་བ་གསན། དཔལ་ཆེན་བིརྺ་པ་དང་མཉམ་པའི་རྣལ་འབྱོར་དབང་ཕྱུག་ཞིག་དགེ་སློང་དུ་ཕེབས་པ་འདི་ཕོ་རྒོད་ཡིན་གསུངས། བླ་མ་ལྡུམ་སྐུ་ལུས་གུམ་པ་དམིགས་པས་ཞག་གསུམ་ལ་བསལ། མཁན་པོ་ལ་བསྙུང་འཛེ་ཐོག་བབས་སུ་བྱུང་བ་ཞག་བཅོ་ལྔས་བསལ། གཞན་ཡང་བྱིན་རླབས་མཛད་པར་ཙམ་གྱིས་ནད་ཞི་བ་དང༌། ནུས་པ་ཕུལ་དུ་བྱུང་བས་སྐྱེ་བོ་དག་བློར་མ་ཆུད་སྟེ་རྒྱུན་རྐྱེན་སྣ་ཚོགས་པ་གླེང་བ་ན་རྗེ་ཕག་མོ་གྲུ་པའི་སློབ་མ་ཙཱ་རི་བ་བྱ་བ་གྲུབ་ཐོབ་ཏུ་གྲགས་པ་ཅིག་ན་རེ་ངས་ལྟ་ཟེར་སྐད། ཁོང་གིས་མཇལ་བས་དད་པ་ཐོབ་སྟེ་དེ་གྲུབ་ཐོབ་རྩོད་མེད་དུ་འདུག །ངེད་གཉིས་བླ་མ་མི་གཅིག་པར་འདུག །ངའི་བླ་མ་དགེ་བཤེས་ཁམས་པ་ཡིན་པར་འདུག །ཁོང་གི་བླ་མ་སངས་རྒྱས་ཡིན་པར་འདུག་ཟེར་སྐད་སྟེ་མདོ་ལས་ཀྱང་སངས་རྒྱས་ལ་དག་ས་པ་རྣམས་ཀྱིས་བསམ་གྱིས་མི་ཁྱབ་པ་ཆོས་ཀྱི་དབྱིངས་ཐམས་ཅད་པར་མཐོང་བ་དང༌། ཐེག་ཆེན་གྱི་འཕགས་པས་རྟག་པའི་སྐུར་མཐོང་བ་དང༌། སོ་སྐྱེས་མྱ་ངན་ལས་འདའ་བར་མཐོང་བ་རྣམས་མོས་པའི་ཁྱད་པར་ཡིན་ལ་རང་ཉིད་རྒྱུད་ཚོད་མཐོར་སོང་ནས་མོས་གུས་གོང་འཕེལ་དུ་འགྱུར་བ་ཡིན་ནོ། །དེར་གདན་སར་ཕེབས་པས་སྟོང་ཉིད་སྙིང་རྗེའི་རྣལ་འབྱོར་གྱིས་འཛེ་འུར་འདེད་མཛད་པའི་བླ་མ་གྲལ་དབུ་ལ་བཞུགས་ཅེས་གཏམ་བཏང་པས་འཛེ་འུར་འདེད་པར་མཚན་གྲགས། གདན་སར་ལོ་ངོ་གསུམ་བཞུགས་ལ་ཁོང་རྣམས་རྩིང་སྤྱོད་བྱས་པས་མི་བཞུགས་པར་དགོངས། རྗེ་གོང་མས་ཟ་འོག་གི་འབོལ་རྙིང་པ་འདི་ཁོང་རང་ཚོ་ལ་གཏོད་ལ་ཁྱོད་རང་བྱང་ཕ་གིར་སོང་གསུང་བ་གཟིགས་སྟེ་གཞི་བ་(ན༤༦ན)


PTT001_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

ཚོ་ལ་གདན་ས་འཕྲོད་ཡོད་ཏོ་གསུངས་ནས་བྱོན། འབྲི་ཁུང་གི་གཞི་བདག་བར་ལྷས་བོན་པོའི་གཟུགས་ཀྱིས་བསུས། ཤ་བ་དང་བྱ་རྒོད་ལ་སྒོམ་བཏབ། ལམ་དུ་གསང་ཕུར་རྩེགས་དབང་ཕྱུག་སེང་གེ་དང་གཙང་པ་འཇམ་དཔལ་སེང་གེ་སོགས་ལ་གདམས་པ་གསུངས། མི་དང་མི་མ་ཡིན་ཐམས་ཅད་ཀྱིས་བསུས་ནས་དགུང་ལོ་སོ་བརྒྱད་པ་ལྕགས་ཕོ་བྱི་བ་ལ་འབྲི་གུང་དུ་བྱོན། སྐལ་ལྡན་གྱི་སློབ་མ་མང་དུ་འདུས་ཤིང་བྱང་དུ་བྱོན་པས་གཉན་ཆེན་པོ་ཐང་ལྷས་གསུ་བ་བྱས། ཉི་མ་གཏོད་ལ་མནན། མཁན་པོ་ཀོལ་ཏི་པས་སེམས་སྐྱེད་གསལ་མ་བཏབ་པ་དང་གསོ་སྦྱོང་ལ་འཚོག་དཀའ་བ་ན་ཕྱིས་མི་མཛད་པར་དགོངས་པས་ཚངས་པ་དང་བརྒྱ་བྱིན་གྱིས་གསོ་སྦྱོང་དང་རབ་བྱུང་གནང་བར་གསོལ་བ་བཏབ། དམ་ཤོད་དུ་བྱོན། ཐུགས་རྗེས་འཁྲུག་པ་ཡུན་རིང་དུ་ཞི། དྭགས་པོར་བྱོན་སྟེ་མུ་གེ་ཡོད་པ་ཕེབས་མ་ཐག་ནས་ཞི་སྟེ་བཀའ་དྲིན་ཚད་མེད་པར་གྱུར། དགུང་ལོ་དྲུག་བཅུའི་དུས་རྟེན་འབྲེལ་མཛད་པས་སྐུ་ཚེའི་བར་ཆད་ཞི། དམུ་ཆུའི་བསྙུང་འཕྲུལ་འཁོར་གྱིས་དྭངས། ཕྱིས་དམ་ཤོད་པའི་རབས་ཆད་ཅིག་གི་ཡོ་བྱད་དང་གསུང་རབ་གདན་སར་ཕུལ་བ་ལ་བརྟེན། ལུང་པའི་མི་ཐམས་ཅད་ཀྱིས་གདན་ས་བཤིག་པར་ཐག་ཆོད་ཚེ་སློབ་མའི་བདེ་ལེགས་བླ་མ་ལ་རྟེན་འབྲེལ་སྒྲིག་དགོས་པར་དགོངས། གསུང་རབ་དེས་གཙོ་བྱས་ཕག་གྲུའི་གསུང་རབ་ཀུན་སྒམ་པོར་ཕུལ་བས་རྩོད་པའང་རང་ཞི། ཕྱིས་ཕག་གྲུ་དར་བའི་རྟེན་འབྲེལ་མཐའ་དག་འགྲིག་པས་རྗེ་ཉིད་ཀྱི་འཕྲིན་ལས་འདི་ཆེ་ཞིང་བླ་མའི་ཐུགས་དགོངས་རྫོགས་པར་བྱས་པ་ལ་དེ་ཙམ་ཞིག་གྲུབ་གསུང་ཞིང་འདི་ནི་ན་རོ་བའི་དཀའ་བ་བཅུ་གཉིས་ལས་ལྷག་ཞེས་གསུངས་ལ། གཞན་ཀུན་གྱིས་སྐུར་པ་བཏབ། ཕྱིས་བླ་མའི་གདན་ས་ངས་བརྒྱ་འགྱུར་དུ་བཏང་ངོ་གསུངས་ནས་རྗེ་སྤྱན་སྔ་བསྐོས་པ་ཡིན་ནོ། །གནས་ཆེན་དང་རི་ཕྲན་ཀུན་གྱི་གཞི་བདག་གིས་མཆོད་གནས་ཞུས་སྟེ་ཐམས་ཅད་ལ་རི་པ་གནང༌། ལྷ་མོ་ལོ་ཏོག་འབྱོར་མ་ལ་སོགས་འདུས་པ་རིན་པོ་ཆེ་ཏོག་གི་གཟུངས་ནས་གསུངས་པའི་(ན༤༦བ)


PTT001_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཏོག་གི་ལྷ་མོས་འབྲུས་གང་བའི་བྲེ་བོ་འབུལ་དུ་བྱུང་བ་སོགས་བྱུང་སྟེ་ནས་ཆེས་མོད་པས་སྐྱི་ཤོད་པ་རྣམས་འབྲི་ཁུང་ནས་ནས་སྒྲུབ་པ་བྱུང༌། གཉོས་ཀྱི་བུར་སྟོན་ལ་ལྔ་ཁྲི་ལྔ་སྟོང་ལྔ་བརྒྱ་ཚོགས་པ་དང༌། དགེ་སློང་འབུམ་ཕྲག་ལྷག་པས་ཚུལ་ཤིང་ལེན་པ་བྱུང༌། བླ་ཡེལ་རྩིག་པའི་ཚེ་ལས་ཆེས་ཐུན་ཆེས་སོ་ཞེས་ནགས་ཤོད་མཁན་པོས་འབར་བས་རྩིག་པ་རྣམས་མགོན་པོ་བེང་གིས་བཤིག །ཙཱ་རིའི་དག་པ་ཤྲཱིའི་བཀོད་པའི་མཆོད་རྟེན་བཀྲ་ཤིས་སྒོ་མང་རྟ་རྔའི་དྲ་བར་བཅུག་སྟེ་མཁའ་འགྲོས་གཟིགས་ཕུལ། སིངྒ་གླིང་ནས་དགྲ་བཅོམ་པས་མགོན་པོ་ཀླུ་སྒྲུབ་ཡིན་ཞེས་མེ་ཏོག་པདྨ་དཀར་པོའི་མཆོད་པ་ཕུལ། གཞན་ཡང་སྐུའི་བཀོད་པས་འཛམ་གླིང་གི་རྒྱལ་པོ་ཆེན་པོ་བཅུ་གསུམ་བཏུལ། རྡོ་རྗེ་གདན་ལ་གར་ལོག་གི་དམག་ཟློག་སྟོང་ཉིད་རྒྱུ་འབྲས་དབྱེར་མེད་བསྟན་པས་སྟན་པ་ཉི་མ་ཤར་བ་ལྟར་མཛད། རིག་སྤྱོད་ཁྱད་པར་དུ་འཕགས་པ་ཚུལ་ཁྲིམས་རིན་པོ་ཆེ་ཡིན་ཞེས་སྟོན་ཞིང་ཤ་ཆང་གི་ཚོགས་འཁོར་ཡང་མི་མཛད། སྐུ་གཤེགས་གར་ཡང་གློ་བ་སྐམ་པོ་ཅིག་གསོལ་ཐུག་ལ་འདེབས་པར་ཞུས་པའང་མ་གནང༌། དཔལ་ཕག་མོ་གྲུ་པ་ལ་སྐྱོབ་པ་རིན་པོ་ཆེ་ཞེས་དང་འཇིག་རྟེན་གསུམ་གྱི་མགོན་པོ་འབའ་ཞིག་དུ་གསུང་བས་སློབ་མ་རྣམས་ཀྱིས་ཀྱང་རྗེ་ཉིད་ལ་མཚན་དེ་ལྟར་དུ་འདོན། ཐུགས་ཀྱི་དགོངས་པ་ཐམས་ཅད་ཡོངས་སུ་རྫོགས་ནས་དགུང་ལོ་དོན་ལྔ་པ་མངོན་པར་བྱང་ཆུབ་པའི་ཟླ་བའི་ཉེར་ལྔ་ལ་མྱ་ངན་ལས་འདས། སྤྱན་སྔ་བ་རྣམས་ཀྱིས་གསོལ་བ་བཏབ་པས་སླར་བཞེངས་སྟེ་ཞག་གཉིས་བཞུགས། གསོལ་བ་བཏབ་པ་བཞིན་ཚོགས་སུ་ཞལ་བསྟན་ཞིང་ཆོས་གསུངས། བཞུགས་པར་ཞུས་པས་ཁོ་བོའི་གདུལ་བྱ་རྫོགས་གསུངས། དུས་མཆོད་གང་ལ་འཛིན་ཞུས་པས་མཆོད་པ་བླ་མ་ལ་འབུལ་བས་ཉེར་ལྔ་ལ་ཟུང་ཞིག་གསུངས་སྟེ་མྱ་ངན་ལས་འདས། ངོ་མཚར་ནི་མཐའ་ཡས་པ་བྱུང་ངོ༌། །སློབ་མའང་སྤྱན་སྔ་དབོན་རིན་པོ་ཆེ། རྗེ་སྤྱན་སྔ་བ། སྤྱན་སྔ་འབྲི་ཁུང་གླིང་པ། སྤྱན་སྔ་དམ་ཆོས་གླིང་པ་སོགས་ཐུགས་ཀྱི་སྲས་རྣམས་དང༌། (ན༤༧ན)


PTT001_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

གཉོས་འགར་ཆོས་གསུམ་སོགས་རྣལ་འབྱོར་གྱི་དབང་ཕྱུག་བགྲང་ལས་འདས་པ། དཔལ་ཆེན་ཐག་མ་པ་སོགས་དཔལ་ཆེན་བཅུ་གཉིས། མདོར་ན་སློབ་མ་དང་ཡང་སློབ་ཀྱིས་ཨོ་ཌྱན་ནས་ཁ་ཆེ་རྒྱ་གར་སོགས་འཛམ་གླིང་ཐམས་ཅད་ཀྱི་གནས་ཆེན་མིང་ཆེ་ཆུང་གྲགས་མ་གྲགས་བས་མཐའ་རི་ཁྲོད་ཐམས་ཅད་དུ་མང་བ་ཁྲི་ཕྲག་ནས་ཉུང་བ་གཅིག་གཉིས་ཀྱི་བར་མ་ཁྱབ་པ་མེད་ལ་དེ་ཐམས་ཅད་ཚེ་བློས་བཏང་སྡོམ་གསུམ་རྣམ་པར་དག་པ་འབའ་ཞིག་ཤས་ཆེའོ། །སྔོན་སྒམ་པོ་པའི་དུས་ཀྱེ་པོ་ཡེ་རྡོར་གྱིས་བྱོན་པ་ཙམ་ལས་གཞན་མིས་མི་བགྲོད་པའི་དུས་གཉོས་འགར་ཆོས་གསུམ་གྱིས་བརྟུལ་ཞུགས་ཀྱི་སྤྱོད་པ་དང་ཡེ་ཤེས་ཀྱི་རྩལ་གྱིས་ཙཱ་རི་ཏྲའི་གནས་སྒོ་ཕྱེ་སྟེ་སྒྲུབ་རྒྱུད་ཀྱི་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ཀྱི་སྒོམ་པའི་གནས་དང་སྐྱེ་བོ་མཆོག་དམན་བར་མ་ཐམས་ཅད་ཀྱི་སྐོར་བ་སོགས་ཚོགས་གསོག་སྒྲིབ་སྦྱོང་གི་ཡུལ་ཟླ་མ་མཆིས་པར་གྱུར་ཏོ། །ཁྱད་པར་དུ་གཉོས་ཆེན་པོ་ནི་ཁ་རག་གི་གཉོས་ལོའི་རྒྱུད་གཉོས་ནག་གྲགས་པ་དཔལ་གྱི་སྲས་ཡིན། ཡབ་ཆོས་དང་མདོ་ཕྱོགས་མཁས། ཐག་མ་པ་དང་ཝལ་ཏི་ལས་བསྙེན་རྫོགས་མཛད། ཆོས་རྗེས་རྗེས་སུ་བཟུང༌། ཏི་སེར་ལྷ་ནང་དུ་སྒྲུབ་པ་མཛད་པས་ལྷ་ནང་པར་གྲགས། བྱང་དུ་ལྷ་ཐེལ་སོགས་བཏབ། ལྷ་པ་ཉིས་སྟོང་བརྒྱད་བརྒྱ་སོགས་བྱུང་ཞིང་དབོན་པོ་ལྷ་རིན་ཆེན་རྒྱལ་པོ་ལ་སོགས་པ་ལྷ་བའི་བཀའ་རྒྱུད་བཟང་བར་བྱུང་ལ། འགར་དམ་པ་གཞོན་ནུ་རྡོ་རྗེ་འམ་ཤཱཀྱ་དཔལ་ནི་རྨེ་འདོར་དུ་ལྕགས་བྱི་ལ་འཁྲུངས། འཇིགས་བྱེད་ཀྱི་གྲུབ་ཐོབ་ཡིན། གདན་ས་ཐེལ་དུ་གནང་ཡང་མ་བཞེས། འབྲི་ཁུང་དུ་ཐུགས་དམ་སྐད་གཏོང་བ་མཛད། དྭགས་པོར་འདྲེ་དམག་བཏུལ། ཟུ་རེར་ཆོས་སྡིངས་བཏབ་པ་གདན་སའི་འགྲན་ཟླར་སོང་དོགས་མ་བཟུང༌། ཕྱིས་པོ་བོར་ཕུ་ལུང་དགོན་པ་བཏབ་ཅིང་ད་དུང་དར། དཔལ་ཆེན་ཆོས་ཡེའི་རྗེས་འབྲེང་ལ་ནག་ཚང་པར་གྲགས་སོ། །མཁས་པ་གྲུ་སྐྱ་མོ་ཞེས་བྱ་བ་ཤིན་དུ་མཁས་པ་ཅིག་གིས་རྩོད་དུ་འོངས་པས་ཞལ་མཇལ་བ་(ན༤༧བ)


PTT001_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གྱིས་བྱིན་རླབས་ཞུགས། ཚིག་རེ་རེ་གསུངས་པས་སྒྲོ་འདོགས་ཐམས་ཅད་ཆོད། སྒོམ་མེད་ཀྱི་རྟོགས་པ་འཁྲུངས་སྟེ་རྗེའི་དགོངས་པ་རྩལ་དུ་བཏོན་པ་ཐེག་ཆེན་བསྟན་པའི་སྙིང་པོ་རྩ་འགྲེལ་མཛད། སྤྱན་སྔ་འབྲི་ཁུང་གླིང་པ་ནི་འདན་གྱི་ཡུལ་དུ་སྐྱུ་ར་ལྷ་སྒྲའི་རྒྱུད་ཡབ་སྟོན་པ་སངས་རྒྱས་དཔལ་དང་ཡུམ་རིན་ཆེན་སྒྲོལ་མ་ལ་སྲས་དྲུག་གི་དང་པོར་འཁྲུངས། རྗེ་འཇིག་རྟེན་མགོན་པོའི་ཞེ་བཞི་པ་མེ་ལུག་ལ་འཁྲུངས་པར་དེབ་སྔོན་ན་སྣང་ལ་རྣམ་ཐར་ན་སྤྲེ་ལོ་པར་བྲིས་སྣང༌། གཉིས་པ་ཐུབ་པ་བསོད་སྙོམས་པ། ཐ་ཆུང་སྤྱན་སྔ་སྒམ་པོ་པ་ཡིན་ལ་ཆུང་ངུ་ནས་འབྲི་ཀློག་མཁས་པར་མཁྱེན། ལས་འབྲས་ཀྱི་བླང་དོར་མཁས་ཤིང་དད་པ་ཆེ། བཅུ་བདུན་པ་ལ་དཔལ་ལྡན་དད་ཕུ་བ་མཇལ། མཚན་རིན་ཆེན་རྒྱལ་པོར་བཏགས། སྤྲོས་བྲལ་གྱི་རྟོགས་པ་སྐྱེས། དད་ཕུ་བ་གཤེགས་ནས་དགུང་ལོ་ཉེར་གཅིག་པ་ལ་འབྲི་ཁུང་དུ་དད་ཕུ་བའི་གྲ་པ་དུ་མ་དང་ལྷན་དུ་བྱོན། ཆོས་རྗེའི་མནལ་ལམ་དུ་ཞིང་ཧྲེབ་བེ་བ་ཞིག་ལ་ནས་རྡོག་བཞི་ལྔ་ཙམ་ཆགས་པའི་སྙེ་མ་ཐོ་རེ་འདུག་པ་ནས་ཁ་ཡར་ཞིག་སྐུ་ཕག་དུ་བསྣམས་པ་རྨིས་པའི་ནང་བར་བྱུང་ནས་ཅིག་གིས་བླ་མ་རིན་པོ་ཆེ་དང་དཔལ་ཆེན་དད་ཕུ་བ་གཉིས་སྙིང་གར་ཞལ་སྤྲད་སྟེ་སྒོམ་མམ་བཤིབས་ནས་སྒོམ་ཟེར་བ་ལ་ལན་མ་གསུངས། ཚོགས་ཆོས་ཀྱི་དུས་ད་ནང་ཅིག་ན་རེ་དེ་སྐད་ཟེར་དུ་བྱུང༌། ཁོ་དང་ང་གཉིས་བཤིབ་པ་རྣམ་རྟོག་ཡང་ཟ་གསུངས་པས་དེ་གདམས་ངག་དུ་སོང་བས་དེ་ཀུན་ལ་ཁྱད་པར་ཅན་རེ་བྱུང་ཞེས་པའི་ནང་ཚན་ཡིན། རྩོམ་ཡིག་པ་མཛད་པས་མཉེས་ཤིང་ལུང་མཉེལ་བའི་ཚུལ་སྟོན་པ་རྣམས་མཉེལ་བསོས་པ་ཐུགས་ཤིན་དུ་མཉེས། སྐུ་ན་བྱོན་པ་དང་ཚེམས་འགའ་རེ་བྱོན་པ་དང་ལྗགས་ལྡིབ་པས་གསུང་མི་གསལ་ཙམ་ལ་དང་པོར་ཐུགས་མ་གང་ཙམ་བྱུང༌། དེ་མ་ཐག་ཉམས་མྱོང་གིས་ཟིན་སྟེ་དེ་ཕྱིན་བླ་མ་ཆོས་སྐུའི་མོས་གུས་ལ་ལྟེམ་རྐྱང་མ་བྱུང་ཞིང་བྱིན་རླབས་ཐམས་ཅད་ཞུགས་པས་སྔ་མའི་ལོག་རྟོག་ཅུང་ཟད་སྟེ་ལྷོངས་ཡིན་པར་མཁྱེན། གཟིམས་(ན༤༨ན)


PTT001_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

གཡོག་སོགས་སྤྱན་སྔའི་བྱ་བ་ཀུན་གུས་པར་མཛད་ཐུགས་ལ་བཏགས་སྟེ་ནོར་དང་མགྲོན་མ་གཏད། མཇལ་སྣ་དང་ཞུ་སྣ་མ་བཅོལ་ཁྱད་པར་བཀའ་བཀྱོན་གྱི་བཀའ་བབ་སྟེ་སུ་ལ་ཐུགས་མ་མཉེས་ཀྱང་ཉིད་ལ་བཀའ་བཀྱོན། དེ་ཙམ་གྱིས་དད་པ་ལྷག་པར་འཕེལ། བདག་ནི་འདི་རང་ངོ་མཚར་ཆེ་སྙམ། འབྲི་ཁུང་གི་རི་བྱ་རྒོད་ཕུང་པོའི་རི་མདོའི་གླིང་གཞིར་བཤད་པ་ལྟ་བུ་དང༌། གཟིམས་ཆུང་གསེར་ཁང་ཕོ་བྲང་རྣམ་སྣང་གི་སྙིང་པོ་ཅན་དང༌། བླ་ཡེལ་སོགས་ཨ་མོ་ནི་ཀ་གི་རྡོ་ལེབ་བཏེག་མནན་གྱིས་འཕར་ནེམ་དུ་བྱེད་པ་ལ་སོགས་པ་རྡུལ་ཕྲ་རབ་རེ་རེ་ལའང་སངས་རྒྱས་ཀྱི་ཞིང་ཐ་དད་པ་མཐའ་ཡས་གནས་པ་སོགས་ཉིན་རེ་ཞིང་གོང་འཕེལ་དུ་གཟིགས། འཕགས་པ་ཀུན་དགའ་བོས་གསེར་མདོག་གི་རྟོགས་བརྗོད་གསུང་བ་གཟིགས། ཐུགས་དམ་སྒོ་མང་གཞེང་བའི་ཚད་རྟེན་བཞུགས་དཀར་ཆག་སོགས་དགོངས་པ་རྫོགས་པར་མཛད། འབྲི་ཁུང་གི་གདན་ས་གྱིས་གསུང་ཡང་བདག་གིས་ཀུན་སྤངས་ཀྱི་སྤྱོད་པས་འཕྲིན་ལས་དཔེལ་ཞུས། དགུང་ལོ་སོ་གཅིག་པ་གླང་ལོ་ལ་རྗེ་འཇིག་རྟེན་མགོན་པོ་གཤེགས། གདུང་བཞུ་བའི་ཚེ་ཐུགས་མ་ཉམས་པ་ཕྱག་དུ་བྱོན་པ་སོགས་གདུང་ཅུང་ཟད་ཀྱང་མ་གོད་པར་སྐུ་འབུམ་འཛམ་གླིང་རྒྱན་དུ་བཞུགས་ཤིང་རྗེ་རིན་པོ་ཆེ་སྣམ་སྦྱར་དང་དབུ་ཞྭ་མནབས། ཕྱག་མཁར་ཀོམ་ཚུགས་མཛད་པ་ཅིག་ཁོ་བོ་འདི་ན་རྟག་དུ་ཡོད་པ་ཡིན་གསུང་བ་གཟིགས། སྤྱིར་ཚོགས་པ་ཐམས་ཅད་ཀྱིས་སློབ་དཔོན་དུ་བཀུར་ཞིང་མཆེད་གྲོགས་རྣམས་ཀྱིས་ཀྱང་དག་སྣང་མང་དུ་མཐོང་བ་སོགས་ཀྱིས་འབུལ་ནོད་ཀྱི་རླབས་འཕྱུར་བ་ཡོང་ཡང་ཟུར་གྱི་ཐབ་སྐྱོང་སྐྱིད་ཆོས་སོགས་སྐད་ཅིག་ཀྱང་མི་མཛད་པར་ཞལ་བཞུགས་རིང་བླ་མ་དང་གཤེགས་ནས་ཀྱང་གདན་ས་འབའ་ཞིག་དུ་གཏོང༌། ཆོས་རྗེ་རིན་པོ་ཆེས་ཀྱང་ཐུགས་ཀྱི་སྲས་སུ་དགོངས་ནས་ཁྱད་ཆོས་ཀྱི་མཛོད་ཐམས་ཅད་གཏད། ཕྱིས་གནམ་མཚོ་ཏི་སེ་ལ་སོགས་པར་བྱོན་ཞིང་ཐུགས་དམ་གྱི་སྤངས་རྟོགས་ཡོངས་སུ་རྫོགས། མངའ་རིས་ཡ་ཙེ། (ན༤༨བ)


PTT001_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

གར་ལོག་ལ་སོགས་པའི་རྒྱལ་བློན་འབངས་བཅས། པཎྜི་ཏ་དང་རྣལ་འབྱོར་པ་ལ་སོགས་པ་མཐའ་ཡས་པས་ཞབས་སྤྱི་བོར་བླངས་ཤིང་གུས་པས་མཆོད། སོ་དགུ་པ་ཤིང་བྱ་ལ་འབྲི་ཁུང་དུ་བྱོན། ལོ་མཇུག་ལ་ལྷོ་བྲག་དུ་བྱོན། ལམ་དུ་ས་པཎ་གྱིས་ཞབས་རྗེན་སྤོས་རེང་གིས་བསུས། ཁྱི་ལོའི་དབྱར་དྲོ་བོ་ལུང་ཕུལ་བ་བཞེས། དགུན་མཁར་ཆུར་ཁྱད་ཆོས་བརྒྱ་དགུ་བཅུ་པ་དང་དེ་རྗེས་བརྒྱ་ལྔ་བཅུ་པ་ཡི་གེར་མཛད། ཕྱིས་རང་བཞེད་རྐྱང་པ་ཅན་དང༌། གཞན་འདོད་བསྣན་པ་དང༌། སྤྱི་བཞེད་བསྣན་པ་སོགས་མང་དུ་མཛད་ཅིང་ཟིན་བྲིས་ཀྱང་མང་དུ་བྱུང་བ་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་གཅིག་པ་སྟོན་པས་དགོངས་གཅིག་ཅེས་གྲགས་ལ། ཕྱི་རབས་ནི་བསྟན་དགོངས་གཉིས་ཅེས་རྗེ་འཇིག་རྟེན་མགོན་པོའི་ཆོས་ཀྱི་སྙིང་པོར་གྲགས་སོ། །སྐུ་ཚེའི་སྨད་ཕལ་ཆེར་དྭགས་པོར་བཞུགས་ཤིང་སྒམ་པོའི་གདན་སར་ཡང་བཞུགས་ལ། འབྲི་ཁུང་དུ་འབུལ་བ་ཞབས་ཏོག་བགྲང་གིས་མི་ལང་བ་མཛད་ཅིང༌། འབྲུག་མདར་མགར་དམ་པ་དང་མཇལ་ཞིང་ཆོས་གསན་རེས་མཛད། སྤྱིར་རྐང་བཞི་ལ་མི་རྟེན་པ་སོགས་ཀུན་སྤངས་ཀྱི་བརྟུལ་ཞུགས་མཛད་ཀྱང་དགེ་སློང་གཙང་མ་ལྔ་བརྒྱ་རེ་རྒྱུན་མི་ཆད་ཅིང་ཆོས་ཀྱི་འཕྲིན་ལས་ནི་མཐའ་ཡས་པ་ཡིན་ལ་དགུང་ལོ་ལྔ་བཅུ་རྩ་ལྔ་ལ་སྐུའི་བཀོད་པ་བསྡུས་པར་བསྟན་ནོ། །ཤྲི་ཕུག་པ་མདོ་ཁམས་སུ་འཕྲིན་ལས་ཆེ་ཞིང་ཡུལ་སྐྱོང་ལྷ་ཁང་བཞེངས། ཕོ་བོ་བཀྲ་ཤིས་ནི་ཟངས་རི་བ་ཡིན་ཡི་གེ་ཨར་སྤྲུལ་པ་སོགས་མཛད། ཆོས་རྗེ་ཤིན་དུ་མཉེས་པས་ཁོང་གི་གསུང་བཀའ་འབུམ་དུ་ཡང་བཅུག་སྐད། གཙང་ཞིག་གིས་གཉལ་དུ་སྒྲུབ་པ་མཛད། དབུ་ཞྭ་ངང་པས་ཁྱེར་ནས་བཞག་སར་ངང་བསྐྱལ་གྱི་དགོན་པ་བཏབ། ཆང་ལ་མཉེས་པས་ཆང་གི་མཆོད་པ་དར། དེའི་སྐྱེ་པ་སྨྱལ་ཚན་གསུམ་དགའ་ལྡན་གྱི་ཟ་ར་དགེ་སློང་ཡིན་པས་གཙང་ཞིག་གི་སྐུ་ལ་ཆང་མཆོད་བྱས་པས་གཟི་ཡོང་སྐད། ཆོས་རྒྱུད་བཟང་དུ་བྱོན་ཞིང་གསལ་རྗེ་བས་ཡུལ་མི་ཐམས་ཅད་སྲོག་(ན༤༩ན)


PTT001_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་ལ་བཀོད། དེ་ལ་སོགས་པ་འགྲོ་དོན་ཅན་བྲིས་ཀྱིས་མི་ལང་ངོ༌། །ཁྱད་པར་དུ་གདན་ས་ཕག་མོ་གྲུར་རྗེ་འཇིག་རྟེན་མགོན་པོ་ཉིད་ཀྱིས་གདན་ས་ལོ་གསུམ་མཛད། དེ་ནས་ལོ་ཉེར་བརྒྱད་ཀྱི་བར་འབྲི་ཁུང་ནས་ཕྱི་རྒྱ་ཙམ་སྐྱོང་བ་ལས་གདན་ས་དངོས་མེད། དེ་ནས་རྗེ་སྤྱན་སྔ་བསྐོས་སྟེ་དེ་ཡང་ཆོས་རྗེ་རིན་པོ་ཆེས་འགྲོ་མགྲོན་ཡེལ་པ་བ་ཕག་མོ་གྲུར་གདན་འདྲེན་ལ་བཏང་བས་ང་རྒས་པས་མི་འོང༌། ངའི་འདི་ན་བཙུན་ཆུང་ཤེས་རབ་ཅན་ཞིག་ཡོད་པ་གཏོང་བས་གདན་ས་འཕེར་བ་ཞིག་འཆོས་ལ་སྐོ་བར་ཞུ་ཟེར་བ་བྱུང་བ་དེ་ཡིན། དེ་ཡང་མདོ་སྟོད་གནས་དྲུག་གི་སར་འཁྲུངས། གདུང་རླངས་ལྷ་གཟིགས། དཔོན་ཆེན་རྒྱལ་བ་སྐྱབས་དང་ཡུམ་འགྲོ་ལྡོག་བཟའ་ཁུ་བྱུག་སྨན་གྱི་སྲས་གསུམ་གྱི་གཅེན་པོར་འཁྲུངས། བཅུ་གསུམ་ལ་ལྷ་གཟིགས་ཀྱི་སྤྱི་གནས་གཡུག་གུར་མཁན་པོ་རྗོད་མགོ་བ་དང་སློབ་དཔོན་སྟོན་པ་ལས་རབ་ཏུ་བྱུང༌། འགྲོ་མགོན་ཡེལ་པ་བ་ལས་གདམས་ངག་གསན། བཅོ་ལྔ་པ་ལ་ཆོས་རྗེ་རིན་པོ་ཆེ་དང་མཇལ། བུ་ཚ་འདི་ཀུན་མིག་རྩ་དང་གྲུང་ཞྭ་བུའི་གྱོན་ལུགས་དང་བྱས་པས་ཁྱོད་ཀྱང་སྒོམ་ཆེན་ཅིག་དུ་རྫུ་བར་འོང་གསུངས་སྟེ་སྔོན་རྗེ་ཉིད་ལ་ཆོས་རྗེ་གོང་མས་ལུང་བསྟན་པ་དེ་དང་འདྲ་གསུངས་པ་ཡིན། ཕྱག་སྤྱི་བོར་བཞག་པ་ཙམ་གྱིས་ཏིང་ངེ་འཛིན་གྱི་རྒྱལ་པོ་འཁྲུངས། གཟིམས་གཡོག་མཛད་ཅིང་ཆོས་ཐམས་ཅད་གསན། གསན་ཚད་སྐད་ཅིག་ཀྱང་མི་བསྙེལ་བར་མཛད། དགུང་ལོ་བཅོ་བརྒྱད་པ་ལ་ཞང་སུམ་ཐོག་པ་དང་ལྷ་འབྲི་སྒང་པ་ལས་བསྙེན་པར་རྫོགས། ལོ་སོ་བཞི་མ་ལོན་གྱི་བར་འབྲལ་མེད་དུ་བསྟེན་པ་ལ་ཆོས་རྗེས་དབུའི་ལྟག་པ་གཟིགས་མ་མྱོང༌། བླ་མ་རིན་པོ་ཆེ་ལ་ངའི་ཡོ་བྱད་ཀྱི་ཕུད་འབུལ་བ་ཡིན། ཚོགས་པ་བསྐྱངས་པའི་ཕུད་འདི་ཡིན་པས་བླ་མའི་གདན་སར་འབུལ་གསུངས་ནས་ཆོས་རྗེ་ཉིད་ཀྱིས་ཀྱང་ཕྱག་དང་བཀུར་སྟི་མཛད་སྟེ་སོ་བཞི་པ་ས་འབྲུག་ལ་ཕག་མོ་གྲུའི་གདན་སར་ཕེབས། གདན་སར་ཕེབས་འཕྲལ་ནས་གདན་ས་(ན༤༩བ)


PTT001_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

དར་ཞིང་རྒྱས། ཕྱི་ནང་གི་འཁྲུག་རྩོད་ཐམས་ཅད་ཞི། དགེ་འདུན་ཐམས་ཅད་ཀྱང་ཚུལ་ཁྲིམས་དང་ཏིང་འཛིན་ལ་བཀོད། ཆོས་རྗེས་རིན་པོ་ཆེའི་རྣམ་ཐར་ཇི་བཞིན་མཛད། བསམ་ཡས་བཙད་པོའི་ལྟོས་མ་ཚུགས། གདན་ས་ལོ་ཉེར་དྲུག་མཛད་ནས་སླར་འབྲི་ཁུང་གི་གདན་ས་ལོ་ཉི་ཤུ་རྩ་གཅིག་མཛད། དོར་ཏའི་ཧོར་དམག་རྫུ་འཕྲུལ་གྱི་རྡོ་ཆར་ཕབ་པས་བཏུལ་སྟེ་གྱ་གཅིག་ལ་འབྲི་ཁུང་དུ་གཤེགས། སློབ་མ་རིན་པོ་ཆེ་གྲགས་བསོད་པ་རྒྱལ་བའི་གཅེན་པོ་ཤར་གླིང་དབོན་པོར་གྲགས་པས་ཁམས་སུ་ཟླ་དགོན་བཏབ། གཞན་ཡང་ཡང་དགོན་པ་དང་སྙེ་མདོ་ཐམས་ཅད་མཁྱེན་པ་སོགས་བྱོན། དབོན་པོ་རྒྱལ་བ་ཐོག་བརྡུགས་པ་གྲགས་པ་བརྩོན་འགྲུས་ཀྱིས་གདན་ས་ལོ་སོ་གསུམ། སྐུ་ལ་ཐོག་གིས་མ་ཚུགས། རྒྱལ་པོ་ཧུ་ལའི་འབུལ་མོ་ཆེ་ལན་གསུམ། སིངྒྷ་གླིང༌། ཏི་ར་ཧུ་ཏི། ཡ་ཙེ་རྣམས་ཀྱི་རྒྱལ་པོས་འབུལ་བ་བྱས། བཅུ་གཉིས་པ་རྡོ་རྗེ་རིན་ཆེན་གྱིས་ལོ་བཅུ་བཞི། གྲགས་ཡེ་བ་ལོ་བཞི། གཉིས་མཆོད་པ་གྲགས་པ་རིན་ཆེན་ལོ་ཉེར་གཉིས། འདིའི་སློབ་མ་དུང་མཚོ་རས་པས་སེམས་ཁྲིད་ཡིད་བཞིན་ནོར་བུའི་གཏེར་བཏོན་སྟེ་འཕྲིན་ལས་ཆེ་ཞིང་བཀའ་རྒྱུད་བཟང་དུ་བྱུང༌། ཚེས་བཞི་རྙིང་མ་བ་གྲགས་པ་རྒྱལ་མཚན་ལོ་སོ་བཞི། འདིའི་སློབ་མ་རྡོར་འཛིན་སངས་རྒྱས་རྒྱལ་མཚན། མགོན་གཞོན་པ། མཚུངས་མེད་རིན་ཆེན་གཞོན་ནུ་སོགས་ཡིན། བཅུ་གཉིས་སར་མ་བ་གྲགས་པ་ཤེས་རབ་ལོ་བཅུ་གཅིག་འདི་འགྲོ་མགོན་རིན་པོ་ཆེ་དངོས་སུ་གྲགས། ཚེས་བཞི་སར་མ་བ་གྲགས་པ་བྱང་ཆུབ་ལོ་བརྒྱད། བསོད་གྲགས་པ་ལོ་ཉི་ཤུ། དཔལ་ལྡན་བཟང་པོ་ལོ་དགུ། ཉེར་གཉིས་རིན་པོ་ཆེ་བསོད་ནམས་རྒྱལ་མཚན་ལོ་བཅོ་བརྒྱད། དེའི་བར་དུ་སྐྱེས་བུ་དམ་པ་ཕལ་ཆེར་བྱོན་ལ། ཕྱིས་སུ་ཞྭ་དམར་ཅོད་པན་འཛིན་པ་བཞི་པས་གདན་ས་ཡུན་རིང་དུ་མཛད་ཅིང་སྤྱིར་རླངས་ལྷ་གཟིགས་ཀྱི་གདུང་གིས་(ན༥༠ན)


PTT001_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

གདན་ས་དངོས་དང་སྐུ་ཚབ་མཛད་པ་རྒྱུན་མ་ཆད་ཏོ། །ཕག་གྲུའི་དཔོན་རབས་ནི། དཔལ་ཕག་གྲུ་པའི་དུས་དགེ་བཤེས་རླངས་རྒན་ཕོ་བ་ན་བ་ལ་རྟེན་འབྲེལ་མཛད་སྟེ་སྟག་ལུང་ཐང་པ་ལ་བྱང་ཕ་གིར་སོང་ལ་རླངས་ཀྱི་གཙོ་བོ་ང་ཡིན། འཛམ་གླིང་གི་མི་ཆེན་ང་ཡིན། ངའི་སོ་བུད་པ་འདི་བྱང་གཡག་གི་ཤ་ཟ་བས་བུད་པ་ཡིན་གྱིས་གསུང་བ་ལྟར་བྱས་པས་རས་པ་སྟོན་རིན་གྱིས་འཛམ་བུ་གླིང་གི་མི་ཆེན་ཁྱོད་ཡིན་ན་འཛམ་གླིང་གི་མི་ཆེན་ཟད་པ་ཡིན་ཟེར་བས་སྟོན་རིན་གྱིས་རྟེན་འབྲེལ་ཟློག་ཞུས་པས་ཨའུ་ཙི་གཟིམས་ལྕིལ་ལ་ཕྱག་དང་སྐོར་བ་ལྡོག་ལ་གྱིས་གསུངས་པ་འདི་རྟེན་འབྲེལ་གྱི་ཐོག་མ་མཛད་པ་ཡིན་ལ་ཁྱད་པར་རྗེ་འཇིག་རྟེན་མགོན་པོས་རྟེན་འབྲེལ་དུ་མ་མཛད་པས་ལྷ་གཟིགས་རླངས་ཀྱི་གདུང་ལ་བོད་ཀྱི་རྒྱལ་པོ་བྱུང་བ་ཡིན་ནོ། །དེ་ཡང་རླངས་ཀྱི་པོ་ཏི་སེར་རུ་ལ་སོགས་ལས་བྱུང་བ་བསྡུ་ན། སྔོན་དུང་གི་སྒོ་ང་ལས་ལྷའི་བུ་ལྟ་ན་སྡུག་པ་ཅིག་དུ་གྱུར་སྟེ་བསམས་ཚད་གྲུབ་པས་ཡིད་སྨོན་རྒྱལ་པོར་བཏགས་སྟེ་ལྷ་མིའི་རྗེར་གྱུར། དེའི་རྒྱུད་པ་མང་ལྡོམ་སྟག་བཙན་དང་ཚངས་སྲས་ལྷ་མོའི་བུ་བཙས་མ་ཐག་མས་སྨོད་བོར་སྟེ་ལྷ་རིའི་རྩེར་དར་བས་ལྷའི་ཁྱེའུ་སྤྱི་གཙུག་ནས་རླངས་པ་འབྱུང་བ། ལྷ་དང་སྲོག་ཆགས་ཀུན་གྱིས་མཆོད་པ་ཅིག་བྱུང་བས་རླངས་པའི་རྒྱུ་མཚན་ལས་རླངས་ཅེས་སམ་ལག་པས་བླངས་པས་བླངས་ཅེས་ཀྱང་གྲགས་ཤིང་དེའི་རྒྱུད་མཚོ་མ་ཕམ་གྱི་འགྲམ་དུ་བཙས་པས་མཚོ་བཟང་ལྷ་གཟིགས་བྱུང་བ་ཕྱིན་རླངས་ལྷ་གཟིགས་སུ་གྲགས་ལ་ཕྱག་བྲིས་ཅན་མང་དུ་བྱུང་ཞིང་ཁྱད་པར་སློབ་དཔོན་པདྨའི་དངོས་སློབ་ལྷ་འདྲེ་བྲན་དུ་བཀོལ་པ་ཨ་མི་བྱང་ཆུབ་འདྲེ་སྐོལ་ནས་མི་རབས་བཅུ་གསུམ་ན་བོད་ཀྱི་བདག་པོ་ཡོང་བར་ལུང་བསྟན་པ་བཞིན་སྤྱིར་ཁྲི་དཔོན་རྡོ་རྗེ་དཔལ་འབྲི་ཁུང་སྒོམ་པ་ཤག་རིན་གྱིས་དབུས་ཀྱི་དཔོན་ལ་བསྐོས་དུས་སྣེ་གདོང་སོགས་གཞིས་ཀ་བཅུ་གཉིས་བཏབ། ཕྱིས་དབོན་རིན་ཆེན་(ན༥༠བ)


PTT001_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་ཀྱི་སྲས་ཏ་སི་ཆེན་པོ་བྱང་ཆུབ་རྒྱལ་མཚན་གྱིས་དབུས་གཙང་གི་བདག་པོ་ལོ་བཞི་བཅུ་ཙམ་མཛད་ཅིང་རྩེས་དང་བཏབ། དབོན་པོ་འཇམ་དབྱངས་གོའོ་ཤྲི་ཤཱཀྱ་རྒྱལ་མཚན་ལ་བོད་ཆོལ་ཁ་གསུམ་ཞེས་པའི་ལུང་བྱུང་སྟེ་རྒྱལ་ས་ལོ་དགུ་དེ་ནས་གྲགས་བྱང་བ། བསོད་གྲགས་པ། དབང་གྲགས་པ་རྒྱལ་མཚན། བདག་པོ་གྲགས་པ་འབྱུང་གནས་སོགས་བྱོན་ཞིང་བོད་ཤིང་གི་སྒོ་གཏོད་པ་མཐའ་དག་གི་རྒྱལ་པོར་གྲགས་པའོ། །དཔལ་ཕག་གྲུ་པའི་གདན་ས་བཀའ་རྒྱུད་ཀྱི་སྐབས་སོ། །སྐྱོབ་པ་རིན་པོ་ཆེ་ཉིད་འདའ་ཁར་མཁན་ཆེན་གུ་ར་བ་ལ་ཁྲི་འདི་ཁྱོད་ཀྱིས་བཟུང་ལ་ལོ་གསུམ་ན་བསོད་ནམས་གྲགས་པ་ལ་གཏོད་གསུངས་སྟེ་དབོན་རིན་པོ་ཆེ་བསྐོས་ནས་ཞག་གསུམ་ན་གཤེགས་སོ། །དབོན་རིན་པོ་ཆེ་ནི་སྐྱོབ་པ་རིན་པོ་ཆེའི་ཁུ་བོ་དཀོན་མཆོག་རིན་ཆེན་གྱི་སྲས་ཨ་མེ་གྲགས་རྒྱལ་གྱི་སྲས་གསུམ་ལས་ཆེ་བ། འབྲིང་དབོན་རྒྱུད་རྡོ་རྗེ་སེང་གེ་ཆུང་བ་གཅུང་རིན་པ་ཆེ་རྡོ་རྗེ་གྲགས་པའོ། །དཔལ་ཤྲཱི་ཕུག་པ་མངགས་སྟེ་ལོ་བཅུ་བཞི་ལ་ཆོས་རྗེ་རིན་པོ་ཆེ་མཇལ། སྦྱངས་པ་མཛད་ཅིང་ཟབ་ཆོས་ཐམས་ཅད་གསན། ཐོག་མར་ལོ་བཅུ་གསུམ། བར་དུ་ལོ་དྲུག་མཐའ་མར་ལོ་བཞི་རྣམས་སྒྲུབ་པ་མཛད། སོ་ལྔ་ལ་ཁྲིར་ཕེབས། སོ་དགུ་ལ་སྒོ་མང་བཞེངས། ཞེ་དགུ་ལ་ཐེགས། རྗེ་འཇིག་རྟེན་མགོན་པོ་ཉིད་དང་ཐུགས་རྒྱུད་གཅིག་པར་གསུངས། རྗེ་སྤྱན་སྔས་གདན་ས་ལོ་ཉེར་གཅིག་མཛད། གཅུང་རིན་པོ་ཆེ་ལོ་དྲུག་ལ་འཇིག་རྟེན་མགོན་པོ་མཇལ། འདི་སྟེ་ལོ་པ་ཡིན། ངེད་རང་ཐམས་ཅད་ལས་ལྷག་པ་འོང་ཞེས་ལུང་བསྟན། དབོན་རིན་པོ་ཆེ་ལས་གདམས་པ་རྫོགས་མཆོག་མ་ཐོབ་བར་ཐེམ་པ་ལས་འདའ་རི་ཞེས་དམ་བཅས་མཛད་སྟེ་སྒྲུབ་པ་མཛད། ཉེར་ལྔ་ལ་དབོན་རིན་པོ་ཆེ་གཤེགས་ཀྱང་སྒྲུབ་པ་མ་བཀྲོལ་བར་སྨྲ་བའི་སེང་གེ་སྤྱན་སྔ་བ་གདན་སར་སྐོས་གསུངས་སྟེ་སླར་ཡང་ལོ་སུམ་བཅུར་སྒྲུབ་པ་མཛད། ཞེ་(ན༥༡ན)


PTT001_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ལ་གདན་སར་ཕེབས། ཀརྨ་པག་ཤི་ཧོར་རྒྱལ་པོས་ཙནྡན་གྱི་མེ་ལ་ཞག་ཕྱེད་དང་བཞིར་བསྲེགས་པས་ཞིང་འཕོ་བར་བཞེད་ཚེ་ཏེ་ལོ་པ་སེང་གེ་བཅིབས་ནས་བྱོན་སྟེ་ཡི་གེ་གསུམ་ཐུགས་ཀར་བསྟིམས་སྟེ་མེའི་གཉེན་པོར་མེ་ཐོང་ཞིག་ཁོ་བོ་སྟོང་ཀུན་ན་ཡོད་ཅིང་འབྲི་ཁུང་ན་གཅུང་རྡོ་རྗེ་གྲགས་པའོ་ཞེས་གསུངས། ཁེ་ར་ཁེ་ཏའི་ཧོར་དམག་འདམ་དུ་སླེབས་ཚེ་བདེ་མཆོག་དངོས་སུ་བསྟན་པས་སུ་ལ་ཡང་མ་གནོད་པར་ཕྱིར་ལོག །སྒོ་མང་དང་བཀའ་བསྟན་དང་གཙུག་ལག་ཁང་ཀ་བ་བརྒྱ་དང་བརྒྱད་བཅུ་ལྷ་ཆེན་དུ་མ་གསེར་ཐོག་གསེར་ཕྲུ་དང་བཅས་པ་བཞེངས། དགེ་འདུན་ཁྲི་ཕྲག་བཅུ་གསུམ་གྱིས་མེ་ཏོག་འཐོར། རེ་དགུ་ལ་དྭགས་པོ་རྫམ་ཏུ་ཐེགས། དབོན་རྒྱུད་པའི་སྲས་ཆེ་བ་ཐོག་ཁ་བ་རིན་ཆེན་སེང་གེ་མེ་ཁྱི་ལ་འཁྲུངས། གཅུང་རིན་པོ་ཆེའི་ཆོས་ཐམས་ཅད་རྫོགས། ལོ་བཅུ་བདུན་སྒྲུབ་པ་མཛད། གཅུང་རིན་པོ་ཆེ་ཐེགས་ཀྱང་བུག་སྒོ་ནས་འགྲོ་དོན་མཛད་པ་ལས་གདན་ས་མ་བཞེས། ང་གསུམ་པ་ལ་ཁྲིར་ཕེབས་ནས་གདན་ས་ལོ་བདུན་མཛད་སྟེ་ང་དགུ་པ་ལ་གཤེགས། གཅུང་ཐ་ཆུང་མཚམས་བཅད་པ་གྲགས་པ་བསོད་ནམས་ནི་ཆུ་བྱི་ལ་འཁྲུངས། བཅུ་དགུ་ལ་བསྙེན་རྫོགས་དང་སྒྲུབ་པ་ལོ་བཅུ་གསུམ་མཛད། ཁྲི་ལོ་གསུམ་མཛད་སྟེ་ཞེ་དགུ་ལ་ཐེགས། རྗེ་འཇིག་རྟེན་མགོན་པོས་གདན་ས་སྣུབས་ལ་མ་སྐོ་གསུང་བ་ཡོད་ཀྱང་ཞལ་ངོ་སྐུ་ན་ཕྲ་པས་ཆོས་སྒོ་པ་སྣུབས་སྟོན་རྡོ་རྗེ་ཡེ་ཤེས་ཁྲི་ལ་བསྐོས། དེ་ནས་ལོ་དྲུག་པ་ལྕགས་སྟག་ལ་གླིང་ལོག་བྱུང༌། སྒོ་མང་བཅུ་གསུམ་དང་ལྷ་ཁང་ཆེན་མོ་དང་གླིང་བསྲེགས། གླིང་ནས་ན་མཁའ་ལ་འཕུར་སྟེ་ཆུ་འཕན་གྱི་རྩེར་བབ། སླར་མཁའ་སྤྱོད་དུ་སོང་བའང་ཁྲི་ཕྲག་ཙམ་བྱུང་བར་གྲགས། སྐུ་འབུམ་འཛམ་གླིང་རྒྱན་དང་གསེར་ཁང་ཆོས་རྗེ་སོགས་མེ་བརྡུགས་ལ་བཞུགས། ཞལ་ངོ་ཀོང་པོར་བྱོན། སྒོམ་པ་དབོན་པོ་སྟོད་ཧོར་ལ་བྱོན་སྟེ་(ན༥༡བ)


PTT001_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་ལམ་བཅད་པས་སླར་གསོ་བའི་ཆ་རྐྱེན་དཔག་མེད་ཕུལ་ནས་བཅུ་གཉིས་པ་རྡོ་རྗེ་རིན་ཆེན་དགུང་ལོ་བཅུ་གསུམ་ལ་ཁྲིར་ཕེབས་ཤིང་ཉམས་པ་བསོས། ལོ་ཉེར་བརྒྱད་གདན་ས་མཛད། རྡོ་རྗེ་རྒྱལ་པོས་ལོ་སོ་ལྔ། ཉེར་གཉིས་རིན་པོ་ཆེས་གདན་ས་ལོ་སོ་དགུ་ནས་ཀུན་སྤངས་མཛད། ཆོས་རྗེ་དོན་གྲུབ་རྒྱལ་པོས་ལོ་བཅོ་ལྔ་གདན་ས་མཛད། དེ་ནས་དབང་རིན་པོ་ཆེ་སྔ་མ་རྒྱལ་སྲིད་སྤངས་ནས་རི་བོ་རྩེ་ལྔ་ལ་བྱོན། དེའི་སྲས་ཆོས་རྒྱལ་རིན་ཆེན་དཔལ་དང་དེའི་སྲས་ཆོས་རྒྱལ་རིན་ཆེན་དཔལ་བཟང་གཉི་གའང་ཞལ་ངོ་དཀོན་པས་གདུང་རྒྱུད་པ་མཛད་དགོས་བྱུང་བས་གདན་སར་མ་ཕེབས་ཀྱང་གྲུབ་ཐོབ་ཆེན་པོར་བཞུགས་ཤིང་འདི་སྐབས་གླིང་པ་མཐའ་དག་མཚན་ཉིད་པར་གྱུར་ཡོད་ཀྱང༌། སླར་དབང་རིན་པོ་ཆེས་བསྟན་དགོངས་ཟབ་ཆོས་སོགས་རྙེད་གྲགས་ལ་ཇི་མི་སྙམ་པར་སྟག་ལུང་ཆོས་རྗེ་ལ་གསན་ཞིང་རྗེ་འཇིག་རྟེན་མགོན་པོ་དངོས་སུ་འབྱོན་པར་ལུང་བསྟན་པ་རྗེ་ཀུན་དགའ་རིན་ཆེན་གྱིས་འབྲི་ཁུང་པའི་བསྟན་པ་རྨང་ནས་གསོ་བར་མཛད་སྟེ་སླར་ཕག་མོ་རྩེར་གདུང་རྒྱུད་ཀྱི་བཞུགས་སྟན་ཆགས་པ་ལས་ཆོས་དང་སྲིད་ཀྱི་བསྟན་པ་རྒྱ་ཆེར་འཕེལ་བ་འདི་ཡིན་ནོ། །ཕག་གྲུ་བཀའ་རྒྱུད་ལས་འབྲི་ཁུང་གདན་རབས་ཀྱི་སྐབས་སོ། །སྟག་ལུང་ཐང་པ་ནི་མདོ་ཁམས་གཡང་ཤོད་བོང་ར་སྟེང་དུ་འཁྲུངས། གདུང་དབྲའི་ནང་ཚན་གྭ་ཟི། ཡབ་བན་བློན་ཀླུ་འབར་ཡུམ་དགེ་གསུམ་གྱི་སྲས་སུ་ཆུ་ཁྱི་ལ་འཁྲུངས། ཕྱི་ལོ་འབྲི་ཁུང་ཆོས་རྗེ་འཁྲུངས་པ་ཡིན། ཡུམ་སྔ་བར་གྲོངས། ཕྱིས་བཅོ་བརྒྱད་ལ་ཐང་སྐྱ་ལྷ་ཁང་དུ་གླ་གང་པ་ཤེས་རབ་རྡོ་རྗེ་དང་སློབ་དཔོན་ཚར་སྟོན་ལས་རབ་ཏུ་བྱུང༌། མཚན་བཀྲ་ཤིས་དཔལ་སློབ་དཔོན་འགའ་ལ་ཆོས་དུ་མ་གསན། རྒྱ་གར་ལ་འབྱོན་པར་ཡང་ཡང་བརྩམས་ཀྱང་མ་ཐོན། ཕག་གྲུ་པའི་སྐུ་མཐོང་པས་འདིའི་དུང་དུ་མི་འགྲོ་རི་སྙམ་པའི་ཞེ་བཅད་བྱུང༌། མནལ་ལམ་དུ་སྐས་རིང་པོ་ཅིག་ལ་འཛེགས་པས་མི་དཀར་པོ་(ན༥༢ན)


PTT001_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་གིས་ངས་མ་འཐེན་ན་མི་ཐོན་ཟེར་བ་དང༌། ལམ་དུ་རྟ་ཆུ་རབ་འབྱམས་པ་ལ་རྟས་པོ་ཏོ་ཅིག་ལ་རྐང་ཚུགས་ནས་ཐོན་པས་དེ་ཁོ་བོས་བྱས་པ་ཡིན་གསུངས། ཕག་མོ་གྲུར་མཇལ་བས་ཁོ་བོ་གར་འདུག་ཀྱང་ཁྱོད་འོང་དགོས་པ་ཡིན་སྐྱེ་བ་འདི་ཁོ་ནའི་བླ་མ་མ་ཡིན་གསུངས། མ་མཇལ་བ་ནས་སར་པའི་ལུས་ལས་སར་པ་ཅིག་ཆད་ནས་ཁོ་བོ་ལ་ཐིམ་གསུངས་ཅིང་འདི་བྱ་ཡུལ་པ་འདྲ་ཨང་གསུངས། ད་གསོལ་བ་བཏབ་པ་གཅིག་པུས་ཆོག་སྙམ་ནས་གསེར་ཞོ་གང་ཕུལ་སྟེ་བདག་ཞུ་ཡས་དངོས་གྲུབ་ལྟ་བུ་ཞིག་བྱེད་པ་ཡིན་ཆོས་ཀྱང་མི་ཞུ་བྱས་པས་ཞལ་འཛུམ་མཛད་སྟེ་དེ་དད་པས་ཁམས་སོས་བ་བྱ་བ་ཡིན། ད་དུང་གསོལ་བ་ཐོབ་པ་མང་དུ་འཆར་རྒྱུ་ཡོད། ཆོས་གསུང་ཚད་ཉོན་གསུངས་སྟེ་གསུངས་ཚད་ཟིན་བྲིས་སུ་བཏབ། ལན་ཅིག་ཞལ་བ་ལ་བྲིས་ནས་སླར་གཟིགས་པས་དེ་ཕྱིན་བརྗེད་པ་མ་བྱུང༌། ཁོ་བོའི་ཆོས་ཀྱི་བདག་པོ་ཁྱོད་ཀྱིས་བྱེད་པ་ཡིན་ཡང་གསུངས། དཔལ་ཕག་མོ་གྲུབ་པ་གཤེགས་ནས་མལ་གྲོར་བྱོན། མཆད་ཀ་བ་ལ་ཆོས་ཀྱང་གསན། ཡང་དབྱར་ཞིག་ཕག་མོ་གྲུར་གདུང་རྟེན་ལ་སོགས་པའི་བྱ་བ་མཛད། སེ་སླེར་བཞུགས་དུས་སངས་རྒྱས་སྒོམ་པས་ཕྱི་ནས་དཔལ་ཕག་གྲུ་བའི་གསུང་ཉིད་དུ་ཚོར་སྟེ་སྔར་ཆོས་རྗེའི་གསུང་ནས་ང་གར་འགྲོ་སར་ཁྱོད་ཁྲིད་པ་ཡིན་གསུང་བ་དེ་འདི་ཡིན་པར་འདུག་གསུངས་ནས་འབྲལ་མེད་དུ་བཞུགས། ཞང་ཤོ་མ་ར་བ་སྒྲེས་པོ་ཅིག་གིས་མཁན་པོ་དང་མར་བཅོམ་ཐག་པས་ལས་སློབ་མཛད་སྟེ་བསྙེན་པར་རྫོགས། སྟག་ལུང་དུ་བཞུགས་ཀྱང་ད་དུང་མི་ནོན་པས་འཕོས་ཟེར་བ་བྱུང་སྟེ་སེ་བ་ལུང་དུ་ལོ་བདུན་བཞུགས། སླར་དགུང་ལོ་སོ་དགུ་པ་ལྕགས་བྱི་ལ་ཕོད་མདོ་བ་དང་དར་པྲས་རོང་གསུམ་གྱིས་གདན་དྲངས་སྟེ་སྟག་ལུང་དུ་བྱོན། བླ་བྲང་ནག་པོར་ཕྱགས་ཕབ། བྱ་རོག་གིས་རྩྭ་ཤིང་དང་བོང་བ་སོགས་ཡང་དགོན་དུ་བསྐྱལ་བས་དེར་སྤོས། སྤྱིར་རྒྱུན་དུ་བཞེས་པ་དང་ཆབ་ཚའི་དུས་མ་གཏོགས་གསུང་བཅད་མཛད། ཟླ་སྨད་ལ་མཚམས་མཛད། རབ་ཏུ་བྱུང་ཕྱིན་ཁྱིམ་པའི་ཁང་པར་(ན༥༢བ)


PTT001_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱོན། ཤ་ཆང་ཞལ་དུ་མ་བཞེས། ཤ་ཆང་གི་མགྲོན་མི་བྱེད། གླིང་གསེབ་ཏུ་བུད་མེད་མི་འཇོག་པ་སོགས་ཀྱི་སྲོལ་མཛད། སྟག་ལུང་དུ་སུམ་སྟོང་གི་དགེ་འདུན་ཚོགས། ཕག་མོ་གྲུར་འབུལ་ཆེན་ཡང་ཡང་མཛད། ཕག་གྲུའི་གསུང་རབ་རྣམས་སྒམ་པོར་ཐེགས་པ་གསན་པས་ཐུགས་མ་བདེ་བ་ལྟར་མཛད་ཅིང་དགུང་ལོ་རེ་དགུ་རྟ་ལོ་ལ་སྐུ་འདའ་བར་བསྟན། དེ་མ་ཐག་སངས་རྒྱས་སྒོམ་པ་ཡང་གཤེགས། སྐུ་ཡལ་བ་རིན་ཆེན་མགོན་ནི་སྐུའི་དབོན་པོར་འཁྲུངས། རྗེ་སྐུ་ཡལ་བ་དེ་ཉིད་བྱོན་པ་ཡིན་གསུངས་པས་སྐུ་ཡལ་བར་གྲགས། འཁྲུངས་འཕྲལ་ཡབ་ལ་ཤུལ་ན་བུ་ཅིག་སྐྱེས་འདུག་པ་ང་ལ་ཕུལ་གསུངས་ཤིང་ཕྱིས་རབ་ཏུ་བྱུང་ལ་མིང་རིན་ཆེན་མགོན་ཏུ་ཐོགས་ཤིག་གསུངས། གླིང་དུ་སྒྲུབ་པ་ལོ་བདུན་མཛད། བཅུ་དགུ་ལ་བསྙེན་རྫོགས་མཛད། ཉི་ཤུ་ལ་སྟག་ལུང་ཐང་པ་གཤེགས་ཀར་གདན་སར་བསྐོས། དངུལ་གདུང་ཆེན་མོ་དང་སྟག་ལུང་ཐང་པའི་དངུལ་སྐུ་ཆེན་མོ། སྐུ་འབུམ་ཆེན་མོ་ལྷ་ཁང་ཀ་བ་བརྒྱད་བཅུའི་ས་རྣམས་མཛད། ལུགས་གཉི་གའི་དར་རྒྱས་ཆེ་ཞིང་གཟིམས་ཁྱིའང་སྟག་ལུང་ལྡོག་ཚ་ཟེར་བ་འདི་ནས་བྱུང༌། འདིའི་དབོན་པོ་སངས་རྒྱས་ཡར་བྱོན་ནི་དབོན་ཆེན་མགོན་རྒྱལ་གྱི་སྲས་སུ་སྟག་ལུང་ཐང་པའི་རེ་གཉིས་པ། སྐུ་ཡལ་པའི་བཅུ་གསུམ་པ་ཆུ་ཕག་ལ་འཁྲུངས། མཚན་ཤེས་རབ་བླ་མ། བཅུ་དགུ་ལ་དབུས་སུ་བྱོན་ཞིང་བསྙེན་རྫོགས་མཛད། སྐུ་ཡལ་བ་ལས་གདམས་ངག་རྫོགས་སྟེ་ལོ་བཅོ་ལྔར་སྒྲུབ་པ་མཛད། བདུན་བཅུ་ལ་བདེ་བར་གཤེགས། ཁུ་དབོན་དེ་གཉིས་ཀྱི་སློབ་མ་ཀོང་དོ་བ་དར་ཤེས་མགོན་པོའི་གྲུབ་པ་ཐོབ། ཀོང་དགོན་བཏབ་སྟེ་དར་རྒྱས་ཆེར་བྱུང༌། སངས་རྒྱས་དབོན་གྲགས་པ་དཔལ་རྗེ་སྒམ་པོ་པའི་སྐུའི་སྐྱེ་བར་གྲགས་པ་གྲུབ་རྟགས་མང་དུ་བསྟན་པ་དེ་ལ་གདན་ས་གཏད་སྟེ་དཔེ་ཆ་རྟེན་གསུམ་བྱིན་རླབས་ཅན་འདི་རྣམས་དང་མ་བྲལ་བར་གྱིས་ཅིག་གསུང༌། ས་སྐྱ་པའི་འགྲོ་མགོན་འཕགས་པ་རིན་པོ་ཆེ་ལ་དབོན་པོ་མཾ་ག་ལ་གུ་རུ་ཕུལ་སྟེ་སྟག་ལུང་གི་བདག་(ན༥༣ན)


PTT001_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་ཞུས། དབོན་རྣམ་པ་གཉིས་ཐུགས་མ་མཐུན་པར་སྣང་བའི་ཚེ་ས་སྐྱ་བས་མཾ་ག་ལ་གུ་རུའི་བདག་རྐྱེན་མཛད་པས་སངས་རྒྱས་དབོན་གྱིས་གདན་ས་ལོ་གཅིག་མཛད་སྟེ་རྗེ་བཙུན་མི་ལའི་ཕྱག་མཁར་དང་ཞལ་སྐྱོགས་ཀྱིས་གཙོས་པའི་རྟེན་གསུམ་ཕྱག་དཔེ་ཐམས་ཅད་བསྣམས་སྟེ་ཁམས་སུ་བྱོན། སྟག་ལུང་ཐང་པ་ཉིད་ཀྱིས་འདེབས་པར་དགོངས་ཤིང་ཕྱིས་གདན་འདྲེན་བྱུང་དུས་འབྲི་ཆུ་ལ་ཕྱགས་བསྐུར་བ་སོགས་རྟེན་འབྲེལ་མཛད་པ་བཞིན་རི་བོ་ཆེའི་སྡེ་ཆེན་པོ་མ་ལས་བུ་དགའ་བར་གྲགས་པ་དེ་ཆགས་སྟེ་དེང་སང་དུའང་དར་ཞིང་རྒྱས་སོ། །མཾ་ག་ལ་གུ་རུ་ཆོས་ཡགས་ཀྱི་སྲས་སུ་སངས་རྒྱས་ཡར་བྱོན་གྱི་ཉེར་དགུ་པ་ལྕགས་མོ་ཡོས་ལ་འཁྲུངས། ཁམས་སུ་རབ་བྱུང་མཛད། ཉེར་ལྔ་ལ་དབུས་སུ་ཕེབས། སངས་རྒྱས་ཡར་བྱོན་ལས་གདམས་པ་གསན་སྟེ་སྒྲུབ་པ་ལོ་བཅུ་དྲུག་མཛད། རོ་གཅིག་གི་རྟོགས་པ་ཕུལ། ཞེ་གསུམ་པ་ཆུ་བྱ་ལ་གདན་སར་ཕེབས། ལྷ་ཆེན་སྟོང་གསུམ་ཟིལ་གནོན་བཞེངས། རེ་བདུན་མེ་བྱ་ལ་ཐེགས། དེ་ནས་རིམ་བཞིན་དཔལ་བཟང་པོ་ལོ་བཅུ་གསུམ། རཏྣ་གུ་རུ་སོ་གཅིག །རཏྣཱ་ཀཱ་ར་ཉི་ཤུ་རྩ་གཉིས་འདི་ནས་ཆོ་ག་རྣམས་དར་བས་དཔལ་ལྡན་བླ་མའི་རྗེས་སུ་འབྲེང་པ་རྣམས་གོས་བཟང་བས་སྨུག་ཁྱུ་བ་དང༌། ཞ་ལུ་བའི་རྗེས་འབྲེང་རྣམས་དར་ཟབ་གོན་པ་མང་བས་ཁྲ་ཁྱུ་བར་གྲགས། ན་མཁའ་དཔལ་བཟང་ལོ་བཅོ་ལྔ་འདི་ཡན་ཡར་བྱོན་ཡིན་ལ་འདི་ནས་དབོན་རྒྱུད་བོད་དུ་འཁྲུངས་པ་ཡིན་ནོ། །བཀྲ་ཤིས་དཔལ་བརྩེགས་ལོ་བཅོ་ལྔ་འདི་སྟག་ལུང་ཐང་པ་དངོས་སུ་བྱོན་པར་གྲགས་འཕྲིན་ལས་ཤིན་དུ་ཆེ། བྱང་ཆུབ་རྒྱ་མཚོ་ལོ་བདུན་འདི་ཞྭ་དམར་པ་ཆོས་དཔལ་ཡེ་ཤེས་དང་ཐུགས་རྒྱུད་གཅིག་པར་གྲགས། བཀྲ་ཤིས་དཔལ་ལོ་སོ་གཅིག་དེ་ནས་མཁས་གྲུབ་ངག་དབང་གྲགས་པ་བྱོན་སྟེ་བསྟན་པ་མཐའ་དག་གི་བདག་པོ་ལྟ་བུ་མཛད། དེ་ནས་བཀྲ་ཤིས་དཔལ་བ། རྣམ་རྒྱལ་གྲགས་པའི་བར་དུ་བསྟན་པ་ཡོངས་རྫོགས་ཀྱི་དགེ་བའི་བཤེས་གཉེན་ཚད་ལྡན་འབའ་ཞིག་བྱོན་ལ། གླིང་ཆགས་(ན༥༣བ)


PTT001_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ད་ལྟའི་བར་ཕ་རོལ་གྱི་དམག་གི་གནོད་པ། སེར་དམག་སྐུལ་བ། གླིང་གསེབ་ཏུ་བུད་མེད་འོང་མ་མྱོང་བ་འདི་ལྟ་བུ་བསམ་གྱིས་མི་ཁྱབ་ལ། མེ་མོ་ལུག་གི་ལོ་སོས་ཀ་གུང་ཐང་མེས་གཤེགས་པའི་དགུན་བཅུ་གཉིས་པའི་བཅོ་ལྔ་ལ་ལྷ་ཁང་ཆེན་མོ་ལྷ་ཆེན་བཅུ་གསུམ་སོགས་མེ་ལྷས་བཞེས་ཅིང་སླར་ཆོས་ཀྱི་རྗེ་སྐུ་མཆེད་རྣམས་ཀྱིས་ཉམས་པ་གསོ་བར་མཛད་ལ་གླིང་གི་དར་རྒྱས་ནི་གོང་འཕེལ་དུ་བཞུགས་པ་འདི་ཡིན་ནོ། །ཕག་གྲུ་བཀའ་རྒྱུད་ལས་སྟག་ལུང་བཀའ་རྒྱུད་ཀྱི་ས་བོན་ཙམ་སྟེ་རྒྱས་པར་ལྷོ་རོང་ཆོས་བྱུང་ལས་ཤེས་པར་བྱའོ། །ཟ་ར་བ་བསྐལ་ལྡན་ཡེ་ཤེས་སེང་གེ་ནི་མོན་འགར་དུ་འཁྲུངས། ཆུང་དུས་ར་ལུག་འཚོ་བ་ན་ཕག་མོ་གྲུ་མཐོང་བ་ཙམ་གྱིས་རང་བྱུང་གི་སྒོམ་སྐྱེས་ཆོས་རྗེས་ངོ་སྤྲོད་བཏབ་པ་ཙམ་གྱིས་རྟོགས་པ་ཕུ་ཐག་ཆོད་སྟེ་གྲ་རབས་སུ་ཟ་ར་དགོན་པ་བཏབ་ནས་བཞུགས། དེའི་སློབ་མ་གཡམ་བཟང་ཆོས་རྗེ་ནི་གཙང་ཞལ་གྱི་དམར་མོར་ས་གླང་ལ་འཁྲུངས། ཏིང་ངེ་འཛིན་རང་བྱུང་དུ་སྐྱེས། བྱ་ཞིང་དང་མཆད་ཀར་དུ་བཀའ་གདམས་པ་མཛད། རྒྱ་དུར་དུ་ཀླུབས་དཀར་ལས་བསྙེན་པར་རྫོགས་སྟེ་འདུལ་བ་མཁས་པར་སྦྱངས་པས་སྣུབས་འདུལ་བ་འཛིན་བར་གྲགས། ཟ་ར་བ་ཆེན་པོ་དང་མཇལ་བ་ཙམ་གྱིས་རྟོགས་པ་ཁྱད་པར་ཅན་སྐྱེས། གདམས་ངག་ཐམས་ཅད་གནང་སྟེ་ཁོ་བོ་རབས་མི་ཆད་པར་འདུག་གསུངས། ར་མོ་མཐའ་ལུང་ལ་སོགས་པར་སྒྲུབ་པ་རིང་དུ་མཛད། ཤམྦུས་སྲོག་སྙིང་ཕུལ། སོ་བརྒྱད་པ་མེ་སྟག་ལ་གཡམ་བཟང་བཏབ། ལྷ་མོ་ཙནྜི་ཀས་བཀའ་སྲུང་དུ་ཁས་བླངས་སྟེ་གཡམ་བཟང་ལྷ་མོ་ཞེས་ཤིན་དུ་གཉན་པར་གྲགས། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྔོན་གནས་གསལ་བར་དྲན། ཚོགས་པ་ཆེར་བསྐྱངས་ཤིང་བཀའ་རྒྱུད་རིན་པོ་ཆེའི་ཁྲི་སྲོལ་མ་ཉམས་པར་མཛད། སྨྱལ་ལྷོ་བྲག་པར་ལུང་སོགས་མཐའ་དག་དུ་ལམ་རྒྱ་དང་གཞན་དོན་རྒྱ་ཆེར་མཛད། རེ་ལྔ་པ་སྦྲུལ་ལོ་ལ་ཐེགས། སློབ་མ་སྤྱན་སྔའི་སྒོམ་བཞི་སྐད་པ་སྨྱལ་དཔལ་(ན༥༤ན)


PTT001_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

རི་པ་སངས་རྒྱས་བྱ་སྒོམ། གོར་གདོང་པ་སངས་རྒྱས་ལྷ་སྒོམ། གསེར་ལྔ་པ་སངས་རྒྱས་ལེ་སྒོམ། གོར་གདོང་པ་སངས་རྒྱས་ལྷ་སྒོམ། གསེར་ལྔ་པ་སངས་རྒྱས་ལེ་སྒོམ། དབོན་སར་བ་སངས་རྒྱས་རྒྱ་སྒོམ་རྣམས་སོ། །ཉེ་གནས་རིན་ཆེན་ཇོ་སྲས་ཀྱིས་གདན་ས་ལོ་དགུ། རྟོགས་ལྡན་རྒྱལ་པོ་དགེ་མཛེས་འོད་ཀྱི་ལོ་སོ་བརྒྱད་མཛད་སྟེ་གཙུག་ལག་ཁང་ཆེན་མོ་བཏབ། མཁར་ཆུ་བ་ཆོས་བསམ་འོད་ཀྱིས་ལོ་བཅོ་བརྒྱད། ཟ་ར་བ་བདེ་ལེགས་འོད་ཀྱིས་ཉི་ཤུ་རྩ་བཞི། གདུང་རྒྱུད་པ་བཀྲ་ཤིས་འོད་ཀྱིས་ཉེར་བརྒྱད། དེས་ལྷ་གྲགས་འོད་པ་བསྐོས་སྟེ་དེ་ཕྱིན་ལྷས་བཟུང་ངོ༌། །ཕག་གྲུ་བཀའ་རྒྱུད་ལས་གཡའ་བཟང་བཀའ་རྒྱུད་ཀྱི་སྐབས་སོ། །དབྱེར་སྒོམ་ཆེན་པོ་ནི་ཡར་ལུང་དུ་འཁྲུངས། མལ་ཀ་བ་ཅན་པ་དང་རྣལ་འབྱོར་ཆོས་གཡུང་ལས་ཆོས་རྫོགས། ཕྱིས་འགྲོ་མགོན་རིན་པོ་ཆེ་ལས་རྟོགས་པ་བརྙེས་གྲུབ་ཐོབ་ཆེན་པོར་གྱུར་སྟེ་སྙེ་ཕུ་ཤུགས་གསེབ་བཏབ་སྟེ་འཕྲིན་ལས་ཆེའོ། །ཁམས་སུ་འགྲོ་མགོན་དམར་ཡེལ་གཉིས་སུ་གྲགས་པའི་དམར་བ་ལ་གཙང་དུ་བྱོན་ན་འཕྲིན་ལས་ཉིད་དང་མཉམ་པར་ལུང་བསྟན་ནའང་ཁམས་སུ་བྱོན་ཤོ་དགོན་བཏབ་པས་ཚོགས་པ་ཉིས་སྟོང་ཙམ་འདུས། གདན་སའང་ཤ་ཡང་དགོན་པ། རྨོག་སྤྱན་སྔ་བ། རྣལ་རིན་ཆེན་གླིང་བ། དེའི་སློབ་མ་འགའ་ལི་ཆོས་འོད་ཀྱིས་རི་རྒྱ་དགོན་དང་རྒྱལ་དགོན་སོགས་བཏབ། དབང་འོད་ཟེར་བླ་མས་ཐུགས་རྗེ་ཆེན་པོ་གྲུབ་སྟེ་རིལ་བུས་འགྲོ་དོན་ཆེར་མཛད་ཏོ། །འགྲོ་མགོན་ཡེལ་ཕུག་པས་ནི་ཤར་རྡོ་རྫོང་ལྷོ་ཡེལ་ཕུག་བྱང་རྟ་རྣ་སོགས་བཏབ་སྟེ་འཕྲིན་ལས་ཆེའོ། །ཕག་གྲུ་བཀའ་རྒྱུད་ལས་ཤུག་གསེབ་པ་དང་དམར་ཡེལ་གྱི་སྐབས་སོ། །རྒྱལ་ཚ་རིན་ཆེན་མགོན་ནི་གཙང་སྟོད་ཤབ་ཀྱི་སྨད་དུ་སྣུབས་ཀྱི་སྔགས་འཆང་ནུས་པ་ཅན་འབའ་ཞིག་གི་རྒྱུད་པར་འཁྲུངས། བླ་མ་བརྒྱད་བཅུ་རྩ་གཉིས་བསྟེན། བླ་མ་བཅུ་གསུམ་གྱི་གདམས་ངག་གི་བཀའ་བབ། ཕག་མོ་གྲུ་པ་རྩ་བའི་བླ་མར་འཛིན། ཡུལ་དུ་འདུག་པས་སྐྱེ་ཤིས་འཇིགས་པ་རྣམས་ལ་ཆོས་སྦྱིན་ཞིག་གསུང་བ་ལྟར་མཛད། ཁྲོ་ཕུ་བཏབ། དོན་གཉིས་ཤིང་ཡོས་ལ་(ན༥༤བ)


PTT001_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

ཐེགས། ཉེར་ལྔ་བཞེས་པའི་ས་འབྲུག་ལ་དབོན་པོ་ཀུན་ལྡན་རས་པ་གཅེན་པོའི་སྲས་སུ་འཁྲུངས། ཕག་མོ་གྲུར་ཁུ་བོའི་རྒྱགས་སྐྱེལ་དུ་བྱོན་པས་མི་ལའི་རྣམ་ཐར་གསུང་བ་དང་འགྲིག་པས་དེ་ཙམ་ཞིག་མི་བྱེད་རི་ཞེས་ཆོས་ར་དེ་ཀར་མགོ་ཅོག་དང་ཞེ་མནའ་ལན་གསུམ་བྱས། རྟོགས་པའི་མཐར་ཕྱིན་ཞིང་གྲུབ་པ་ཐོབ་སྟེ་ཕྱིས་མུ་གེའི་དུས་ཅིག་ངས་ནས་ཀྱི་ཆར་འབེབས་སམ། ཆོས་རྒྱུད་འབྲི་གདན་ལྟ་བུ་ཞིག་བྱའམ། ལུས་འདིས་མཁའ་སྤྱོད་དུ་འགྲོ་འདོམས་ཤིག་གསུངས་པས་ནས་ཀྱི་ཆར་འབེབས་པར་ཞུས་པས་དབུ་རྩེའི་སྒོ་ལ་མཁའ་འགྲོ་མ་རྣམས་ནས་སླང་ཞེས་ཕྱག་མཁར་ཏུག་ཏུག་མཛད་པས་སྒོ་བར་ནས་ནས་ཟད་མི་ཤེས་པ་ཞག་ལྔའི་བར་ཡུལ་མི་ཀུན་གྱིས་ལེན་ཚད་བྱུང་སྟེ་ནས་གཞན་ལས་ཉིས་འགྱུར་གྱིས་ཆེ་བ་ཞིག་བྱུང༌། འདི་འདེམ་ཁ་ནོར་བ་ཡིན་སྐད། ལོ་བདུན་བཅུར་གཞན་དོན་མཛད། དེབ་སྔོན་ན་རྒྱལ་ཚ་དང་ཀུན་ལྡན་སྐུ་མཆེད་དུ་བྲིས་པ་ནི་མི་དག་སྟེ། ཁུ་བོ་ཤཱཀྱ་ཐུབ་པ་ལ། །དབོན་པོ་རིགས་གསུམ་མགོན་པོ་ཡོད། །ཅེས་ཁུ་དབོན་དུ་བཤད་ཏོ། །ཁྲོ་ཕུ་ལོ་ཙཱ་བ་ནི་ཀུན་ལྡན་གྱི་གཅུང་པོ་ཇོ་འཕན་དང་ཡུམ་གསལ་བྱེད་ཀྱི་སྲས་ཡིན། ཡབ་དེ་མཐུ་ཤིན་དུ་ཆེ་ཡི་དམ་གྱི་ཞལ་གཟིགས་ཀྱང་མཐུ་མང་པོ་མཛད་པས་སྐྱེ་བ་བདུན་ནས་དཔོན་སློབ་བཅུ་གཅིག་དམྱལ་བར་སྐྱེ་བར་མཁྱེན་སྟེ་གཅེན་པོ་ལ་ཆོས་གསན་ནས་ཐུགས་དམ་རྩེ་གཅིག་དུ་མཛད་པས་གདེང་ཚད་ཁྱད་པར་ཅན་རྙེད་ཏོ། །ཀུན་ལྡན་གྱི་ཉེར་ལྔ་པ་ས་འབྲུག་ལ་འཁྲུངས། རིན་པོ་ཆེ་རྒྱལ་ཚས་མཁན་པོ་མཛད་སྟེ་ལོ་བཅུ་ལ་དགེ་ཚུལ་དང་ཉི་ཤུ་ལ་བསྙེན་རྫོགས་མཛད། མཚན་ཚུལ་ཁྲིམས་ཤེས་རབ་ཡིན། གཙང་ནག་གཙང་དཀར་ལ་ཚད་འདུལ་དང་ཞང་དགེ་བ་ལ་ལོ་ཙཱ་སོགས་གཞུང་ལུགས་མཐའ་དག་སྦྱངས། དགུང་ལོ་བཅུ་གཉིས་པ་ལ་ས་སྐྱར་རྩེ་མོ་གཤེགས་བའི་ཆོས་འཁོར་བྱུང་བ་སོགས་ཆོས་འཁོར་དུ་མ་ལ་བྱོན། འཆད་རྩོད་གཉི་ག་ལ་ཀུན་ངོ་མཚར་དུ་གྱུར། སྣུར་པའི་ལུགས་(ན༥༥ན)


PTT001_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་མཐའ་དག་སྦྱངས། རྒྱལ་ཚ་དང་ཀུན་ལྡན་གྱི་གདམས་ངག་ཐམས་ཅད་རྫོགས་རྟོགས་པ་ཁྱད་པར་ཅན་འཁྲུངས་ཤིང་ཕྱིས་རྗེ་སྒམ་པོ་བའི་སློབ་མ་གྲུབ་ཐོབ་སློང་རྩེ་པས་བོགས་བཏོན་པས་སྒྲོ་འདོགས་ཆོད་སྟེ་ཕྱིས་པཎ་གྲུབ་གསུམ་དང་མཇལ་ཡང་རྟོགས་པ་ལ་སྐྱེད་འདོན་མ་དགོས། རིན་པོ་ཆེ་རྒྱལ་ཚས་ཁྱོད་རག་དུང་བཞིན་དུ་ཇེ་སྦོམ་ལ་འགྲོ་གསུངས། ལོ་ཉེར་བཞི་ལ་རྒྱལ་ཚ་གཤེགས་ནས་བལ་པོར་བྱོན། སྦྱངས་པ་རྒྱ་ཆེར་མཛད། རྣམ་སྲས་ཀྱིས་འཕྲིན་ལས་ཐམས་ཅད་བསྒྲུབས། པཎ་གྲུབ་གསུམ་སྤྱན་དྲངས། ཁྲོ་ཕུའི་བྱམས་ཆེན་ཁྲུ་བརྒྱད་བཅུ་པ་ཕོ་བྲང་དང་བཅས་པ་བཞེངས། བཤད་སྒྲུབ་མཐའ་དག་དར་རྒྱས་སུ་མཛད། བཤད་གྲ་ལ་མཁས་པ་གཟང་རིང་བསྐོས་ཤིང་ཕྱིས་མཆོད་རྟེན་ཆེན་མོ་ཡང་མཛད། བླ་ཆེན་བསོད་དབང་དང་ཁྲོ་ཕུ་སེམས་དཔའ་ཆེན་པོས་གདན་ས་རིམ་པར་མཛད་ཅིང་ཡང་རྩེ་བ་རིན་ཆེན་སེང་གེ་དང་བུ་སྟོན་ཐམས་ཅད་མཁྱེན་པ་ལ་སོགས་ཁྲོ་ཕུའི་བཀའ་རྒྱུད་བཟང་ལ་མང་བ་བྱུང་ངོ༌། །ཁྲོ་ཕུའི་བཀའ་རྒྱུད་ཀྱི་སྐབས་སོ། །ཕག་གྲུ་བཀའ་རྒྱུད་ལས་གླིང་གི་བཀའ་རྒྱུད་ལས་གཞན་བཤད་པའི་སྐབས་སོ། །གྲུབ་ཐོབ་གླིང་རས་པ་ནི་ཡུལ་ཉང་སྟོད་བཞེངས་ཀྱི་གླང་པོ་སྣར་གདུང་གླིང་སྨད་པ། ཡབ་སྨན་དང་སྔགས་མཁྱེན་པ་རྒྱལ་པོ་སྒྲུབ་བེ་ཡུམ་གཏུམ་མོ་དར་སྐྱིད་ཀྱི་སྲས་སུ་ས་སྤྲེ་ལ་འཁྲུངས། སྨན་དང་སྔགས་ལ་སྦྱངས། འོ་མ་ཐང་བ་ལས་རབ་ཏུ་བྱུང༌། ཞང་དང་ར་ལོ་སོགས་བསྟེན། ཇོ་མོ་སྨན་མོ་དང་བསྡོངས་རྣལ་འབྱོར་བའི་ཆ་བྱད་མཛད། སྔོན་བྱང་ཆུབ་སེམས་དཔའ་གཉིས་ཀྱིས་བུད་མེད་ལ་ཆོས་བསྟན་པ་ལ་དགེ་སློང་དྲུག་བཅུས་འཁྲིག་པའི་སྐུར་བ་བཏབ་པས་དེ་གཉིས་ལ་ཀུན་མ་མོས། དེས་དྲུག་བཅུ་པོ་ངན་སོང་དང་མི་ཁོམ་པ་མཐའ་ཡས་མྱོང་ནས་མཐར་སྟོན་པའི་དྲུང་དུ་བྱང་ཆུབ་སེམས་དཔའ་དྲུག་ཅུར་གྱུར་ནས་གཤེགས་ཤིང་ཕྱིས་སྡོམ་པར་ཁས་བླངས་པའི་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་འོད་དུ་གྱུར་པའི་སྐྱེ་བ་དཀོན་བརྩེགས་གཟིགས་པས་མཁྱེན། སྨན་མོ་དང་(ན༥༥བ)


PTT001_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་བའང་དེའི་ལས་ཀྱི་ལྷག་མ་ཡིན། རྒྱལ་བ་ཁྱུང་ཚང་བ་ལ་གདམས་པ་ཞུས། ཁྱུང་ཚང་པ་རས་ཆུང་པ་དངོས་དང་མཇལ་བའི་ལོ་རྒྱུས་མང་པོ་གསུང་བ་ལ་མ་དད་པས་ཕྱིས་ཀྱང་དྲོད་ཆུང་བར་བྱུང་ལོ་རོར་བྱོན་ཏེ་ལོ་ལ་དབང་ཞུས། སུམ་པ་ལ་གདམས་པ་ཐམས་ཅད་རྫོགས་པར་ཞུས། མནལ་ལམ་དུ་མི་དཀར་པོ་ཅིག་གིས་ད་དེ་ལོ་ཕྱེད་དང་ལྔ་ན་དོན་འགྲུབ་ཅེས་པ་བྱུང༌། སོ་བརྒྱད་པ་ཤིང་བྱའི་དགུན་ཕག་མོ་གྲུར་བྱོན་དད་པ་དབང་མེད་དུ་སྐྱེས། བྱ་རི་དྭགས་འདི་རྣམས་ཀྱང་བླ་མའི་སྤྲུལ་པ་ཡིན་སྙམ་པ་བྱུང༌། རྗེ་འགྲོ་མགོན་དེ་རྣལ་འབྱོར་པ་དང་ཁྱིམ་ཐབ་ཅན་ལ་མི་མཉེས་ཀྱང་ཉིད་ལ་ཤིན་དུ་ཐུགས་ལ་འདོགས་པར་བྱུང༌། ལོ་བདུན་ཟླ་བ་བདུན་གྱི་མཚམས་ཀྱི་དམ་བཅའ་བྱས་ནས་བསྒོམས་པས་ཞག་གསུམ་ན་རྟོགས་པ་ཟང་ཐལ་དུ་ཤར་སྟེ་ཚོགས་སུ་བྱོན་སྟེ། རྗེ་ཡི་ཞལ་ནས་གཉུག་མའི་དོན། །སྒོམས་ཅིག་གསུངས་ནས་བསྒོམས་ལགས་པས། །སྒོམ་བྱ་དང་སྒོམ་བྱེད་སྟོར་ནས་ཐལ། །སྒོམ་ཐུན་མཚམས་སུ་བཟུང་རྒྱུ་ཡང་མི་གདའོ། །སོགས་ཀྱི་རྟོགས་པ་ཕུལ་བས་མཉེས་ཤིང་ཆུ་བོ་གངྒཱ་ཚུན་ལ་རྟོགས་པ་མཐོ་བར་གྲགས། འགྲོ་མགོན་གྱིས་རྟེན་འབྲེལ་མཛད་སྟེ་ཇོ་མོ་ཕྱིར་བསློག་ཁམས་སུ་བྱོན་སྟེ་ཟང་ཟིང་ཅི་ཡང་མ་བསྣམས་པར་བྱོན། ལོ་རོའི་བླ་མ་རྣམས་མཇལ་ནས་ཕག་མོ་གྲུར་བྱོན་པས་གདུང་ཡང་སྦྱངས་ཟིན་འདུག་ནས། གྲོང་ཁྱེར་རྩྭ་མཆོག་ལྟ་བུ་ཡི། །དཔལ་ཕག་མོ་གྲུ་ཡི་ནགས་ཁྲོད་དུ། །སོགས་ཀྱི་གདུང་དབྱངས་མཛད། སྦྲགས་ཡང་རྫོང་སོགས་དབུས་གཙང་གི་ས་མང་པོར་བཞུགས། སྣ་ཕུར་གཙད་པོས་གདན་དྲངས་སྟེ་དགོན་པ་བཟུང༌། བསམ་ཡས་སུ་བུད་མེད་ཅིག་གིས་པོ་ཏི་ཅིག་བྱིན་པ་མིད་པར་ཕྱིན་ཆོས་ཐམས་ཅད་མི་མཁྱེན་པར་མ་བྱུང༌། རྒྱུད་ཀྱི་འགྲེལ་པ་བྱེད་པར་མཁའ་འགྲོ་མས་བཀའ་གནང་ནས་ཅུང་ཞིག་མཛད་པས་མ་ཉན་བར་བཤད་ཟེར་ནས་སྐུར་པ་འདེབས་པ་བྱུང་བས་(ན༥༦ན)


PTT001_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་གསོལ་མགུར་དུ་བཞེངས་ནས་འཕྲོ་བཅད། དཔལ་ཧེ་རུ་ཀ་དངོས་སུ་བཞུགས་པས་འགྲོ་བའི་དོན་མཛད་སྟེ། ང་མེད་མ་སེམས་རང་གི་སེམས་ལ་ལྟོས། །སེམས་ཀྱི་དེ་ཉིད་མཐོང་ན་ང་དང་མཇལ། །ཞེས་སོགས་ཀྱི་ཞལ་ཆེམས་དཔེ་གསེབ་ཏུ་བཅུག་སྟེ་རེ་གཅིག་ལ་ཆོས་གསུང་འཕྲོ་ལ་དམ་སེལ་ཅན་གཉིས་བྱུང་བས་གཤེགས་པར་བསྟན། གདུང་བཞུ་ཚེ་དུ་བ་གཏན་མེད་ཅིང་དྲི་བཟང་ཁྱད་པར་ཅན་དང་མེ་ལྕེ་ལ་རི་མོ་སྣ་ཚོགས་པ་བྱུང་ངོ༌། །དེའི་སློབ་མ་ཀུན་གོ་གཅིག་གིས་ཆོད་པ་གཙང་པ་རྒྱ་རས་ནི་ཧ་བོ་གང་བཟང་དང་ཉེ་བའི་ཉང་སྟོད་ཁུ་ལེའི་སར་འཁྲུངས། ཡབ་རྒྱ་ཟུར་སོ་ཚབ་བེ་ཡུམ་མར་བཟའ་དར་སྐྱིད། སྲས་བདུན་གྱི་ཐ་ཆུང་ཡིན། ཡུམ་གྱིས་གཅེས་པར་བྱས་ནས་བོན་པོ་ལ་བཅོལ་སྟེ་གཡུང་དྲུང་དཔལ་དུ་བཏགས། དགུང་ལོ་བཅུ་གཉིས་ལ་སློབ་དཔོན་རྟ་ཐང་པ་ལ་དབུ་སྐྲ་བཅད། ཤེས་རབ་བདུད་རྩི་འཁོར་ལོ་ཞེས་བཏགས། ཉེར་གཉིས་ཡན་ལ་སློབ་དཔོན་བརྒྱད་ཙམ་ལ་མངོན་པ་ཚད་མ་ཡོ་ག་བཀའ་གདམས་རྫོགས་ཆེན་སོགས་ཆོས་མང་དུ་སྦྱངས། ཆེ་སར་བཏོན་ཞིང་ཆོས་མཁས་པར་གྲགས། གྲུབ་ཐོབ་གླིང་ར་ལུང་ན་བཞུགས་པ་དང་མཇལ་སྟེ་ཆོས་མ་ཞུས་ཀྱང་བྱིན་རླབས་དེ་དུས་ཞུགས། དེ་ནས་སྣ་ཕུར་བྱོན་གདམས་ངག་ཞུས་ནས་བསྒོམས་པས་ཞག་བདུན་ན་རས་ཐུབ་པ་བྱུང༌། ཕྱག་ཆེན་གྱི་སེམས་གནས་དཀའ་བར་བྱུང་ཡང་བརྩོན་འགྲུས་སྐྱེད་པས་ཉིན་མཚན་ཁོར་ཡུག་གི་གནས་པ་བཟང་པོ་བྱུང༌། བླ་མ་ལ་ཞུས་པས་དེ་ཡང་ཡིན་སྟེ་རྟོགས་པ་ཅིག་ཡོད་ཀྱི་གསུངས། ཇི་ཞིག་ན་ཉམས་ཐམས་ཅད་དག་ནས་རྟོགས་པ་ལྷག་གིས་ཤར་བས་བླ་མ་ལ་མོས་གུས་བཟོད་མེད་དུ་སྐྱེས། བློ་སྣ་ཐུང་སྦུང་ཙེར་སོང༌། འཐོར་པ་སྙུང་ཚབས་ཆེ་བ་ཞིག་བྱུང་བ་གྲུབ་ཐོབ་ཆེན་པོས་ང་རང་གིས་ནད་གཡོག་བྱེད་གསུངས་ནས་མཛད། སྣ་ཕུའི་མཆོད་ཁང་བཞེང་པས་གྲ་པ་མཚམས་བྱེད་པ་དང་ཕྱོགས་ལ་འགྲོ་བ་ལ་གསེར་ཞོ་(ན༥༦བ)


PTT001_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

རེའི་ཆད་པ་འབེབས་ཀྱི་འདུག་པས་གསེར་ཞོ་གང་ཕུལ་ནས་མཚམས་བྱེད་པར་ཞུས་པས་ཁྱོད་རང་སླེའུ་ཆུང་དུ་སོང་ལ་གྱིས་གསུངས། དེར་ག་རེ་བླ་མ་མ་མཉེས་པའི་སྒྲུབ་པས་ཅི་བྱེད་བསམས་ནས་བཤགས་པ་བྱས། ད་མཁར་ལས་བྱེད་པར་ཞུ་བྱས་པས་འོ་ཆོས་གོ་བ་བྱ་བ་དེ་ཙུག་འོང་བ་ཡིན་གསུངས་ནས་ཤིན་དུ་མཉེས། ཞར་ལ་ཕྱག་དཔེ་འབྲི་བ་དང༌། གྲོགས་མཆེད་སྙོམས་ཆུང་གི་དཔེ་བྲིས་སོགས་འཁྲོབས་པར་མཛད། ཆོས་སྐད་མཛད་པ་ན་དཔོན་སློབ་སུས་ཀྱང་མ་ཐུབ་པས་ཤེས་རབ་ཅན་དུ་གྲགས། སྒོམ་དུ་འགྲོ་བར་ཞུས་པས་ལོ་གསུམ་ན་མཁར་ཆུར་བཏང་གིས་དེ་བར་འདིར་སྡོད་གསུངས་ནས་སྤྱིར་སྣ་ཕུར་ལོ་ལྔ་བཞུགས་རིང་གདམས་ངག་ཐམས་ཅད་ཚར། རླུང་ཕྱི་ནང་སྲེ་བ་དང་རྩིག་པ་ལ་མ་ཐོགས་པ་སོགས་རྗེ་མི་ལའི་ཡོན་ཏན་ལྟ་བུ་བྱུང༌། རྣལ་འབྱོར་པ་མ་མཛད་པར་གཙང་སྒོམ་མཛོད་ཅེས་མཁའ་འགྲོ་མ་སྐལ་བཟང་གིས་ལུང་བསྟན། ཞར་ཆོས་པའང་མཛད། བདེ་མཆོག་གི་དབང་གནང་བའི་སྟ་གོན་གྱི་ཚེ་རྨི་ལམ་ན་གསེར་བཏུལ་མ་གཞོང་པ་གང་མ་བཏུལ་བ་གང་འདུག་པ་ལ་དགྲ་ལ་ཞེ་འཚེར་བ་བག་ཙམ་འདུག་པ་རྨིས་པས་རྨི་ལྟས་བཟང༌། གཏོར་ཟན་སྐྱོང་དགོས་པར་འདུག་གསུངས། དེ་མ་གྲུབ་པས་སྐུ་ཚེ་ཐུང་བར་བྱུང༌། སྤྱི་ལས་དང་ནད་པའི་གཡོག་ཀུན་ལ་སླེབས་པར་བྱས། དེ་ནས་ནན་གྱིས་མཁར་ཆུར་འགྲོ་བར་ཞུས་ནས་བྱོན་པས་གསེར་སྟེང་དུ་སླེབས་དུས་གྲུབ་ཐོབ་ཆེན་པོ་གཤེགས་པ་གསན་ནས་བྱོན་པས་གདུང་བཞུ་བ་དང་ཐུག་གདུང་དབྱངས་མཛད། དགུང་ལོ་ཉེར་བརྒྱད་ནས་ཉེར་དགུར་འཕོ་བ་ལ་མཁར་ཆུར་བྱོན། གྲང་ལ་འཚོ་བ་དཀོན་པས་འཁོར་རྣམས་ཀྱིས་མ་ཚུགས། ཉིད་ཀྱིས་ལྕགས་ཕུར་ཅན་དུ་འདག་སྦྱར་ལ་ལོ་གསུམ་བཞུགས་པས་སྙིང་རླུང་འདྲེ་དམག་ལ་སོགས་ཕྱི་ནང་གི་ཆོ་འཕྲུལ་ཅི་ཡང་བྱུང་ཡང་འཆི་ནུས་ཐོག་འགེལ་དུ་ཉམས་སུ་བླངས་པས་ཕྱག་རྒྱ་ཆེན་པོའི་རྟོགས་པ་ན་མཁའ་ལྟ་བུ་ཤར། རྟེན་འབྲེལ་ཐམས་ཅད་མེ་ལོང་ལ་གཟུགས་བརྙན་བཞིན་དུ་གསལ། (ན༥༧ན)


PTT001_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

རོ་སྙོམས་ཀྱི་གཏེར་ཡང་རྙེད། མཚུར་ཕུར་རིན་པོ་ཆེ་དབུ་སེ་དང་མཇལ། ཐུགས་ཡིད་འདྲེ་བར་བྱུང་ཞིང་ཐབས་ལམ་གྱི་གནད་དུ་མ་གསན། འབྲི་ཁུང་རིན་པོ་ཆེ་ལ་ཆོས་གསན། ཙཱ་རི་ལ་བྱོན་སྟེ་གཟིགས་སྣང་ཁྱད་པར་ཅན་བྱུང༌། ཀློང་རྡོལ་བཏབ། ཞང་རིན་པོ་ཆེ་དང་མཇལ་བས་སྙིང་རྗེ་ལ་བོགས་ཐོན། ཅིས་ཀྱང་རབ་ཏུ་བྱུང་གསུངས་ནས་དགུང་ལོ་སོ་གསུམ་པ་ལ་མཁན་པོ་གཟད་པས་རབ་བྱུང་དང་ཞང་རིན་པོ་ཆེས་མཁན་པོ་མཛད་སྟེ་བསྙེན་རྫོགས་མཛད། ཕ་ལས་རྒྱའི་ཆོས་ལ་མངའ་བརྙེས་ཀྱང༌། །བུ་གཙང་སྒོམ་བྱེད་པའི་སྒོམ་ཆེན་ཡིན། །ར་ཐུག་ལུག་ཐུག་གི་སྒོམ་ཆེན་མིན། །བོང་རེང་སྐྱ་བོའི་ཆོས་པ་མིན། །ཞེས་དང༌། རྒས་ཀྱང་རབ་བྱུང་བྱས་པ་འདི། །སངས་རྒྱས་བསྟན་པའི་ཆེ་བ་ཡིན། །ཆོས་མགོ་མཇུག་ལོག་པར་མི་དགོངས་འཚལ། །ཞེས་ཀྱང་གསུངས། དགེ་ཡེ་ཆོས་བྱུང་ན་འདི་གླིང་རས་ལ་སྦྱར་བ་ནི་ཤིན་དུ་འཁྲུལ་ལོ། །རྣམ་ཐར་ན་མི་སྣང་ཡང་དེང་སང་ངག་སྒྲོས་ལ། རྗེ་འཇིག་རྟེན་མགོན་པོས་སྒོམ་ཞྭ་སྐྱེལ་ཏུ་བཏང་བ་གསོལ་པས་ཞང་རིན་པོ་ཆེའི་ཞྭ་སྣ་རིང་མི་མཛད་པར་སྒོམ་ཞྭ་གསོལ་བ་བྱུང་ཟེར་རོ། །འབྲུག་དང་ར་ལུང་སོགས་བཟུང་སྟེ་ཚོགས་པ་མང་དུ་འདུས། སྐྱོ་ཤས་ཤིན་དུ་ཆེ། གཞན་མི་དགའ་བ་མི་མཛད་པ་སོགས་གཞན་དོན་དང་འབྲེལ་བའི་རྣམ་ཐར་བཅུ་དང༌། སུ་དང་འགྲོགས་ཀྱང་གོང་དུ་འཁུར་ཞིང་སྣ་ཐག་གཞན་ལ་མི་འཆོར་བ་སོགས་སྐུའི་རྣམ་ཐར་གསུམ། དགོས་མེད་ཀྱི་དྲག་སྔགས་རྣམ་གསུམ་རྟག་དུ་འདྲེན་པས་ཕྱི་ཚིག་གི་རྡོས་ཐག་ཆོད་པ་སོགས་གསུང་གི་རྣམ་ཐར་གསུམ། རྣམ་པར་ཐར་པའི་སྒོ་གསུམ་དང་མི་འབྲལ་བ་སོགས་ཐུགས་ཀྱི་གསུམ། རང་གཞན་སུ་ཡང་བཅས་རང་གི་མི་དགེ་བས་གོས་སུ་མི་འཇུག་པ་སོགས་སྐུ་གསུང་ཐུགས་ཐུན་མོང་གི་རྣམ་ཐར་གསུམ་སྟེ་ཐུན་མོང་མ་ཡིན་པའི་རྣམ་ཐར་བཅུ་གཉིས་མཛད། དགུང་ལོ་ང་གཅིག་པ་ལྕགས་ལུག་ལ་(ན༥༧བ)


PTT001_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

རང་སེམས་ཆོས་སྐུར་རྟོགས་ན་ང་དང་མཇལ། །ཞེས་སོགས་ཀྱི་ཞལ་ཆེམས་མཛད་སྟེ་གཤེགས། ཞེ་དགུ་ལ་གཤེགས་ཟེར་བ་ནི་མ་དག་པ་འཕེལ་བའོ། །སློབ་མའང་དང་པོར་ཆེ་བ་སྦ་རྐྱང་གཉིས། བར་དུ་ཆེ་བ་རྒྱ་འབྲས་གཉིས། མཐའ་མར་ཆེ་བ་ལོ་རྒོད་གཉིས་ཅེས་གྲགས་པའི་སྦ་རི་བས་སྦ་རི་བྱང་ཆུབ་གླིང་གོང་བཏབ་ཅིང་ཆུ་བོ་རི་ལ་ཁ་ཤར་སོགས་མཆེད། རྐྱང་མོ་ཁ་བས་རྐྱང་མོ་ཁ་བཏབ། རྒྱ་ཡགས་པས་གྲར་རྒྱ་ཡགས་བཏབ། འབྲས་མོ་བས་ཉང་སྟོད་འབྲས་མོ་བཏབ་སྟེ་རེ་རེ་ཞིང་འཕྲིན་ལས་ཆེར་བྱུང༌། ཁྱད་པར་རྗེ་ཉིད་ཀྱི་གདུང་གི་དབོན་པོ་ཆོས་ཀྱི་སྲས་དབོན་རས་དར་མ་སེང་གེ་ནི་མེ་བྱ་ལ་འཁྲུངས། སོ་ལྔ་ལ་ཆོས་རྗེ་གཤེགས་ནས་གདན་ས་མཛད་སྟེ་བུ་ཆེན་ཕྱི་ཚར་རྣམས་ཀྱི་བླ་མའང་ཡིན། རེ་གཅིག་ལ་གཤེགས། དེའི་དབོན་པོ་རིམ་བཞིན་གཞོན་ནུ་སེང་གེ་ལྕགས་སྤྲེ་ལ་འཁྲུངས། རེ་བདུན་ལ་ཐེགས། ཉི་མ་སེང་གེ་ལྕགས་ཕག་ལ་འཁྲུངས། སོ་བདུན་ལ་ཐེགས། སྤོས་སྐྱ་བ་སེང་གེ་རིན་ཆེན་ནི་ས་རྟ་ལ་འཁྲུངས། ང་དྲུག་ལ་ཐེགས། སེང་གེ་རྒྱལ་པོ་ས་གླང་ལ་འཁྲུངས། སོ་བདུན་ལ་ཐེགས། འཇམ་དབྱངས་ཀུན་དགའ་སེང་གེ་ཤིང་སྟག་ལ་འཁྲུངས། སོ་བཞི་ལ་ཐེགས། བློ་གྲོས་སེང་གེ་ཤིང་བྱ་ལ་འཁྲུངས། ཞེ་དྲུག་ལ་ཐེགས། ཤེས་རབ་སེང་གེ་ལྕགས་ཕག་ལ་འཁྲུངས། ཉེར་གཉིས་ལ་ཐེགས། འདི་ཡན་ལ་སེང་གེ་དགུ་ཚར་དུ་གྲགས་སོ། །ཡེ་ཤེས་རིན་ཆེན་ཤིང་འབྲུག་ལ་འཁྲུངས། ལྔ་བཅུ་ལ་ཐེགས། རྒྱལ་དབང་ཆོས་རྗེ་ས་སྤྲེ་ལ་འཁྲུངས། འཕྲིན་ལས་ཤིན་དུ་ཆེ་ཞིང་སྒམ་པོའི་གདན་སའང་མཛད་སྟེ་ཞེ་དགུ་ལ་ཐེགས། འདི་ཡན་དུ་གདན་ས་མཛད་པ་རྣམས་གཙང་སྒོམ་མཛད། གདུང་རྒྱུད་པ་ཁྱིམ་པ་མཛད་ཅིང་བུ་ཆེན་འགྲོ་དོན་འཕེར་བ་རེ་རེ་ཞིང་མང་ལ་ཕྱིས་ཀྱང་རྟོགས་ལྡན་ལྷ་བཙུན་པ་དང་བླ་མ་བསམ་གཏན་པ་དང༌། འབྲུག་སྨྱོན་ཀུན་དགའ་ལེགས་པ་སོགས་(ན༥༨ན)


PTT001_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་གྱི་དབང་ཕྱུག་དུ་མ་བྱུང་ངོ༌། །བར་འབྲུག་དུ་གྲགས་པ་ར་ལུང་གི་གདན་ས་བཀའ་རྒྱུད་ཀྱི་སྐབས་སོ། །རྗེ་རྒོད་ཚང་པ་ནི་ལྷོ་བྲག་དོ་ལོ་ཆུང་ཁྲར་འཁྲུངས། གདུང་ཆུ་ཅལ། ཡབ་མོན་གྲགས། ཡུམ་ཟུག་མོ་དཔལ་རྒྱན་གྱི་སྲས་སུ་ས་བྱ་ལ་འཁྲུངས། མཚན་མགོན་པོ་དཔལ་དུ་བཏགས། གླིང་རས་སྐུ་འདའ་བའི་ཚེ་བྱིན་རླབས་ཐམས་ཅད་འཕོས། འཁྲུངས་ནས་ཞག་དགུ་ཚུན་ཆད་ཐམས་ཅད་དྲན། དགུང་ལོ་གསུམ་ནས་ཡབ་ཡུམ་བྲལ་སྟེ་ཡབ་ཀྱིས་གཅེས་པར་གསོས། དགུང་ལོ་ལྔ་དྲུག་ནས་ཀློག་ཚེགས་མེད་དུ་མཁས་པར་མཁྱེན་སྟེ་ཡབ་སྲས་གཉིས་ཀ་བདེ་བར་འཚོ། སློབ་དཔོན་བརྒྱད་ཙམ་ལ་སྒྲ་སྨྲ་སྒོ་སོགས་དང༌། བསྟན་རིམ། དབུ་མ། སྤྱོད་འཇུག་ཕར་ཕྱིན་སོགས་གསན་པས་ཇི་ལྟ་བར་མཁྱེན། ལོ་རེ་ལ་མདོ་མང་ལན་གཉིས་རེ་གཟིགས་པས་ཀུན་ཐུགས་ལ་ཆུབ་པ་ལྟར་ཡོད། བཅུ་གཉིས་ནས་གླུ་བྲོ་ཁོ་ན་མཛད་པས་ལྷ་ལས་འཕོས་པར་གྲགས། ལོ་རེ་ལ་ལྷ་ས་ལན་གསུམ་དུ་བསྐོར་སྟེ་ཆོས་ཀྱི་དངོས་གྲུབ་ཁོ་ན་ཞུས་པས་ལྷོ་པའི་དད་པ་ཅན་ཞེས་གྲགས། ཆོས་རྒྱུད་གང་ལ་འཇུག་གམ་སྙམ་པ་ན། མནལ་ལམ་དུ། རྒྱུད་པ་བཟང་བ་མང་ན་ཡང༌། །དྭགས་པོའི་བཀའ་རྒྱུད་གོང་ན་མེད། །ཅེས་སོགས་བྱུང༌། གྲོགས་བཤེས་ཀུན་གྱིས་གཤོལ། ལན་ཅིག་གཙང་པའི་གླུ་མཁན་དུ་མས། དགོན་པ་ར་ལུང་གི་ཆོས་རྗེ་རྒྱ་རས་ལ། །ཚེ་འདི་ཕྱི་གཉིས་ཀྱི་བདེ་ལེགས་ཡོད། །སྙིང་ནས་ལྷ་ཆོས་ལ་གཤེགས་ན་དེ་རུ་གཤེགས། །ཟེར་བ་གསན་པས་ཐུགས་མི་བཟོད་པ་སྐྱེས་སྟེ་ལོ་བཅུ་དགུ་པ་ལ་བྱོན། ཡབ་ཀྱིས་ཀྱང་ཁྱོད་ཀྱིས་ཆོས་གྱིས་ལ་ང་འདྲོངས་པར་གྱིས་ཕ་ཡུལ་དུ་མ་སྡོད་ཅེས་བསྐུལ་སྟེ་ར་ལུང་དུ་བྱོན། ཆོས་རྗེ་ཆོས་གསུང་བ་དང་མཇལ་བས་དད་པ་ལྷག་པར་སྐྱེས་སྟེ་བྱིན་རླབས་ཞུགས། མཚན་མགོན་པོ་རྡོ་རྗེར་བཏགས། མཁན་སློབ་ལས་དགེ་ཚུལ་མཛད་སྟེ་འདུལ་བ་མདོ་རྩ་གསན་པས་ཚེགས་མེད་པར་མཁྱེན། ཆོས་རྗེ་རིན་པོ་ཆེས་(ན༥༨བ)


PTT001_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་དབང་ཞིག་གནང་ནས་ཁྲིད་བསྐྱངས་པས་རྣམ་རྟོག་འབའ་ཞིག་བྱུང་བ་ཞུས་པས་རྟོག་པ་རང་ཐུག་འདུག་ལྟོས་གསུངས། རྟོག་པ་ལ་རང་བཞིན་མི་འདུག་ཞུས་པས་དེ་ཀ་ལྟར་སྒོམས་གསུངས། སྟོང་པ་ཡིན་ན་འགྱུར་མི་ཐད་སྙམ་པ་ན་སྟོང་པ་རང་འགྱུར་བར་ཤེས། བྱི་བས་གནོད་པ་བྱས་པས་སྣང་བ་སེམས་ཡིན་པར་ཐག་ཆོད། ཆོས་གསུངས་ཚད་ལ་བསམ་མནོ་དོགས་དཔྱོད་མཛད་པས་སྒྲོ་འདོགས་ཐམས་ཅད་ཆོད་སྟེ་དཔེ་ཆར་མི་ལྟོས་པར་གྱུར། དཔོན་སློབ་སུས་ཀྱང་ཆོས་སྐད་ཀྱི་ལན་མ་ལྡོན་པས་ཐུགས་རབ་ཀྱི་གྲགས་པ་ཐོབ། འབྲི་ཁུང་རིན་པོ་ཆེ་ལ་ཟབ་ཆོས་གསན། ཉེར་གསུམ་ལ་འགྲོ་མགོན་གཤེགས་སྟེ་མཁར་ཆུར་སྒྲུབ་པ་ལོ་གསུམ་མཛད་པའི་དབྱར་དང་པོ་ལ་རྣམ་རྟོག་དང་ཡེ་ཤེས་རྩེ་སྤྲོད་ཀྱི་དུས་དང༌། དེ་ནས་ཉོན་མོངས་མགོ་ནོན་སྟེ་ཉིན་པར་རྐྱེན་གྱིས་མི་གནོད་པ་བྱུང༌། ད་དུང་སློབ་གཉེར་ཅིག་བྱ་བར་སེམ་པ་ན་ཆོས་རྗེ་རས་པ་བྱོན་སྟེ་བུ་སྒྲུབ་པ་ཁོ་ན་གྱིས་མི་ལའི་རྣམ་ཐར་སྐྱོངས། ཚུར་འདུས་པ་རྣམས་རི་ཁྲོད་ཏུ་སྐྱོངས། འབྲུག་དུ་སྐུ་འབུམ་རྩིག་པ་ལ་རྒྱུག་གསུང་བ་ལ་མ་སླེབས་པས་ཕྱིས་འཁོར་དང་ལོངས་སྤྱོད་ཀྱི་རྟེན་འབྲེལ་ཅུང་ཟད་འཕྱུགས། པདྨའི་ཐུགས་དམ་གྱི་ནང་ལ་ལན་གསུམ་དྲངས་པས་བདེ་སྟོང་གི་ཡེ་ཤེས་སྐྱེས། ཉེར་ལྔ་ལ་གངས་ཏི་སེ་ལ་བྱོན། སྙེ་མོར་ཐུགས་མ་བདེ་བ་ན་ཅི་བྱུང་ཡང་སྡུག་བསྔལ་མི་མཛད་པ་དམ་བཅའ་དང་པོ་མཛད། དེ་བཞིན་དུ་རྐྱེན་རེ་ལ་བསྟེན་ནས་བཟང་ངན་འབྲིང་གསུམ་སྤྱི་བོར་འཁུར་བ། སུ་ལ་ཡང་སྐུར་པ་མི་འདེབས་པ། གནོད་ལན་དུ་འཕན་འདོགས་པ། ཉིན་མཚན་ཐུན་དྲུག་དུ་དགེ་སྦྱོར་བདུན་པ་ལ་འབད་པ། བླ་མའི་མོས་གུས་དང་མ་བྲལ་བ། གང་ལའང་བདག་གིར་མི་འཛིན་པ། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་དང་མ་བྲལ་བ། འཁོར་བ་མ་སྟོངས་ཀྱི་བར་དུ་གཞན་དོན་མཛད་པ། སྡུག་བསྔལ་བདག་ལ་ལེན་པ། བདེ་དགེ་གཞན་ལ་སྟེར་བ། ལེ་ལོར་མ་ལུས་པར་ཚོགས་གཉིས་གསོག་པ་སྟེ་དམ་བཅའ་བཅུ་གཉིས། དེ་མཐར་འདོན་(ན༥༩ན)


PTT001_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གོ་ཆ་དང་བཅུ་གསུམ་མཛད། ཡང་ལུས་ཀྱིས་མཚམས་འདག་སྦྱར་རི་ཁྲོད་གསུམ་གྱིས་དུས་འདའ་བ། ངག་སྨྲ་བཅད་བསྙེན་པ་གསོལ་འདེབས་གསུམ་གྱིས་འདའ་ཞིང་ལོང་གཏམ་ཚིག་གསུམ་དུ་མི་སྦྲེལ། ཡིད་ཀྱིས་འཁྲུལ་རྟོག་གསུམ་མི་སྦྲེལ་བ་སྟེ་སྐུ་གསུང་ཐུགས་ཀྱི་དམ་བཅའ་གསུམ། ཡང་གཞི་བདག་བཟུང་མི་མཛད་པ། རང་དོན་དུ་གྲོང་དུ་མི་འགྲོ་བ། སྔར་ཤུལ་དུ་ཕྱིས་མི་གཤེགས་པ། ཚེ་འདིའི་ཞལ་ཏ་མི་མཛད་པ། ཅི་ཡོད་ལྟོས་མེད་དུ་གཏོང་བ། གཞན་མི་དགའ་བ་སྐད་ཅིག་ཡང་མི་མཛད་པ། ཅི་བྱུང་རོ་སྙོམས་ཀྱིས་ལམ་དུ་འཁྱེར་བ་སྟེ་དམ་བཅའ་བདུན། ཡང་མོས་གུས་ཀྱིས་བླ་མས་ཅི་གསུངས་སྒྲུབ་པ། དག་སྣང་གིས་སྣང་སྲིད་བླ་མར་ལྟ་བ། ཞེན་ལོག་གིས་ཚེ་འདི་བློས་གཏོང་བ། གང་བྱུང་ལ་ཟློག་གོམ་གྱིས་ཐོག་རྫིས་མཛད་པ། བྱ་བ་གང་བྱེད་མཐར་འདོན་པ་སྟེ་ཁྱད་འཕགས་ཀྱི་དམ་བཅའ་ལྔ་སོགས་མཛད་སྟེ་ཐམས་ཅད་མཐར་ཕྱིན། ཏི་སེ་དང་ཛཱ་ལནྡྷ་རར་ལོ་བཞི། འདི་ནས་ཉིན་མཚན་ཁོར་ཡུག་གི་སྒོམ་བྱུང་ཞིང༌། རྟེན་འབྲེལ་ཤར། ཕོ་མ་ལྷ་ཁབ་ཏུ་ལོ་གསུམ། དེར་ཆོས་རྗེ་རས་པ་འདི་ས་བཅུ་པ་བ་ཡིན་ནམ་སྙམ་པ་བྲེད་ཙམ་བྱུང་བ་བར་ཆད་དུ་མཁྱེན། དེ་ཕྱིན་བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་དང་མ་བྲལ། ཙཱ་རིར་ལོ་གསུམ། དེར་སྐུ་རྒྱབ་སྒལ་བར་སོང་རུང་གཞན་གྱི་ཙམ་ངོས་དྲངས། སྣང་གྲགས་བདེ་ཆེན་དུ་ཤར། སྒོམ་མེད་ཀྱི་རྟོགས་པ་མཐར་ཕྱིན། སླར་རྒྱལ་གྱི་ཤྲིའི་རིར་ལོ་གསུམ་རྣམས་རྩེ་གཅིག་དུ་སྒྲུབ་པ་མཛད། རྡོ་རྗེ་རྣལ་འབྱོར་མས་པོ་ཏི་ཅིག་བྱིན་པ་མིད་པས་ཆོས་ཐམས་ཅད་མཁྱེན། སོ་དགུ་ནས་རྒོད་ཚང་དུ་ལོ་བདུན་འདི་ནས་སྒྲུབ་ཁོང་ནས་གཞན་དོན་ཡང་མཛད། རྒས་ཀྱིན་རི་ཁྲོད་ཇེ་མཐོར་འགྲོ། གསུངས་ནས་སྟེང་འགྲོ། བདེ་ཆེན་སྟེང་ལ་སོགས་པར་གཞན་དོན་མཛད་སྟེ་དགུང་ལོ་བདུན་བཅུ་པ་ལ་གདན་ས་མ་སྐོ། རྟེན་མ་བཞེང༌། སུ་ཆོས་བཞིན་བྱེད་པ་རྣམས་ངའི་གདན་ས་ཡིན་ནོ་གསུངས་ནས་བར་འབྲོག་རྡོ་རྗེ་གླིང་(ན༥༩བ)


PTT001_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཐེགས། སློབ་མ་མཐའ་ཡས་ཀྱང་བརྟུལ་ཞུགས་རང་དང་མཉམ་པ་གྲུབ་ཐོབ་ཨོ་ཌྱན་པ་ནི་རྙིང་མའི་གྲུབ་ཐོབ་འབའ་ཞིག་གི་རྒྱུད་པར་རྒྱུས་ནག་པོ་ཇོ་འཕན་གྱི་སྲས་སུ་ལ་སྟོད་ལྷོ་ནས་ཟླུམ་དུ་ལྕགས་ཕོ་སྟག་ལ་འཁྲུངས། བུ་དོང་རིན་རྩེ་དང་དུས་འཁོར་བ་སངས་རྒྱས་རྡོ་རྗེ་སོགས་ལ་མཚན་ཉིད་དང་དུས་འཁོར་མཁས་པར་སྦྱངས། མཚན་རིན་ཆེན་དཔལ། རྗེ་རྒོད་ཚང་པ་ལས་ཅིག་ཅར་བའི་རྟོགས་པ་ཐོས་གྲོལ་བྱུང༌། ཆོས་རྗེས་ལུང་བསྟན་སྟེ་ཨོ་ཌྱན་ཏུ་བྱོན། རྡོ་རྗེ་རྣལ་འབྱོར་མ་ལས་བསྙེན་སྒྲུབ་གསན། རྗེ་རྒོད་ཚང་པའི་དགོན་གནས་ཐམས་ཅད་བསྐྱངས། རྒྱ་བོད་བལ་གསུམ་དུ་བསྟན་པའི་བདག་པོ་མཛད། རྒྱལ་པོ་སེ་ཆེན་གྱིས་འཕགས་པ་རིན་པོ་ཆེའི་ཐམ་ག་ཕུལ་བ་མ་བཞེས། དགུང་ལོ་བརྒྱད་བཅུ་པ་ས་བྱ་ལ་ཐེགས། སློབ་མ་རྗེ་རང་བྱུང་བ། རིན་པོ་ཆེ་མཁར་ཆུ་བ། མཁས་བཙུན་བསོད་ནམས་འོད་ཟེར། རྟོགས་ལྡན་ཟླ་སེང་བ། སྙེ་མདོ་བ་སྐུ་མཆེད་དང་ཆག་ལོ་དབོན་པོ་སོགས་མང་དུ་བྱུང་ཞིང་ཟླ་སེང་བའི་རྗེས་འབྲེང་འོན་ཆོས་སྡིངས་པ་དང་ཤེལ་བྲག་པ་སོགས་ཀྱང་ཡིན་ནོ། །གཞན་ཡང་སྒྲུབ་ཚུགས་རང་དང་མཉམ་པ་སྤྱིལ་མཁར་བ། དཀའ་སྤྱད་རང་དང་མཉམ་པ་ཕོ་རི་བ། སྙིང་རྗེ་རང་དང་མཉམ་པ་མ་མདུན་པ། རྟེན་འབྲེལ་རང་དང་མཉམ་པ་སྲས་བདེ་ལེགས་རྒྱལ་མཚན་འདིས་ཟང་ཟང་ནེ་རིང་བཏབ། རྟོགས་པ་རང་དང་མཉམ་པ་ཡང་དགོན་པ་ནི་རྙིང་མའི་གྲུབ་ཐོབ་ཀྱི་བརྒྱུད་པར་ལ་སྟོད་ལྷོའི་ལྷ་གདོང་དགོན་པར་ཆུ་བྱ་ལ་འཁྲུངས། གསུང་བྱེ་འཕྲལ་ནས་ཆོས་ཐོགས་མེད་དུ་གསུངས། མངོན་མཁྱེན་དང་གྲུབ་རྟགས་མངའ། ཀོ་བྲག་པ། རྗེ་སྤྱན་སྔ། ས་པཎ་སྟེ་རྩ་བའི་བླ་མ་བཞིར་གྲགས་ཀྱང་ཆོས་རྗེའི་རྒྱུད་པ་འཛིན། ཞེ་དྲུག་ལ་ཐེགས། སློབ་མ་མཁས་བཙུན་རྒྱལ་མཚན་འབུམ་ནས་རིན་པོ་ཆེ་ཤེས་རབ་འབུམ་སོགས་དང་རྟོགས་ལྡན་ཤེས་མགོན་པ་སོགས་བཀའ་རྒྱུད་བཟང་དུ་བྱུང་ཞིང༌། སློབ་མའི་གཙོ་བོ་སྤྱན་སྔ་རིན་ལྡན་ནི་དིང་རིར་ཆུ་བྱི་ལ་འཁྲུངས། ལོ་ཉེར་གཉིས་ལ་ཡང་དགོན་པ་བཅུ་(ན༦༠ན)


PTT001_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཞེས་པའི་ཕྱགས་ཕྱི་བྱས་སྟེ་འབྲལ་མེད་དུ་བསྟེན། ཕྱིས་དིང་རིར་འཕྲིན་ལས་བསྐྱངས། ཟུར་ཕུག་པ་རིན་ཆེན་དཔལ་ནི་ཤེན་གྱི་དཔེའུ་ཆུང་དུ་འཁྲུངས། མདོ་སྔགས་ཀྱི་སྦྱངས་པ་མང་དུ་མཛད། གྲུབ་ཆེན་ཨོ་ཌྱན་པ་དང་སྤྱན་སྔ་རིན་ལྡན་ལས་རྟོགས་པ་རྙེད། གདམས་ངག་རྫོགས་སྟེ་ཤྲི་ཟུར་ཕུག་དུ་འཕྲིན་ལས་བསྐྱངས། སློབ་མ་རི་བ་དགེ་འདུན་རྒྱལ་མཚན་དང་དེའི་སློབ་མ་གཙང་པ་བློ་བཟང་པ་བྱ་བའི་འཕྲིན་ལས་ཅན་བྱུང་ངོ༌། །སློབ་མའི་གཙོ་བོ་ནི་འབའ་ར་བ་སྟེ་ཤངས་ཀྱི་ཆབ་ལི་གྲོང་དུ་ས་སྐྱའི་ཉེ་གནས་ཆེན་མོའི་རྒྱུད་པར་ལྕགས་ཁྱི་ལ་འཁྲུངས། དཔལ་ལྡན་བླ་མ་སྐུ་མཆེད་ཀྱི་གསོལ་ཇ་བ་མཛད་པ་ལས་བྲོས་སྟེ་བླ་མ་དུ་མ་བསྟེན། ཟུར་ཕུག་པ་ལས་གདམས་ངག་ཐམས་ཅད་རྫོགས། འཕྲིན་ལས་ཤིན་དུ་ཆེ་ཞིང་པ་གྲོར་གྱ་གཉིས་ལ་ཐེགས། སློབ་མ་རྒྱུད་པ་ཟིན་པ་དུ་མ་བྱུང་ལ་ཁྱད་པར་དུ་དོལ་ལྷ་སྣ་བ་ཀློང་མཁར་བ་རིན་ཆེན་ཚུལ་ཁྲིམས། དེའི་སློབ་མ་ལུམ་པ་བ་ཀུན་དགའ་དོན་གྲུབ། དེའི་སློབ་མ་འབྲོག་ཁང་དམར་བ་ཀུན་དགའ་དཔལ་ལྡན་ནི་སྒྲུབ་པ་མཐར་ཕྱིན། མོན་རྩེ་བ་ཆེན་པོ་ཅེས་གྲགས་སྟེ་ཐུད་ལ་སོགས་པ་བཏབ་ཅིང་རེ་གཉིས་བཞུགས་ལ་རྒྱུད་འཛིན་མང་ངོ༌། །བཀའ་རྒྱུད་རིན་པོ་ཆེ་ཉིད་ལས་ཀྱང་ཞེན་ལོག་མོས་གུས་རོ་སྙོམས་གསུམ་རྩལ་དུ་འདོན་ཞིང་ཚེ་འདི་ལ་ཕྱི་ཕྱག་བཙལ་བ་འགྲོ་མགོན་གཙང་པ་རྒྱ་རས་ཀྱི་བཀའ་རྒྱུད་འདི་ཡིན་ཡང་དུས་ཀྱི་དབང་གིས་ཤུག་འབྲུག་རྩོད་པ་དང་ལྷ་འབྲུག་རྩོད་པ་སོགས་དུ་མ་བྱུང་ཞིང་ལོ་རས་ཀྱི་དབོན་པོ་རྣམས་ཀྱིས་ཀྱང་འཐབ་རྩོད་མང་དུ་མཛད་པ་དང་རྗེ་རྒོད་ཚང་བའི་སྐུ་ཚེའི་སྨད་ལ་ད་འབྲུག་པའི་སྒྲུབ་ཚུགས་དེ་ཉམས་འདུག་གསུངས་པ་ལྟར་གྱུར་ཀྱང་རྗེ་རྒོད་ཚང་པས་ཆོས་རྗེའི་ཆོས་ཆུ་བབས་སུ་གསུངས་པ་རྣམས་ཀྱང་ཁྲིད་ཆེན་བརྒྱད་དུ་ཕྱེ། ཐམས་ཅད་ཀྱང་ཐུགས་ཉམས་སུ་མྱོང་བའི་རྟོགས་ཆོས་ཀྱིས་བརྒྱན་པས་གནད་ཟིན་པ། གཞན་ལ་སྟོན་པ་ལས་བརྒྱ་འགྱུར་གྱིས་ལྷག་པར་རང་གིས་ཉམས་སུ་བཞེས་པས་ཆོས་རྣམ་ཐར་གྱིས་བསྟན་པ། དཔང་ལོ་ཆེན་པོས་སྤྱོད་འཇུག་ལ་རྒོད་ཚང་(ན༦༠བ)


PTT001_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་གུ་རུ་ཐོགས་མེད་ལས་མཁས་པ་མེད་གསུང་བ་ལྟར་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་ཐར་ཐམས་ཅད་རྫོགས་པ། ངའི་རྒྱུད་པ་ལ་འཐབ་རྩོད་མི་འོང༌། རྟོགས་པའི་བསྟན་པ་འདི་བྱམས་པ་ལ་ཐུག་གིས་མ་སོང་འདུག་ན་ཁོ་རྒོད་ཚང་པས་རྟེན་འབྲེལ་མ་ཤེས་ཀྱིས་གསུངས་སྟེ་རྒོད་ཚང་པ་ལས་བརྒྱུད་པའི་ཆོས་ཀྱིས་དེ་ཕྱིན་གྱི་བོད་ཀྱི་ཆོས་རྒྱུད་ཐམས་ཅད་ལ་ཁྱབ་ཅིང་ཀུན་གྱི་ཚད་མར་གྱུར་པ་འདི་ཡིན་ནོ། །ཕག་གྲུ་བཀའ་རྒྱུད་ཀྱི་ནང་ཚན་གླིང་གི་བཀའ་རྒྱུད་ལས་རྗེ་རྒོད་ཚང་པ་ལས་བརྒྱུད་པ་སྟོད་འབྲུག་དུ་གྲགས་པའི་སྐབས་སོ། །རྒྱལ་བ་ལོ་རས་ནི་གདུང་ལོ་ནད། གཞུང་གྲགས་ཆེན་དུ་ཡབ་རྣལ་འབྱོར་ཤེས་རབ་དང༌། ཡུམ་མར་བཟའ་སྐྱིད་ཀྱིས་ལྷ་སར་ཇོ་བོ་ལ་གསོལ་བ་བཏབ་པས་འཁྲུངས། ལོ་བཅུ་དྲུག་ལ་འགྲོ་མགོན་གཞུང་དུ་ཕེབས་པ་ལ་དབང་ཆོས་གསན་པས་རྟོགས་པ་ངོ་འཕྲོད་སྟེ་ཕྱིས་ཀྱང་སྐྱེད་འདོན་དུ་མ་བྱུང༌། བཅོ་བརྒྱད་པ་ལ་བྲོས་ནས་མཁན་པོ་སྦལ་ཏི་ལས་རབ་ཏུ་བྱུང༌། མཚན་དབང་ཕྱུག་བརྩོན་འགྲུས་ཆོས་རྗེ་ལ་གདམས་ངག་རྣམས་གསན་སྟེ་རས་རྐྱང་མཛད། ཆོས་རྗེ་གདན་དྲངས་སྟེ་ནས་ཁལ་ཉི་སྟོང་བརྒྱད་བརྒྱ་སོགས་ཕུལ་སྟེ་ཆོས་རྗེ་འབུལ་བས་འཚེངས། གཉེན་རབས་ཆད་ཀྱིས་འཚངས། མཐའ་བཞི་བོར་གྱིས་འཚེངས། ལོ་རས་ཆོས་ཀྱིས་འཚེངས་བྱ་བ་བྱུང༌། སྲོག་ལ་བབ་ཀྱང་གནོད་ལན་མི་བྱེད། སྐྱེ་བོའི་ཁྱིམ་དུ་མི་འབྱོན། སྒོས་སུ་དད་ཟས་མི་གསོལ། གཞན་ལ་གཡར་སྐྱི་མི་མཛད། རྟག་དུ་ཅོག་པུར་བཞུགས། གཉིས་ཚོགས་ཀྱི་ལོང་གཏམ་མི་བྱེད་པ་སྟེ་དམ་བཅའ་ཆེན་པོ་དྲུག་རྟག་དུ་དབེན་པ་བསྟེན། རས་རྐྱང་དང་ཞབས་རྗེན་མཛད་པ། ཟས་སྟན་གཅིག །དུས་གཏོར་དང་ཐུན་གཏོར་མ་ཆག་པ། བདེ་མཆོག་གི་སྐྱེད་རྫོགས་ཐུན་བཞིར་སྒོམ་པ། མཚམས་ཀྱི་དུས་མ་གཏོགས་སང་ཕན་ཆད་ལྡང་བ་མི་འཛིན་པ་སྟེ་ཞར་བྱུང་གི་དམ་བཅའ་དྲུག །འཛེ་སྤྲང་ཡན་ཆད་ཞེ་ནས་གོང་དུ་འཁུར་པ་ཁྱད་པར་གྱི་དམ་བཅའ་གཅིག་དང་(ན༦༡ན)


PTT001_Page_0868
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གསུམ་མཛད་པས་ཆོས་རྗེའི་ཞལ་ནས་སྟོན་པས་ཀྱང་ལོ་དྲུག་དཀའ་བ་མཛད་པ་ཡིན། ལོ་དྲུག་སྐྱོངས་ལ་དེ་ནས་ཅི་བདེར་མཛོད་གསུངས༌། ལོ་ངོ་བདུན་དུ་བསྟེན་གདམས་ངག་ཐམས་ཅད་རྫོགས། ཆོས་རྗེ་གཤེགས་ནས་ཁ་རག་གི་གངས། གནམ་མཚོ་སེ་མོ་དོ་སོགས་ལ་དཀའ་བ་མཐའ་ཡས་པ་སྤྱད་སྟེ་སྒྲུབ་པ་མཛད། གྲུབ་ཐོབ་དབུ་སེ་ན་མཁའ་ལ་བྱོན་སྟེ་ངའི་གདན་ས་མཚུར་ཕུ་ནས་བྱང་དུ་ཉིན་ལམ་གཅིག་གི་སར་དགོན་པ་ཐོབ། སེམས་ཅན་ལ་ཕན་ཞེས་ལུང་བསྟན་པས་དབུ་རི་བཏབ། གཙང་ཕྱོགས་སུ་འགྲོ་དོན་ཆེར་མཛད་ནས་ལྷོ་བྲག་ཁོ་ཐིང་ལྷ་ཁང་གི་ཞིག་པ་བསོས་ཅིང་སེང་གེ་རིར་དགུང་ལོ་རེ་བཞི་ལ་ཐེགས། དབོན་པོ་ཙཱ་རི་རས་ཆེན་དང་སངས་རྒྱས་དབོན་གྱིས་གདན་ས་བསྐྱངས་ཤིང་རྒྱུད་འཛིན་ཉང་སྟོད་པ་འཇམ་དབྱངས་མགོན་པོ་མཁས་ཤིང་གྲུབ་པ་དང༌། སྟོད་ལུང་པ་རྟོགས་ལྡན་མགོན་ཡེས་ཅེས་བྱ་བ་གྲུབ་ཐོབ་ཆེན་པོ་དེ་ལ་སོགས་པ་བྱོན་ལ། ཕྱིས་རྒྱལ་བ་ལོའི་སྐུ་སྐྱེར་གྲགས་པ་གཙང་ཆེན་ཆོས་ཀྱི་དབང་ཕྱུག་གིས་སླར་ཡང་དར་བར་མཛད་ནས་དགོན་གནས་རྣམས་ཞྭ་དམར་ཅོད་པན་འཛིན་པ་བཞི་པ་ལ་ཕུལ་སྟེ་བསྟན་པའི་ཆུ་བོ་དབྱེར་མེད་པར་གྱུར་ཏོ། །སྨད་འབྲུག་དུ་གྲགས་པའི་སྐབས་སྟེ་སྤྱིར་ཕག་གྲུ་བ་བཀའ་རྒྱུད་ཀྱི་སྐབས་སོ། །ཆོས་བྱུང་མཁས་པའི་དགའ་སྟོན་གྱི་ཡན་ལག་ཆེན་པོ་ལྔའི་ཡན་ལག་གསུམ་པ་བོད་ཀྱི་སྐབས་ལས་རྗེ་མར་མི་དྭགས་གསུམ་གྱི་བཀའ་རྒྱུད་རིན་པོ་ཆེ་ཡན་ལག་དང་བཅས་པ་སྤྱིར་བསྟན་པའི་ཆོས་བྱུང་སྟེ་ལེའུ་ཚན་བདུན་པའོ། །མར་མི་དྭགས་པོའི་བཀའ་རྒྱུད་རིན་ཆེན་གྱི། །བསྟན་འཛིན་ཡན་ལག་བཅས་པ་བྱུང་ཚུལ་འདི། །གནམ་གཤེགས་དཔལ་འབྱོར་བཟང་མོའི་དགོངས་རྫོགས་ཕྱིར། །ལྷོ་སྟོད་གནས་སུ་པར་དུ་བསྒྲུབས་པ་ཡི། །ཡིག་རྐོས་གཉིས་ཀྱི་བྱེད་པོ་གཡེ་པ་ཡིན། །དགེ་བས་འགྲོ་ཀུན་སྙིང་པོའི་དོན་རྟོགས་ཤོག །


previousབཀའ་བརྒྱུད་སྤྱིའི་ཆོས་ཀྱི་བྱུང་བ་བརྗོད་པ།next