Nitartha Digital Library
Tibetan
ཆོས་འབྱུང་མཁས་པའི་དགའ་སྟོན།


   
   
   
   
   
   
   
   
   
ཀརྨ་ཀམ་ཚང་གི་ཆོས་ཀྱི་བྱུང་བ་བརྗོད་པ།
   
   
   
   


 
previousཀརྨ་ཀམ་ཚང་གི་ཆོས་ཀྱི་བྱུང་བ་བརྗོད་པ།next

ཀརྨ་ཀམ་ཚང་གི་ཆོས་ཀྱི་བྱུང་བ་བརྗོད་པ།


PTT001_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བྱུང་མཁས་པའི་དགའ་སྟོན་གྱི་ཡན་ལག་གསུམ་པ་བོད་ཀྱི་སྐབས་ལས་བརྒྱད་པ་སྒྲུབ་རྒྱུད་ཀརྨ་ཀམ་ཚང་གི་ཆོས་བྱུང་རྒྱས་པ་བཞུགས། (པ༡བ)


PTT001_Page_0870
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཀརྨ་བཀའ་རྒྱུད་ཀྱི་རྣམ་ཐར་གྱི་ས་བོན་བརྗོད་པ་རྒྱལ་བ་ཐམས་ཅད་ཀྱི་རང་བཞིན་མི་གཉིས་པ་བཅོམ་ལྡན་འདས་མི་འཁྲུག་པའི་ཞབས་ཀྱི་པདྨར་རྣམ་པ་ཐམས་ཅད་དུ་ཕྱག་འཚལ་ལོ། །སྤྱན་རས་གཟིགས་དབང་ཐུགས་རྗེའི་གཏེར། །རྙིགས་དུས་འགྲོ་བ་གདུལ་སླད་དུ། །མཆོག་སྤྲུལ་རྒྱུན་མི་ཆད་སྟོན་པ། །ཀརྨ་པ་ཡི་ཞབས་ལ་འདུད། །དེ་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོས་མ་འོངས་པ་ན་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཐོད་རྒལ་བ་རེ་སྐབས་སུ་བྱུང་ནས་འགྲོ་བའི་དོན་རླབས་པོ་ཆེ་བྱེད་ཅེས་ལུང་བསྟན་པ་དཔལ་ཀརྨ་པ་ནི་བསྐལ་བཟང་གི་སངས་རྒྱས་དྲུག་པ་སེང་གེར་ཞང་རིན་པོ་ཆེས་གཏེར་ཐོན་པའི་ལུང་བསྟན་ལས་ཀྱང་བྱུང་ཞིང་པཎ་ཆེན་ཤཱཀ་ཤྲིས་ཀྱང་གསུངས། བསྐལ་བཟང་གི་བྱང་སེམས་ཐམས་ཅད་ནི་སྔོན་བསྐལ་པ་དཔག་དུ་མེད་པ་ནས་སངས་རྒྱས་ཤིང་སྤྱན་རས་གཟིགས་དང་རང་བཞིན་དབྱེར་མེད་པ་ཡིན་པས་དེ་དག་གི་རྣམ་པར་ཐར་པ་ཇི་ལྟ་བ་བརྗོད་པར་སུ་ཞིག་གིས་(པ༢ན)


PTT001_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

སྤོབས། ཡུལ་དུས་དེ་དང་དེའི་གདུལ་བྱ་མིར་གྱུར་པ་སྤྱི་མཐུན་དུ་སྣང་བ་ཤར་བ་རགས་པ་ཙམ་རེ་རང་རང་གི་རྣམ་ཐར་དུ་བཀོད་པ་ལྟར་ཅུང་ཟད་བརྗོད་ན་རྗེ་དུས་གསུམ་མཁྱེན་པ་ནི་མདོ་ཁམས་ཀྲེ་ཤོད་དུ་སྒོམ་པ་རྡོ་རྗེ་མགོན་དང་ལྷ་ཐོག་བཟའ་སྒང་ལྕམ་མིང་འདྲེན་གྱི་སྲས་སུ་ལྕགས་ཕོ་སྟག་ལ་འཁྲུངས། རྔོག་ལོ་ཙཱ་བ་གཤེགས་པའི་ཕྱི་ལོ་ཡིན། མཚན་དགེ་འཕེལ་དུ་བཏགས། མེས་པོ་སྒོམ་པ་བགྲེས་པོ་དང་ཡབ་ལ་ལྷ་མོ་རང་བྱུང་རྒྱལ་མོ་ཞུས་སྟེ་བསྒྲུབས་པས་དགུང་ལོ་བདུན་བརྒྱད་ནས་ལྷ་མོའི་གྲུབ་རྟགས་ཐོན་བྲག་ལ་ཞབས་རྗེས་བྱུང༌། རང་གི་སྐུ་དགྲ་བཏུལ། དགུང་ལོ་བཅུ་དྲུག་ལ་ཆོས་འཁོར་ཀ་བྲག་བྱ་བར་མཁན་པོ་མཆོག་གི་བླ་མ་དང་སློབ་དཔོན་ཆག་སེང་གེ་གྲགས་ལས་རབ་ཏུ་བྱུང༌། དཔལ་ཆོས་ཀྱི་གྲགས་པར་མཚན་གསོལ། གཙུག་ཕུད་དོར་བའི་ཚེ་ཡེ་ཤེས་ཀྱི་ཌཱ་ཀི་མ་དང་འཁོར་ལོ་སྡོམ་པའི་ལྷ་ཚོགས་ཀྱིས་མཁའ་འགྲོའི་དབུ་སྐྲ་ལས་བྱས་པའི་ཞྭ་ནག་གི་ཅོད་པན་བཅིངས་སྟེ་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་གཅིག་བསྡུས་སུ་མཛད་པའི་ཕྱིར་ཀརྨ་པ་ཞེས་མཚན་གསོལ་བར་གཟིགས་པས་ཕྱིས་དབུ་ཞྭ་ནག་པོ་བསྣབས། དགུང་ལོ་ཉི་ཤུ་ལ་དབུས་སུ་ཕེབས་སྟེ་སྟོད་ལུངས་སེ་ཐང་དུ་རྒྱ་དམར་གྱི་གྲ་སར་རྟ་སྒ་ཕོག་སྟེ་སྟོད་ལུང་རྒྱ་དམར་བ། ཕྱ་པ་ཆོས་ཀྱི་སེང་གེ་གཉིས་ལ་དབུ་མ་རང་རྒྱུད་ཤར་གསུམ་ཚད་མ་སྡེ་བདུན་བྱམས་པ་དང་འབྲེལ་བའི་ཆོས་སྡེ་ཉི་ཤུ་ལ་མཁས་པར་མཛད། གསང་ཕུར་ཡང་བཞུགས་སྟེ་ཁམས་པ་མི་གསུམ་དུ་གྲགས། པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་ལ་རིགས་ཚོགས་དང་(པ༢བ)


PTT001_Page_0872
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་འགྱུར་བ་གསན། མཁན་པོ་མལ་འདུལ་འཛིན༏ ལས་སློབ་ཡེ་ཤེས་བློ་གྲོས༏ གསང་སྟོན་མཁན་པོའི་གཅུང་གིས་མཛད་སྟེ་དགེ་སློང་དུ་བསྙེན་པར་རྫོགས་ནས་འདུལ་བ་ལ་མཁས་པར་མཛད། དགེ་བཤེས་ཤ་ར་བ༏ རྣལ་འབྱོར་པ་ཤེས་རབ་རྡོ་རྗེ་དཔལ་རྒ་ལོ༏ ཁམས་པ་ཨ་སེང༌༏ ཡོལ་ཆོས་དབང༌༏ རོང་པ་འགར་དགེ༏ སྤེན་ཕུག་པ་སྟོན་རྒྱལ༏ སྐྱབ་མོ་སྤང་ཁ་བ་སོགས་མང་དུ་བསྟེན་སྟེ་བཀའ་གདམས་གཞུངས་མན་ངག༏ སྦྱོར་དྲུག༏ མགོན་པོ་བྱ་རོག་མ། ཕག་མོ་རིན་ཆེན་རྒྱན་དྲུག་དགྱེས་རྡོར་གདམས་བཤད་ལམ་འབྲས་ཞི་བྱེད་སོགས་བོད་ཡུལ་ན་སྤྱིར་གྲགས་པའི་གཞུང་མན་ངག་ཐམས་ཅད་གསན། དགུང་ལོ་སུམ་བཅུ་པ་ཆོས་རྗེས་རེ་གཅིག་བཞེས་པའི་ས་མོ་ལུག་ལོ་ལ་རྗེ་སྒམ་པོ་པ་ཁུ་དབོན་དང་མཇལ། ཐབས་ལམ་བསྐྱངས་པས་ཞག་དགུ་ནས་དྲོད་འབར་རས་རྐྱང་མཛད་སྟེ་ཟླ་བ་དགུ་ལག་པ་རྡུལ་དང་མ་བྲལ་བར་བསྒོམས། སྤྱིར་སྒམ་པོར་ལོ་གསུམ་བར་མ་ཆད་དུ་བསྒོམས། སྒོམ་ཆེན་བརྒྱད་བརྒྱའི་ནང་ནས་སྒོམ་སྲན་ཆེ་བར་གྲགས། ཡོན་ཏན་དཔག་མེད་འཁྲུངས། ཆོས་རྗེས་ལུང་བསྟན་སྟེ་ཟངས་རི་ཏེས་ཕུག༏ །ཕག་མོ་གྲུ༏ འོལ་ཁ་སོགས་སུ་བསྒོམས། ལོ་རོར་རས་ཆུང་པའི་དྲུང་དུ་བྱོན་པས་རས་ཆུང་པའི་མནལ་ལམ་དུ་བུད་མེད་ཤིན་དུ་མི་སྡུག་པ་ཅིག་འོངས་ནས་སང་སྤྲུལ་པ་ཅིག་སྤྲུལ་པ་མཇལ་དུ་འོང་བས་གདམས་ངག་སྟོན་ཞིག་ཟེར་ནས་མི་སྣང་བར་གྱུར། ཕྱིན་ཉིན་ཕེབས་སྟེ་ཟླ་བ་གཉིས་སུ་བསྟེན། མི་ལ་དང་ཏེ་བུའི་གདམས་ངག་གི་ཕུ་ཐག་བཅད། ལ་སྟོད་དང་སྤ་གྲོ་སོགས་སུ་བྱོན། རྗེ་མི་ལའི་དངོས་སློབ་སྔགས་སྐྱེས་ལྷན་ཅིག་སྐྱེས་པའི་སྒྲོན་མ༏ རྩེ་མོ་ན་མཁའ་གསལ་སྒྲོན༏ དགེ་ཚུལ་དཔུན་གཉིས་སོགས་བསྟེན། སྤྱིར་རྗེ་མི་ལའི་དངོས་སློབ་བདུན་གྱི་གདམས་ངག་ཚང་སྤྲུགས་སུ་རྫོགས་པ་ཡིན་གསུང༌། ཕག་རི་ཁར་(པ༣ན)


PTT001_Page_0873
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་གིས་གནོད་པར་མ་ནུས། མོན་དོམ་ཚང་དུ་སྒོམ་དུ་བྱོན་པས་ཡེ་ཤེས་ཀྱི་མཁའ་འགྲོ་སྟག་དུ་སྤྲུལ་པས་བསྐོར་བ་བྱས། ཞིང་སྐྱོང་གི་ཌཱ་ཀི་མ་མི་མོའི་གཟུགས་འཛིན་པ་གཉིས་ཀྱིས་ཀུ་བའི་ཐོད་གཟུགས་བདུད་རྩིས་བཀང་སྟེ་དྲངས། ཚུར་བྱོན་པས་ལམ་དུ་གངས་ཆེན་པོ་བབ་པའི་ཚེ་ཌཱ་ཀི་མས་གཏུམ་མོ་ལ་བར་མ་གནང་སྟེ་གངས་གསེབ་ཏུ་སྐུ་གཅེར་བུར་བཞུགས་པས་ཉེ་འཁོར་གྱི་ཁ་བ་ཆུར་ཞུ། རས་ཕྱམ་ཉེ་གནས་ལ་བཀབ། ཇོ་མོ་གངས་སུ་ཌཱ་ཀིས་འཚོ་བ་སྦྱར་སྟེ་སྒྲུབ་པ་མཛད། སྟོན་སེར་ལྡོམ་བུ་ལ་བྱོན་པས་སྙེ་མོའི་སྨད་དུ་བདེ་མཆོག་གི་སྙིང་པོའི་རྣལ་འབྱོར་མ་བཞི་མི་མོར་སྣང་བས་བལ་ཡུལ་ཕམ་ཐིང་ནས་ཁྱིམ་བདག་ཨ་ཤོ་ཀའི་བུ་མོ་དྷརྨ་སིདྡྷི་བྱ་བ་སྐྱེ་བ་བདུན་པའི་རོ་ཀརྟི་ཀའི་དུར་ཁྲོད་དུ་བསྐྱལ་བ་སྐད་ཅིག་གིས་བླངས་པའི་སོར་མཛུབ་ཀྱི་ཚོད་མ་དང་ལྷའི་བདུད་རྩི་འོ་མ་འདྲ་བ་དྲངས་སྟེ་གསོལ། ཕྱག་ཚང་བའི་བུད་མེད་དེའི་མཐེ་བོ་ལ་བདེ་མཆོག་གི་སྐུ་རྫོགས་པར་གཟིགས། རྫོང་དགོན་པར་བླ་མ་རྫོང་པ་དང་མཇལ་སྟེ་དེ་ཀུན་མཁྱེན་ནས་འདི་ལྟ་བུའོ་ཞེས་གསུང་ཞིང་དེ་རྣམས་ཁ་ཆེའི་དུར་ཁྲོད་སམ་པ་ཏར་ཚོགས་འཁོར་ལ་སོང་ཟིན་གསུངས། ཐུགས་བསམ་མཛད་ཚད་ལ་ལན་བཏབ་པས་བསམ་མནོ་མཛད་མ་སྤོབས། ཕྱག་ཆེན་ཐོག་བབས་དང་བདེ་མཆོག་ལོ་ནག་དྲིལ་གསུམ་སྐྱེད་རྫོགས་སྦྲགས་ས་མ་སོགས་ཆོས་མཐའ་ཡས་གསན། སླར་སྒམ་པོར་བྱོན་པས་དེ་ཐམས་ཅད་མཁྱེན་སྟེ་བླ་མས་ཚུར་གསུངས། རྗེ་སྒོམ་པས་ཀྱང་བླ་མ་ཆེན་པོའི་དྲུང་དུ་མཇལ་བ་དང་གསུང་གླེང་མཛད་པ་དེ་ཐམས་ཅད་མཁྱེན་སྟེ་ཚུར་གསུངས། སྤྱིར་རྗེ་ཁུ་དབོན༏ རས་ཆུང་པ༏ རྫོང་པ༏ སྤེན་ཕུག་པ༏ རྒ་ལོ༏ ཨ་སེང༌༏ ཀྲར་བ༏ དངུལ་ཆུ་བཻ་རོ་བ་སྟེ་གྲུབ་པ་ཐོབ་ངེས་ཀྱི་བླ་མ་དགུ་ཡོད་གསུང༌། བླ་མ་ཆེན་པོ་ལ་རྟོགས་པ་ཕུལ་བས་ཁམས་པ་སེ་བོ་ཁྱོད་ལ་ང་རེ་ཆེ་བ་ཡིན་པ་ལ་ཁྱོད་ཀྱི་ནོར་ནས་(པ༣བ)


PTT001_Page_0874
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་ད་དུང་སྒོམས་གསུངས། ནོར་ས་མི་གདའ་སྟེ་གསུང་སྒྲུབ་སྙམ་ནས་ཟླ་བ་དྲུག་དུ་བསྒོམས་སྟེ་ཁོ་བོ་ལ་ལོ་བརྒྱར་བསྒོམས་ཀྱང་སྐྱེད་འདོན་རྒྱུ་མི་གདའ། ནོར་ན་ཡང་ནོར་ཁོ་བོ་རང་གི་དེ་ཀ་སྒོམ་པ་ལགས་ཞུས་པས་ཕྱག་སྤྱི་བོར་བཞག་སྟེ་བུ་འཁོར་བ་དང་འབྲེལ་ཐག་ཆོད་པ་ཡིན་ནོ་གསུངས་ནས་གནས་ལུགས་དོན་གྱི་ངོ་སྤྲོད་དང༌། རྟགས་མཚན་ལ་རློམ་སེམས་མི་རུང་བ་དང་གསང་དགོས་པར་གསུངས། ལོ་གསུམ་ན་ཆོས་རྗེ་སྐུ་འདའ་བ་ཙམ་ན་དགེ་བཤེས་ཁམས་པ་ཡང་བྱོན་སྟེ་ཁམས་པ་མི་གསུམ་འཛོམས། ཆང་ཁྲིམས་དམ་པར་ཡོད་པ་ལ་ཁོང་གསུམ་གྱིས་ཚོགས་འཁོར་མཛད་པས་ཉམས་འུར་སྟེ་གསོལ་འདེབས་སྤྲོ་མོ་ཆེ་བྱས་པས་ཞལ་ཏ་པས་གནས་ནས་ཕྱུང༌། མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཕྱིར་འབྲེངས། ཤིང་རྩི་ཀུན་རྩེ་གུག་ཆོས་རྗེ་ཡང་ཐང་རྐྱང་དང་སྦ་བེར་བསྣམས་སྟེ་ཁོང་གསུམ་གར་འགྲོ་བར་ང་ཡང་འགྲོ་གསུང་ནས་བྱོན། དྲི་བ་དྲིས་ལན་གྱི་མགུར་མཛད་པས་ཉམས་འུར་སྟེ་ཕ་བོང་ཞིག་གི་སྟེང་དུ་གསུམ་པོའི་ཞབས་རྗེས་ཀྱིས་གང་སྟེ་སླར་བྱོན་ནས་ཀུན་གྱིས་རྩོད་མེད་དུ་བཀུར། ཆོས་གདམས་ངག་ཐམས་ཅད་ཚང་སྤྲུགས་སུ་གནང་ཞིང་ཁྱད་པར་དུ་གཞན་ལ་མ་གནང་བ་སྐྱེད་རིམ་ལྷན་ཅིག་སྐྱེས་མ་དང་རྫོགས་རིམ་རླུང་སེམས་གཉིས་མེད་གནང་སྟེ་བུ་ཁྱོད་སྒྲུབ་པ་ཁམས་ཀྱི་ཀམ་པོ་གངས་རར་གྱིས། འགྲོ་དོན་དབུས་གཙང་ཁམས་གསུམ་ཁྱབ་པར་འབྱུང་ངོ་ཞེས་ལུང་བསྟན་སྟེ་འཕན་ཡུལ་ཇ་བཟང་བྲག༏ གཞུའི་ལྷ་རི་རྒྱན་པོ༏ བྱུག་པོ་སོགས་སུ་བཞུགས། བྲག་ལ་མི་ཐོགས་པས་བླ་མ་བྲག་པར་གྲགས། སྐུ་ཆབ་བདུད་རྩི་ཞལ་ལུང་སོགས་ཐམས་ཅད་ཀྱང་ཡུངས་བྲུ་ལྟ་བུའི་རིང་སྲེལ་ཁ་དོག་སྣ་ཚོགས་པ་དབྱིབས་སྐུ་ཡིག་འབྲུ་མཆོད་རྟེན་ཕྱག་མཚན་སོགས་མཐའ་ཡས་པ་བྱོན། འཕན་ཡུལ་ཇ་བཟང་གི་བྲག་ཕུག་གང་ཡོད་པར་གྲགས། མངོན་སུམ་དུ་སྒྲ་འོད་དང་བཅས་སྟེ་(པ༤ན)


PTT001_Page_0875
[མ་དཔེ་གཟིགས་ན་འདིར་གནོན།]

འཕར་ཞིང་ལྡིང་པ་དང་འཕེལ་བ་དང་འགྲིབ་པ་སོགས་བྱུང་བས་ཐམས་ཅད་ཀྱི་སྒྲོ་འདོགས་ཆོད་སྐད། དགུང་ལོ་ཞེ་གཉིས་ནས་མཁའ་འགྲོའི་གནས་གཞུ་གྲུ་བཞི་བཟུང་སྟེ་ཚོགས་པ་བཞི་བཅུ་ཙམ་རེ་བསྐྱངས། འཚོ་བ་འཛོམ་པོ་མེད་ཀྱང་ཅི་ཡོད་བཞི་སྡེ་དང་ཚོགས་སོག་མཛད་སྟེ་སྨྱུང་གནས་བཅུད་ལེན་མཁའ་འགྲོས་ཕུལ་བ་སོགས་བསྟེན་སྟེ་ཏིང་འཛིན་གྱིས་འཚོ་བར་མཛད་སྟེ་ལྟོ་རྒྱབ་ཀྱི་ཆེད་དུ་སྒྲུབ་པ་གཏོང་མ་མྱོང་གསུང་སྐད། ཆོས་རྗེ་སྐུ་ཡལ་བ་མཁྱེན་ནས་བྱོན་པས་འོལ་ཁའི་ཕོ་རོག་རྫོང་ཆུང་དུ་རྗེ་སྒོམ་པ་དང་བླ་མ་འཕགས་པ་དང་མཇལ་གསོལ་བ་བཏབ་པས་ཆོས་རྗེ་མངོན་སུམ་དུ་བྱོན་པ་གསུམ་གས་གཟིགས། གྲུ་བཞིར་རླུང་དྷུ་ཏིར་དག་པའི་ལྟས་སུ་སྦྲུལ་ཆེན་པོས་མིད་པ་བྱུང་སྟེ་དེའི་ཞག་འགའ་ཕྱིན་ནས་ཐུགས་དམ་མཉམ་རྗེས་དང་བྲལ་དུས་གསུམ་ལ་སྒྲིབ་ཐོགས་མེད་སྐུ་བུ་ཆུང་གི་སྤྱོད་པ་མཛད་པ་ཅིག་བྱུང༌། དགུང་ལོ་ང་བཅུ་པ་ལ་རྗེ་སྒོམ་ཚུལ་ལྷ་ལུང་ན་བཞུགས་པ་ལ་ཁམས་སུ་བཞུད་པའི་ཕྱི་ཕྱག་མཛད་པས་ཁོ་བོ་ནི་ཡུན་རིང་པོར་མི་སྡོད་འཆི་བ་ཡིན། ཁྱོད་ཁམས་སུ་སྐྱིད་སྡུག་ཅི་བྱུང་ཡང་ཡར་ཤོག་གསུངས་ཞིང་རྡོ་རྗེའི་གདན་སྐད་ཅིག་གིས་བསྐོར་ནུས་པ་དང་སངས་རྒྱས་ཀྱི་ཞིང་དཔག་མེད་གཟིགས་པའི་བཀོད་པ་ངོ་མཚར་ཅན་གསུངས། དེ་དུས་བླ་མ་ཕག་མོ་གྲུ་པས་ཡེ་ཤེས་འོད་ལ་འཕྲིན་བསྐུར་ནས་ཁྱེད་ཁམས་སུ་མ་འབྱོན། འབྱོན་ན་ཡང་དབང་སྐུར་དང་རབ་གནས་མང་པོ་མ་མཛད་སྐུ་ཚེ་ལ་བར་ཆད་བྱུང་དོགས་ཡོད་ཅེས་བྱུང་བས་ཁོང་ང་ལ་ཐུགས་བརྩེ་བ་ཡིན་སྟེ་ཁོ་བོ་བཞོན་མ་ལྔ་མེད་ན་འབྲོག་གི་མིང་མི་འཐོབ། དེ་ཙམ་གྱི་ཡིད་ཆེས་མེད་ན་དབང་སྐུར་དང་རབ་གནས་མི་བྱེད། དབང་བསྐུར་ཡང་བརྒྱད་བཅུ་རྩ་བཞི་མ་བསྐུར་ཡང་བརྒྱད་བཅུ་རྩ་བཞི་བླ་མ་མི་ལའི་སྐུ་ཚེ་ཙམ་ཞིག་ཐུབ་དེ་ལ་བློ་བུར་བ་མི་ཡོང་གསུང༌། བྱང་ལམ་དང་ཀྲེ་བོ་སོགས་སུ་འགྲོ་དོན་མཛད། ང་ལྔ་ལ་གནས་(པ༤བ)


PTT001_Page_0876
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་ཕེབས་སྟེ་མནལ་འོད་གསལ་འབའ་ཞིག་དུ་གྱུར་པ་རྒྱུན་ཆད་མེད་པ་དེ་ནས་བྱུང༌། ཆོས་རྗེ་དེ་མཁྱེན་ནས་ལུང་བསྟན་པར་འདུག །བཀའ་བཞིན་བསྒྲུབས་པའི་བྱིན་རླབས་ཀྱང་ཡིན་སྟེ་འོང་གསུང༌། དེར་རཱ་ཧུ་ལ་འགྲིམ་པའི་དུག་གིས་མ་ཚུགས། ཆུ་མ་འཕྲོད་པས་བཞུད་པར་དགོངས་པ་ན་དགེ་བསྙེན་རྡོ་རྗེ་དཔལ་བརྩེགས་ཀྱིས་སྨན་ཆུ་ཕུལ་སྟེ་བཞུགས་པར་གསོལ་བ་བཏབ། དགུང་ལོ་དོན་བཞི་ལ་འབྲི་ཀླུངས་སུ་ཕེབས་སྟེ་འབྲི་ཆུ་རྒྱུད་ཀྱི་སྐྱ་སེར་ཐམས་ཅད་སྨིན་གྲོལ་དུ་མཛད། ཀྲེར་བྱོན་འཁྲུག་པ་ཐམས་ཅད་རང་བཞིན་གྱིས་ཞི། དོན་བདུན་ཞེས་པའི་ཤིང་སྦྲུལ་ལ་གླེ་དུ་སྒར་མལ་དུ་བྱོན་སྟེ་དགོན་པ་བཏབ། འགྲོ་དོན་མཛད་ཅིང་ལྷོ་རྒྱུད་ལ་ལམ་བཏོན་ནས་དབུས་སུ་བྱོན། རྗེ་འཇིག་རྟེན་མགོན་པོ་སྒམ་པོར་བཞུགས་པས་བླ་མ་རིན་པོ་ཆེའི་གདན་ས་ངེད་ཚ་བོས་འཛིན་དགོས་པའི་སྐབས་བྱུང༌། བུ་ཆེན་གྱི་ནང་ན་ཉིད་ལས་ལྷག་པ་མ་མཆིས་པས་ངེད་རྣམས་ཀྱི་མགོན་དུ་ཕེབས་དགོས་ཅེས་གསོལ་བ་བཏབ་ཀྱང་མ་ཕེབས་པར་ལམ་འབྲི་ཁུང་ཐིལ་བརྒྱུད་པས་རྗེ་འཇིག་རྟེན་མགོན་པོས་འབམ་ཐང་ནས་བསུ་བ་མཛད། ཆོས་གསན་ཞིང་ཐུགས་ཡིད་གཅིག་དུ་འདྲེས། ཁྱེད་འགྲོ་མགོན་ཀླུ་སྒྲུབ་ཡིན་ཞེས་བླ་མ་རིན་པོ་ཆེས་ལུང་བསྟན། སྤྱིར་ཁོ་བོ་དབུས་སུ་འོངས་པ་ལ་དགོས་པ་བཞི་ཡོད། རྗེ་སྒོམ་པས་ཁྱོད་ཁམས་སུ་སྐྱིད་སྡུག་གང་བྱུང་ཡང་དབུས་སུ་ཡར་ཤོག་གསུང་བའི་བཀའ་སྒྲུབ་པ་དང༌། གདན་སར་གསེར་ཆོས་བརྒྱ་འབུལ་བྱེད་པ་དང༌། ཞང་ཚལ་བ་སྒོམ་ཆེན་པ་འཁྲུག་པ་མཛད་པ་འདི་རྣ་བར་མ་སྙན་པས་བཤོལ་འདེབས་པ་དང༌། བཞུ་མཚུར་གྱི་བར་དུ་དགོན་པ་ཅིག་བྱ་སྙམ་པ་སྟེ་དོན་འདི་བཞི་ལ་འོངས་གསུང་ནས་ཚལ་དུ་བྱོན་འཁྲུག་པ་བསྡུམས་པས་བླ་མ་ཞང་གིས་རིན་པོ་ཆེ་ལ་དག་སྣང་མཐའ་ཡས་པ་གཟིགས་སྟེ་ཕྱག་ནས་འཇུས་སྟེ་བྲོ་བརྡུངས། ཕྱིས་སྐུ་མ་འདས་ཀྱི་བར་དུ་འཁྲུག་པ་མ་མཛད། སྤྱིར་དགུང་ལོ་(པ༥ན)


PTT001_Page_0877
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་བཅུ་པ་ཁམས་ལ་ཐེགས་ཀའི་དུས་མཚུར་ཕུའི་བྲག་རྒྱབ་ཡོལ་དུ་བྱོན་སྟེ་གཏོར་མ་དང་ས་གཞི་བྱིན་རླབས་མཛད། གཟིམས་ལྕིལ་ཆུང་ངུ་ཞིག་མཛད་སྟེ་དགོན་གནས་ཀྱི་རྟེན་འབྲེལ་བསྒྲིགས། ཕྱིས་བརྒྱད་བཅུ་བཞེས་པའི་ཚེ་མཚུར་ཕུའི་མཆོད་ཁང་གོང་མཛད། ཞང་རིན་པོ་ཆེས་ལྷ་ཆེན་དཔལ་འབར་གྲུབ་པའི་ཀ་རུ་མ་ལ་ཉ་བྱུས་ཀྱི་གདུགས་ཆེན་པོ་འདོམ་བརྒྱད་ཙམ་གྱིས་འཁོར་བ་ཕུལ། ཞང་རིན་པོ་ཆེས་ཀྱང་མཆོད་ཁང་གོང་གི་ཀ་རུ་མ་གདུགས་ཁམས་གསུམ་ཟིལ་གནོན་སོགས་སྣ་གསུམ་ཕུལ། སྤྱིར་ས་ར་ཧ་དང་མཻ་ཏྲི་པ་དང་རྡོ་རྗེ་དྲིལ་བུ་པ་དང་ཛཱ་ལནྡྷ་ར་དང་བླ་མ་ལྷ་རྗེ་ཁུ་དབོན་སོགས་བླ་མ་དང༌། ཕག་མོ་དབུ་སྟོང་སྤྱན་སྟོང་མ་དཔའ་མོ་སོ་དྲུག་དང་བཅས་པས། འདི་ནི་ཧེ་རུ་ཀ་དཔལ་རྒྱུད། །ཅེས་སོགས་རྒྱུད་ཚིག་གསུང་བ་དང༌། དགྱེས་མཛད་འོད་ཀྱི་ར་བར་བཞུགས་པ་གཟིགས་ཤིང་བར་དོའི་གདམས་པ་དང་དགྱེས་མཛད་ཀྱི་བསྟོད་པ་གསན་པ་སོགས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཀྱི་གཟིགས་སྣང་ནི་ད་ལྟ་རྣམ་ཐར་ན་འཁོད་པ་ཡང་བགྲང་གིས་མི་ལང༌། སྐུའི་བཀོད་པས་རྡོ་རྗེ་གདན་གྱི་དུས་མཆོད་ལ་བྱོན་སྟེ་རྒྱལ་པོ་ཟླ་བས་རྣམ་པར་གནོན་པས་ཧ་ཧ་སྒྲོག་པའི་དུར་ཁྲོད་དུ་གྲུབ་ཐོབ་རྣམས་ལ་གསོལ་བ་བཏབ་པ་ན་རྒྱ་གར་ནས་ནག་པོ་སྤྱོད་པ་ཤིང་ལོ་པ་ཛ་ལནྡྷ་ར་པ་ཨིནྡྲ་བོ་དྷི་བར་པ་སྟེ་བཞི། བོད་ནས་བླ་མ་རིན་པོ་ཆེ་དང་དྷརྨ་ཤཱི་ལ་སྟེ་གཉིས་དང་དྲུག་བྱོན་ནས་ཚོགས་འཁོར་མཛད། ཚུར་ལམ་ཡུད་ཙམ་གྱིས་ཁ་ཆེ་དང་པུ་རངས་ནས་ལམ་ཕྱུང་སྟེ་ལ་སྟོད་ཐང་ཆུང་དུ་དགེ་བཤེས་གཙང་སོ་བ་ལ་ཨིནྡྲ་བོ་དྷི་བར་པ་ལ་གསན་པའི་རྣམ་བཞི་རྒྱུད་གྲོལ་གསུངས་ཤིང་མཚུར་ཕུར་སོང་ཞིག་པར་ལུང་བསྟན་ནས་སྔོན་སྐྱེ་བ་བཞིར་སློབ་མ་ཡིན་གསུངས་ནས་སྒྲུབ་པ་ལ་བཅུག་ཕྱིས་མི་ཉག་རྒྱལ་པོའི་བླ་མཆོད་ཏུ་གནང་བ་སོགས་ལམ་རིང་ཐུང་ལ་མ་བལྟོས་པར་སློབ་མས་གསོལ་བ་གར་བཏབ་ཏུ་སྐད་ཅིག་གིས་འབྱོན་པ་དང༌། རབ་གནས་མང་པོ་མཛད་པ་ན་མེ་ཏོག་རྟེན་(པ༥བ)


PTT001_Page_0878
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རང་འཐོར་བ་དང༌། རྟེན་ལ་ཆགས་པ་དང་སྣོད་ན་མཁའ་ལ་བཞག་པ་དང་ལྷ་ཁང་འཁོར་བ་དང་རྟེན་ཡོ་བ་རྣམས་དྲང་པོར་གྱུར་པ་སོགས་བྱུང་བ་དང༌། བྱིན་རླབས་མཛད་པ་ཙམ་གྱིས་ཞ་བོ་དང་སྒུར་པོ་སོགས་སོས་པ་དང༌། མཐོང་སྣང་ཐ་དད་པ་སོགས་དེ་ལྟ་བུ་ནི་ཆེས་མང་བ་རྣམ་ཐར་རྣམས་ན་གསལ་ཞིང༌། རང་གཞན་ཐམས་ཅད་ཀྱི་སྔོན་དང་ད་ལྟར་དང་ཕྱི་མའི་གནས་མཐའ་དག་སྒྲིབ་མེད་དུ་གཟིགས་པས་སྔོན་ཤར་ཕྱོགས་བཻཌཱུརྻའི་ཞིང་དུ་དགེ་སློང་དུ་གྱུར་པ་དང༌། འཛམ་གླིང་དང་བ་ལང་སྤྱོད་ཀྱི་བར་གྱི་གླིང་ཕྲན་དྷ་རི་ཐར་བླ་མ་ལྷ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་སུ་ར་ཏར་གྱུར་པ་དང་དཔོན་སློབ་མཛད་པ་དང༌། ཨོ་ཌྱན་གྱི་གླིང་ཟུར་ཏརྟི་ཀར་མགར་བའི་རིགས་རང་བཞིན་གྱི་རྣལ་འབྱོར་པ་ཨ་ཏི་ཥྛ་ཞེས་ནུས་པ་མཆོག་ཐོབ་པ་དང༌། ནུབ་བ་ལང་སྤྱོད་དུ་བྲམ་ཟེའི་དགེ་སློང་དྷརྨ་ཨ་ཏི་ཥྛ་ཞེས་སྟེ་ལོ་པའི་སློབ་མར་གྱུར་པ་དང༌། དེ་ཉིད་ཏུ་གླང་པོ་ཆེ་བདུན་བརྒྱའི་ནང་ན་སྟོབས་ཆེ་བར་གྱུར་ནས་སྡིག་སྤྱོད་ཀྱི་རྒྱལ་པོ་བརྫིས་སྟེ་གནས་འཕངས་པས་ཕྱིས་ཡོན་བདག་དགོན་པ་བར་གྱུར་པ་དང༌། ཤར་ཀ་ལིངྐར་རྒྱལ་པོ་ཟླ་བས་རྣམ་གནོན་དུ་གྱུར་སྟེ་བླ་མ་ལྷ་རྗེ་སངས་རྒྱས་ཡེ་ཤེས་ཞབས་དང་རྗེ་མི་ལ་འཇམ་དཔལ་བཤེས་གཉེན་དུ་གྱུར་པ་ལ་བསྟེན་ཞིང་དཔལ་ལྡན་འབྲས་སྤུངས་བསྐོར་བས་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་པ་དང༌། ཨོ་ཌྱན་དུ་ཏེ་ལོ་པའི་སློབ་མ་ཤི་ལ་དནྟི་ཞེས་པ་ནུས་པ་མཆོག་ཐོབ་པ་དང༌། ཛམ་གླིང་གི་བྱང་ཤར་ཟད་པའི་མཚམས་ཆུ་ཀླུང་པདྨ་ཅན་དུ་བྲམ་ཟེ་སཛྫ་ནའི་མཁན་བུ་དགེ་སློང་དྷརྨ་ཀི་རྟིར་གྱུར་སྟེ་དགེ་བཤེས་ཕྱ་པ་པན་ཆུང་ཞིག་དུ་ཡོད་པ་ལ་སློབ་དཔོན་ཞུས་ཤིང་ཌོམྦི་ཧེ་རུ་ཀ་ལ་རི་བོ་བྱ་སྐྱིབས་སུ་གསོལ་བ་ཐེབས་པ་དང༌། ཤར་ལུས་འཕགས་པོར་རྒྱལ་པོའི་བུ་མོ་ཤེས་རབ་བཟང་མོར་གྱུར་སྟེ་བླ་མ་ལྷ་རྗེ་དགེ་སློང་དྷརྨ་སིདྡྷིར་བཞུགས་པ་མཉེས་པར་བྱས་པ་དང༌། ཤར་གླིང་དང་ལྷོ་གླིང་གི་བར་གྱི་གླིང་ཕྲན་རཏྣ་ཕ་ལའི་གྲོང་ཁྱེར་རཱ་ཛཱ་ཕ་ལར་རྗེ་རིགས་སུ་ཁ་ཀིརྟིར་འཁྲུངས་སྟེ་བླ་མ་ལྷ་རྗེ་དཔལ་གྱི་སྦས་པ་ཞེས་བྱ་བར་(པ༦ན)


PTT001_Page_0879
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ལ་གདམས་པ་ཞུས་སྟེ་སྤྱོད་པ་ནུས་པའི་རྣལ་འབྱོར་པ་ལོ་བརྒྱ་དང་རེ་བཞི་ཐུབ་ཅིང་དེ་དུས་བླ་མ་ལ་ཚོགས་འཁོར་ཞིག་ཞུས་པའི་སར་ད་ལྟའི་སློབ་མ་ཁྱེད་ཉི་ཤུ་ཙམ་ཡོད་ཅིང་ཡོན་བདག་དགོན་པ་བ་འདི་ཁྱིམ་བདག་ཕྱུག་པོ་ཞིག་གི་བུར་གྱུར་པས་ཡོན་བདག་བྱས་ཤིང་ད་ལྟར་ཡང་བྱས་ཕྱི་མར་ཡང་བྱེད་ཅེས་སོགས་རང་གི་འདས་པའི་ཚུལ་མང་པོ་དང༌། དགེ་བཤེས་གཙང་སོ་བ་སྐྱེ་བ་བཞིར་རྗེས་སུ་བཟུངས་བ་དང་རྗེ་མི་ལ་སློབ་དཔོན་འཇམ་དཔལ་བཤེས་གཉེན་ཡིན་པ་སོགས་གཞན་གྱི་འདས་པའི་ཚུལ་དཔག་མེད་གསུངས། ཉིད་ཀྱི་སྤྲུལ་པ་ད་ལྟ་དུས་མཚུངས་པ་ཙམ་མཆིས་ཞུས་པས་སྤྱིར་ངེས་པ་མེད་ཀྱང་ཤིན་དུ་གསལ་བ་ལ་བཞི་ཙམ་ཡོད་པ་འདྲ། མངའ་རིས་དང་ཁ་ཆེའི་བར་སྤུ་རང་ན་དགེ་སློང་དགེ་བའི་བློ་གྲོས་ཅེས་གཙུག་ལག་ཁང་མང་དུ་བཞེངས་ཤིང་སློབ་མ་བཙུན་ཆུང་ཞིག་ཤི་བ་དེར་སྐྱེས་པ་སོགས་མང་པོའི་དོན་བྱེད། བལ་བོད་ཀྱི་མཚམས་ལན་དེ་ན་དགེ་བསྙེན་ཆོས་ཀྱི་གྲགས་པ་ཅེས་བརྡ་ཆོས་འབའ་ཞིག་སྟོན་པ་ཡོད། རྒྱ་གར་ཤར་ཕྱོགས་ན་རྣལ་འབྱོར་པ་ཐུགས་རྗེ་ཆེན་པོ་དངོས་ཡིན་ཟེར་བ་འདིར་བཞུགས་འདིར་བྱོན་གྱི་ངེས་པ་མེད་པ་ཅིག་དང༌། ཤར་ཕྱོགས་ཀྱི་འཇིག་རྟེན་རྒྱལ་པོ་མིན་པས་མི་ཐུལ་བ་ཞིག་ན་གྲུབ་ཐོབ་རྒྱལ་པོའི་ཚུལ་འཛིན་པ་གྲགས་པ་མཐའ་ཡས་ཅེས་བྱ་བ་ཡོད། གཞན་ཡང་དུ་མ་ཡོད་པ་འདྲ་གསུང་པ་སོགས་རང་གི་ད་ལྟར་བའི་ཚུལ་དང༌། མི་ཉག་གི་རྒྱལ་པོ་དེར་དཔལ་ཕག་ཚང་པའི་སྐྱེ་བ་ཡིན་པ་དང༌། སྔར་སློབ་མ་ཞིག་ཤི་བ་འཛམ་ཡུལ་དུ་སྐྱེས་གསུངས་ནས་ཕྱིས་འཛམ་ཡུལ་དུ་བྱོན་ཚེ་བྱིས་པ་དེས་སྐྱེ་བ་དྲན་ཕྱག་ཕྱིས་འབྲངས་པས་འཛམ་སྐྱེ་བ་གསུམ་པར་གྲགས་པ་སོགས་གཞན་གྱི་ད་ལྟ་བ་མཁྱེན་པ་དཔག་དུ་མེད་ཅིང་ཁྱད་པར་རྗེ་མར་པ་དཔལ་གྱི་རི་དང་ཉེ་བ་ཤྲི་ནཱ་ག་རའི་གྲོང་ན་པཎྜི་ཏ་ཅིག་དུ་བཞུགས་རྣལ་འབྱོར་པ་མཛད་སྟེ་འགྲོ་དོན་དཔག་མེད་མཛད། བླ་མ་ལྷ་རྗེ་ཁ་ཆེ་དང་རྒྱ་གར་(པ༦བ)


PTT001_Page_0880
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བར་གྲོང་པདྨ་ཅན་དུ་ཞི་བའི་གོ་ཆ་བྱ་བར་འཁྲུངས། སྤྱོད་པ་སྣ་ཚོགས་མཛད་ཅིང་དེར་འདི་ནས་སློབ་མ་བཞི་བཅུ་ཙམ་སྐྱེས་འདུག་བླ་མ་ལྷ་རྗེ་ལ་སྐུའི་སྤྲུལ་པའང་ནུབ་ཕྱོགས་བདེ་བ་བཀོད་པའི་ཞིང་ན་བྱང་སེམས་དྲི་མེད་གྲགས་པ་དང༌། ཤར་ཕྱོགས་མུ་ཏིག་བྱེ་བས་བརྒྱན་པའི་ཞིང་ན་ཟླ་བའི་འོད་ཅེས་པ་ཡོད་ཅིང་སྐུ་དངོས་ཞི་བའི་གོ་ཆས་མུ་སྟེགས་ཀྱི་རྒྱལ་པོ་བཏུལ་ནས་ཡུལ་དེ་ཐམས་ཅད་སངས་རྒྱས་པར་བཙུད་སྟེ་སྐུ་དངོས་ཡལ་ནས་འཇིག་རྟེན་གྱི་ཁམས་ཨ་ཤོ་ཀར་མངོན་པར་རྫོགས་པར་འཚང་རྒྱ་རྗེ་སྒོམ་ཚུལ་ནུབ་ཕྱོགས་ཀོང་ཀ་ནར་འཁྲུངས་སྟེ་མུ་སྟེགས་ཀྱི་རྒྱལ་པོ་བཏུལ་ནས་དོན་མཛད། རས་ཆུང་པ་རྒྱ་བལ་གྱི་མཚམས་ན་རད་ན་སུ་ཁ་ཞེས་སྤྱོད་པ་སྣ་ཚོགས་པ་མཛད། གྲུབ་ཆེན་རྫོང་པ་ཁ་ཆེ་དང་ཨོ་ཌྱན་གྱི་བར་ན་སྔར་གྱི་ཉེ་གནས་མ་དེ་དང་བཅས་སྟེ་སྤྱོད་པ་སྣ་ཚོགས་མཛད། སྤེན་ཕུག་པ་ལ་སྟོད་གཙང་སོར་དགའ་བའི་ཡེ་ཤེས་བྱ་བར་འཁྲུངས། དཔལ་རྒ་ལོ་བྱང་ཕྱོགས་མུ་ཏིག་དྲ་བས་བརྒྱན་པའི་ཞིང་དུ་དཔལ་གྱི་འབྱུང་གནས་སྦས་པ་ཅེས་པར་གྱུར། དངུལ་ཆུ་བཻ་རོ་པ་སྟོང་ཀུན་རྒྱལ་པོའི་སྲས་སུ་འཁྲུངས། སློབ་དཔོན་ཕྱ་པ་ཁ་ཆེ་ཁྲེ་བརྟན་དུ་པཎྜི་ཏར་འཁྲུངས་པ་སོགས་དཔག་དུ་མེད་པ་གཟིགས། ཡང་ཤར་ན་དྭགས་པོ་ཕག་སྒོམ་པ་དང་སྒོམ་པ་ཞི་མཛེས། ནུབ་ན་ཡ་ཟི་སྔོན་མོ་དང་གསེར་སྒོམ་ཡེ་ཤེས་སྙིང་པོ་སྟེ་བླ་མ་ལྷ་རྗེའི་བུ་ཆེན་བཞིས་ད་ལྟ་འགྲོ་དོན་རླབས་པོ་ཆེ་བྱེད་གསུང་བ་སོགས་ད་ལྟར་གྱི་ཚུལ་དཔག་མེད་གསུངས། མ་འོངས་པ་ཡང་སྨོན་ལམ་བླ་མ་ཁྱེད་འདི་ནས་ཚེ་འཕོས་ནས་ནུབ་ཕྱོགས་པདྨ་ཅན་དུ་མཁན་པོ་མངའ་རིས་པ་ཚེའི་རིག་འཛིན་བརྙེས་པ་དེའི་མཁན་བུར་འགྱུར་བ་དང༌། ཡོན་བདག་དགོན་པ་བ་འདི་སྐྱེ་བ་གསུམ་ནས་ལམ་རྣལ་མ་ལ་ཚུད་པར་འགྱུར་གསུང་བ་སོགས་དང༌། ཉིད་ཕྱི་མ་གར་འཁྲུངས་ཞུས་པས་ཨོ་ཌྱན་གྱི་བྱང་ཤར་ཀརྟི་ཀར་རྣལ་འབྱོར་པ་རཏྣ་སིདྡྷི་ཞེས་པར་བྱས་སྟེ་ཡུལ་དེའི་རྒྱལ་པོ་འདུལ། བླ་མ་ལྷ་རྗེ་དང་ཡང་མཇལ། ཡོན་བདག་དགོན་པ་བ་འདི་(པ༧ན)


PTT001_Page_0881
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་པ་ཅིག་དུ་གྱུར་སྟེ་ཁོ་བོ་ལ་རབ་ཏུ་འབྱུང༌། ཡོན་ཏན་འོད་སོགས་ཁྱེད་བདུན་རྗེ་རིགས་སུ་སྐྱེ་ཁོ་བོ་དང་འཕྲད། ཡུལ་ཕྱོགས་དེར་སློབ་དཔོན་རིན་རྒྱལ་སོགས་མང་དུ་སྐྱེ་ཞིང་བླ་མ་ལྷ་རྗེ་དང་མཇལ་བར་འགྱུར། ཡང་ལྷོ་བྲག་གྲུབ་པའི་གནས་བདུན་དུ་སློབ་མ་ཞིག་གི་དོན་དུ་སྐྱེ་སྟེ་ཡུན་རིང་པོ་ནི་དེར་མི་སྡོད། ཡང་རྒྱ་གར་ལྷོ་ཕྱོགས་ཨུ་རུ་དང་ཌཱ་ཀི་མའི་གནས་ཀོང་ག་བྱ་བར་སྐྱེ་ཤིང་ཡོན་བདག་དགོན་པ་བ་རྒྱལ་པོ་ཞིག་དུ་སྐྱེས་ནས་ལམ་རྣལ་མ་ལ་དེར་ཚུད་གསུངས་ཤིང༌། ཁོ་བོ་སངས་རྒྱས་པའི་དུས་ན་འཁོར་གྱི་དང་པོ་ནི་རྒྱ་གར་ལྷོ་ཕྱོགས་ཀྱི་རྣལ་འབྱོར་པ་མི་ཏྲ་ཛོ་གི་དང༌། མངའ་རིས་སྟོད་ཀྱི་དགེ་སློང་དགེ་བའི་བློ་གྲོས། མི་ཉག་རྒྱལ་པོའི་བླ་མ་རྒྱ་བྱང་ཆུབ་སེམས་དཔའ། དགེ་བཤེས་དཀོན་མཆོག་སེང་གེ་སྟེ་བཞི་ཡིན་གསུང་ཞིང་སངས་རྒྱས་ཀྱི་མཚན་མི་གསུང་ཡང་ཞང་རིན་པོ་ཆེས་དྲུག་པ་སེང་གེ་ཡིན་གསུང༌། དེ་ལ་སོགས་པ་དུས་གསུམ་ཐམས་ཅད་སྒྲིབ་མེད་དུ་མཁྱེན་ཞིང་གདུལ་བྱའི་དོན་དུ་འགྱུར་བ་ཅུང་ཟད་ཙམ་རེ་གསུངས་པས་མཚན་ཡང་དཔལ་དུས་གསུམ་མཁྱེན་པ་ཅེས་ཉི་ཟླ་ལྟར་གྲགས་ཤིང་གདམས་ངག་ཡང་ཕག་མོ་ཞལ་བཞི་མ༏ རྣམ་བཞི་རྒྱུད་གྲོལ༏ རྨི་ལམ་འབྲེལ་བ་གསུམ་ལྡན༏ ལྷ་འདྲེ་སྟོང་གི་སྒྲིབ་ཤིང་སོགས་སྔོན་མ་གྲགས་པའི་ཟབ་གནད་མཐའ་ཡས་པ་དག་སྣང་ལ་གསན་ཞིང་མངའ། རྒྱ་གར་རྡོ་རྗེ་གདན་ནས་དཔལ་རྡོ་རྗེ་གདན་པས་སྔོན་འཕགས་པ་ཀླུ་སྒྲུབ་ཀྱིས་བུས་པའི་རྡོ་རྗེ་གདན་གྱི་ཚོགས་དུང་བསྐུར་སྟེ་ད་ལྟ་སངས་རྒྱས་ཀྱི་བསྟན་པའི་དངོས་གཞི་བོད་ན་གནས་པ་ཡིན། དེའི་བསྟན་པའི་བདག་པོ་ས་ར་ཧ་ཆེན་པོ་ཤྲཱི་དྷརྨ་ཀིརྟིར་བཞུགས་པ་ལ་ཕུལ་ཞིག་ཞེས་འབུལ་དུ་བཏང་བ་ད་ལྟ་གནྡྷོ་ལའི་མཆོད་ཤོམས་ལ་བཞུགས། དེ་ལྟར་དོན་གཉིས་མཐར་ཕྱིན་དགུང་ལོ་བརྒྱད་བཅུ་རྩ་བཞི་པ་ཆུ་མོ་གླང་གི་ལོའི་ཟླ་བ་བརྒྱད་པ་ཙམ་ནས་སྒྲ་འོད་དང་ས་གཡོ་བ་སོགས་ཀྱི་ལྟས་རྒྱུན་མ་ཆད་པར་ཇེ་འཕེལ་དུ་བྱུང༌། བཅུ་གཅིག་པ་སྟག་གི་ཟླ་བའི་ཚེ་གསུམ་ལ་(པ༧བ)


PTT001_Page_0882
[མ་དཔེ་གཟིགས་ན་འདིར་གནོན།]

གདན་ས་མ་ཞིག་པར་གྱིས་ལ་འདིར་སྡོད་གསུང་བ་དང༌། སྒང་ལོ་ཙཱ་བ་ཞམ་རིང་དུ་ཡོད་པ་ལ་གཞོན་ནུ་ཁྱོད་ཀྱི་ལོ་ཤས་འདིར་སྡོད་ལ་ཁོ་བོའི་སྐུ་གསུང་ཐུགས་རྟེན་རྣམ་ཡི་གེ་གཅིག་ཀྱང་མ་འཐོར་བ་གྱིས། ངས་ཀྱང་ཆོས་སྐྱོངས་ལ་བཅོལ་བ་ཡིན་ཞེས་སྤྲུལ་པའི་སྐུ་དངོས་སུ་འབྱོན་པར་དོན་གྱིས་ལུང་བསྟན་སྟེ་ཡར་ཚེས་གསུམ་དུ་ཉེ་བ་ནས་གཡོས་བྲེང་མ་ཆད་པ་དང༌། ཡང་དགོན་གྱི་སྟེང་དུ་འཇའ་ཚོན་གདུགས་འདྲ་བས་ཁེབས་པ་དང༌། ན་མཁའ་ལ་ཌ་མ་རུའི་སྒྲ་མང་པོ་གྲག་པའི་ཚེ་སྐུའི་བཀོད་པ་བསྡུས། གདུང་བཞུ་བའི་སར་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་བཞེངས་སྟེ་དེ་བཞིན་གཤེགས་པ་གླང་པོའི་གདུང་ཉེར་གཅིག་དང་རྗེ་ཉིད་ཀྱི་རྟེན་རིང་སྲེལ་སོགས་མཐའ་ཡས་པར་བཞུགས་ཤིང་ཕྱིས་མི་ཉག་ནས་དགེ་བཤེས་གཙང་སོ་བས་བསྐུར་སྟེ་གསེར་ཟངས་ཀྱིས་གཡོགས། ཐུགས་ལྗགས་ཀྱི་བཞུགས་ཁང་གདུང་རྟེན་ཆེན་མོ་སྒོམ་ཆེན་རས་པ་བཞིས་མཛད་ཏོ། །རྗེ་དེ་ལ་བུ་ཆེན་བྱོན་ཚུལ་རྣམ་ཐར་རིན་ཆེན་ཕྲེང་བ་སོགས་དང་ཀུན་ཁྱབ་སྙན་པའི་བ་དན་སོགས་ན་མི་སྣང་ཡང་སྔོན་གྱི་རྣམ་ཐར་ཁུངས་མ་གཞན་མཐོང་བ་ན་འདི་ལྟར་སྣང་སྟེ་མངོན་ཤེས་ཀྱི་བཀའ་བབས་ལྡེ་ཆུང་སངས་རྒྱས༏ རྫུ་འཕྲུལ་གྱི་བཀའ་བབས་འབལ་ཚ་སྟག་དེལ་བ༏ རྣམ་ཐར་གྱི་བཀའ་བབས་བྲ་བ་བཀའ་གདམས་པ༏ རྟོགས་པའི་བཀའ་བབས་དབྲ་ཡེ་དགེ་ཆོས་བརྩོན༏ འགྲོ་དོན་གྱི་བཀའ་བབས་འགྲོ་མགོན་རས་ཆེན་སྟེ་བཀའ་བབས་ཀྱི་བུ་ལྔ༏ གྱ་བ་གངས་པ༏ རང་བྱུང་སངས་རྒྱས༏ གཙང་སོ་བ་དཀོན་སེང༌༏ འགྲོ་མགོན་རས་ཆེན་བསྣན་པས་རྒྱུད་འཛིན་གྱི་བུ་བཞི༏ ན་མཁའ་འོད༏ ཡེ་ཤེས་འོད༏ ཡོན་ཏན་འོད༏ དགེ་འདུན་འོད་སྟེ་ཉེ་གནས་འོད་བཞི༏ ཡེ་ཤེས་བླ་མ༏ སྨོན་ལམ་བླ་མ༏ འབྱུང་གནས་བླ་མ༏ རྒྱལ་མཚན་བླ་མ་སྟེ་བླ་མ་བཞི༏ དགེ་སློང་བརྩོན་འགྲུས་ཤེས་རབ༏ རིན་ཆེན་རྒྱལ་མཚན༏ མདོག་མཁས་པ༏ རྨེང་གེ་(པ༨ན)


PTT001_Page_0883
[མ་དཔེ་གཟིགས་ན་འདིར་གནོན།]

ཇོ་སྲས་སྟེ་སྔ་བུ་བཞི༏ གཙང་སྟོན་ཚུལ་སེང༌༏ ཏྲེ་བོ་དཀོན་མཆོག་དཔལ༏ རྡོ་རྗེ་ཤེས་རབ༏ སྒང་ལོ་ཙཱ་བ་སྟེ་ཕྱི་བུ་བཞི་སྟེ་ཡོངས་གྲགས་ཀྱི་བུ་ཆེན་རང་ཉིད་ཁོ་ནས་སྨིན་གྲོལ་དུ་མཛད་པ་རྣམས་དང༌། ལྷོ་ལ་ཡག་པ་བྱང་ཆུབ་དངོས་གྲུབ༏ དྭགས་པོ་འདུལ་བ་འཛིན་པ༏ འབྲི་ཁུང་གི་འཇིག་རྟེན་གསུམ་མགོན༏ སྟག་ལུང་གི་ཐང་པ་ཆེན་པོ༏ རྣ་ཕུའི་གླིང་རས་པ༏ ར་ལུང་གི་གཙང་པ་རྒྱ་རས༏ མན་ངག་ལུང་པའི་དྲན་སྟོན་མཐའ་བྲལ༏ རི་གོང་གི་སངས་རྒྱས་གཉན་སྟོན༏ རྒྱ་ཕོ་བ་ལུང་པ་སོགས་ནི་དམ་པའི་ཆོས་ཀྱིས་འབྲེལ་བའི་སྐྱེས་ཆེན་ནོ། །ཞེས་སྣང་ཞིང་དེབ་སྔོན་དུ་ཞང་རིན་པོ་ཆེ་ཡང་བུ་ཆེན་དུ་བགྲངས་སོ། །དེ་ལ་ལྷོ་ལ་ཡག་པ་ཐམས་ཅད་མཁྱེན་པ་བྱང་ཆུབ་དངོས་གྲུབ་དང༌། དྭགས་པོ་འདུལ་འཛིན་ཆེན་པོ་ནི་བླ་མ་ལྷ་རྗེའི་དངོས་སློབ་མཆེད་གྲོགས་ཀྱི་ཚུལ་ཉིད་ལས་བླ་མ་རིན་པོ་ཆེ་ལ་དད་པ་ཐོབ་ནས་ཞབས་ལ་གཏུགས་པ་ཡིན་ལ་བླ་མ་རིན་པོ་ཆེ་སྐུ་གཤེགས་ནས་ལྷོ་པས་མཚུར་ཕུའི་གདན་ས་ལོ་གཉིས་གསུམ་དུ་མཛད། དབོན་སྟོན་སྐྱེར་སྒང་པའི་རྣམ་ཐར་དུ། བླ་མ་ལྷོ་པ་མདོ་པོ་དགོན་ན་དབང་བསྐུར་བྱེད་ཅིང་ཡོད་ཟེར་ནས་རྨི་ལམ་བཟུང་ལྟར་ཕྱིན་པས་བླ་མ་དེ་བདེ་མཆོག་དངོས་སུ་བྱས་ནས་དབང་བསྐུར་ཞིང་འདུག་སྟེ་བདག་གིས་ཀྱང་ཐོབ། ད་ལྟ་བོན་ན་བདེ་མཆོག་དངོས་ཀྱིས་དབང་བསྐུར་ནུས་པ་བླ་མ་ལྷོ་པ་ལས་མི་འདུག་གོ་ཞེས་བྲིས་པ་དེ་ཡིན། རྗེ་སྒམ་པོ་པའི་སྐུ་འདྲ་ཡིད་བཞིན་ནོར་བུ་ཡང་མཚུར་ཕུར་བཞེངས་སྟེ་སྤྱན་དྲངས་ནས་སླར་སྒམ་པོའི་གདན་ས་ལ་བྱོན། དྭགས་པོ་འདུལ་འཛིན་གྱིས་ཀྱང་དེའི་འོག་དུ་སྒམ་པོའི་གདན་ས་མཛད། གྲུབ་ཐོབ་གླིང་རས་ཀྱི་ནི་ལོ་གཙང་ར་གསུམ་རྗེ་དབུ་སེ་ཞང་རིན་པོ་ཆེ་དཔལ་ཕག་གྲུ་པ་རྣམས་རྩ་བའི་བླ་མར་མཚུངས་པར་འཛིན་སྟེ་གསོལ་འདེབས་སྐུ་ལྔ་རབ་རྫོགས་ལས། སྣང་བ་ཆོས་སྐུར་ཤར་བའི་རྒྱལ་བ་ལོ། །དངོས་འཛིན་འཁྲུལ་པ་ཅིག་པའི་དམ་(པ༨བ)


PTT001_Page_0884
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྗེ། །ཞེས་ལོ་གཙང་དང༌། ཐུགས་དགོངས་མཁའ་ལྟར་དག་པའི་མཐའ་ཙ་པ། །ཐམས་ཅད་མཁྱེན་པར་རྩོད་མེད་གྲགས་ཆེན་པོ། །བདེ་གཤེགས་ཀུན་གྱི་དཔལ་ལྡན་རིན་པོ་ཆེ། །ཞེས་རྗེ་ཕག་གྲུ་པ་དང༌། གྲུབ་ཐོབ་ཀུན་གྱི་རྩོད་མེད་དབུ་སེའི་ཞབས། །གདུལ་དཀའ་འདུལ་མཛད་འགྲོ་མགོན་སྐྱེ་མེད་ཞང༌། །ཞེས་པས་ཚལ་མཚུར་གཉིས་བསྟན་པ་ཡིན་ལ། དེ་བཞིན་དུ། རས་ཆུང་པ་དང་དེ་ཡི་སྲས། །དཔལ་ལྡན་དམ་པ་རྣམ་གསུམ་དང༌། །སྒམ་པོ་པ་དང་རིན་པོ་ཆེ། །དུས་གསུམ་མཁྱེན་པའི་མཚུར་ཕུ་པ། །སྐྱེ་མེད་ཞང་དང་རིན་ཆེན་མཆོག །ཞེས་དང༌། མཚུར་ཕུ་མདོ་པོའི་དགོན་པ་ན། །དེ་ན་ཁམས་པ་དབུ་སེ་བཞུགས། །དུས་གསུམ་མ་ལུས་མཁྱེན་པའི་རྗེ། །རྗེ་དེས་ཀྱང་བུ་ཚོ་བྱིན་གྱིས་རློབས། །ཅེས་སོགས་གླིང་གི་གསུང་མགུར་དུ་མ་ན་སྣང་ངོ༌། །འགྲོ་མགོན་གཙང་པ་རྒྱ་རས་ཀྱིས་ཀྱང་མཚུར་ཕུར་བྱོན། ཆོས་དུ་མ་གསན། ཁོ་བོ་གཙང་པ་རྒྱ་རས་བདག །ཉམ་མྱོང་གླུ་རུ་ལེན་ལགས་པས། །རྗེ་རིན་པོ་ཆེ་འདི་ལ་གསན་པར་ཞུ། །ཞེས་སོགས་ནས་ལུང་བསྟན་རྗེས་སུ་གནང་དུ་གསོལ། །ཞེས་སོགས་ཀྱི་རྟོགས་པ་ཕུལ། ལུང་བསྟན་གྱི་དགོན་པ་བཞི་ལ་ཡང་དབུ་སེས་ལུང་བསྟན་ནས་ཀློང་རྡོལ་བཏབ། ཅེས་གཅིག་དུ་བྱེད། རྣ་ཕུ་བའི་བརྒྱུད་པ་བཙུན་པས་འཛིན་ཞེས་པའི་ལུང་བསྟན་ཡང་མཚུར་ཕུར་བཞུགས་དུས་བྱུང་བས་ཕྱིས་ཞང་རིན་པོ་ཆེ་ལས་རབ་ཏུ་བྱུང༌། བར་ཞིག་ཞྭ་ཁྲ་ཞིག་ཡང་བཞེས་ཡོད་པར་སྣང་སྟེ་བྱང་ཚྭ་ཁ་ལ་བྱོན་ནས་ཚུར་རེས་སྒོམ་དུ་འོངས་ནས་ནོར་ཁྱེར་ན་རྟེན་འབྲེལ་འཆུག་པས་སྣོད་དཀྲོགས་ཅིག་གསུངས་དཀྲོགས་པས་རླུང་སྒོམ་གྱི་སྣོད་ནས་ཀྲད་པ་ཅིག་བྱུང་བའང་བསྐྱུར། ཚུར་ལམ་སྒོ་པ་ལྷོ་པའི་ཇག་པས་མདའ་མདུང་གཟིངས་བྱུང་བས་བླ་མ་དབུ་སེའི་ལུངས་ཀྱི་དབུ་ཞྭ་ཞིག་ཡོད་པ་དེ་མཐོང་ནས་མཚུར་ཕུ་བར་འདུག་ཟེར་ནས་བཤོལ། དེ་རེས་དབུ་ཞྭ་དེས་སྲོག་མགོ་བཏོན་(པ༩ན)


PTT001_Page_0885
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་བྱ་བ་རྣམ་ཐར་ན་སྣང་ཞིང་དེའི་མགུར་ན་ཡང༌། སྲིན་པོ་སྒོ་བ་ལྷོ་པ་ཡིས། །མི་བསད་ནོར་ཁྱེར་མཐོང་ཙ་ན། །ངེད་བཙོན་དུ་མ་བཟུང་མཁར་རྗེ་ཆེ། །བཀའ་རྒྱུད་ཀྱི་བྱིན་རླབས་ཞུགས་པ་འདྲ། །འདི་ཡང་བླ་མ་རྗེ་ཡི་དྲིན། །ཞེས་བྱུང་ངོ༌། །ཉེ་གནས་འོད་བཞིའི་ན་མཁའ་འོད་ཀྱི་སྐྱེ་བ་རིམ་པར་བརྒྱུད་པ་ཤ་གྲགས་པ་སེང་གེ་ནས་བཟུང་སྟེ་ཞྭ་དམར་ཅོད་པན་འཛིན་པ་རྣམས་ཡིན་ནོ། །ལྷོ་པ་ཐམས་ཅད་མཁྱེན་པ་སྒམ་པོ་ལ་ཐེགས་རྗེས་སྟོད་ལུངས་གྲམ་དུ་འཁྲུངས་པའི་རང་བྱུང་སངས་རྒྱས་ཀྱི་གདན་ས་མཛད། དེ་ནས་གྱ་བ་གངས་པ། དེ་ནས་རྒྱ་མཚོ་བླ་མས་མཛད་སྟེ་འདི་གསུམ་ག་རྗེ་དུས་མཁྱེན་གྱི་དངོས་སློབ་ཡིན། དེ་ནས་གདན་ས་རིན་གྲགས་ཀྱིས་མཛད། ཕྱི་མ་གསུམ་ག་འཁྲུངས་ཡུལ་གྱ་བའི་འབྲོག་པ་ཡིན་ཞིང་དེ་ནས་རྗེ་ཀརྨ་པ་ཕེབས་པ་ཡིན་ནོ། །རྒྱུད་འཛིན་གྱི་གཙོ་བོ་འགྲོ་མགོན་རས་ཆེན་ནི་གཙང་པའི་ཡོན་ཏན་མཁན་པོ་ཞིག་གི་སྲས་སུ་ཡར་ལུངས་སུ་འཁྲུངས། དགུང་ལོ་དགུ་ནས་སྐྱེས་བུ་ཆུང་འབྲིང་གི་བློ་ཇི་ལྟ་བར་འཁྲུངས་སྟེ་ཟངས་རི་རས་པ་ལ་གཏུགས། དོ་ཧ་དང་ཐུན་འཇོག་སྙན་རྒྱུད་སོགས་གསན། བདེ་གསལ་མི་རྟོག་པའི་ཉམས་ཁོར་ཡུག་དུ་བྱུང༌། ན་ཟ་རས་རྐྱང་མཛད་པས་རས་ཆེན་དུ་གྲགས། གདུང་རུས་ལས་གྲས་སྟེ་གྲུ་གུ་རས་པ་ཡང་ཟེར། དགུང་ལོ་བཅོ་ལྔ་ལ་བླ་མ་བསྙུང་ནས་ཁྱོད་ལ་བཀའ་རྒྱུད་ཟིན་པ་ཅིག་ཡོང་བར་ཤེས་དེ་བླ་མ་རྗེ་བཙུན་པའི་ལུགས་ཀྱི་དང་པོ་ནས་གདམས་ངག་ཆལ་ཆོལ་དུ་མི་སྟོན་པར་ངེས་ཤེས་ཐོབ་ནས་གདམས་ངག་ཐམས་ཅད་དུས་གཅིག་དུ་སྟོན་པ་ཡིན་པ་ལ་ཁོ་བོ་ད་ལོ་བར་ཆད་བྱུང་ད་རྒྱ་སྒོམ་ལ་གདམས་ངག་རྫོགས་པར་ཡོད་པས་ཁོ་ལ་སྟེན། ལར་ཇི་ལྟར་བྱས་ཀྱང་བུ་ཁྱོད་ལེགས་པར་འོང་གི་གསུངས་ནས་འདས། དེ་ནས་དོལ་གྱི་ཚུར་སྟོན་དབང་ངེ༌། དཔལ་ཕག་མོ་གྲུ་པ། གཉལ་དུ་གཙང་སྟོན་དཀོན་མཆོག་ཡབ་སྲས། རྗེ་སྒོམ་ཞིག་པོ་སོགས་(པ༩བ)


PTT001_Page_0886
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཇལ། སར་སྙིང་གི་གདམས་ངག་མང་དུ་གསན། ཆུ་འདུས་སུ་རྗེ་སྒམ་པོ་པའི་སློབ་མ་གྲུབ་ཐོབ་དར་མ་ཤེས་རབ་བྱ་བ་རླུང་དབུ་མར་ཚུད་འོད་གསལ་ཁོར་ཡུག་དུ་གྱུར་པ་ཅིག་ལ་དབང་བྱིན་རླབས་ཞུས། ཏིང་ངེ་འཛིན་གྱི་ཡོན་ཏན་དུ་མ་བྱུང་ཡར་ལུངས་སུ་ཐུགས་སོ་མ་སོད་ནས་རང་ཡུལ་རྣ་བས་མི་ཐོས་པ་ཅིག་དུ་འགྲོ་དགོངས་ནས་གཡེ་དྭགས་ཀོང་པོ་བརྒྱུད་ནས་ཁམས་ལ་བྱོན་པས་ལམ་དུ་ཐོད་པ་བསམ་འགྲུབ་ལ་གཅོད་ཀྱི་སྐོར་དང༌། མངའ་རིས་པ་ལ་ཕྱག་རྡོར་གོས་དམར་ཅན་དང་རྡོ་རྗེ་ལེགས་པའི་བྱང་བུ་ཉེར་གཅིག་པ་སོགས་མང་དུ་གསན། པོ་བོར་གཉལ་བ་ཇོ་སྲས་དང་མཇལ་སྟེ། འཇམ་དཔལ་ཞི་ཁྲོའི་སྐོར་དང་ཁྱད་པར་མགོན་པོ་ལྕགས་པར་མ་གསན་སྟེ་ཞལ་གཟིགས། ཡུམ་གྱིས་འབོད་མི་བཏང་བྱུང་བ་ལ་མི་འབྱོན་པའི་ཕྱིར་ནོར་མེད་པར་ལོག་ན་མི་ཡོང་ཞེས་ཐབས་ཀྱིས་བྲིད་ནས་ཚ་བ་སྒང་རོང་སྨར་ཁམས་སོགས་སུ་བྱོན། པུ་འབོར་གྱི་འབུ་ཡུལ་དུ་ནང་འཁྲུགས་བསྡུམས། བོན་པོ་བཏུལ་སྟེ་སྔགས་གྲ་ཆེན་པོ་བཅོ་བརྒྱད་ཙམ་བཙུགས་པས་དེང་སང་གི་བར་དུ་དར་ཞིང་མ་མགོན་གྲུབ་པ་མང་དུ་བྱུང༌། རྩ་རླུང་གི་ཡོན་ཏན་དང་ནུས་པ་དང་མཁྱེན་པ་ཆེ་བས་ཐུགས་ཁེངས་པ་ལྟར་ཡོད་པ་ན། རྗེ་དུས་གསུམ་མཁྱེན་པ་ཀམ་པོ་གནས་ནང་ན་བཞུགས་པའི་སྙན་གྲགས་ཆེར་གསན་པས་ཆོས་ཞུ་རྒྱུ་མེད་ཕྱག་ཞིག་འཚལ་དུ་འགྲོ་སྙམ་ནས་བྱོན་པས་ཆོས་རྗེས་ཁྱོད་སྔགས་ཆུང་ཤེས་རབ་ཅན་ངའི་སློབ་མའི་སློབ་མ་བྱས་ན་འོང་བར་འདུག་པ་ལ་གསུངས། ཁྱེད་ལ་སློབ་མ་ཅི་འདྲ་ཡོད་ཞུས་པས། ལྡེ་ཆུང་སངས་རྒྱས་དང་འབལ་ཚ་སྟག་དེལ་བ་སོགས་ཡོད་ཁྱོད་རང་དེ་པའི་སར་སོང་གསུངས། ལྡེ་ཆུང་ཅན་དུ་བྱོན་པས་ཁྱོད་སྔགས་ཆུང་ཤེས་རབ་ཅན་ངའི་བླ་མའི་སློབ་མ་བྱས་ན་འོང་བར་འདུག་པ་ལ་ད་འབལ་ཚ་སྟག་དེལ་བ་ཅན་དུ་སོང་ཟེར། བྱོན་པས་ཕུག་པ་ཅིག་ན་སྟག་ཆེན་པོ་ཅིག་ཉལ་ནས་འདུག །སྐྲག་སྟེ་བྲོས་པས་ད་དུང་སོང་ཟེར་ཕྱིན་པས་(པ༡༠ན)


PTT001_Page_0887
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་གི་ཤུལ་ན་མཚོ་ཆུང་ཞིག་འདུག །བསྐོར་བ་བྱས་རྡེའུ་འགའ་བསྐྱུར་ནས་ཕྱིན་པས་ད་དུང་སོང་ཟེར་ཕྱིན་པས་མཚོ་མེད་པར་སྒོམ་ཆེན་ཞིག་འདུག་པའི་པང་པ་ན་སྔར་བསྐྱུར་པའི་རྡེའུ་ཡང་འདུག །དེས་ཀྱང་དེ་སྐད་ཟེར་བས་སློབ་མ་འདི་འདྲ་ན་བླ་མའི་ཡོན་ཏན་ལྟ་ཅི་སྨོས་སྙམ་ནས་དད་པ་དབང་མེད་དུ་སྐྱེས་སྟེ་གདམས་ངག་ཞུས་ནས་ལོ་བདུན་དབུ་སྔས་ལ་མི་འཇོག་པར་དམ་བཅས་ནས་བསྒོམས་པས་རྟོགས་པའི་ཕུ་ཐག་ཆོད། འདི་ནི་རྣམ་ཐར་བདུད་རྩི་བུམ་བཟང་མ་ལྟར་ཡིན་ལ་གནས་ནང་པ་རྣམས་ཀྱི་ངག་སྒྲོས་ལ་རས་ཆེན་པས་ནུས་པ་འགྲན་པར་བཞེད་སྟེ་རྗེ་དུས་མཁྱེན་གྱི་དྲུང་དུ་བྱོན་པས་ཕུག་པ་ཅིག་ན་སྒོམ་ཆེན་བགྲེས་པོ་ཅིག་འདུག་པ་མཐོང་བས་ཟིལ་མ་བཟོད་སྟེ་ཕྱག་བྱས། ང་ཁྱེད་དང་ནུས་པ་འགྲན་དགོས་བྱས་པས་ང་རྒས་པས་ཁྱོད་དང་འགྲན་པ་མི་འོང་ཁྱོད་ལ་མགྲོན་ཞིག་བྱ་གསུངས་ནས་ཆུ་ཀ་པཱ་ལ་དོ་ཁོགས་མར་བླུག་སེ་རུ་རུས་པ་སྐུད་པ་ལ་བཏགས་པ་ཅིག་ཐབ་གོང་ན་བཀལ་འདུག་པ་ལན་གཉིས་དཀྲུགས་སྟེ་འཁོལ་བ་དང་གཉི་གས་ཀ་ལ་རེ་གསོལ་བས་སྔོན་མ་མྱོང་བའི་རོ་བཅུད་དཔེ་མེད་པར་མྱོང་བས་དད་པ་སྐྱེས། ཁྱོད་རང་ནུས་པ་འགྲན་ན་ངའི་སློབ་མ་ལྡེ་ཆུང་སངས་རྒྱས་ཀྱི་སར་སོང་གསུངས། ཁོང་གིས་ལྔར་ལྟར་འབལ་ཚ་སྟག་དེལ་བ་ལུང་བསྟན་ནས་ལུས་སྤྲུལ་བསྒྱུར་ཟད་པར་གྱི་བཀོད་པ་མཐོང༌། དེར་ཁོང་དང་གཏུམ་མོའི་དྲོད་འགྲན་པར་བྱས་ནས་དགུན་སྒང་ཆེན་མཚན་མོ་ཕུ་ཆུའི་ཆབ་རོམ་གྱི་སྟེང་དུ་སྟོད་དུ་སྟག་དེལ་བས་གཅེར་བུར་བཞུགས། རས་ཆེན་པས་རྡོ་རྒྱང་གང་ཙམ་གྱི་སྨད་དུ་དེ་ལྟར་བཞུགས་པས་སྟག་དེལ་བའི་འདོམ་སྐོར་གསུམ་གྱི་ཆབ་རོམ་ཞུ་ནས་ཆུ་ཚན་ལྟར་གྱུར་ཀྱང་འཐུར་དུ་འབབ་མ་བཅུག་པར་གྱེན་དུ་བསྐྱིལ་བས་ཁོང་རང་གི་སྐུ་ལུས་ལ་གྱེན་དུ་འཁྱིལ་ཞིང་རླངས་པ་དང་འདྲེས་པས་སྤྲིན་བརྩེགས་པ་ལྟར་གྱུར་སྟེ་འདུག །རས་ཆེན་པ་བཞུགས་པའི་སྐུས་གར་ཁྱབ་ཡིད་ཙམ་ཞུ་ནས་ཅུང་དྲོ་བར་གྱུར་ཀྱང་ཁོང་གིས་ཆུ་རླུང་(པ༡༠བ)


PTT001_Page_0888
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཟེར་བཏང་བས་ཤིན་དུ་གྲང་བར་གྱུར་པའི་ཚེ་ཐོ་རེངས་ཀྱི་ཆ་ལ་རྗེ་དུས་མཁྱེན་ན་མཁའ་ལ་བྱོན་ནས་སྟག་དེལ་བ་ཁྱོད་ཀྱིས་སྔགས་ཆུང་འདི་འཁྱགས་རིར་མ་གསད་གསུངས་པས་ཁོང་གིས་ཏིང་ངེ་འཛིན་གློད་པ་ན་ཆུ་ཚན་གྱི་རྒྱུན་གྱིས་ཆབ་རོམ་ཐམས་ཅད་དུས་གཅིག་དུ་ཁྱེར་སྐད། དེར་དད་པ་ཆེར་སྐྱེས་ནས་བླ་མའི་ཞབས་ལ་གཏུགས་ཅེས་སྒྲོག་ཞིང་སྣང་ངོ༌། །དེ་ནས་སློབ་དཔོན་བཀའ་གདམས་བའི་དྲུང་དུ་ཡང་ལོ་གསུམ་བསྒོམས། འདི་ཡན་རྣལ་འབྱོར་པ་ལྕང་ལོ་ཅན་དུ་ཡོད་པ་ལ་ཆོས་རྗེ་དང་བཀའ་གདམས་པའི་གསུང་མཉན་སྟེ་མཁན་པོ་ཁྲོམས་པ་ལས་དགུང་ལོ་སོ་བདུན་ལ་རབ་བྱུང་བསྙེན་རྫོགས་མཛད་འདི་སྔོན་ནས་བྱས་ན་འཚེངས་སྟེ་སྙམ་པ་བྱུང༌། མཚན་བསོད་ནམས་གྲགས་པར་བཏགས། ཡང་ཀརྨར་ཆོས་རྗེའི་དྲུང་དུ་ལོ་གསུམ་བཞུགས་སྟེ་ཆོས་གདམས་ངག་ཐམས་ཅད་ཚར་བར་མཛད། སྔོན་ཆོས་རྗེ་ཁོ་བོ་དབུས་སུ་འགྲོ་ཁྱོད་ཀྱང་དབུས་དགའ་བ་ཡིན་གསུངས་བ་ལ་དབུས་ཕ་ཡུལ་ཡིན་པས་མི་འགྲོ་བའི་དམ་བཅའ་ཡོད་པ་ལགས། གཞན་གར་ཕྱིན་ན་ལེགས་ཞུས་པས་རྨེ་མདོར་ཞིང་ཁམས་དཀར་ཆོས་བྱེད་ཀྱི་འདུག་ས་ཡང་བཟང༌། ལར་ཁྱོད་གང་དུ་ཕྱིན་ཡང་ལེགས་པར་འོང་གསུང་བ་ཡོད་པས་དྲུང་དུ་དབུས་སུ་བཞུད་དམ་དྲིས་པས་ང་ན་ནིང་ནས་ཀྱི་དེ་ཡིན་མོད་གསུངས་ནས་རིན་པོ་ཆེ་དབུས་སུ་བྱོན་པ་ལ་རྟ་ཤོད་རྣམ་རྒྱལ་གྱི་བར་དུ་བསྐྱལ། ལར་དབུས་སུ་ཕྱིན་ན་འགྲོ་ཕན་འདི་བས་ཆེ་བར་འདུག་སྟེ་དེ་དུས་དབུས་ཀྱི་འདུན་པ་བཏང་ནས་ཉལ་བས་རྡོ་རྗེ་རྣལ་འབྱོར་མ་རྒྱན་གྱིས་བརྒྱན་པ་འོད་ཟེར་དཔག་མེད་འཕྲོ་བར་མཐོང་གསུངས། ཆོས་རྗེ་རིན་པོ་ཆེ་རྡོ་རྗེ་རྣལ་འབྱོར་མ་དང་བདེ་མཆོག་དང་རྗེ་བཙུན་མ་དཔག་མེད་ཀྱིས་བསྐོར་བ་སོགས་ལན་དུ་མར་གཟིགས། སློབ་དཔོན་བཀའ་གདམས་པས་དབང་བསྐྱུར་ཞིག་མཛད་པའི་ཚེ་ཁོང་གིས་དམིགས་པ་ཇི་ལྟར་བསྒོམས་པ་དང༌། ཡེ་ཤེས་འབེབས་ཚེ་སིནྡྷུ་རའི་དཀྱིལ་འཁོར་གྱི་སྟེང་ན་ཌཱ་ཀི་མ་ལྕགས་ཀྱི་མདའ་(པ༡༡ན)


PTT001_Page_0889
[མ་དཔེ་གཟིགས་ན་འདིར་གནོན།]

གཞུ་ཅན་བཞི་ཁོང་གིས་དམིགས་པ་གར་གཏད་དུ་མདའ་གཞུ་ཝང་ཝང་བྱེད་པ་གཟིགས་པས་མཁན་པོ་དད་སྟེ་དབང་བསྐུར་ཚུར་ཞུས། སྤྱིར་ཡི་དམ་ཆོས་སྐྱོང་ཐམས་ཅད་ནམ་འདོད་དུ་གཟིགས། བྱ་བྱེད་ལེགས་ཉེས་ཐམས་ཅད་རྡོ་རྗེ་རྣལ་འབྱོར་མས་སྐུའི་རྣམ་འགྱུར་གྱིས་བརྡའི་ཚུལ་དུ་སྟོན། མཚུར་ཕུར་ཆོས་རྗེ་རིན་པོ་ཆེ་སྐུ་ཡལ་བ་མཁྱེན་སྟེ་གསོལ་འདེབས་མཛད། ཕྱིས་འདས་མཆོད་མཛད་ཚད་ལ་དག་སྣང་མཐའ་ཡས་པ་ཤར་སྟེ་བླ་མའི་འདས་མཆོད་འདི་རང་ངོ་མཚར་ཆེ་བར་འདུག་གསུང་ཞིང་ཞལ་རྟག་དུ་གཟིགས། བོན་པོ་ཐམས་ཅད་ནུས་མཐུ་དང་རྫུ་འཕྲུལ་གྱིས་བཏུལ་སྟེ་བོན་པོ་ལས་རྒྱལ་བའི་མགུར་བཞེངས། ཀརྨ་དང་གནས་ནང་སོགས་སུ་བཞུགས་ནས་ཆོས་རྗེ་རིན་པོ་ཆེའི་རྒྱལ་ཚབ་མཛད་སྟེ་འཕྲིན་ལས་བསྐྱངས། དགུང་ལོ་བདུན་བཅུ་བཞེས་པའི་དུས་མནལ་ལམ་ན་བཀའ་རྒྱུད་ཀྱི་བླ་མ་ཀུན་བྱོན་དེ་རབ་བྱུང་འགའ་ཙམ་ལས་ཕལ་ཆེར་རྣལ་འབྱོར་པར་འདུག །ཏེ་ལོ་པས། ན་མཁའ་ལ་ནི་བྱ་བཞིན་དུ། །ཐོགས་མེད་ཤེས་རབ་བཟང་པོ་འགྲོ། །གསུང་ནས་ལྷོ་ནུབ་ཀྱི་ན་མཁའ་ལ་བཞུད། དེ་བཞིན་དུ་རེ་རེས་ཚིགས་བཅད་རེ་གསུངས་སྟེ་བཞུད་པའི་ཕྱི་བཞིན་ཉིད་ཀྱང་འཕུར་ནས་བཞུད་པ་རྨིས་གསུངས། དེ་ནས་སྐུ་ཅུང་ཟད་བསྙུན་པར་བསྟན་སྟེ་ངའི་བླ་མ་གོང་མ་རྣམ་ལྷོ་ནུབ་ཏུ་བཞུད་པས་ང་ཡང་དེར་འགྲོ་བ་ཡིན་གསུངས་སྟེ་ཉེར་ལྔའི་ཐོ་རངས་ཞི་བར་གཤེགས། གདུང་བཞུས་པས་རིང་སྲེལ་ན་མཁའ་ལས་ཆར་གྱི་ཚུལ་དུ་འབབ་པ་དང་ལྷའི་རོལ་མོ་བྱུང༌། རྟེན་དུ་མ་དང་ཁྱད་པར་ཐུགས་ཤེལ་ལྟ་བུ་བྱོན་པ་སོགས་སྐུ་འབུམ་དུ་བཞུགས་སོ། །སློབ་མའང་ཉིད་ཀྱིས་ངའི་འཁོར་རྣམས་ལ་དགེ་སྦྱོར་སྐྱང་རྒྱུ་མེད་པ་མེད། སེམས་ངོ་ཤེས་པ་ཤིན་དུ་མང༌། ང་མི་དགོས་པའང་འགའ་རེ་ཡོད་ཅེས་གསུངས་ཤིང༌། སློབ་མའི་གཙོ་བོ་ནི་རྒྱལ་སྲས་སྤོང་བྲག་པ་ཡིན་སྟེ་འབྲི་དམ་པ་ཆོས་ཕྱུག་(པ༡༡བ)


PTT001_Page_0890
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་འཁྲུངས། དགུང་ལོ་ལྔ་ནས་འབྲི་ཀློག་མཁས་པར་མཁྱེན། དགུ་ནས་གཉན་ལྷ་ཁང་སྒང་པ་ལ་མ་རྒྱུད་གསན། བཅུ་བཞིའི་ཚེ་རྗེ་འགྲོ་མགོན་གྱི་སྙན་པ་གསན། མཚན་ཐོས་པས་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེས། བུད་མེད་དམར་མོ་བུད་མེད་མང་པོས་བསྐོར་བ་ཞིག་གིས་ཁྱོད་ཀྱི་བླ་མ་དྭགས་པོ་སྒོམ་ཆུང་གི་སྐྱེ་བ་འགྲོ་མགོན་རས་ཆེན་ཡིན་ཞེས་ལུང་བསྟན། དེ་ནས་ཞག་བཅུ་ན་འབོབ་སྐར་སྒང་དུ་རྗེ་རས་ཆེན་བྱོན་པ་དང་མཇལ། རབ་ཏུ་བྱུང་སྟེ་མཚན་བསོད་ནམས་རྡོ་རྗེར་གསོལ། བླ་མ་ཕྱག་ན་རྡོ་རྗེ་དངོས་སུ་ཐག་ཆོད་པ་བྱུང༌། རྗེ་བཙུན་མའི་དབང་བསྐུར་ཞུ་བ་ཞིག་གི་དབང་བསྐུར་མཛད་པས་ཡེ་ཤེས་འབེབས་ཚེ་ཕྱོགས་བཅུ་ཀ་རྗེ་བཙུན་མའི་དཀྱིལ་འཁོར་དུ་ཡུན་རིང་དུ་གསལ་བས་བླ་མས་བཙུན་ཆུང་འདིས་ངའི་དབང་བསྐུར་ཐོབ་པ་ཡིན་གསུངས། དེ་ཕྱིན་ཆད་ཕ་བུ་ཕྲད་པ་ལྟར་ཐུགས་ལ་བཏགས། སྐུངས་དགོན་པར་འཁོར་ལོ་སྡོམ་པའི་ལྷ་ཚོགས་གཟིགས་པ་ལ་ཡུན་རིང་དུ་ཡེངས། དེའི་རྗེས་སུ་གནས་ལུགས་སེམས་ཀྱི་ངོ་བོ་སྤྲོས་བྲལ་ཇི་ལྟ་བར་རྟོགས་གསུངས། དེ་ནས་རིང་པོར་མ་ལོན་པར་ཐང་ཤིང་ཞིག་གི་མདུན་དུ་ཏིང་ངེ་འཛིན་མཛད་པས་དེའི་ཡལ་ག་རེ་རེའི་སྟེང་ན་ཡང་རྗེ་དུས་མཁྱེན་དཔག་མེད་བཞུགས་སྟེ་མགྲིན་གཅིག་དུ། སྐྱེ་མེད་ཀྱི་དོན་ལ་གོམས་པར་མི་བྱེད་པར་དམིགས་པ་སྣ་ཚོགས་ལ་ཞེན་པར་མ་བྱེད་གསུང་བ་ཡུན་རིང་དུ་གཟིགས། དེའི་མོད་ལ་སྒོམ་མེད་ཀྱི་ངོ་བོ་རྣལ་མ་དེ་རྟོགས་གསུངས། ཀརྨར་དཔའ་བོ་མཁའ་འགྲོ་མང་པོས་བླ་མ་ལ་བསྐོར་བ་བྱེད་པ་གཟིགས། ལྷ་ཕུ་གནམ་རྫོང་དུ་དཔལ་ལྷ་མོས་ཕྱག་བཙལ། སྒྲོལ་དཀར་གྱིས་བྱིན་གྱིས་བརླབས། སྔགས་བདག་གི་ཡོན་བདག་དུ་ཁས་བླངས། མི་གཡོ་བ་ལ་ཁྲོ་བོ་མང་པོས་བསྐོར་བ་སོགས་གཟིགས་སྣང་མང་དུ་བྱུང༌། བླ་མ་ལ་ཞུས་པས་སྒོམ་ཆེན་པའི་ལམ་རྟགས་མགོ་མ་ཙམ་ཡིན། དེ་ཙམ་ལ་རློམ་སེམས་བྱར་མི་རུང་གསུངས། རས་ཆུང་པ་རྟོགས་ལྡན་ཡིན་ཞེས་ཡང་ཡང་གསུང་ཞིང་ཡོན་(པ༡༢ན)


PTT001_Page_0891
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་ཅན་དུ་གྲགས་པས་སྙོམས་ཆུང་ཡིན་ཡང་གྲ་པ་སྟོང་གི་ནང་ན་ཀུན་གྱིས་བཀུར་ཞིང་བླ་མ་མཆོག་དུ་དགྱེས། ཡོན་སྒོམ་གྲགས་ཤེས་འབུལ་ཆེན་ཁྱེར་ནས་ཆོས་སྐྱོངས་གི་གཏོར་དབང་ཞུས་པའི་ཞར་ལ་ཞུས་པས་མ་མགོན་གཉིས་ཕྱག་བཞི་པ་དང་གསུམ་དུས་གཅིག་དུ་གཟིགས། བླ་མའི་ཞལ་ནས་ཆོས་སྐྱོངས་ལའང་གཏད་པ་མི་འདུག །ཡོན་སྒོམ་གྱིས་ཟས་ནོར་འདི་ཙམ་བཏང་བ་ལས་རས་ཆུང་པ་ལ་ཆུ་ཕུལ་གང་གཏང་རྒྱུ་མེད་པ་ལ་དགྱེས་པར་འདུག་གསུང༌། དེར་བླ་མ་བཀའ་དྲིན་ཅན་འདི་ལ་ཟང་ཟིང་གི་འབུལ་བ་ཞིག་བྱ་དགོས་སྙམ་ནས་ས་སྨད་དུ་གྲ་གེའི་བླ་མཆོད་ལ་འབྱོན་པར་དགོངས་ཙ་ན། བླ་མས་རས་ཆུང་པ་ཁོ་འདུད་ཀྱི་ཁྱེར། བླ་མའི་ཞབས་ཏོག་སྒྲུབ་པ་ཡིན་པ་ལ་ཞེས་ཡང་ཡང་གསུང༌། དེ་སྐད་ཞུར་ཕྱིན་པས་ས་སྨད་དུ་ཡེ་མ་འགྲོ་མི་ཁམས་ཤིན་དུ་གནག་བར་ཆད་བྱུང་ཉེན་ཡོད་སྒྲུབ་པ་འདི་གར་བྱས་ན་དགའ་གསུང༌། སྐུ་འདའ་ཁར་ངའི་སློབ་མ་ཀུན་གྱིས་རང་མགོ་ཐོན་ཙམ་རེ་ཡོད། བློ་གྲོས་རིན་ཆེན་དང་ཁྱེད་གཉིས་ལ་བསྟན་པའི་བདག་པོ་རེ། ཁྱད་པར་དུ་ཁྱོད་ལ་འཕྲིན་ལས་ཆེན་པོ་འབྱུང༌། ཁྱོད་ཀྱི་བུ་སློབ་ཡང་སློབ་ཀྱི་རིང་ནས་བསྟན་པ་ཕྱོགས་མེད་དུ་རྒྱས་གསུང༌། དེའི་ཚེ་བླ་མ་ཤཱཀྱ་ཐུབ་པ་སངས་རྒྱས་དཔག་མེད་ཀྱིས་བསྐོར་བར་གཟིགས་པས་བསྟན་པའི་བདག་པོ་བྱེད་པའི་བརྡ་ཡིན་གསུང༌། བླ་མ་འདས་ནས་གདུང་སྦྱང་བའི་དུས་སུ་རྒྱལ་བ་རིགས་ལྔ་དང་འཁོར་ལོ་སྡོམ་པའི་ལྷ་ཚོགས་དཔག་མེད་གཟིགས་ཤིང་འོག་མིན་ལྟ་བུའི་སྣང་བ་ཤར་ནས་གདུང་དབྱངས་དང་གར་བསྒྱུར་བ་སོགས་སྤྱོད་པ་སྣ་ཚོགས་མཛད་པས་ཁ་ཅིག་ངེད་ཚོ་སྡུག་བསྔལ་བའི་ཚེ་འདི་ལྟར་བྱེད་པ་ཟེར་མ་དགའ་བ་བྱུང་སྐད། དེ་ནས་རྨེན་འདོར་ལ་བྱོན་ཐུགས་ཕྱོགས་མེད་ཀྱི་རི་ལ་གཏད་པའི་ཚེ་རྗེ་དུས་མཁྱེན་གྱིས་གར་ཡང་མ་འགྲོ་འདི་ཉིད་དུ་སྒོམས་དོན་གཉིས་མཐར་ཕྱིན་པར་འགྱུར་རོ་གསུང་བ་གསན་ནས་བ་ལེ་གོང་དུ་བསྒོམས་པས་ཡོན་ཏན་(པ༡༢བ)


PTT001_Page_0892
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས་པ་འཁྲུངས། རྩོལ་སྒྲུབ་མེད་པར་འཕྲིན་ལས་རྣམ་བཞི་གྲུབ། མི་དང་མི་མ་ཡིན་ཐམས་ཅད་འདུས། ལོངས་སྤྱོད་ཆར་ལྟར་དུ་བབ་སྙན་པས་ཕྱོགས་ཐམས་ཅད་དུ་ཁྱབ་སྟེ་གནས་དེར་ལོ་བཅུ་དྲུག་བཞུགས། དེ་དུས་ཀ་ཐོག་གཙང་སྟོན་པ་དེ་སྙན་པ་ཆེ་བས་མནལ་ལམ་གཏད་པ་ན་ལོངས་སྐུའི་ལྷ་ཚོགས་དང་ཁོང་གི་དབུ་ཐོག་ན་འཇའ་འོད་དང་ཧེ་རུ་ཀ་མང་པོ་གཟིགས་པས་ཆོས་གསན་པས་སླར་མཁྱེན་པ་ཕྱོགས་མེད་དུ་རྒྱས། དེ་ནས་ཁྲ་ཤོད་སྤོང་བྲག་དུ་གདན་ས་བཟུང་ཞབས་ཅུང་ཟད་མ་བདེ་བ་ན་བཀའ་རྒྱུད་ཀྱི་བླ་མ་ཐམས་ཅད་དང་ཁྱད་པར་རྗེ་འགྲོ་མགོན་བྱོན་སྟེ། སྐྱེ་བ་མེད་ལ་མཉམ་རྗེས་མེད། །ན་ཚ་སྡུག་བསྔལ་འཁྲུལ་པ་སྟེ། །སྐྱེ་ཤིས་འཇིགས་ན་སྒོམ་ཆེན་མིན། །ཞེས་གསུང་བ་གསན་པས་མཉམ་རྗེས་རང་སར་དག་སྟེ་སྐུ་གསུམ་གྱིས་ངོ་བོར་གྲུབ་བོ། །གཞན་དོན་རྒྱ་ཆེར་མཛད་ནས་རེ་ཞིག་སྨར་ཁམས་སུ་ཕེབས་པ་ན་སྐུ་ཁམས་མ་བདེ་བས་རྗེ་ཀརྨ་པ་ཕྱག་ཕྱིར་བཞུགས་པ་ལ་ད་ནི་ཁོ་བོ་འགྲོ་བར་འདུག །རྗེ་འགྲོ་མགོན་གྱི་གསུང་ནས་སྨར་ཁམས་སུ་མ་འགྲོ་ཡང་ཡང་གསུང་བ་ལ་བློ་བུར་དུ་འོང་དགོས་བྱུང་བས་བླ་མའི་གསུང་བཅག་པས་ལན་པར་འདུག །འོན་ཡང་ཁོ་བོ་རྐྱེན་གྱིས་མི་བརྫི་ཉམ་ང་དང་བྲལ་བའི་གདེང་ཡོད་ཅེས་མགུར་མང་པོ་གསུངས། སྐད་ཅིག་གིས་དགའ་ལྡན་དུ་བྱམས་པའི་སྣང་བ་འཆར། ང་དང་བྱམས་པ་ལ་གསོལ་བ་ཐོབ། ངའི་སྤྲུལ་པ་ཅིག་ཀརྟི་ཀ་ན་རྗེ་དུས་མཁྱེན་གྱི་སྤྲུལ་པ་དེའི་རྒྱལ་ཚབ་བྱས་ནས་གཞན་དོན་ཆེར་བྱེད་གསུངས། ཡང་རྗེ་ཀརྨ་པ་ལ་བཀའ་རྒྱུད་འདི་སློབ་དཔོན་ལས་སློབ་མ་འཕྲིན་ལས་ཆེ་བར་འབྱུང་བ་ཡིན་ཞིང་ཁོ་བོ་ཡན་གྱི་བཀའ་རྒྱུད་ཀྱི་བླ་མ་ཐམས་ཅད་ཀྱི་འཕྲིན་ལས་ཁྱོད་གཅིག་པུ་ལ་བརྟེན་ནས་འབྱུང་བར་འདུག །བུ་སློབ་སྐལ་ལྡན་བསམ་གྱིས་མི་ཁྱབ་པ་འབྱུང་ངོ་གསུངས་ནས་སྐུ་འདས་སྟེ་མཚན་ལྟས་དཔག་མེད་བྱུང་ངོ༌། །རྫོགས་པའི་སངས་རྒྱས་(པ༡༣ན)


PTT001_Page_0893
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་ངོ་བོ་དཔལ་ཀརྨ་པ་ནི་སྔོན་རྫོགས་ལྡན་གྱི་ཐ་མ་རྩོད་ལྡན་གྱི་དང་པོ་མང་བསྐུར་རྒྱལ་པོའི་དུས་རྡོ་རྗེ་འཆང་ཨིནྡྲ་བྷཱུ་ཏི་ཡེ་ཤེས་སྒྲིབ་པ་མེད་པའི་སྐུར་བསྟན་པའི་ཚེ་ཤཱཀྱའི་རིགས་མཐོང་ན་ཡིད་འོང་གི་མདུན་དུ་རྣལ་འབྱོར་ན་མཁའ་འོད་ཡེ་ཤེས་དབྱིངས་སུ་གྱུར། ཡང་སངས་རྒྱས་རབས་བདུན་གྱི་དྲུང་དུ་བཀའ་བསྒྲུབས་དགོངས་པ་རྫོགས་པར་བྱས། ཉན་ཐོས་མཆོག་བརྒྱད། སེམས་དཔའ་བརྒྱད། རྣལ་འབྱོར་གྲུབ་ཆེན་བརྒྱད་དང་གཉིས་སུ་མེད་པས་སྔགས་ཀྱིས་སྒྲུབ་ཐོབ་མཐའ་ཡས་པར་བསྟན། རྒྱལ་པོ་ཛའི་ཁབ་ཏུ་ཆོས་ཀྱི་གླེགས་བམ་བབས་བའི་ཚེ་རྒྱལ་པོ་ཛའི་ཚ་བོ་བཛྲ་ཤྲཱིར་གྱུར་པ་དང༌། རྡོ་རྗེ་སེམས་དཔའི་སྤྲུལ་པ་ལྷའི་བུ་ཀུན་དགའ་སྙིང་པོ་དགའ་རབ་རྡོ་རྗེ་བྱས་ནས་རྫོགས་པ་ཆེན་པོ་སྟོན་པའི་ཚེ་ཏོག་ཙེ་རྣལ་འབྱོར་གྱི་དབང་ཕྱུག་དུ་གྱུར་ནས་རྫོགས་ཆེན་ཐམས་ཅད་རྟོགས་ནས་ད་ལྟའི་བར་སྔགས་སར་རྙིང་ཐམས་ཅད་ཇི་ལྟ་བར་མངོན་དུ་གྱུར་པ་བརྗེད་པ་མེད་པ་དང༌། སངས་རྒྱས་ཤཱཀྱ་ཐུབ་པའི་དྲུང་དུ་རྒྱལ་པོ་ཆེན་པོ་ཞིག་དུ་གྱུར་པས་རྒྱལ་སྲིད་ཐམས་ཅད་ཆགས་ཐོགས་མེད་པར་བྱིན། དེ་བཞིན་དུ་ཀླུ་སྒྲུབ་ཀྱི་སློབ་མ་དགེ་སློང་ཡོན་ཏན་བློ་གྲོས་ཅེས་ནུས་པ་མཆོག་དུ་གྱུར། རྒྱལ་ནག་སྟོང་ཀུན་དུ་རིག་འཛིན་རྣལ་འབྱོར་པར་གྱུར་ནས་ལྷ་འདྲེ་མི་གསུམ་དམ་ལ་བཏགས་སྟེ་བསྟན་པ་དྲག་པོའི་སྒོ་ནས་བཙུགས། བྱང་ཕྱོགས་ལྕང་ལོ་ཅན་དུ་གནོད་སྦྱིན་གྱི་བདག་པོའི་བུར་གྱུར་པས་གནོད་སྦྱིན་རྣམས་ཀྱི་དོན་བྱས། དགེ་སློང་ཡེ་ཤེས་རྒྱལ་མཚན་ཞེས་བྱ་བར་གྱུར་སྟེ་ཁྲོ་གཉེར་ཅན་གྲུབ། མེས་སྲོང་ཙན་སྒམ་པོའི་དུས་སུ་ཤར་ཕྱོགས་ཀྱི་འཁོར་ལོས་བསྒྱུར་བ་སེང་གེ་རབ་རྩལ་དུ་གྱུར་སྟེ་ད་ལྟའང་རྒྱལ་པོ་དེ་ཡོད། སློབ་དཔོན་ཞིང་གི་རྡོ་རྗེ་ཞེས་བྱ་བ་ཞིག་ཡང་ཡིན་སྟེ་འདི་རྣམས་དུས་མཚུངས། ནུབ་བ་ལང་སྤྱོད་དུ་རྣལ་འབྱོར་པ་ཉི་མའི་འོད་ཟེར་གྱུར་སྟེ་མུ་སྟེགས་(པ༡༣བ)


PTT001_Page_0894
[མ་དཔེ་གཟིགས་ན་འདིར་གནོན།]

བཏུལ་བས་ད་ལྟ་འདུལ་སླ་བ་ཡིན། དེའི་ཚེ་ནུབ་ཕྱོགས་སུ་མགོན་པོ་ནག་པོ་ལ་དབང་བསྒྱུར་བའི་སྔགས་པ་ཅིག་དུ་གྱུར་ནས་མགོན་པོ་དངོས་སུ་གྲགས། ཡང་རྒྱ་གར་ནུབ་ཕྱོགས་སུ་རྣལ་འབྱོར་པ་སེང་གེ་ཡེ་ཤེས་ཅན་དུ་གྱུར་སྟེ་བརྟུལ་ཞུགས་ཀྱིས་འགྲོ་བ་བཏུལ། དེའི་ཚེ་ཉིད་ན་རྣལ་འབྱོར་མ་ཆང་ཚོང་མར་གྱུར་ནས་སྣང་སྲིད་དབང་གི་འཕྲིན་ལས་ཀྱིས་རྒྱལ་འབངས་སྨིན་གྲོལ་ལ་བཀོད། དེའི་ཚེ་ད་ལྟའི་འདི་ལྟ་བུ་རྒྱལ་ཁམས་ཀུན་དུ་རྫུ་འཕྲུལ་གྱིས་འདུལ་བ་ཞིག་ཡང་བྱུང་ཞེས་སོགས་སྔོན་གྱི་ཚུལ་དུས་མཉམ་པ་དང་སྔ་ཕྱི་ཅན་སོགས་མཐའ་ཡས་པས་གསུངས་ཤིང་ད་ལྟར་ཡང་ཡུ་གུར་གྱི་ནང་ན་བརྟུལ་ཞུགས་ཀྱིས་འདུལ་བ་དང༌། བལ་བོད་ཀྱི་མཚམས་ན་རྔོན་པའི་གཟུགས་ཅན་དང་ཡར་ལུངས་ན་ཆགས་ལམ་པ་ཅིག་སྟེ་སྐུའི་བཀོད་པ་དུས་མཚུངས་སུ་གསུངས་པ་ལས་སྐུ་དངོས་འདི་ནི། སྤྱིར་ཆོས་སྐུ་རང་བྱུང་མཚོན་དུ་མེད་པ་ཨིནྡྲ་བྷཱུ་ཏི་དང་པོའི་ཨོ་ཌྱན་དང༌། ལོངས་སྐུ་བདེ་ཆེན་ཅུང་ཟད་མཚོན་དུ་ཡོད་པ་ཨིནྡྲ་བྷཱུ་ཏི་བར་པའི་ཨོ་ཌྱན་དེ་ཉིད་དང༌། སྤྲུལ་སྐུ་བེམས་པོ་རྩི་ཤིང་ནགས་ཚལ་ཅན་སེམས་ཅན་གྱི་གནས་ཨིནྡྲ་བྷཱུ་ཏི་མཐའ་མའི་ཨོ་ཌྱན་སྟེ་གསུམ་ལས་སྤྲུལ་སྐུ་ཨིནྡྲ་བྷཱུ་ཏི་ཉིད་བྲམ་ཟེ་ཆེན་པོ་ས་ར་ཧར་བསྟན་པ་བོད་ཡུལ་དུ་གྲུབ་ཐོབ་དབུ་སེ་ཞེས་གྲགས་པ་རྗེ་དུས་མཁྱེན་མྱ་ངན་ལས་འདས་ནས་ལོ་བཅུ་གསུམ་ལོན་པའི་ཚེ་བོད་ཆེན་པོ་མདོ་ཁམས་འབྲི་ཆུའི་རྒྱུད་དམ་པ་ཆོས་ཀྱིས་ཕྱུགས་པའི་ཡུལ་སྟོང་བྱི་ལེའི་ཚག་ཏོ་ཅེས་བྱ་བར་བཙད་པོ་ཨུའི་རིགས་ཡབ་རྒྱལ་དབང་ཚུར་ཚ་དང་ཡུམ་སེང་བཟའ་མང་སྐྱིད་ཀྱི་སྲས་ཆུང་ཤོས་སུ་མེ་ཕོ་སྟག་གི་ལོ་ལ་འཁྲུངས། དེབ་སྔོན་དུ་ནི་དེ་ལས་ལོ་གཉིས་ཀྱིས་སྔ་བའི་ཤིང་བྱི་དེ་འཁྲུངས་ལོར་འཆད། མཚན་ཆོས་འཛིན་དུ་གསོལ། ལོ་ལྔ་ནས་ཡིག་ཀློག་མཁས་པར་མཁྱེན་སྟེ་དགུང་ལོ་བཅུ་པའི་བར་དུ་གསུང་རབ་མཐའ་དག་གཟིགས་པ་ཙམ་གྱིས་མཁྱེན། སེམས་ཉིད་གཡོ་འགུལ་མེད་པ་རི་བོ་ལྟར་བརྟན་པ་བྱུང༌། (པ༡༤ན)


PTT001_Page_0895
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རང་ངོ་ཅུང་ཟད་མ་རྟོགས་པ་རྗེ་སྤོང་བྲག་པས་ངོ་སྤྲད་སྟེ་སྔར་འདྲིས་ཀྱི་མི་དང་ཕྲད་པ་ལྟ་བུར་གྱུར། དེ་རིང་ན་མཁའ་དཔའ་བོ་མཁའ་འགྲོས་གང་བ་དང་ཁྱོད་འདུག་པའི་ཐད་ན་རྗེ་དུས་གསུམ་མཁྱེན་པ་ལ་སོགས་བཀའ་རྒྱུད་ཀྱི་བླ་མ་སྤྲིན་གཏིབས་པ་ལྟ་བུ་སྣང་སྟེ་ཁྱོད་ནི་ལས་ཅན་དུ་འདུག །ཁྱོད་དང་འཕྲད་ཕྱིན་དག་སྣང་ལ་ཟད་པ་མེད་གསུངས་ནས་དགུང་ལོ་བཅུ་གཅིག་པ་ལ་རབ་ཏུ་ཕྱུང་དཔལ་ཆེན་པོ་ཆོས་ཀྱི་བླ་མར་མཚན་གསོལ། དབང་གདམས་ངག་ཐམས་ཅད་ཚངས་སྤྲུགས་སུ་གནང༌། ཕྱིས་དགུང་ལོའི་ཚིགས་ཚང་ནས་ཀ་ཐོག་པ་བྱམས་པ་འབུམ་གྱིས་མཁན་པོ། རིན་ཆེ་སྦོང་བྲག་པས་སློབ་དཔོན། སྤྱན་སྔ་མང་ཕུ་བས་གསང་སྟོན་མཛད་སྟེ་བསྙེན་པར་རྫོགས། གཏུམ་མོ་སྒྱུ་ལུས་འོད་གསལ་ཕྱག་ཆེན་དབྱེར་མེད་པ་རླུང་སེམས་གནད་ཀྱི་འཁོར་ལོ་རྒྱུན་ཆད་མེད་པར་བསྐོར་བས་བདེ་དྲོད་ཀྱིས་གངས་རི་ཞུ་ནུས་པ་བྱུང༌། བརྒྱུད་པ་འདིའི་གདམས་ངག་ལ་ཁྱོད་ལྟ་བུའི་བརྩོན་འགྲུས་དགོས་པ་ཡིན་གསུངས་ནས་མཉེས། མ་མགོན་གྱི་དབང་ཞུས་པས་ཞལ་གཟིགས་འཕྲིན་ལས་ཐོགས་མེད་དུ་སྒྲུབ། ཐུན་བར་དུ་རྗེ་བཙུན་མའི་སྙིང་པོ་བཟླས་ཞལ་རྒྱུན་དུ་མཐོང༌། སངས་རྒྱས་ཀྱི་ཞིང་དང་དཔའ་བོ་མཁའ་འགྲོའི་ཚོགས་བགྲང་གིས་མི་ལང་བ་རྟག་དུ་གཟིགས་པ་ལ། བླ་མའི་ཞལ་ནས་རླུང་སེམས་ཀྱི་འདུས་ཚུལ་ཡིན། སྒོམ་ཆེན་པའི་རྟགས་སྣང་འགོ་མ་ཙམ་གསུངས། བྲག་གོ་ཚང་ཅན་དུ་གཅིག་པུར་བསྒོམས་པས་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་འོད་ཟེར་ཕྱོགས་བཅུར་འཕྲོ་བའི་སྣ་ལ་ཡིག་དྲུག་དམར་པོ་ཤས་ཆེ་བ་གསལ་ཞིང་ན་མཁའི་ཁམས་ཐམས་ཅད་དུ་ཡིག་དྲུག་འུར་དིར་དུ་གྲག་པའི་ནང་ནས། སྤྱན་རས་གཟིགས་དབང་ཐུགས་རྗེ་ཡི། །ཕྲིན་ལས་འོད་ཟེར་ཕྱོགས་བཅུར་རྒྱས། །ཅེས་རང་བྱུང་དུ་གྲགས་ཤིང་སེམས་ཅན་རེ་རེའི་མདུན་ན་ཡང་དེ་ལྟ་བུ་སྣང་བ་ཐམས་ཅད་རང་ཉིད་ལ་ཐིམ་ཞིང་འཕྲོ་བ་དང༌། རྡོ་རྗེ་རྣལ་འབྱོར་མ་རིགས་ལྔས། རྗེ་བཙུན་(པ༡༤བ)


PTT001_Page_0896
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རྣལ་འབྱོར་མ། །རྒྱུད་རྣམས་ཀུན་གྱི་རྩ་བ་ཡིན། །ཞེས་གསུང་བ་གསན་པས་རྒྱུད་སྡེ་སྟོང་དང་བདུན་བརྒྱའི་སྒོ་ཕྱེར། ལུང་པ་དམར་པོ་ཡངས་ཤིང་ཆེ་བ་ཞིག་ན་ཆང་གི་རྒྱུན་ཆུ་བོ་དབྱར་འབྲུབ་པ་ལྟ་བུ་འབབ་པ་ལ་བུད་མེད་ཅིག་གིས་འདིའི་ཕུ་ལ་ཡར་སོང་དང་གང་ནས་འབབ་མཐོང་བར་འགྱུར་ལ་འདི་ནི་ཁྱོད་ཀྱི་ཡིན་སྟེ་ད་དུང་ཡུན་རིང་དུ་འབབ་པོ་ཟེར། ཕུ་དེར་བྱོན་པས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་ཞིག་ནས་འབབ་ཅིང་འདུག་པའི་སྟེང་གི་ན་མཁར་རྗེ་བཙུན་མ་གཙོ་འཁོར་བཅུ་བདུན་གཟིགས། བླ་མས་ཀྱང་བརྒྱུད་པའི་གདམས་ངག་གི་ཆེ་བ་ཐོན། བཀའ་རྒྱུད་ཀྱི་དགོངས་པ་རྫོགས་པ་ཁྱོད་ལ་འབྱུང་ཞེས་ལུང་བསྟན། ཆོས་སྐྱོང་གི་ཞལ་གྱི་དཀྱིལ་འཁོར་གནམ་ས་ཁྱབ་པ་སྤྱན་ཉི་ཟླ་ཤར་བ་ཙམ་ཞིག་ཉིན་གཅིག་དུ་ཧཱུྃ་སྒྲ་སྒྲོག་ཞིང་སྣང་སྲིད་ཟིལ་གྱིས་ནོན་པའི་འཕྲིན་ལས་འབྱུང་གསུང་བ་གསན། གཏུམ་མོའི་དྲོད་ཀྱིས་དགུན་སྒང་ཆེན་ཡང་བཞུགས་པའི་ལུང་པར་ཆབ་རོམ་མི་ཆགས། བཞུགས་ཕུག་གི་བྲག་ཞུ་རྡོ་བཅལ་གྱི་རྡོ་དཀར་ནག་ཐམས་ཅད་ལུགས་བླུག་པ་ལྟར་འདྲེས་པ་སྒྲུབ་རྡོར་གྲགས་པ་ད་ལྟ་ཡང་མཇལ་དུ་ཡོད། ཤར་ཕྱོགས་སྤུང་རིའི་གཞི་བདག་གིས་སྤྱན་དྲངས་སྟེ་རི་འདི་ཉེ་བའི་གནས་ཡིན་པས་ཕོ་བྲང་གདབ་པར་ཞུས། འཕྲིན་ལས་ལ་བསྐུལ་བའི་ལུང་བསྟན་དུ་མ་བྱུང་ནའང་ཐུགས་ཅུང་ཟད་ཀྱང་མ་གཡོས་པར་ལོ་བཅུ་གཅིག་དུ་ཏིང་ངེ་འཛིན་ལ་བཞུགས། ས་གཡོ་རི་འགུལ་ཐོག་ཆར་ལྟར་འབབ་པའི་ཆོ་འཕྲུལ་རྣམས་ཟིལ་གྱིས་མནན། རྩོལ་སྒྲུབ་སྣ་ཚོགས་ཀྱིས་འཕྲིན་ལས་རེ་རེ་ཟུང་ཟུང་གྲུབ་པ་དང༌། ཡུལ་ཁམས་རེ་རེ་ཟུང་ཟུང་གི་སློབ་དཔོན་ལ་དགོས་པ་མེད་དགོངས་སྟེ་ཕྱག་རྒྱ་ཆེན་པོའི་སྲོག་མཐུ༏ ཚོགས་གཉིས་རྫོགས་པའི་ནོར་སྒྲུབ༏ བྱང་ཆུབ་སེམས་ཀྱི་དབང་བསྡུད༏ གཅིག་ཤེས་ཀུན་གྲོལ་གྱི་མཁྱེན་པ་ཡོངས་སུ་རྫོགས་པའི་གནད་བཞི་ཆོས་ཉིད་ཀྱི་འཁོར་ལོ་བསྐོར། གྲྭ་པ་ལྔ་བརྒྱ་ཙམ་ལ་རྒྱགས་(པ༡༥ན)


PTT001_Page_0897
[མ་དཔེ་གཟིགས་ན་འདིར་གནོན།]

རྩོལ་མེད་དུ་བཀྱེ་ནས་རྩེ་གཅིག་དུ་སྒོམ་དུ་བཅུག །ལྷ་སྲིན་སྡེ་བརྒྱད་བྲན་དུ་བཀོལ། མ་མགོན་ལྕམ་དྲལ་ཕོ་ཉར་བཀྱེ་སྟེ་རྒྱ་དང་འཇང་ཡན་ལ་ལམ་རྒྱ་དང་འཕྲིན་ལས་བཞི་དངོས་སུ་མཛད། དགོ་རིག་དུ་སྨྱོ་བ་བཏུལ་སྟེ་གཏོར་མ་ཆེན་པོ་མི་བཞིས་མི་ཐེག་པ་ཕྱག་གཅིག་གིས་འཕངས། ཡབ་ལེགས་ལྡན་ནག་པོས་ས་སྨད་ལྷ་དམག་གིས་བཀང་སྟེ་ཙནྡ་ནའི་བེང་གིས། བསོད་ནམས་རི་བོ་བཞིན་དུ་བརྟན། །བརྒྱུད་འཛིན་ཉི་ཟླ་བཞིན་དུ་གསལ། སྙན་པས་ན་མཁའ་བཞིན་དུ་ཁྱབ། །ཅེས་པའི་བརྡར་ས་ལ་རི་མོ་གསུམ་བྱས། ཞབས་ས་ལ་དྲགས་པོར་བརྡབས་པ་འཕྲིན་ལས་ཀྱིས་ཛམ་གླིང་གཡོ་ནུས་པའི་བརྡར་དགོངས་ནས་མཚོ་རོང་མཆོད་ཁང་གི་སྒོ་ལ་ངེད་ཀྱིས་ཛམ་གླིང་ཙམ་ལ་ཁྱབ་པ་ཀུན་གྱི་བདག་པོ་འོང་ངམ་སུས་ཤེས་བྱ་བ་བྲིས་བཅུ་གཅིག་ཞལ་ན་མཁའ་ཁྱབ་པས་ཡི་གེས་དྲུག་པའི་འཕྲིན་ལས་ཀྱིས་འགྲོ་དོན་གྱིས་ཅིག་ཞེས་དང༌། རིགས་བཞི་མཁའ་འགྲོས་ཆོས་འདིས་འདུལ་བའི་དུས་ལ་བབ་བོ་ཞེས་བསྐུལ་བས་གཙོ་བོར་ཡིག་དྲུག་གིས་གདུལ་བྱ་འདུལ། གསང་བ་ཡེ་ཤེས་མཁའ་འགྲོ་རྒྱ་མཚོས་བསྐོར་བས་མ་ཎི་དབྱངས་སུ་གྱེར་ཞིང་འདི་ལྟར་ཟློས་ཅིག་མཐོང་ཐོས་ཐམས་ཅད་བྱིན་གྱིས་རློབ་པོ་ཞེས་གསུང་བ་གསན་པས་དེ་ཕྱིན་མ་ཎི་དབྱངས་སུ་གྱེར་བས་ཁྲོམ་ཐམས་ཅད་རིག་པ་འུར་བའི་བྱིན་རླབས་བྱུང༌། ཐུགས་རྗེ་ཆེན་པོས་རྣམ་སྣང་གངས་ཅན་མཚོ་ངའི་སྤྲུལ་པ་ཡིན། ཐམས་ཅད་སྨོན་ལམ་ལ་རག་ལས་པས་སྨོན་ལམ་རྒྱ་ཆེར་ཐོབ་ཅིག་གསུང་བས། ཀུན་གཞི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། བྱ་བའི་སྨོན་ལམ་བཏབ། སྤུང་རིའི་རྩེར་གཏོར་མ་མཛད་པ་ན་འདམ་ཆེན་སྤོང་རའི་རེ་རྩེ་ན་ཚུར་སྤྲིན་ཤེལ་ལྟ་བུ་གངས་རི་དང་ཐ་མི་དད་པའི་ནང་དུ་ཐུགས་རྗེ་ཆེན་པོ་སྐུ་མདོག་སེར་ལ་དམར་བའི་མདངས་ཅན་གར་སྟབས་སུ་བཞུགས་སྟེང་འོག་ཕྱོགས་མཚམས་མཁའ་འགྲོ་རྒྱ་མཚོས་བསྐོར་བ་ཞིག་གིས་འགྲོ་བ་ཀུན་ལ་ངེད་ཀྱིས་འོད་(པ༡༥བ)


PTT001_Page_0898
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་བཀྱེ་བ་ཡིན་གྱིས་ད་ཕྱིན་ཡིག་དྲུག་གིས་འཕྲིན་ལས་དཔག་མེད་འབྱུང༌། ཕྱོགས་རིས་མེད་པར་སྟོན་ཞིག་གསུང་བ་གསན། དེ་ཕྱིན་སྒྲུབ་ཐབས་ཀྱི་མཇུག་དུ་དབང་མ་ཐོབ་པ་དང་སློབ་དཔོན་གྱིས་ཆོས་མ་རྫོགས་པར་ཉམས་སུ་ལེན་པ་རྣམས་ཀྱང་འཕྲིན་ལས་ཐུགས་རྗེ་ཆེན་པོ་དང་མཉམ་པར་གྱུར་ཅིག་ཞེས་འབྲི་བར་མཛད་སྟེ། གྲུབ་ཐོབ་ཆེན་པོའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་སྒྲུབ་སྐོར་རྣམས་ལ་མོས་པའི་གང་ཟག་གིས་ཉམས་སུ་བླངས་ན་ཤེས་མི་ཤེས། ཐོབ་མ་ཐོབ། ཚང་མ་ཚང༌། དག་མ་དག་ཇི་ལྟར་བྱུང་ཡང༌། བྱིན་རླབས་རྩོལ་མེད་དུ་འཇུག་པ་ཡིན་སྟེ་འདི་ནི་ཐུགས་རྗེ་ཆེན་པོའི་རྒྱུད་རྣམས་ལས་ཀྱང་ཉོན་མོངས་པའི་སེམས་ཀྱིས་སམ་ཀུ་རེ་དང་ཀྱལ་ཀའི་ཆེད་ཙམ་དུའང་བདག་གི་རིག་པ་འདི་བརྗོད་ན་ཕན་ཡོན་འདི་དག་མ་གྲུབ་ན་བདག་གིས་དེ་བཞིན་གཤེགས་པ་བསླུས་པ་ལགས་སོ་ཞེས་གསུངས་པ་ཉིད་ཏོ། །ཤར་ཕྱོགས་སྨན་བླའི་ཞིང་དང་འཇིག་རྟེན་གྱི་ཁམས་པདྨ་ཅན་ལ་སོགས་པ་སངས་རྒྱས་ཀྱི་ཞིང་རྒྱ་མཚོ་གཟིགས་ཤིང་དམ་པའི་ཆོས་འགྲོ། ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་དང་ཞལ་ཕྱག་གྲངས་མེད་དང་གསང་བ་ཡེ་ཤེས་ཞལ་ཕྱག་རབ་འབྱམས་ལ་སོགས་པའི་ཡི་དམ་གཞལ་དུ་མེད་པ་རྟག་པར་འདུ་འབྲལ་མེད་པར་གཟིགས། སློབ་དཔོན་པདྨ༏ དཔལ་རྟ་མགྲིན༏ དམ་པ་རྒྱ་གར་མི་ཏྲ་ཛོ་གི་རྣམས་དང་རང་ཉིད་ཐ་མི་དད་པར་མཁྱེན། ཁ་ཆེ་གོས་དམར་བའི་སྡེ་པ་ལས་རྫུ་འཕྲུལ་གྱིས་འདུལ་ཚད་མངོན་གསུམ་གསན་སྟེ་འདུལ་བ་རྒྱ་མཚོ་མཐའ་ཡས་ལ་སོགས་པ་བཀའ་འབུམ་ན་བཞུགས། བོད་ཆེན་པོ་མདོ་ཁམས་སྒང་དྲུག་དུ་རྫུ་འཕྲུལ་དང་ནུས་པས་བོན་དང་ལོག་ལྟ་ཐམས་ཅད་བཏུལ་སྟེ་བསྟན་པ་ཉིན་མོ་ལྟར་མཛད། དེའི་ཚེ་དཔལ་ལྷ་མོ་ནག་མོ་འབུམ་སྡེ་དང་བཅས་པས་མཚུར་ཕུར་འདོང་ཞེས་ནུབ་གསུམ་དུ་བསྐུལ་ཞིང་རྩི་ཤིང་ནགས་ཚལ་ཐམས་ཅད་ཀྱང་ལྷ་མོའི་ཚོགས་སུ་གྱུར་ནས་ལམ་ལ་མ་ཐོགས་པར་བྱོན་ཟེར་(པ༡༦ན)


PTT001_Page_0899
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་སྔོན་ལ་ཐལ། ལམ་ཅུང་ཟད་ནོར་ཚེ་མགོན་པོ་ལ་དྲག་དུ་བོས་པས་མགོན་པོའི་ལྷ་དམག་འབུམ་སྡེས་སྣ་དྲངས་པ་ཕལ་ཆེར་གྱིས་མཐོང༌། འབྲི་གུང་ཐིལ་བས་གུས་པར་བྱས། སྐྱི་ཤོད་དུ་ཇོ་བོ་རྗེ་དང་འཕན་ཡུལ་རག་མར་དམ་པ་རྒྱ་གར་དཔག་མེད་གཟིགས་སྟེ་དེ་དག་གི་འཕྲིན་ལས་ཀྱི་རྒྱུན་ཡོད་པར་དགོངས། ལྷ་སར་ཇོ་བོ་ལས་འོད་ཟེར་བྱུང་བ་སྐུ་ལ་མངོན་སུམ་དུ་ཐིམ། གསེར་གསོལ་གྱི་དུས་རྟ་མགྲིན་དབུ་སྟོང་ཕྱག་སྟོང་ལ་སློབ་དཔོན་པདྨ་གྲངས་མེད་པས་བསྐོར་བ་འོད་ཟེར་ཉི་ཟླ་ལྟར་འབར་བ་གཟིགས་སྟེ་སྣང་སྲིད་ཟིལ་གྱིས་ནོན་པའི་བརྡར་དགོངས། ཅ་ར་ནས་མ་མགོན་ཐམས་ཅད་ཀྱིས་བསུས་སྟེ་མཚུར་ཕུར་ཕེབས། དེའི་ཚེ་མཚུར་ཕུའི་དགོན་གླིང་དང་བེ་རིས་ཉམས་པར་བྱས་སྟེ་སྟོང་པར་བཞགས་པའི་ཚེ་ཕེབས་སྟེ་ལྷ་མོའི་ཕོ་བྲང་ཡང་བྱང་ཤར་ནས་དེར་སྤོས་པར་གཟིགས་གཞན་སྣང་དུ་འུར་སྒྲ་ས་གཡོ་བ་ལྟ་བུ་ཞག་དུ་མ་བྱུང༌། ལོ་དྲུག་དུ་བཞུགས་སྟེ་ཞིག་གསོ་མཛད་དར་རྒྱས་སུ་གྱུར། ལྷ་མོས་ཀམ་ཚང་གི་ཆོས་རྒྱུད་འཛིན་ཕྱིན་སྒྲུབ་ཐབས་མི་ཤེས་ཀྱང་སྡོང་གྲོགས་ཐམས་ཅད་དགྱིད་པར་སྲོག་སྙིང་ཕུལ། སྒམ་པོ་ནས་བླ་མ་ལྷ་རྗེ་རི་རབ་ཙམ་རང་ལ་ཐིམ་པར་གཟིགས་སྟེ་སྒྲུབ་རྒྱུད་ཀྱི་བྱིན་རླབས་ཞུགས་པའི་བརྡར་དགོངས། བྲམ་ཟེ་ཆེན་པོ་ལ་གྲུབ་ཐོབ་མཐའ་ཡས་པས་བསྐོར་སྟེ་སྐྱེ་མེད་ཀྱི་སྒྲ་སྐད་ཕྱོགས་བཅུར་སྒྲོག་པ་གཟིགས་སྟེ་མཆོག་གི་གྲུབ་ཐོབ་མང་དུ་འབྱུང་བའི་བརྡར་དགོངས། བདེ་མཆོག་ཀུན་དུ་ཞལ་དང་རྗེ་བཙུན་མི་ལ་སོགས་གཟིགས། ཙཱ་རིར་བྱོན་སྟེ་དག་སྣང་རབ་འབྱམ་དུ་གཟིགས། སངས་རྒྱས་སྤྲུལ་པའི་སྐུ་གྲངས་མེད་པས། སྤྲུལ་སྐུས་འགྲོ་དོན་མཛད་པ་ལ། །རྩོལ་སྒྲུབ་ཅི་ཡང་མེད་པ་ཡིན། །གསུངས་སྟེ་འཕྲིན་ལས་རྩོལ་མེད་དུ་འབྱུང་བར་དགོངས། གཙང་ལ་བྱོན་པའི་ཚེ་བདེ་མཆོག་གི་ལྷ་ཚོགས་ཐམས་ཅད་གཙང་ལ་འབྱོན་པར་གཟིགས་སྟེ་(པ༡༦བ)


PTT001_Page_0900
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་དུ་བསྟན་པ་དར་བར་མཁྱེན། ཚོང་འདུས་འགུར་མོ་སོགས་སུ་འགྲོ་མང་སྨིན་གྲོལ་དུ་མཛད། བཙན་བྲག་དུ་རྒྱ་གར་གྱི་མཁའ་འགྲོ་མ་དཔག་མེད་བྱུང་སྟེ་དོ་ནུབ་གནས་མང་པོ་ཚོགས་ཀྱི་འཁོར་ལོ་ཡོད་པས་ཚོགས་གཙོ་བོ་ལ་འབྱོན་པར་ཞུ་ཟེར་སྟེ། ཀརྟི་ཀ་ཨོ་རྒྱན། ཧ་ཧ་སྒྲོག་པ། དཔལ་གྱི་རི་སོགས་གནས་མང་པོར་དུས་གཅིག་དུ་སྐུའི་བཀོད་པས་གྲུབ་ཐོབ་མང་པོ་དང་ཚོགས་འཁོར་བྱས། གཞན་སྣང་དུ་ཁམས་མི་བདེ་བར་མངོན་པ་ཅིག་བྱུང་འདུག །བསྟན་མ་བཅུ་གཉིས། ཧ་བོ་གང་བཟང༌། གཉན་ཆེན་ཐང་ལྷ་སོགས་སྲིད་པའི་ལྷ་འདྲེ་ཐམས་ཅད་ཀྱིས་གུས་པས་སྲོག་སྙིང་ཕུལ། ཀླུ་དུང་སྐྱོང་གི་བུ་དབུས་གཙང་གི་བདག་པོ་གཉན་ཆེན་ཁར་ནག་གིས་དབུས་གཙང་གི་མི་ནོར་ས་གཞི་དང་བཅས་པ་ཁྱེད་ལ་འབུལ་ཟེར་སྟེ་དེའི་ཕྱིར་དབུས་གཙང་དུའང་བསྟན་པ་དར་བར་འོང་གསུངས། གཙང་འགྲམ་ལ་བྱོན་ཚེ་ཀུན་གྱིས་མཐོང་བར་ཀླུ་ཐམས་ཅད་ཀྱིས་སྦྲུལ་མགོ་ཟིངས་སེ་ཕྱག་བཙལ། གཟང་ཁྲི་ཟམ་ཁར་ཉེ་འདོན་ཆེན་མོ་མཛད་ཚེ་སྐྱ་སེར་དཔག་མེད་འདུས་པ་ལ་འགྲོ་དོན་ཚད་ལས་འདས་ཤིང་ད་དུང་ཡང་ཉེ་འདོན་གྱི་སྲོལ་དེ་ཡོད། གྲུ་གུ་སྒང་དུ་གྲལ་དཔོན་མཛད་ནས་གཡོར་པོ་བྱང་ཐང་ལ་འབྱོན་པར་དགོངས་པའི་ཚེ་གྲུ་པས་གྲུ་མ་བཏང་བས་མཁའ་འགྲོ་མ་མང་པོས་ན་མཁའ་ལ་གདན་དྲངས་པའི་སྣང་བ་བྱུང༌། གཞན་སྣང་དུ་འཇའ་ཚོན་གྱི་ལམ་ལ་འབྱོན་པ་དང་ཆུ་ལ་མ་རེག་པ་དང་བརྒལ་བར་སྣང་བ་སོགས་མཐོང་སྣང་སྣ་ཚོགས་པས་དཔོན་སློབ་ཐམས་ཅད་ཆུ་ལ་མ་ཐོགས་པར་ལྷོ་ཁར་ཕེབས། དེའི་ཚེ་ལྷོ་ཕྱོགས་སུ་རྒྱལ་བ་ཤཱཀྱ་ཐུབ་པའི་སྐུ་འོད་ཟེར་ཉི་མ་ལྟར་འབར་བ་ལ་འཁོར་སངས་རྒྱས་གྲངས་མེད་པས་བསྐོར་ནས་ཐེག་ཆེན་གྱི་ཆོས་སྒྲ་སྒྲོག་པ་ཡུན་རིང་དུ་བྱུང་བས་ལྷོ་ཕྱོགས་འདིར་ཡང་བསྟན་པ་དར་བར་འོང་ངམ་སེམས་གསུངས། མཚུར་ཕུར་རྣམ་ཐོས་སྲས་མདུང་དམར་ཅན་འབྲུག་ལ་བཞོན་པ་(པ༡༧ན)


PTT001_Page_0901
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གནོད་སྦྱིན་བྱེ་བ་འབུམ་སྡེ་རྟ་ལྗང་ལ་བཞོན་པས་ཕྱག་བཙལ་སྟེ་ངའི་ཕོ་བྲང་དུ་འབྱོན་པར་ཞུ་ཟེར་བ་བྱུང༌། དེ་ནས་རིང་པོ་མ་ལོན་པར་གོ་བེ་ལ་རྒྱལ་བུས། མཐའ་འཁོབ་ཏུ་ཆོས་ཀྱི་སྒྲོན་མེ་སྤར་བ་ལ་འབྱོན་པར་ཞུ་ཞེས་པའི་ལུང་བྱུང༌། སྔགས་བདག་གིས་ཀྱང་འཕྲིན་ལས་འབྱུང་བས་འབྱོན་པར་བསྐུལ། དབུས་གཙང་གི་བརྟན་མ་དང་ལྷ་ཀླུ་ཐམས་ཅད་ཀྱིས་བཞུགས་པར་ཞུས་པ་ལ་ངེད་ཀྱི་གདན་ས་རྣམས་སྐྱོངས་མྱུར་དུ་སླེབ་འོང་ཞེས་གསུངས་པས་བཀའ་བཞིན་སྒྲུབ་པར་ཁས་བླངས། མདོ་ཁམས་བརྒྱུད་སྟེ་ཤིང་བྱི་ལ་འཁྲུངས་ན་དགུང་ལོ་ང་གཉིས་བཞེས་པ་ཡོས་ལོ་ལ་རོང་ཡུལ་གསེར་སྟོད་ཅེས་བྱ་བར་རྒྱལ་བུ་དང་མཇལ། སེམས་བསྐྱེད་གནང༌། སླར་ཁོང་གི་ཕོ་བྲང་དུ་བྱོན་མུ་སྟེགས་དང་ཟིན་ཤིང་འཕྲུལ་གྱིས་བཏུལ། ཀེ་ཆུར་འཇམ་དཔལ་སེར་པོ་ཕྱག་སྟོང་སྤྱན་སྟོང་པ་གཟིགས་པ་སྐུ་ཚེ་ཕྱི་མ་གཉིས་ཀྱི་འཕྲིན་ལས་ཀྱི་བརྡར་འདུག །རྒྱལ་པོ་དང་ཡོན་མཆོད་འཕྲོད་པས་རྟག་དུ་བཞུགས་པར་གསོལ་བ་བཏབ་ཀྱང་མ་འོངས་པ་ཕྲ་དོག་འབྱུང་བར་མཁྱེན་ཞིང་ཐུགས་རྗེས་ཆེན་པོས་ཀྱང༌། འདི་ན་ཡུན་རིང་མ་འདུག་ཞིག །ཆགས་སྡང་མང་པོ་འབྱུང་བར་སྣང༌། །ཞེས་ལུང་སྟོན་པ་གཟིགས་པས་ཞལ་གྱིས་མ་བཞེས་པས་རྒྱལ་བུ་ཅུང་ཟད་ཡི་ཆད། མི་ཉག་གྷར་བྱོན་རྣམ་སྲས་དང་ཆོས་སྐྱོང་གིས་བསྐུལ་སྟེ་ཞག་བརྒྱ་དང་གཅིག་ལ་འཕྲུལ་སྣང་སྤྲུལ་པའི་ལྷ་ཁང་བཞེངས། ཧོར་མི་ཉག་གི་མཚམས་སུ་གདུག་བྱེད་སྦྲང་བུའི་འཇིགས་པ་ཉི་མ་འགྲིབ་པ་བྱུང་བ་རྡོ་རྗེ་སྲིན་པོའི་ལྟ་སྟངས་ཀྱིས་བཏུལ། ས་དང་བྱེ་མ་རྣམས་བྱིན་གྱིས་བརླབ་པས་ད་ལྟ་ཡང་སྦྲང་མ་བྱུང་ན་བྱེ་མ་གཏོར་བས་ཐུབ་པ་ཡོད་སྟེ་ཐུན་མོང་གི་གྲུབ་རྟགས་དང་པོར་གྲགས། བྱང་ཕྱོགས་ལི་ཆུའི་མཁར་དུ་རྟོག་གེ་བ་དང་མུ་སྟེགས་དུ་མས་ཕྲག་དོག་བྱས་པ་རྫུ་འཕྲུལ་གྱི་བཏུལ་(པ༡༧བ)


PTT001_Page_0902
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚེ་མཁའ་འགྲོ་རྒྱ་མཚོ་སྤྲིན་གཏིབས་པ་ལྟ་བུས་གྲོགས་མཛད། ཚངས་པ་དུང་གི་ཐོར་ཚུགས་ཅན་དང༌། གནམ་ལྷ་དཀར་པོས་སྤྱན་དྲངས་སྟེ་ཧོར་ཡུལ་དངོས་སུ་བྱོན། ཀམ་ཆུ་མཁར་དུ་སའི་ལྷ་མོ་བརྟན་མས་གསེར་གྱི་བུམ་པ་དང་ནོར་བུ་རིན་པོ་ཆེ་ཕུལ། སྔོན་གླང་པོ་ཆེའི་གཟུགས་ཀྱིས་སྡིག་སྤྱོད་ཀྱི་རྒྱལ་པོ་བཏུལ་ནས་གནས་སྤར་བ་དེ་རྗེ་དུས་མཁྱེན་ཀམ་པོ་གནས་ནང་ན་བཞུགས་ཚེ་ཀམ་པོ་རྫ་ལ་བྱ་བར་བོན་པོ་འབྱོར་པ་ཅན་ཞིག་དུ་གྱུར། ཞབས་ཐོག་ཐམས་ཅད་བསྒྲུབས་ཅི་ཡོད་ཆོས་རྗེའི་ཕྱོགས་སུ་བཏང་བས་ཡོན་བདག་དགོན་པ་བར་གྲགས་པ་དེ་རྒྱལ་མི་ཉག་ཧོར་བོད་ཐམས་ཅད་ཀྱི་རྒྱལ་པོ་མོང་གོར་གན་དུ་གྱུར་སྟེ་རྒྱལ་སར་བཞུགས་ནས་ལོ་བཞི་འདས་ཤིང་འཕགས་པ་རིན་པོ་ཆེ་དང་གོ་བེ་ལ་གླང་ལོ་ལ་མཇལ་ནས་ལོ་གསུམ་ལོན་པ་མེ་འབྲུག་གི་ལོ་ལ་འོང་གེའི་ཡུལ་ཁམས་ཕོ་བྲང་ཆེན་པོ་ཟིར་འུར་རྡོར་བྱོན། ཕོ་བྲང་དུ་ཕེབས་ལ་ཁད་པར་གནམ་ལྕགས་ཀྱི་ཐོག་ཆར་བཞིན་དུ་བྱུང་བ་རྟ་མཆོག་གི་ཏིང་ངེ་འཛིན་གྱིས་ཟིལ་གྱིས་གནན་པས་ཆར་པ་བབ་པ་ཙམ་ལས་སུ་ལ་ཡང་མ་གནོད། སྤྱན་རས་གཟིགས་ཀྱི་ལྟ་སྟངས་ཀྱིས་རྒྱལ་པོ་བྱིན་གྱིས་བརླབས་སྟེ་འཇའ་དང་འོད་ཟེར་གྱི་དག་སྣང་བསྟན། རྒྱལ་པོའི་ཞལ་ནས་ངེད་ཀྱི་བར་ཆད་ཟློག་ཞིག་གསུང་བ་ན་སང་ཉིན་ལན་དུ་ཛམ་གླིང་ལ་དབང་བའི་རྒྱལ་པོ་ཁྱོད་ལྟ་བུ་ཤིན་དུ་དཀོན། ཁྱེད་ཀྱི་བར་ཆད་ཀྱང་ང་མིན་པས་ཟློག་པར་མི་ནུས། བར་ཆད་ཆེན་པོ་འདུག་པ་ཟློག་པའི་ཕྱིར་གནམ་ཕྱོགས་མེད་དུ་མཆོད། ཡོ་བྱད་དང་བང་མཛོད་ཐམས་ཅད་ཀུན་ལ་ཁྱེ། བཙོན་ཐམས་ཅད་ཐོང་ཞེས་བཀའ་བསྒོས། རྒྱལ་པོ་དེ་སོག་པོ་ཨེརྒ་བོའི་ལྟ་གྲུབ་འཛིན་ཞིང་འདུག་པ་ལས་ལྡོག་སྟེ་སངས་རྒྱས་པར་བསྒྱུར། རྒྱལ་པོ་ལ་ཞག་དུ་མར་དབང་བསྐུར་ཞིང་སྐུ་བཞི་ངོ་སྤྲོད་ཀྱིས་བྱིན་གྱིས་རླབས་པའི་ཚེ་བྲམ་ཟེ་ཆེན་པོ་ལ་གྲུབ་ཐོབ་བརྒྱད་བཅུས་བསྐོར་སྟེ་རེ་རེས་ཀྱང་སྤྲུལ་པ་དཔག་མེད་བཀྱེ་ནས་ཧོར་ཐམས་ཅད་(པ༡༨ན)


PTT001_Page_0903
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་རློབ་ཅིང་རང་ཉིད་ལ་ཐིམ་པའི་སྣང་བ་ཉིན་ཞག་གསུམ་ཙམ་ཏུ་བྱུང༌། དེའི་ཚེ་རྒྱལ་པོ་འཁོར་བཅས་སེམས་གཟུང་འཛིན་ལས་གྲོལ། ཆོས་ཉིད་ཀྱི་དོན་རྟོགས། མཛོད་དང་བང་བ་ཐམས་ཅད་ཕྱོགས་མེད་དུ་བཀྱེ། ན་མཁའ་ལས། གཏོང་བ་ཆེ་དང་བློ་ཆེ་བ། །ཞེས་བྱ་བའི་སྒྲ་ཆེན་པོ་བྱུང༌། བཙོན་ཁང་སྤྲུག་ཐེབས་བཅུ་གསུམ་ཞུས་པ་གནང༌། ཧོར་གྱི་མི་ཡུར་ཆེན་མོ་བཅད། ཆབ་འོག་ཐམས་ཅད་དུ་དུས་ཆེན་བཞི་ལ་སྲོག་མི་གཅོད་པ། ཉ་སྟོང་ལ་བསྙེན་གནས་སྲུང་བ། གནམ་མཆོད་ཐམས་ཅད་རང་རང་གི་སྡོམ་པ་ལ་གནས་དགོས་པ་དང་ཐམས་ཅད་དགེ་བཅུ་ལ་སྤྱོད་དགོས་པར་དྲིལ་བསྒྲགས། རྒྱལ་པོ་ལ་ཕྱག་རྒྱ་ཆེན་པོའི་རྟོགས་པ་རྩོལ་མེད་དུ་ཤར། སྔོན་རྗེ་དུས་མཁྱེན་གྱིས་ཡོན་བདག་དགོན་པ་བ་འདི་སྐྱེ་བ་གསུམ་པ་ལ་ལམ་རྣལ་མ་ལ་ཚུད། གཟོད་ང་མི་དགོས་པ་ཡིན་ཞེས་པ་ལྟར་མིང་ཡོངས་སུ་གྲགས་པ་ཀརྨ་པ་རྒྱལ་པོ་མོང་གོར་གན་གཅིག་པོའི་དོན་དུ་བྱུང་ཞིང་སྐྱེས་པ་ཡིན་ཡང་རྒྱལ་ཁམས་ཐམས་ཅད་ལ་ཕན་པར་བྱུང་ཞེས་གསུངས། གུ་རུམ་དུ་རྒྱལ་པོ་ཉིད་ཀྱིས་ཕྱག་ལེན་མཛད་ནས་ལྷ་ཁང་དཔག་མེད་བཞེངས། རྒྱ་ཧོར་མི་ཉག་ཡུ་གུར་ཐམས་ཅད་དུ་ལྷ་ཁང་མཆོད་རྟེན་སྙིང་གསོ་སར་བཞེང་གི་ལུང་དང་ཡོད་བྱད་བཀྱེ། ཐམས་ཅད་དུ་སྨིན་གྲོལ་དབང་གི་རྒྱལ་མཚན་འཕྱར་སྟེ་ཡིག་དྲུག་གི་སྒྲས་གང༌། ཧོར་གྱི་རྒྱལ་པོ་ལ་ཆོས་ཀྱི་རྒྱལ་ཁྲིམས་མཛད་པ་རྒྱལ་པོ་འདི་ཁོ་ན་ཡིན་ནོ། །འབྲུག་གི་ལོ་དེ་ཉིད་ལ་འུར་རྡོར་རྒྱལ་རྒྱུད་ཐམས་ཅད་རྒྱལ་པོ་ཆེན་པོའི་སྤྱན་སྔར་འདུས་པའི་ཚེ་ཀླུ་གདུག་པ་ཅན་དང་རཱ་ཧུ་ལའི་རྣམ་འཕྲུལ་སྤྲིན་ནག་གཟའ་བདུད་ཀྱི་གཟུགས་སུ་འཁྲིགས། ཐོག་བུ་ཡུག་ལྟར་འཚུབས་པའི་ཚེ་གྲུབ་ཐོབ་ཆེན་པོས་ཁྲོ་བཅུའི་ཏིང་ངེ་འཛིན་གྱིས་ཧཱུྃ་སྒྲ་སྒྲོགས་བཞིན་པས་རྟ་རྒྱུགས་མཛད་པས་ཐོག་སྤྲིན་དེད་པ་ལྟར་བྲོས་སྟེ་རང་ཡལ། དེའི་ཟླ་བ་དྲུག་པའི་ཚེས་དྲུག་ལ་མགོན་པོས་བསྐུལ་(པ༡༨བ)


PTT001_Page_0904
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་རྟོག་གེ་སྒྲ་ཚད་མཁན་རྣམས་ལ་རྩོད་པ་དང་ནུས་པ་འགྲན་པར་བྱས་པས་གང་ཡང་མ་ནུས་སྟེ་ཞབས་ལ་གཏུགས། ཡང་ཕོ་བྲང་འཁོར་ན་ཆང་ཚོང་བྱེ་བ་ཕྲག་དུ་མ་ཡོད་པ་ཐམས་ཅད་ཀྱི་ཁུ་བ་དུས་གཅིག་དུ་གསོལ་བའི་ཆོ་འཕྲུལ་བསྟན། སྔོན་འཕྲུལ་སྣང་སྤྲུལ་པའི་ལྷ་ཁང་བཞེང་བའི་དུས་རྣམ་སྣང་ཀུན་དུ་ཞལ་ཞིང་ཁམས་ཐམས་ཅད་སྐུས་ཁྱབ་པ་དང༌། ལི་ཆུ་ཁྲ་བ་ཁར་གནད་བཞི་ཆོས་ཉིད་ཀྱི་འཁོར་ལོ་བསྐོར་ཚེ་ཐུགས་རྡོ་རྗེ་སེམས་དཔའ་ཆོས་དབྱིངས་ཁྱབ་པ་དང༌། ཀམ་ཆུ་དང་མི་ཉག་དང་ཧོར་གྱི་མཚམས་སུ་འཕྲིན་ལས་ཀྱིས་ས་ཆེན་པོ་གཡོ་ནུས་པ་ཙམ་གྱི་ཚེ་གསུང་སྣང་མཐའི་ལྷ་ཚོགས་ཆོས་དབྱིངས་གང་བའི་འོད་ཅན་དང༌། ཙོང་ག་སེ་བུ་ན་བཞུགས་ཚེ་འཕྲིན་ལས་དོན་གྲུབ་ཀྱི་ལྷ་ཚོགས་འོད་ལྗང་གུ་སྤྲོ་བ་དང༌། ཧོར་དང་སོག་པོའི་མཚམས་ཆ་གན་ཧའི་རྒྱལ་སར་མུ་སྟེགས་ཐམས་ཅད་ཀྱིས་གུས་འདུད་བྱེད་པའི་ཚེ་ཡོན་ཏན་རིན་ཆེན་འབྱུང་ལྡན་འོད་སེར་པོ་ཅན་དེ་རྣམས་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་གང་ཞིང་རང་དང་ཐ་མི་དད་པར་གཟིགས་པས་སྐུ་ལྔ་རང་ལ་རྫོགས་ཤིང་སྐུ་གསུང་ཐུགས་འཕྲིན་ལས་ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོ་གསང་བ་བསམ་གྱིས་མི་ཁྱབ་པའི་གོ་འཕང་ཐོབ་པར་དགོངས། དེ་དག་གི་རྟེན་འབྲེལ་ལས་འཛམ་གླིང་བདག་པོས་དངུལ་བྲེ་ཆེན་སྟོང་གྲངས་ཕུལ་བ་ལས་ཡུལ་དེ་དག་དུ་རིགས་ལྔའི་ལྷ་ཁང་སུམ་སྟོང་ལྷག་པའི་ཞིག་གསོ་དང་སར་བཞེངས་ཀྱིས་འགྲོ་དོན་མཛད། ལུ་པན་ཤན་དུ་མཆོད་ཡོན་ལྷན་ཅིག་དུ་བཞུགས་ནས་དབང་བསྐུར་དང་བྱིན་རླབས་མཛད་པའི་ཚེ་ཆོས་དབྱིངས་རབ་འབྱམས་ཡུམ་ཆེན་མོ་ཤེས་ཕྱིན་མའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་འཁོར་འདས་ཐམས་ཅད་གཅིག་དུ་རྫོགས་པར་ཤར་བས་ད་རེས་རྒྱལ་པོ་ཁོ་ནའི་དོན་དུ་བྱུང་ཡང་སེམས་ཅན་མཐའ་ཡས་པ་སྨིན་གྲོལ་དུ་བྱས་པར་གཟིགས། ཡང་མཆོད་ཡོན་ཐམས་ཅད་རྒྱ་ཧོར་གྱི་མཚམས་སུ་མྱ་ངམ་གྱི་ཐང་ཆེན་པོར་(པ༡༩ན)


PTT001_Page_0905
[མ་དཔེ་གཟིགས་ན་འདིར་གནོན།]

སྐོམ་པས་གདུངས་པ་ལ་སྔགས་བདག་གི་འཕྲིན་ལས་བསྐུལ་སྟེ་སྐད་ཅིག་ལ་ཁ་བ་ཆེར་བབ་པས་ཚད་གདུང་བསལ། རྒྱ་ནག་གྱི་ཐན་དུ་བཞུགས་དུས་རླུང་ནག་དང་ཐོག་སེར་སོགས་ཆོ་འཕྲུལ་དཔག་མེད་བྱུང་བ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུར་མཛད་སྟེ་ཞལ་བཅུ་དྲུག་གིས་སྣང་སྲིད་ཐམས་ཅད་བརྔུབས་སྟེ་བཏུལ། རྒྱལ་པོ་ཉིད་གུས་ཆེས་པས་ཇི་སྲིད་འཚོའི་བར་འབྲལ་མེད་དུ་བཞུགས་པར་གསོལ་བ་བཏབ་ཀྱང་དུས་ཀྱི་འཕོ་འགྱུར་རྣམས་མཁྱེན། རྒྱ་མི་ཉག་གི་མཚམས་སུ་རྗེ་དུས་མཁྱེན་སེང་གེ་ལ་བཅིབས་པ་ན་མཁར་བྱོན་སྟེ། སངས་རྒྱས་བསྟན་པའི་རྒྱས་འགྲིབ་འབྱུང༌། །ད་ལོ་བོད་དུ་གཤེགས་ཀྱང་འཚལ། །གསུང་བ་གསན་པས་ཞལ་གྱིས་མ་བཞེས་སྟེ་བོད་དུ་འབྱོན་པར་ཞུས། རྒྱལ་པོས་ལུང་ཆེན་པོ་གནང༌། ཐམས་ཅད་ཁྱེད་ཤེས་སུ་ཆུག །བནྡྷེ་ཐམས་ཅད་ཆོས་བྱེད་ཏུ་ཆུག་ཁྲིམས་ལེགས་པར་གྱིས་གསུངས་ནའང་འཇིག་རྟེན་གྱི་ལུང་མ་བཞེས། དེའི་ཕྱིར་གྲུབ་ཐོབ་ཆེན་པོའི་ཕྱག་ཐམ་ཡང་རིན་པོ་ཆེ་ལས་རྒྱལ་བ་རིགས་ལྔའི་ཕྱག་མཚན་བཀོད་པ་རྡོ་རྗེ་འཆང་ཆེན་པོའི་བཀའ་བཏགས་ཀྱི་ཕྱག་རྒྱ་མ་གཏོགས་རྒྱ་ཧོར་གྱི་མཚན་ཡིག་ཅན་གྱི་ཐམ་ག་མི་མཛད་པ་ཡིན། ཡར་བྱོན་སྟེ་མིང་ཐང་ཧུ་ཆུ་མཁར་སོགས་སུ་བྱོན། མཁར་ཉི་ཤུ་རྩ་བཞིའི་གསེར་ཤིང་དབང་རྣམས་འདུས་ནས་དེའི་ཕུ་ན་ནགས་ཚལ་དང་ཡུལ་ཁྱད་པར་ཅན་ཡོད་པར་གདན་དབབ་པར་ཞུས་ཚེ་སྟེང་འོག་ཐམས་ཅད་དེ་བཞིན་གཤེགས་པའི་སྐུས་ཁྱབ་པས་ཐམས་ཅད་ནི་མི་རྟག་ཅིང་སྒྱུ་མ་དང་འདྲ་བས་ཡིད་བརྟན་པར་མི་བྱ་སྟེ་སེམས་ཅན་གྱི་བསོད་ནམས་འགྲིབ་པའི་དུས་ལ་བབ་བོ་ཅེས་སྒྲ་གྲགས་པས་ཞལ་གྱིས་མ་བཞེས་སྟེ་སྔར་དུས་ལ་བབ་པའི་ཚེ་ཛམ་གླིང་པ་རྣམས་ཀྱི་དོན་བྱས་ཕན་བདེ་ལ་བཀོད་པ་ཡིན། ད་ཕྱིན་ཟླ་བ་མར་གྱི་ངོ་བཞིན་སེམས་ཅན་གྱི་བསོད་ནམས་འགྲིབ་དོགས་ཡོད་པའི་ཕྱིར་གནས་དགོན་མང་པོས་ཅི་(པ༡༩བ)


PTT001_Page_0906
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་བྱ་ཞེས་གསུངས་སྟེ་བྱོན། འགྲོངས་ལྟས་གྱི་མནལ་ལམ་ལས་གྲོལ། ད་དུང་ཁྱོད་ལ་གཟུགས་ཅན་གཟུགས་མེད་ཐམས་ཅད་བདུད་དུ་ལངས་ནས་འཇིགས་པ་ཆེན་པོ་འོང་སྟེ་དེས་ཁྱོད་ཀྱི་ཆེ་བ་བཏོན་ནས་རྣམ་པར་རྒྱལ་བར་འགྱུར་རོ་ཞེས་པ་གསན་ནོ། །སྤྱིར་བོད་ཕྱི་དུས་འདིར་མ་བརྟགས་པར་འཇུག་པ་མང་པོས་འཕགས་པ་རིན་པོ་ཆེ་ཧོར་ཡུལ་ལ་འབྱོན་དུས་གྲུབ་ཐོབ་ཀརྨ་པག་ཤི་མ་ཎི་བ་ཡིན་ཞེས་ཟེར་བ་སོགས་གླེང་ཞིང་འབྲི་བར་འདུག་ཀྱང་དེ་འདྲ་བ་མ་ཡིན་སྟེ། སྤྱིར་རྒྱ་ནག་ཧོར་མི་ཉག་གསུམ་ཡུལ་ཐ་དད་ཡིན་ཡང་རྒྱལ་པོ་རེ་མོས་སུ་བྱེད་པ་ཅིག་བྱུང་བའི་ཤཱཀྱའི་རྒྱལ་པོ་གཞུ་བརྟན་དང་དུས་མཚུངས་པའི་ཅེའུའི་རྒྱལ་པོ་བྱུང་སྟེ་ཅེའུའི་རྒྱལ་པོ་སུམ་བཅུ་སོ་དྲུག་སོགས་རུས་ཚན་མི་གཅིག་པ་བཅུ་ལྔ་ལ་རྒྱལ་པོ་བརྒྱ་དང་ཉི་ཤུ་རྩ་དགུ་ཙམ་དུ་རྒྱ་མི་ཉག་ཧོར་གསུམ་རྒྱ་ནག་གིས་བསྐྱངས། དེ་ནས་མི་ཉག་གི་རྒྱལ་པོ་སི་ཧུ་བྱུང་སྟེ་རྒྱལ་རགས་བདུན་ནམ་བཅུ་གཉིས་ཙམ་དུ་མི་ཉག་གིས་གསུམ་གའི་བདག་པོ་བྱས་སྟེ་བོད་ཡུལ་གྱི་བསྟན་པ་ལ་ཞབས་ཏོག་ཆེར་བྱས། ཟླ་བ་མིག་ལག་ལ་ལོ་དྲུག་བཅུ་བསྐོར་གཉིས་བྱིན་ནས་གསུམ་པའི་སོ་དྲུག་པ་ཆུ་སྟག་ལ་ཧོར་ཇིང་གི་རྒྱལ་པོ་སྐྱེས་ནས་སོ་བརྒྱད་པ་ས་ཡོས་ལ་རྒྱ་ཧོར་མི་ཉག་གསུམ་གྱི་བདག་པོ་བྱས་དྲུག་ཅུ་རྩ་གཅིག་ལ་འདས། ཁོང་གིས་ལོ་ང་བརྒྱད་འགྲོ་བ་ས་ཕག་ལ་བོད་ཐམས་ཅད་ཀྱིས་ཧོར་ལ་ངོ་ལྟ་བྱས་སྟེ་འབྲི་ཁུང་པས་མོང་གོར་གན་དང་ཨ་རི་བོ་ག་ལ་བལྟས། ས་ཚལ་གྱིས་གོ་བེ་ལ་ལ་གཏད་པ་སོགས་རྒྱལ་བུ་བཙུན་མོ་སོགས་སོ་སོ་ལ་ངོ་བལྟས་སྟེ་སིལ་བུར་སོང༌། དེའི་ཕྱི་ལོ་ལྕགས་བྱི་ལ་བྱང་ངོས་རྒྱལ་བུ་གོ་དན་གྱི་ནས་ཧོར་དོར་ཏོག་གི་དམག་འོངས་སྟེ་འཕན་ཡུལ་རྒྱལ་བསྲེགས། འབྲི་ཁུང་རྗེ་སྤྱན་སྔ་བླ་མཆོད་ཏུ་བོས་པ་ཐབས་ཀྱི་རྗེ་བཙུན་ས་པཎ་སྤྱན་འདྲེན་པར་བསྐུལ། འབྲི་ཁུང་རང་ནས་ཀྱང་བོད་སྤྱིའི་དོན་དུ་ཐེགས་དགོས་པར་ཞུས་སྟེ་ཤིང་འབྲུག་ལ་ས་པཎ་དགུང་ལོ་རེ་གསུམ་འཕགས་པ་རིན་པོ་ཆེ་དགུང་ལོ་བཅུ་པ་ཕྱག་(པ༢༠ན)


PTT001_Page_0907
[མ་དཔེ་གཟིགས་ན་འདིར་གནོན།]

ན་དགུང་ལོ་དྲུག་པ་སྟེ་ཁུ་དབོན་གསུམ་འབྲི་ཁུང་པས་རྫོང་བའི་འབུལ་ཆེན་མཛད་སྟེ་བྱོན་ནས་བྱང་ངོས་གོ་དན་གྱི་སར་བཞུགས་ནས་བླ་མཆོད་མཛད། འདིའི་དུས་གྲུབ་ཐོབ་པཀྴི་མཚུར་ཕུ་ན་བཞུགས། དེ་ནས་ལོ་བརྒྱད་པ་ལྕགས་ཕག་ལ་ས་པཎ་ཐེགས། དེའི་ཕྱི་ལོ་གོ་དན་གྱིས་དོ་པེ་ཏའི་ཧོར་དམག་གཏང་སྟེ་མོན་མཁར་མགོན་པོ་གདོད་སོགས་བཅོམ། དེའི་ཕྱི་ལོ་གླང་ལོ་ལ་འཕགས་པ་དང་གོ་བེ་ལ་མཇལ། དེ་ནས་ལོ་གཉིས་ཀྱི་ཡོས་ལོ་ལ་གྲུབ་ཐོབ་པཀྴི་གོ་བེ་ལའི་གདན་འདྲེན་མཚུར་ཕུར་སླེབས་སྟེ་ཡོས་ལོ་དེ་ཉིད་ལ་མཇལ། ཕྱི་ལོ་འབྲུག་ལ་གྲུབ་ཐོབ་ཆེན་པོ་རྒྱལ་པོ་མོང་གོར་གན་གྱི་བླ་མ་མཛད་པ་ཡིན་སྟེ་ཚལ་པ་ལ་སོགས་པའི་ཡིག་ཚང་ཁུངས་ཐུབ་རྣམས་ལྟོས་ཅིག །གོ་དན་ནི་བྱང་ངོས་གྱི་རྒྱལ་བུ་ཉིད་ལས་རྒྱལ་པོར་མ་བསྐོས་ལ། གོ་བེ་ལ་ནི་མོང་གོར་གན་གྱི་འོག་དུ་རྒྱལ་པོར་ཕྱུང་བ་ཡིན་གྱི་དེ་ཡན་རྒྱལ་བུ་ཉིད་ཡིན་པས་རྒྱལ་བུ་དང་རྒྱལ་པོའི་རྣམ་པར་དབྱེ་བ་ཡང་ཤེས་དགོས་སོ། །དེ་ལྟ་མོད་ཀྱི་མ་ཎི་བ་ཞེས་པའང་དེང་སང་ལྟ་བུ་ཞིག་སྔོན་ཐམས་ཅད་ལ་ཡོད་པ་མ་ཡིན་སྟེ་གྲུབ་ཐོབ་ཆེན་པོ་འདི་རྒྱལ་བ་རྒྱ་མཚོའི་དབང་གི་འཕྲིན་ལས་གྲུབ་ནས་མཁའ་འགྲོ་སྡེ་ལྔས་མ་ཎི་འདི་ལྟར་ཁྲོམ་ཐམས་ཅད་ལ་འདྲེན་དུ་ཆུག་ཞིག་མཐོང་ཐོས་ཐམས་ཅད་ངེད་ཀྱིས་བྱིན་གྱིས་རློབ་བོ་ཅེས་གསུང་བ་གཟིགས་པས་ཆོས་འབྲེལ་གྱི་དམིགས་པ་དང་བསྟུན་ནས་བསྐུལ་བ་མཛད། ལྷ་སའི་བཀའ་ཆེམས་གཏེར་ནས་ཐོན་རྗེས་མངའ་བདག་མྱང་ཡབ་སྲས་ཀྱི་ཀྱང་ཁྲོམ་ལ་བསྐུལ། གུ་རུ་ཆོས་དབང་གིས་ཀྱང་མ་ཎིའི་རིགས་དུ་མ་མཛད་པ་རྣམས་ནས་དར་ཞིང་ཕྱིས་མ་ཎི་བ་ཟུར་དུ་སྐོ་བའི་སྲོལ་དར་བ་ཡིན་ནོ། །དེ་ལྟར་མེ་འབྲུག་ལ་ཧོར་གྱི་རྒྱལ་པོ་མོང་གོར་གན་ཆོས་སུ་བཏུལ་སྟེ་དེ་ནས་ལོ་ལྔ་པ་ལྕགས་སྤྲེ་ལ་རྒྱལ་པོ་ཆེན་པོ་དེ་སྨན་ཙེའི་ཡུལ་དུ་གཤེགས། རྒྱལ་པོའི་སྲས་དང་བློན་པོ་རྣམས་ཀྱིས་ཇིང་གི་སྲས་བདུན་པ་ཨ་རི་བོ་ག་རྒྱལ་(པ༢༠བ)


PTT001_Page_0908
[མ་དཔེ་གཟིགས་ན་འདིར་གནོན།]

སར་བཏོན། རྒྱལ་བུ་གོ་དན་སོགས་མི་ཉག་ན་ཡོད་པ་རྣམས་ཀྱིས་ཇིང་གི་སྲས་བཞི་པ་གོ་བེ་ལ་སེ་ཆེན་གན་རྒྱལ་སར་བཏོན་སྟེ་རྒྱལ་པོ་གཉིས་སུ་ཆད། ས་ཚལ་གྱི་སློབ་མ་རྒ་རས་བྱ་བ་གཤིན་རྗེ་ལ་ནུས་པ་ཐོབ་པ་ཅིག་གིས་རྒྱལ་པོ་ཨ་རི་བོ་ག་འགུགས་ཆོག་གིས་བཀུག་སྟེ་བཀྲོངས། རྒྱལ་ཁམས་ཐམས་ཅད་འཁྲུགས། སྤྱིར་ས་སྐྱའི་དཔོན་ཆེན་ཤཱཀྱ་བཟང་པོ། ཚལ་པའི་ཟི་ན་ཤེས་རབ་སྐྱབས། ཁམས་སུ་རིན་པོ་ཆེ་སྟོན་ཚུལ་རྣམས་གོ་བེ་ལ་རྒྱལ་བུར་བཞུགས་དུས་ཀྱིས་བསྐྱངས་པས་ས་ཆོད་ཤིན་དུ་ཆེ་བའི་ཚེ་འབྲི་ཁུང་པའི་ཁྲི་དཔོན་རྡོ་རྗེ་དཔལ་དབུས་ཀྱི་དཔོན་བྱེད་པས་རྒྱལ་པོ་མོང་གོར་གན་གྱི་དྲུང་དུ་ཕྱིན་སྟེ་ཨ་ཡི་བོ་ག་ལ་བརྟེན་ནས་གོ་བེ་ལ་དང་གདོང་བཤེར་བྱས། བདེན་རྫུན་སྣ་ཚོགས་པ་ཞུས་སྟེ་གོ་བེ་ལའི་གདོང་ལ་ངོ་མཆིལ་བཏབ་ནས་འོངས་སྟེ་དམག་བྱས་པས་ས་བེར་ལོག །གོ་བེ་ལ་ཡང་དེས་མོང་གོར་གན་ཁུ་དབོན་ལ་ཐུགས་མ་རངས་པར་ཡོད་པས། གྲུབ་ཐོབ་ཆེན་པོ་ཁོང་རང་གི་སར་མ་བཞུགས་པར་ཕོ་བྲང་དུ་བཞུགས་པ་ལ་ཅུང་མ་མཉེས། གྲུབ་ཐོབ་ཆེན་པོ་ཆོས་ཀྱིས་གདུལ་བྱ་འདུལ་བ་ལས་གཞན་མི་མཛད་ཀྱང་མ་དག་པའི་སྐྱེ་བོས། ཀརྨ་པ་ལ་ཉེ་རིང་མེད། །ཨ་རི་བོ་ག་རྒྱལ་གྱུར་ཅིག །བྱ་བའི་ཁ་དངགས་བྱུང༌། སྔོན་གོ་བེ་ལ་ཞེས་མིང་འབོད་བྱས་པ་ཐུགས་ལ་བཞག་ཀྱང་ཟེར། རྒྱལ་བུ་མང་པོ་ལ་དབང་གནང་ཚེ་སྣོད་དང་མི་ལྡན་པ་རྣམས་ཕྱིར་དེངས་ཅིག་ཞེས་ཕགས་བཏབ་པས་གོ་བེ་ལ་འཕར་སྟེ་དབང་ཁང་གི་ཕྱི་རོལ་ཏུ་སླེབས་པའི་སྙིང་ནད་བྱས་སོ་ཡང་ཟེར། གཙོ་ཆེར་སྐྱེ་བོ་དུ་མའི་ཕྲ་མ་ལ་བརྟེན་སྟེ་གྲུབ་ཐོབ་ཆེན་པོ་ལ་འབྱོན་དགོས་པའི་ལུང་བསྒྲགས་སྟེ་གཤེད་མ་ལ་གཏད་པས་གཤེད་མ་ཁ་ཅིག་ཁྲག་བསྐྱུགས་སྟེ་ཤི། མཚོན་ཆ་རྣམས་དུམ་བུར་འཐོར་བས་རྒྱལ་པོ་ཁྲོས་སྟེ་གཤེད་མ་རྣམས་བསད། མེ་ཕུང་ནང་དུ་བསྲེགས་པའི་ཚེ། །མེ་ལྷ་ལྟ་བུའི་ཉམས་ཅིག་ཤར། །ཆུ་བོའི་ནང་དུ་བསྐྱུར་བའི་ཚེ། །(པ༢༡ན)


PTT001_Page_0909
[མ་དཔེ་གཟིགས་ན་འདིར་གནོན།]

ཉ་ཆེན་གཡོར་མོའི་ཉམས་ཅིག་ཤར། །ཉ་ཆེ་ཆེ་རྣམས་ཀྱིས་བསྐོར་བ་བྱས། །ཆུང་ཆུང་རྣམས་ཀྱིས་ལྷ་ཕྱག་བཙལ། །དུག་ཆུ་ཕོར་གང་བླུད་བའི་ཚེ། །རྨ་བྱ་ལྟ་བུའི་ཉམས་ཅིག་ཤར། །བྲག་ཆེན་གཡང་ལ་འཕགས་པའི་ཚེ། །བྱ་རྒྱལ་ལྟ་བུ་ཉམས་ཅིག་ཤར། །བྱ་ཆེ་ཆེ་རྣམས་ཀྱི་བསྐོར་བ་བྱས། །ཆུང་ཆུང་རྣམས་ཀྱིས་ལྷ་ཕྱག་བཙལ། །དེ་ཐམས་ཅད་ཀྱིས་མ་གནོད་པ་ན་རྒྱ་མཚོ་ཆེན་པོའི་འགྲམ་རྒྱ་མཚོའི་ཆུ་ནི་བཏུང་དུ་མི་རུང་ཆུ་ཤིང་གཞན་མེད་པར་ལོ་རིལ་པོ་གཉིས་ངོ་གསུམ་དུ་སྤྱུགས་པ་ན་བདུད་རྩིའི་ཆར་ཕབ། ཤིང་ཐོག་འབྲས་བུ་ཕུན་ཚོགས་མང་དུ་སྐྱེས་སྟེ་ལྷའི་ཡུལ་ལྟ་བུར་གྱུར་ཅིང་མཐའ་འཁོབ་ཀྱི་འགྲོ་བ་དཔག་དུ་མེད་པའི་དོན་མཛད། འཇམ་དཔལ་དང་ཞུས་ལན་ཉེར་ལྔ་པ་མཛད། དེ་རྣམས་གྲུབ་རྟགས་བར་མར་གྲགས་ཤིང་ད་དུང་བརྟག་པའི་ཕྱིར་སྤྱན་དྲངས་སྟེ་ཟས་སྐོམ་མེད་པར་ལྷ་ཁང་ཅིག་དུ་བཅུག་སྒོ་ལ་བཏབ། སྲུང་མ་རིམ་པ་དུ་མ་བཞག་སྟེ་ཞག་བདུན་དུ་བསྲུངས་པའི་ཚེ་ཕྱི་ནས་ཀྱང་ཁང་པ་ཤེལ་ལྟར་དྭངས་པ་མི་སྒྲིབ་པར་རྡོ་རྗེ་རྣལ་འབྱོར་མས་བྷཾ་ག་ལའི་རྒྱལ་པོའི་གསོལ་ཟས་བླངས་སྟེ་འདྲེན་པ་དང་གནས་གསུམ་གྱི་མཁའ་འགྲོས་བདུད་རྩི་མཆོད་པ་དང༌། བྲམ་ཟེའི་བུ་མོ་དཔལ་ལྡན་མ་སྐྱེ་བདུན་གྱི་རོ་མཁའ་འགྲོས་ཚོགས་འཁོར་དུ་མཆོད་པ་སོགས་མཐོང༌། གཟི་མདངས་ཉི་མ་ལྟར་འབར་བར་གྱུར། སྤྱིར་ཆོས་སྐྱོང་ཐམས་ཅད་ཀྱང་ཁྲོས་ཕྲ་མ་བྱེད་པའི་མི་དཔག་མེད་སྐད་ཅིག་སྐད་ཅིག་གིས་ཤི། གྲོང་ཁྱེར་ཆེན་པོ་དུ་མ་མེས་ཚིག །བསྐལ་པའི་ཆུ་འོད་ལྟ་བུ་བྱུང་སྟེ་ཡུལ་དུ་མ་བརླགས་ལྷ་མོའི་རླུང་གི་ཆོ་འཕྲུལ་རི་རྩེ་རྣམས་ཉིལ། གྲོང་ཁྱེར་དུ་མ་ཞིག་ནད་ཡམས་ཀྱང་ཆར་ལྟར་བབ་པས་ཐམས་ཅད་མགོན་སྐྱབས་དང་བྲལ་སྡུག་བསྔལ་བར་གྱུར་སྟེ་རྣམ་ཐར་གདུག་པ་ཚར་གཅོད་ལས། དྲག་ཞིང་རྩུབ་པའི་གདུལ་བྱ་ཡིས། །(པ༢༡བ)


PTT001_Page_0910
[མ་དཔེ་གཟིགས་ན་འདིར་གནོན།]

ཚ་ཞིང་རྩུབ་པའི་མཚོན་ཕྱུང་སྟེ། །གཤིན་རྗེའི་སྐྱེ་བོས་བཤེགས་པ་བཞིན། །ཧ་ཧ་འཇིགས་པའི་སྒྲ་སྒྲོག་ཚེ། །སྐྱེ་མེད་ཞི་བ་ཏ་ལ་ལ། །ཐུབ་པའི་བསྟན་པའི་རྒྱལ་མཚན་ཕྱར། །སོགས་དང༌། ཨུ་ཙུསྨ་ལ་སོགས་པ་ཡི། །ཡི་གེའི་ཚོགས་དང་བྲལ་གྱུར་ཀྱང༌། །སྣང་སྲིད་དཔེ་ཆར་ཤར་བ་ཡིས། །དགག་པར་ནུས་སམ་ཨ་རེ་འཁྲུལ། །འོན་ཀྱང་ཆོས་ལ་བདག་པོ་ཡོད། །འཛེ་ལྷོག་ཕོལ་དང་སྨྱོ་འབོག་དང༌། །རིམས་དང་ལྟས་ངན་སྣ་ཚོགས་ཀྱི། །བསྐལ་པའི་ཚུལ་ལ་ད་ཚུར་ལྟོས། །ལོག་ཆོས་པ་ཡི་ཁྲིམས་ལུགས་ལའང༌། །སྨ་ར་ཨག་ཚོམས་གཉན་པར་བཤད། །དེ་འདྲའི་ལུགས་ནི་ངན་པ་ལ། །སྦྱར་ཚེ་གཤེད་མ་ཅིར་འགྱུར་བའི། །ཚུལ་ལ་རབ་ཏུ་ལྟ་བར་གྱིས། །སོགས་དང༌། བསྟན་སྲུང་མགོན་པོའི་བཀའ་འཁོར་རྣམས། །ཤ་ཁྲག་དམར་ལ་རོལ་བ་མཐོང༌། །དཔལ་ལྡན་ལྷ་མོའི་སྤྱན་སྔ་ན། །དམར་གྱི་རཀྟ་འཁྱིལ་བ་མཐོང༌། །སོགས་དང༌། ལེ་བར་ཉིས་བརྒྱ་འཕགས་པ་ན། །ས་འཛིན་དེ་ཡི་ཕོ་ཉ་བ། །ཨེ་མ་རྒན་ཞེས་བྱ་བ་ཡོད། །སྡིག་པར་གྱུར་པའི་སེམས་ཅན་ནི། །ལས་ཚར་ངན་ལ་ཞེན་པ་ཅན། །ཚིག་རྩུབ་གད་མོ་ཆེར་སྒྲོག་ལ། །ཡུལ་ཁམས་གང་བའི་ཐོག་སེར་ཕབ། །སྲིད་པ་འཁྲུགས་པའི་ཤྭ་རྦུད་ཀྱིས། །རིགས་ཅན་མི་དང་འདབ་ཆགས་བྱ། །ཁྱི་གླང་རྔ་མོང་ནོར་ལུག་སོགས། །མ་ལུས་རྒྱ་མཚོའི་གླིང་དུ་བསྐྱལ། །ཀྱེ་མ་ཀྱེ་མ་མ་དག་པ། །སྡིག་ཅན་དེ་དག་སྙིང་རེ་རྗེ། །དཔལ་ལྡན་ལྷ་མོའི་དམག་ཚོགས་ཀྱིས། །དམ་ཚིག་ལྡན་པའི་རྣལ་འབྱོར་ལ། །སྡང་བའི་དགྲ་ལ་བྷྱོཿབྷྱོཿཟེར། །གཟའ་བདུད་རྨུ་བཙན་ཐམས་ཅད་ཀྱིས། །ཕྲིན་ལས་ཐམས་ཅད་སྒྲུབ་བོ་ཟེར། །རང་བྱུང་རྡོ་རྗེ་ལ་གཏོགས་པའི། །བུ་སློབ་ཡོན་བདག་འཁོར་བཅས་ཀུན། །ཐམས་ཅད་སེམས་ཀྱི་དཔའ་རྩལ་སྐྱེས། །སོགས་དང༌། མེ་ཆུ་འབྱུང་བའི་འཇིགས་(པ༢༢ན)


PTT001_Page_0911
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ། །སྡང་སེམས་ལྡན་པའི་དགྲ་བོ་རྣམས། །ཆོ་འཕྲུལ་འདི་ལ་ད་ཚུར་ལྟོས། །སོགས་དང༌། དུས་ཀྱི་ཐ་མར་གྱུར་པ་དང༌། །ཕྲག་དོག་ཅན་གྱིས་ཚིག་རྩུབ་སྨྲས། །ས་འཛིན་རྒྱལ་པོ་རབ་ཏུ་ཁྲོས། །གཤེད་མ་པ་ལ་རང་དབང་མེད། །ཁྲོས་འཁྲུགས་རྔམས་པས་རབ་ཏུ་གཡོས། །རྣལ་འབྱོར་སེམས་ལ་གཡོ་བ་མེད། ཁམས་གསུམ་གང་བའི་འཇའ་ཚོན་འཁྲིགས། །ཁྲིམས་གཅོད་རང་སེམས་ཁོང་དུ་ཆུད། །ས་འཛིན་རྒྱལ་པོ་རབ་ཏུ་ཁྲོས། །གཤེད་མ་རང་སྲོག་རང་ལ་ཕབ། །སོགས་དང༌། དེ་ནས་ལྷ་མོ་རབ་ཁྲོ་སྟེ། །རླུང་ལྷ་ནག་མོ་ཞལ་གསུམ་མ། །འཇིགས་སུ་རུང་བའི་ཕོ་ཉ་བསྐུལ། །ཁམས་གསུམ་གང་བའི་རླུང་ཐོག་ཕབ། །ས་རྡོ་རི་བྲག་མཁའ་ལ་ཁྱེར། །སྨྱོ་འབོག་ནད་ཀྱི་བུ་ཡུག་འཁྲིགས། །གུར་དང་ཤིང་རྟ་ཐམས་ཅད་ཀྱང༌། །བྱ་སྤུ་གཏོར་བ་བཞིན་དུ་ཐལ། །མི་རྣམས་ཀྱེ་མ་ཀྱེ་ཧུད་འབོད། །ལྷ་རྣམས་དཀར་པོའི་རྒྱལ་མཚན་འཕྱར། །དཔལ་ལྡན་ལྷ་མོས་འགྱིངས་ཤིང་འགྱིངས། །ས་རྣམས་འདར་ཞིང་རི་རྣམས་གཡོས། །ལ་ལ་རིན་ཆེན་སྲོག་དང་བྲལ། །ནད་ཀྱིས་བཏབ་པ་བསམ་མི་ཁྱབ། །ལ་ལ་བ་སྤུ་གཡོ་ཞིང་འདར། །ཀུན་ཀྱང་དད་པ་རབ་ཏུ་སྐྱེས། །སྔོན་ཆད་ཆོ་འཕྲུལ་འདི་ལྟ་བུ། །ཀུན་གྱིས་མཐོང་དང་ཐོས་པ་མེད། །སོགས་དང༌། རྒྱ་མཚོའི་གླིང་གི་ཚད་འགྲམ་དུ། །ལོ་གསུམ་བར་དུ་འགྲོ་དོན་བྱས། །རྣམ་ཐོས་སྲས་ཀྱི་འབྱོར་དང་ལྡན། །སྔགས་ཀྱི་བདག་པོ་ཕོ་ཉར་བཀྱེ། །ཆར་རྒྱུན་བསིལ་བའི་ངད་དང་ལྡན། །ཐམས་ཅད་བདེ་སྐྱིད་ལྡན་པར་བྱས། །ཅེས་དང༌། ད་དུང་མ་དད་དད་བྱའི་ཕྱིར། །སྤྱན་རས་གཟིགས་ཀྱི་ལྷ་ཁང་དུ། །ཞག་བདུན་བར་དུ་གྲུབ་རྟགས་བསྟན། །སྒོ་ནི་ལྕགས་གཟེར་ཁྲོ་ཆུས་བསྡམས། །སྲུང་བྱེད་སྐྱེ་བོ་སུམ་རིམ་གྱིས། །རེས་བྱས་ནས་ནི་མེལ་ཚེ་བྱེད། །དེ་ཚེ་བདེ་ཆེན་ཉམས་དང་ལྡན། །ཉི་ཤུ་(པ༢༢བ)


PTT001_Page_0912
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བཞིའི་གནས་མཆོག་ནས། །རྗེ་བཙུན་ལྷ་མོ་ཞལ་གཅིག་མ། །དངོས་སུ་བྱོན་ནས་མ་བསྒྲིབས་ཞལ། །གསལ་བ་ཉིད་དུ་ཀུན་གྱིས་མཐོང༌། །ཡེ་ཤེས་མཁའ་འགྲོ་རྣམ་བཞི་ཡིས། །ཧ་ཧ་ལ་ཡི་དུར་ཁྲོད་ནས། །བྲམ་ཟེའི་བུ་མོ་དཔལ་ལྡན་མ། །འཕོ་བས་ལུས་སྲོག་བྲལ་བའི་རོ། །གཙང་ཞིང་དྲི་མ་མེད་པ་ཅིག །མཁའ་འགྲོས་བྱིན་གྱིས་བརླབས་ནས་ནི། །ཚོགས་ཀྱི་འཁོར་ལོ་བསྐོར་བར་བྱས། །ཉི་ཤུ་རྩ་བཞིའི་མཁའ་འགྲོ་རྣམས། །མ་ལ་ཡ་ཡི་ནགས་ཁྲོད་ནས། །དྲི་ཞིམ་རོ་མཆོག་ལྡན་པ་ཡི། །ཤིང་ཐོག་སྣ་ཚོགས་བླངས་སྟེ་ཕུལ། །དཀར་ཕྱོགས་ན་མཁའི་ལྷ་ཕྲན་རྣམས། །དྲི་ཞིམ་རོ་མཆོག་ཆར་དུ་འབེབས། །གསང་བའི་རྡོ་རྗེ་རྣལ་འབྱོར་མས། །བྷཾ་ག་ལ་ཡི་ཕོ་བྲང་ནས། །རྒྱུན་ལྡན་རྒྱལ་པོའི་ཁ་ཟས་རྣམས། །སྣ་ཚོགས་འོངས་ནས་དྲག་དུ་དྲངས། །ཅེས་སོ། །དེའི་ཚེ་རྒྱལ་པོ་གོ་བེ་ལ་ཡང་དད་ཅིང་འཇིགས་པར་གྱུར་སྟེ་ཇི་སྐད་དུ། དེ་ནས་དགུང་བདུན་འདས་པ་དང༌། །ས་བདག་རྒྱལ་པོ་དགའ་གྱུར་སྟེ། །ཞབས་ཀྱི་པདྨ་ཅོད་པན་ལ། །བླངས་ནས་དགྱེས་པའི་ཚིག་བརྗོད་པ། །ཕྲག་དོག་ལྡན་པའི་གང་ཟག་ཀུན། །ཨེ་མ་ངོ་མཚར་མི་ཆེ་འམ། །སྒྲུབ་རྒྱུད་འཛིན་པའི་སྒོམ་ཆེན་ཀུན། །བཀའ་རྒྱུད་རྒྱལ་ས་མ་ཟིན་ནམ། །དགེ་སློང་དགེ་འདུན་བཅས་པ་ཀུན། །ཤཱཀ་ཐུབ་བསྟན་པ་མ་རྒྱས་སམ། །མཐུ་དཔུང་ལྡན་པའི་སྔགས་པ་ཀུན། །བསྟན་སྲུང་ཆེ་བ་མ་བཏོན་ནམ། །ཞེ་སྡང་ལྡན་པའི་དཔའ་བོ་ཀུན། །ཞི་ཞིང་དུལ་བར་མ་བྱས་སམ། །བྱང་སེམས་ལྡན་པའི་རྒྱལ་སྲས་ཀུན། །ཆོས་ཀྱི་རྒྱལ་མཚན་མ་ཚུགས་སམ། །ཞེས་ཆེད་དུ་བརྗོད་སྟེ་ཞབས་ལ་སྤྱི་བོས་གཏུགས། ནོངས་པ་བཟོད་པར་གསོལ་སྟེ་བཞུགས་པར་ཞུས་པ་ལ་མ་གནང་བས་གར་བདེ་བར་བཞུགས་ལ་ངེད་ལ་སྨོན་ལམ་བཟང་པོ་ཐོབ་ཅིག་ཞུས་སྟེ་མཆོད་སྤྲིན་ཆེར་བྱས། དུས་མིན་འཆི་ཟློག་མ་ཆུང་(པ༢༣ན)


PTT001_Page_0913
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གསོལ་འདེབས་མཛད་ནས་རྒྱལ་ཁམས་དེ་ཐམས་ཅད་ནད་དང་མེ་ཆུའི་འཇིགས་ལས་བསྐྱབས་པ་སྟེ་གྲུབ་རྟགས་ཕྱི་མའོ། །སྤྱིར་རྒྱལ་པོས་མི་འཚམས་པའི་ཆད་པ་བརྒྱད་བྱས་ཤིང་མ་རུངས་པའི་གདུག་རྩུབ་ཅི་ཡང་བྱེད་པའི་ཚེ་བཀའ་རྒྱུད་ཀྱི་བླ་མ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས། དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱང་འདུས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་འོད་ཟེར་བཀྱེ་སྟེ་གདུག་པ་ཅན་འདི་ལྟ་བུ་ཤིན་དུ་གདུལ་བར་དཀའ་བས་ནུས་པའི་དཔུང་སྐྱེད་ཅིག་ཅེས་མངའ་གསོལ། དེའི་ཚེ་རང་དོན་དུ་དུས་མིན་འཆི་ཟློགས་མ་ཆེ་བའི་གསོལ་འདེབས་མཛད། འབྲི་ཁུང་གི་གཅུང་རིན་པོ་ཆེ། སྟག་ལུང་གི་སངས་རྒྱས་ཡར་བྱོན་སོགས་དེ་དུས་བཞུགས་པའི་བཀའ་རྒྱུད་ཀྱི་གྲུབ་ཐོབ་ཡང་ཕལ་ཆེར་ན་མཁའ་ལ་གྲོགས་སུ་བྱིན། ཁྱད་པར་རྒྱ་མཚོའི་འགྲམ་ན་བཞུགས་ཚེ་ཞིང་སྐྱོང་གི་ཌཱ་ཀི་མ་གསུམ་འཇའ་ཚོན་གྱི་དབུས་སུ་བྱོན་སྟེ་སྤྱན་རས་གཟིགས་ཀརྨ་པ་ཁྱེད་ཀྱིས་མཚུར་ཕུར་བྱོན་ལ་བཅོམ་ལྡན་འདས་ཀྱི་སྐུ་ཕོ་འདོམ་བཅུ་གསུམ་པ་ཅིག་བཞེངས་དང་གདུལ་བྱ་མཐར་ཕྱིན་ཞིང་དུས་གསུམ་གྱི་རྒྱལ་བའི་དགོངས་པ་རྫོགས་པར་འགྱུར་རོ་གསུང་ཡང་ཅིར་ཡང་མི་སྙམ་པར་ཞག་བདུན་དུ་བཞུགས་པ་ན་ན་མཁའ་ལ་རྫོགས་པའི་སངས་རྒྱས་སྐུ་ཚད་དེ་ཙམ་པ་གཙོ་འཁོར་གསུམ་འཁོར་སངས་རྒྱས་བྱང་སེམས་དཔག་མེད་ཀྱིས་བསྐོར་བ་བྱོན་སྟེ། སྤྱན་རས་གཟིགས་དབང་ཀརྨ་པ། །རྒྱལ་བ་རྣམས་ཀྱི་སྲས་གཅིག་པུ། །སྔོན་དུ་ཌཱ་ཀིས་བསྐུལ་བ་ལྟར། །སྐུ་གཟུགས་བཞེང་ལ་བརྩོན་འགྲུས་གྱིས། །བར་ཆད་ཐམས་ཅད་ངེད་ཀྱིས་སྲུང༌། །ཞེས་གསན་པས་འགྲུབ་པར་དགོངས། ཡང་ལྷ་གཟོ་བ་འཕན་ཡུལ་ན་པཀྴི་བྱ་བ་ཡོད། ཟངས་རག་རམ་པ་ཟངས་ཁུང་ནས་ཐོན་ཟེར་བའི་སྒྲ་བྱུང་སྟེ་ཉེ་གནས་ལྡན་སྒོམ་ལ་གསེར་དེལ་རྒྱབ་བདུན་སོགས་མཐའ་ཡས་པར་བསྐུར་སྟེ་འདམ་ཅོག་(པ༢༣བ)


PTT001_Page_0914
[མ་དཔེ་གཟིགས་ན་འདིར་གནོན།]

ཙེ་ལ་ནས་གཎྜི་ར་མཐོང་བ་གྱིས་གསུང་སྟེ་བརྫངས། མཛད་སྤྱོད་རོལ་བའི་རྣམ་ཐར་ལས། ཧོར་འདི་དགའ་རབ་དབང་ཕྱུག་དང་གནམ་ཐེའུ་སྤྲུལ་པར་འདུག་པས་བསྟན་པ་ཐམས་ཅད་འཇིག་པར་འདུག་པ་སུས་ཀྱང་མ་ཚོར་བར་འདུག་པས་ངས་འཕྲིན་ལས་བཞིས་བཏུལ་སྟེ་བསྟན་པ་གཞིག་མི་ནུས་པར་བྱས་པ་ཡིན་གསུང་སྟེ་གྲུབ་ཐོབ་ཆེན་པོའི་རྫུ་འཕྲུལ་དེས་མ་བཏུལ་ན་བླ་མཆོད་བཅོལ་ཡང་དམ་ཚིག་ལ་མི་འཛེམས་པར་འདུག་པས་བསྟན་པ་མཐའ་དག་འཇིག་རྒྱུ་སྣང་བ་བསྟན་པ་སྤྱི་ལ་འདི་ལྟ་བུའི་བཀའ་དྲིན་ཅན་གཞན་སུ་ཡོད། དེ་ལྟར་རྒྱལ་པོ་གདུག་པ་ཅན་བཏུལ་སྟེ་ཕོ་བྲང་ཅོང་ཏོ་མཁར་ནས་གདན་བཏེག་ལོ་བརྒྱད་ཀྱིས་མཚུར་ཕུར་ཕེབས། རྒྱ་ཡུལ་ཧུན་ཅི་མཁར་དུ་ཕེབས་དུས་ནད་ཡམས་སྣ་ཚོགས་པས་ཡུལ་དེ་ཉོག་ཉོག་པོར་གྱུར་པ་ལ་མགོན་སྐྱབས་སུ་གསོལ་བ་བཏབ་པས་སྨན་གྱི་བླའི་ཐུགས་རྗེ་བསྐུལ། རྫིང་དང་ཁྲོན་པ་དང་ཆུ་མིག་རྣམས་ལ་ཕྱག་ནས་དང་ཞལ་ཆབ་འཐོར་སྟེ་སྨན་གྱི་ཆུར་བྱིན་གྱིས་བརླབས་པས་ཆུ་འཐུངས་ཚད་ཀྱི་ནད་ཞི། ཐམས་ཅད་དད་སྟེ་བཀུར་བསྟི་མཐའ་ཡས་ཅིང་ཤིང་ཀུན་མཁར་དང་ཉེ་བ་རྒྱ་ནག་གི་མགོར་རྒྱའི་ལྷ་འདྲེ་ཐམས་ཅད་ཀྱིས་ཆོ་འཕྲུལ་བསྟན། རླུང་ནག་གིས་ས་རྡོ་ཁྱེར་བ་བྱུང༌། ཆིབས་རྟ་རྒོད་ཅིག་ཡོད་པས་འཕགས་ནས་སྐུ་ས་ལ་ལྷུང༌། དེ་མ་ཐག་རྟ་མགྲིན་དབུ་དགུ་ཕྱག་བཅོ་བརྒྱད་པར་བཞེངས་སྟེ་རྟ་སྐད་བཤུགས་གླུར་བླངས་པས་ཟིལ་གྱིས་མནན་སྟེ་སྲོག་སྙིང་ཕུལ། མི་རྣམས་ཀྱིས་སྐུ་མདོག་ཤིན་དུ་དམར་བར་མཐོང༌། རྒྱ་ཧོར་མི་ཉག་ཡུ་གུར་སོགས་ཀྱི་སྐྱེ་བོ་ཐམས་ཅད་འདུས་པ་ཆོས་ལ་བཀོད། གར་བྱོན་གྱི་ནད་ཡམས་ཆད་འཁྲུག་རྩོད་ཞི། དགོན་སྡེ་མཆོད་ཁང་འཁོགས་པ་རྣམས་གསོར་བཅུག །བནྡྷེ་མི་གཙང་བ་ཐམས་ཅད་ཚུལ་ཁྲིམས་ལ་སྦྱར། སྔགས་པ་རྣམས་སྐྱེད་རྫོགས་ལ་བཀོད། བསྟན་པ་ཉི་མ་ཤར་བ་ལྟར་མཛད། སྔོན་མདོ་ཁམས་ན་བཞུགས་(པ༢༤ན)


PTT001_Page_0915
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀམ་པོ་རྡོ་རྗེ་དཔལ་བརྩེགས་ཀྱིས་གནས་ནང་འདིར་སངས་རྒྱས་མར་མེ་མཛད་ཀྱི་སྐུ་ཆེ་བ་ཞིག་བཞེང་བར་ཞུས། ཀམ་པོ་གནས་ནང་འདི་ཕལ་ཆེན་ནས་གསུངས་པ་བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཅན་གྱི་གནས་ཡིན་ཞིང་ཀམ་པོ་རྡོ་རྗེ་དཔལ་བརྩེགས་འདི་ས་ཐོབ་པའི་བྱང་སེམས་སྐལ་པའི་ཚེ་ཅན་སངས་རྒྱས་སྟོང་གི་སྦྱིན་བདག་ཡིན་གསུངས། ཀརྨར་ཐུགས་རྗེ་ཆེན་པོས་འདིར་རྒྱལ་བ་བྱམས་པའི་སྐུ་ཆེ་བ་བཞེངས་ཅིག་ཞེས་ལུང་བསྟན་པ་ལྟར་གདན་ས་བར་མ་དང་འོག་མར་འདས་མ་འོངས་ཀྱི་དེ་བཞིན་གཤེགས་པའི་སྐུ་ངོ་མཚར་ཅན་བཞེངས། ཉེ་གནས་ལྡན་སྒོམ་གྱི་མཚུར་ཕུར་མཆོད་ཁང་ཆེན་པོའི་དྲི་གཙང་ཁང་ཁྱམས་དང་བཅས་པ་བརྩིགས་པས་སྣང་སྲིད་ཀྱི་ལྷ་འདྲེས་གྲོགས་བྱས་སྟེ་མྱུར་བར་ཚར། ལྷ་གཟོ་དང་ཟངས་རག་ཡང་ཇི་ལྟར་གསུང་བ་ལྟར་བྱུང༌། རུས་ཤིང་ཚུགས་ནས་ལོ་གསུམ་ན་ལྷ་ཆེན་པོ་འདོམ་བཅུ་གསུམ་པ་ཟངས་རག་ལས་ལུགས་སུ་བླུག་པ་གྲུབ། རྒྱ་གར་གྱི་ཡུལ་གྲུ་ཞིག་དུ་ཧོར་དམག་དྲངས་ནས་གཙུག་ལག་ཁང་ཆེན་པོ་ཞིག་གི་གཎྜི་ར་དང་གསེར་གྱི་བྱ་མདབས་དམག་གིས་ཧོར་ཡུལ་དུ་ཁྱེར་བ་མི་འཚམས་པའི་ཆོ་འཕྲུལ་གྱིས་སུས་ཀྱང་བདག་གིར་བྱེད་མ་ནུས་པ་གྲུབ་ཐོབ་ཆེན་པོས་ལྟས་ངན་གཡང་དུ་བླངས་སྟེ་རྒྱ་བོད་ཀྱི་མཚམས་ག་ཆུའི་འགྲམ་དུ་རྫུ་འཕྲུལ་གྱིས་དྲངས་ཀྱང་རྟེན་འབྲེལ་ཞིག་མ་འགྲིགས་པས་བྱ་མདབས་གཡོན་ལས་མ་དྲོངས་པར་དེ་ཉིད་དུ་མཛོད་ནག་ཆེན་མོ་ད་ལྟ་སུས་ཀྱང་རེག་མི་ནུས་པ་ཅིག་ན་ཡོད། ཕྱིས་བྱ་མདབས་གཡོན་གྱི་ཆུང་བ་དེ་ཉིད་དུམ་བུ་གཉིས་སུ་བྱས་སྟེ་རྒྱབ་མདུན་གྱིས་ཐོག་དུ་བཀལ། བྱ་མདབས་ཆུང་བ་གཉིས་སྟོང་པར་བཞག །རྩེ་གཎྜི་ར་ཆེན་མོ་གསེར་བྱ་ཁུང་གི་གཏེར་ནས་བྱུང་བའི་གསེར་བྱ་ཟུང་དང་བཅས་པ་བཙུགས། དེའི་ཚེ་གྲུབ་ཐོབ་ཆེན་པོ་འདམ་ཅོག་ཙེ་ལར་ཕེབས། དབུས་གཙང་ན་ཡོད་པའི་ཧོར་བོད་ཀྱི་མི་དཔོན། བླ་(པ༢༤བ)


PTT001_Page_0916
[མ་དཔེ་གཟིགས་ན་འདིར་གནོན།]

མ་དཔོན་ཆེན། ཟོན་འུའི་སྲིའི་མི་དཔོན་ཁྲི་དཔོན་རྣམས་ཐམས་ཅད་ཀྱིས་སོ་སོ་ནས་ཇ་འདྲེན་བསུ་བ་བསྙེན་བཀུར་བྱས། ཚོགས་ཆོས་ཆེན་མོ་གསུངས། ཞྭ་ནག་གི་བསྟོད་པ་ཡང་མཛད་པས་ཐམས་ཅད་མི་ཕྱེད་པའི་དད་པ་སྐྱེས་སྟེ་མཚན་གྲུབ་ཐོབ་ཆེན་པོ་འབའ་ཞིག་དུ་སྒྲོག །ཉེ་གནས་སོགས་ཀྱི་ང་རྒྱལ་བཅག་ཕྱིར་ཅོག་ཙེ་ལ་དང་གནམ་ལ་དང་སྦྲིད་ལ་རྣམས་ནས་རིམ་པར་མ་ཚར་བ་ཨེ་ཡིན་གཎྜི་ར་མ་མཐོང་གསུང་ཞིང་བཀྱོན། མཚུར་ཕུར་ཕེབས་ཚེ་མཆོད་ཁང་ཡང་ཆུང༌། ལྷ་ཆུང་འདི་འདྲ་བ་གསུངས་ནས་བཀྱོན། ཉེ་གནས་དང་ལྷ་བཟོས། ཉིད་ལྟ་བུར་མ་སོང་འདི་ལས་ཆེ་བ་བློ་ཁོག་དུ་གཏན་མ་ཤོང་བ་ཡིན། ལར་ས་འདི་ཡངས་པ་ཅིག་ཡིན་ན་གཎྜི་ར་ཅོག་ཙེ་ལ་ཐག་རིངས་བ་ནས་མཐོང་ཞུས་པས། ད་ལྟ་ཆེར་གཏོང་ཐབས་ཡོད་ཏམ་གསུང་བ་ལ་དེ་མ་མཆིས་ལྷག་རྣམས་ལ་ལྡེམ་གཉིས་དང་རིགས་ལྔ་བཞེང་ཞུས་པས་ཤིན་དུ་མཉེས་སྟེ་ལྷ་ལེགས་པར་གྲུབ་འདུག་ཁྱེད་ལ་ཉམ་སད་བྱས་པ་ཡིན་གསུངས་ནས་སླར་བྱམས་པ་དང་སྤྱན་རས་གཟིགས་རྒྱལ་བ་རིགས་ལྔ་རྣམས་ཀྱི་ལྷ་ཆེན་རེ་བཞེངས། གཙོ་བོ་ལ་དེ་བཞིན་གཤེགས་པའི་རིང་སྲེལ་བྲེ་གང༌། རྗེ་སྒམ་པོ་པའི་ཐུགས་ལྗགས་སྤྱན་གསུམ། དགྲ་བཅོམ་པ་ཉི་མ་གུང་པའི་ཚེམས། རྗེ་མི་ལའི་གསོལ་ཞལ་ཕྱག་མཁར། སྐྱེར་སྒང་བའི་སྣམ་སྦྱར་ཉན་ཐོས་མཆོག་ཟུང་གི་ལྷུང་བཟེད་མཁར་གསིལ་སྣམ་སྦྱར། གསེར་དངུལ་གྱི་བཀའ་འགྱུར་པོ་ཏི་རྒྱ་ལྔ་བཅུ། ཚོགས་དུང་དཀར་པོ་རྒྱང་གྲགས་སོགས་མཐའ་ཡས་པར་བཞུགས། གཟུང་བཞུགས་གྲུབ་ནས་ལྷ་ཆེན་གཡོན་དུ་ཤིན་དུ་ཡོ་བས་ལྷ་གཟོ་བས་ཐབས་མེད་ཅིང་སྡུག་བསྔལ་བའི་ཚེ་གྲུབ་ཐོབ་ཆེན་པོས་ཁྱོད་དེ་འདྲ་མི་དགོས་ང་རླུང་སེམས་ལ་དབང་ཐོབ་པའི་རྣལ་འབྱོར་པ་ཡིན་པས་བཅོས་ཀྱི་ཁྱོད་རང་ཚོད་གྱིས་ཅིག་གསུང་སྟེ་ལྷ་ཆེན་གྱི་མདུན་དུ་སྐྱིལ་ཀྲུང་གིས་བཞུགས་སྟེ་རླུང་(པ༢༥ན)


PTT001_Page_0917
[མ་དཔེ་གཟིགས་ན་འདིར་གནོན།]

རོ་ལན་གསུམ་བུས་ནས་བུམ་ཅན་བཟུང་སྟེ་སྐུ་གཡོན་དུ་ཡོན་པོར་མཛད་ནས་གཡས་སུ་རིམ་གྱིས་བསྲང་བས་ལྷ་ཆེན་པོ་ཚེག་ཚེག་ཟེར་ནས་འདྲོངས། དྲང་པོར་གྱུར་པ་ན་བླ་མ་རིན་པོ་ཆེ་ད་རན་ད་རན་ཞུས་པས་ཤིན་དུ་ལེགས་པར་བྱུང༌། རྩ་རླུང་བསྒོམས་པ་ལ་ཡོན་ཏན་དེ་འདྲ་ཡོང་བ་ཡིན་གསུངས། རབ་གནས་ལ་རྒྱལ་བ་བྱམས་པ་འབྱོན་པ་ཡོད་པས་ཆོས་ཁྲི་ཆེན་པོ་རྩིགས་གསུངས་སྟེ་བྱམས་པ་ཆོས་ཁྲི་བརྩིགས། གདུགས་རྒྱལ་མཚན་གསེར་འཕན་དར་མོ་ཆེ་བཀྲ་ཤིས་ཁྲ་རིང་སོགས་ཆོས་ཁྲི་ནས་མཆོད་ཁང་ཆེན་མོའི་བར་དུ་ཁྱབ། དེའི་ཚེ་དབང་པོ་རབ་ཀྱིས་རྒྱལ་བ་བྱམས་པ་གཙུག་ཏོར་དབུ་རི་དང་མཉམ་པ་དང༌། ལ་ལས་ཁྲི་དེ་སྐུས་ཁྱབ་པའི་ན་བཟའི་ལྷུབས་ཁྲི་ལས་འཕྱང་བ་མཐོང༌། ཁ་ཅིག་གིས་གྲུབ་ཐོབ་ཆེན་པོ་ཉིད་སྐུ་ལྷ་ཆེན་ལས་ཆེ་བར་དེར་བཞུགས་ཀརྨ་པ་གྲངས་མེད་པས་བསྐོར་ནས་ཕྱག་ནས་འཐོར་བ་མཐོང༌། ཐམས་ཅད་ཀྱི་མཐུན་སྣང་དུ་གྲུབ་ཐོབ་ཆེན་པོ་ཉིད་སྐུ་སྔར་བས་ཆེ་བ་ཞིག་བཞུགས་ནས་ཕྱག་ནས་མཛད་པ་དང་ལྷ་ཆེན་གྱི་དྲུང་ན་མཆོད་པ་མཛད་པ་དང་བླ་ཡེལ་ཆེན་མོར་ཆོས་གསུང་བ་སྟེ་སྐུའི་བཀོད་པ་གསུམ་དུས་མཉམ་དང་གཞན་ཡང་དུ་མ་མཐོང༌། ཟླ་གཅིག་དུ་མེ་ཏོག་གི་ཆར་དང་སྤོས་ཀྱི་དྲི་སྔོན་མ་ཚོར་བ་རྒྱུན་མ་ཆད། ལྷ་ཆེན་དཔལ་འབར་འཛམ་གླིང་རྒྱན་དུ་མཚན་གསོལ། རྗེ་དུས་མཁྱེན་གྱི་ཐུགས་ལྗགས་སྤྱན་གསུམ་བཞུགས་པར་གདུང་རྟེན་བཀྲ་ཤིས་འོད་འབར་དང༌། ཕྱི་རྗེ་ཉིད་ཀྱི་ཐུགས་ལྗགས་སྤྱན་གསུམ་བཞུགས་པའི་བཀྲ་ཤིས་ལྷུན་གྲུབ་དང་ལྡེམ་གཉིས་རིགས་ལྔ་དང་བཅས་པ་དང༌། ཕྱིས་ཐུགས་རྗེ་ཆེན་པོའི་ལྷ་ཁང་དང་ཡིག་བཅུའི་ཁང་པ་མཛད་པའི་རྒྱལ་བ་རྒྱ་མཚོ་ཡང་ད་ལྟ་དེར་བཞུགས་སྟེ་བོད་ཡུལ་ན་ཟླ་དང་བྲལ་བའི་གཙུག་ལག་ཁང་ཡིན་ལ་ས་དེར་རྡོག་པ་བཞག་པའི་སྐྱེ་བོ་ལ་ཡང་ངན་སོང་མེད་པར་རྗེ་ན་རིམ་ཐམས་ཅད་ཀྱིས་གསུངས་སོ། །ལོ་རྒྱུས་(པ༢༥བ)


PTT001_Page_0918
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པ་ལས་ནི། ལྷ་ཆེན་ཛམ་གླིང་རྒྱན་སངས་རྒྱས་རྣམས་ཀྱི་བྱིན་གྱིས་བརླབས་ཁྲོ་བོ་རྣམས་ཀྱིས་མཐུ་སྟོབས་དང་ཆོས་སྐྱོང་རྣམས་ཀྱི་རྫུ་འཕྲུལ་གྱིས་སྒྱུ་མ་ལྟ་བུར་རྣམ་པར་འཕྲུལ་ཞིང་བཞེངས་ནས་སྣང་བ་ཁྲི་ཐོག་དུ་ཐོན་པའི་ཚེ་བདུད་དང་མུ་སྟེགས་ལོག་པར་ལྟ་བ་ཅན་ལ་དགའ་བའི་ལྷ་འདྲེ་མཐུ་སྟོབས་ཅན་རྣམས་ཀྱི་བར་ཆད་རྩོམ་ཞིང་ཐམས་ཅད་འཁྲུག་པར་བྱེད་པའི་སྔ་ལྟས་སུ་ཞག་གཉིས་ལ་ས་འགུལ་ཐེངས་དྲུག་དུ་བྱུང༌། ཀ་བ་འཐེན་པའི་ཐག་པ་ཆད་ནས་བནྡྷ་ལྷ་གཟོ་བ་རྣམས་དེའུ་བསད་བྱས། ལྷ་གཟོ་གྲ་པ་ཕྱི་ནང་ཀུན་གྱི་སྙིང་དུ་བདུད་ཞུགས་ནས་འཐབ་རྩོད་ཀྱི་འཁོར་ལོ་ཆེན་པོ་བསྐོར་བར་བརྩམས། དགེ་འདུན་ཚལ་པ་ལ་གཏོགས་པའི་སོ་ནམ་པ་འགའ་ཞིག་གི་སྙིང་དུ་བདུད་ཞུགས་ནས་རྗེ་དུས་མཁྱེན་གྱི་དབོན་པོ་བྱང་ཆུབ་འདས་ལམ་ལ་བཀོད། ཡུལ་ཁམས་ཀུན་དུ་ནད་འཁྲུག་གནོད་པ་སྣ་ཚོགས་འབྱུང་བར་འདུག་པ་ལ་སྔགས་འཆང་རང་བྱུང་རྡོ་རྗེས་དེ་རྣམས་བདུད་ཀྱི་ཆོ་འཕྲུལ་དུ་གོ་ཞིང་རྟོགས་ནས་རྟ་མགྲིན་རྡོ་རྗེ་སྲིན་པོ་དང་གསང་བ་མཆོག་གི་སྐུ་བདག་ཡཀྵ་རྡོ་རྗེ་སྲིན་པོའི་ལྷ་ཚོགས་སུ་དཀྱིལ་འཁོར་དུ་གསལ་ཞིང་བརྟན་པ་ཛམ་གླིང་ཁྱབ་པ་ཙམ་དུ་ཞག་བདུན་གྱི་བར་དུ་ཐམས་ཅད་ཞལ་དུ་བསྟབས་ཤིང་ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་གྱི་འོད་ཟེར་ཆོ་འཕྲུལ་ཆེན་པོ་བཀྱེ་ནས་ཟིལ་གྱིས་མནན་པའི་དུས་སུ་ས་རྡོ་རྩི་ཤིང་ནགས་ཚལ་ཁྱད་པར་དུ་མཚུར་ནང་ཕུ་མདའི་རི་ཀླུང་ཐམས་ཅད་རྡོ་རྗེ་སྲིན་པོའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས། སྒོས་སུ་དགོན་སར་གྱི་ཕར་ཐད་ཀྱི་བྲག་ལ་རྟ་མགྲིན་རྡོ་རྗེ་སྲིན་པོའི་འོད་ཟེར་བརྟན་པར་བྱས་པས་རྟ་མགྲིན་རྡོ་རྗེ་སྲིན་པོ་ཡུམ་གསང་ཡེ་དཔོན་གཡོག་གསུམ་མེ་རི་དང་བཅས་པ་རྒྱང་ནས་བལྟས་ཀྱང་གསལ་བར་བསྟན་ཞིང་བྱིན་གྱིས་བརླབས། ཁམས་གསུམ་རྣམ་པར་རྒྱལ་བ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་ཆོས་ཐམས་ཅད་ཀྱི་ངོ་བོ་རང་བཞིན་མཚན་ཉིད་རྣམ་པར་སྤྲོས་པ་ཏིང་ངེ་འཛིན་གྱི་རྒྱལ་པོས་(པ༢༦ན)


PTT001_Page_0919
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེ་བ་ཛམ་གླིང་ཡང་ཞི་རྒྱས་སུ་རབ་ཏུ་གནས་པར་བྱིན་གྱིས་རློབ་པ་དང༌། ཁྱད་པར་དུ་ལྷ་ཆེན་པོ་རབ་ཏུ་གནས་ཅིང་འགྱུར་བ་མེད་པ་བརྒྱ་རྩ་བརྒྱད་ཀྱི་འོད་ཟེར་འཕྲོ་འདུས་མཚུར་ཕུའི་རི་བྲག་ཐམས་ཅད་ཀྱང་རྒྱལ་བ་སྐུ་གསུམ་གྱི་དཀྱིལ་འཁོར་དུ་བྱིན་གྱིས་རླབས་ཤིང་རབ་ཏུ་གནས་པའི་འོད་ཟེར་ཏིང་འཛིན་ཕྱོགས་མེད་དུ་སྤྲོས་པ་སྟེ་རི་བྲག་ཐམས་ཅད་ལ་ཡང་འགྱུར་བ་མེད་པ་འགྱུར་མེད་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས་རབ་ཏུ་གནས་པར་བྱས་ཤིང་ཁྱད་པར་དུ་སོ་རིང་ཟམ་ཁའི་རྡོ་བ་ཞིག་ལ་ཏིང་འཛིན་གཏད་པས་འགྲོ་བ་མོས་ཤིང་ཡིད་ཆགས་པ་ཉེས་པའི་སྐྱོན་རྣམས་འདག་པར་ནུས་པ་སྟེ་རྟེན་གྱི་བྱ་བ་དང་དགོས་པ་དེ་ཡིན་པ་སྟེ་ཀུན་བཟང་ཡངས་པའི་རྒྱུད་ལས། དེ་ཉིད་རྟོགས་པའི་རྣལ་འབྱོར་པས། །བསྐལ་པ་བདུན་ནམ་ཉི་ཤུ་གཅིག །རབ་གནས་འཇིག་པར་མི་འགྱུར་རོ། །ཞེས་གསུངས་ཤིང་སྐུ་གསུམ་ལྷུན་གྲུབ་ཀྱི་རབ་གནས་དང་ལྡན་པའི་རྟེན་ལ་སེམས་ཅན་རྣམས་ཡིད་འཇུག་ཅིང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱིས་རབ་ཏུ་གནས་པའི་རྟེན་རྣམས་ཀྱི་དྲུང་དུ་སུས་ཕྱིན་ཀྱང་སེམས་གནས་ཅིང་འབྲལ་མི་ཕོད་པ་དང་བདེ་གསལ་མི་རྟོག་པའི་སེམས་གནས་པའི་ཕྱིར་ན། སེམས་ཅན་རྣམས་ཀྱི་ཡིད་ལ་འཇུག །སེམས་ཅན་རྣམས་ཀྱི་ཡིད་འཕྲོག་པ། །ཅེས་གསུངས་སོ། །སྔར་གྱི་བར་ཆད་དེ་རྣམས་ལས་རྒྱལ་ན་རྒྱ་ཆུང་བ་དབུས་གཙང་ཆེ་བ་ཛམ་གླིང་ཙམ་དུ་ཆོ་འཕྲུལ་དང་འཁྲུག་རྩོད་ཆེན་པོ་འབྱུང་བར་འདུག་ཡང་གསང་མཆོག་ཀུན་གྱི་བདག་པོའི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་སྲིན་པོའི་མཐུ་སྟོབས་དང་ཏིང་འཛིན་གྱི་རྩལ་ཆེན་པོ་རྫོགས་པས་ཕྱི་ནང་གི་འཐབ་རྩོད་དང་བདུད་ཀྱི་དམག་ཚོགས་རྣམས་ཞལ་དུ་བསྟབས་ཤིང་ཞི་བར་མཛད་པའི་ཕྱིར་ན་ཞི་བ་ལྷུན་གྱིས་གྲུབ་བའི་འཕྲིན་ལས་ཡུལ་ཁམས་འདི་ཐམས་ཅད་དུ་བྱུང་ཞིང་འབྱུང་ལ་འབྱུང་བར་འགྱུར་བའི་ཕྱིར་ན་ལྷ་ཆེན་པོའི་འཕྲིན་ལས་དུས་གསུམ་(པ༢༦བ)


PTT001_Page_0920
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་ཆད་མེད་པར་ཇེ་ཆེ་ཇེ་བཟང་ལ་འབྱུང་བ་སྟེ་སྐད་རིས་མི་གཅིག་པའི་མི་རྣམས་ཀྱི་ཀྱང་ཐག་རིང་པོ་ནས་མོས་གུས་བྱེད་ཅིང་བདག་དུ་འཛིན་པ་དང་མཆོད་པ་བྱེད་པ་མང་དུ་འབྱུང་ལ་སྣང་བ་དག་པ་རྣམས་ཀྱིས་སྐུ་གཡོ་འགུལ་དང་འོད་ཟེར་དང་གསུང་འབྱོན་པ་ཐོས་པ་དང་འབྲིང་དང་ཐ་མས་ཀྱང་དད་པ་སྐྱེ་ཞིང་ན་ཚ་སྡུག་བསྔལ་ཞི་སེམས་གནས་ནས་ཕྱིར་འགྲོ་མི་འདོད་པ་སོགས་ཉམས་ལྟས་མང་པོ་འབྱུང་སྟེ་ལྷ་ཆེན་པོ་ཛམ་གླིང་རྒྱན་མཐོང་ཐོས་ཕྱག་མཆོད་དགྱིད་པ་རྣམས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་དང་དངོས་གྲུབ་མཐའ་ཡས་པ་འབྱུང་བར་འགྱུར་རོ། །ཡེ་ཤེས་མགོན་པོ་ལྕམ་དྲལ་རྣམས་ཀྱང་རང་བཞུགས་ལ་ལྷ་སྲིན་སྡེ་བརྒྱད་ཁྱད་པར་དུ་རྡོ་རྗེ་ལེགས་པ་ཚ་ཞང་མྱུར་མགྱོགས་ཅན་དང་བོད་ཁམས་ཀྱི་བརྟན་མ་ཛམ་གླིང་སྐྱོང་མ་གཉན་ཆེན་ཐང་ལྷ་མཁར་ནག་རྡོ་རྗེ་རྒྱལ་པོ་ལ་སོགས་པ་ཀླུ་དང་ས་བདག་རྣམས་ཀྱང་དམ་ཚིག་ཆེན་པོའི་དབང་གིས་དཀོར་སྲུང་དང་ཡོན་བདག་དང་ལྷ་ཆེན་པོའི་ཆོས་སྐྱོང་དང་བཀའ་སྲུང་དུ་རང་དམ་རང་གིས་བཅས་སྟེ་རྒྱུན་ཆད་མེད་པར་འཕྲིན་ལས་སྒྲུབ་པའི་ཕྱིར་ན་ལྷ་རྟེན་ལྷ་དཀོར་རྣམས་ལ་ཐག་ཐུག་མ་བྱས་ཤིང་མཆོད་ན་འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་ཅིང་བསྟན་པ་ཡུན་དུ་གནས་པའི་ཕྱིར་ཤིན་དུ་གཉན་ཞིང་རབ་ཏུ་གཉན་པར་ཤེས་པར་བྱའོ་ཞེས་གསུངས་སོ། །ཡང་འབུམ་ཐང་ཐམས་ཅད་རྒྱལ་བ་རྒྱ་མཚོ་ལྷ་ལྔས་གང་བར་གཟིགས་སྟེ་ཐུགས་རྗེ་ཆེན་པོའི་ལྷ་ཁང་བཞེངས་ཤིང་ཡིག་བཅུ་དང་ཕྱོགས་བཞིའི་དགེ་འདུན་ལ་ཚ་བའི་རྒྱུན་བཙུགས་སྟེ་ཐུགས་རྗེ་ཆེན་པོ་དང་སེམས་ཅན་སྡུག་བསྔལ་ཅན་རྣམས་ཐ་དད་མེད་པ་ནི་ངའི་ཡི་དམ་ཡིན་གསུངས། དེ་ལྟར་རྒྱ་ཧོར་བོད་མི་ཉག་ཡུ་གུར་སོགས་ཡུལ་གྲུ་སྐད་རིམས་མི་གཅིག་པ་བརྒྱ་ཕྲག་མང་པོར་ལྷ་ཁང་མཆོད་རྟེན་རྙིང་གསོ་སར་འཛུགས་སྟོང་ཕྲག་བདུན་བརྒྱད་ལས་མི་ཉུང་བ་མཛད་སྟེ་ཆོས་རྒྱལ་མྱ་ངན་མེད་ཀྱི་འཕྲིན་ལས་ལས་མི་དམན་པ་ཡིན་སྟེ་ཛམ་གླིང་ཀུན་དུ་རྒྱུ་བའི་ཀརྨ་པ་(པ༢༧ན)


PTT001_Page_0921
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མནར་སེམས་གནོད་སེམས་བྱེད་པ་སྣ་ཚོགས་བྱུང་ཡང་ལྷ་མོ་འོད་ཟེར་ཅན་གྱི་གཟུངས་ཀྱི་ཡོན་ཏན་བཞིན་ལེགས་པ་ཕུན་སུམ་ཚོགས་པ་ལྔ་ལྷུན་གྱིས་གྲུབ་ཅིང་རབ་འབྱམས་བཀའ་ལ་ལུང་ཆེན་ཐོབ་པས་བསྟན་པ་རྒྱ་མཚོ་མཐའ་ཡས་དང་ཡེ་ཤེས་རྒྱ་མཚོ་མཐའ་ཡས་མན་ཆད་ཚིག་བཞིའི་ཚིགས་སུ་བཅད་པ་ཡན་ཆད་ལ་བཀའ་འགྱུར་རོ་འཚལ་གཉིས་ཙམ་འཛམ་གླིང་ཁྱབ་པར་བསྟན་ཅིང་དེ་རྣམས་སུ་སྤྲུལ་པའི་རྣམ་ཐར་མང་པོ་འཐོར་ནས་ཡོད་པ་སྟེ་རྣལ་འབྱོར་རང་བྱུང་རྡོ་རྗེའི་རྣམ་ཐར་གླིང་བཞི་རྒྱས་བསྡུས་ཐམས་ཅད་ཁྱབ་པར་ཚད་གཞལ་དུ་མེད་པའོ་ཞེས་སོ། །འཕགས་པ་རིན་པོ་ཆེ་བོད་ལ་ཕྱི་མ་ཕེབས་པའི་ཚེ་མེ་གླང་གི་ལོ་ལ་རྗེ་དགུང་ལོ་དོན་གཉིས་པ་དང་བླ་མ་ཆོས་ཀྱི་རྒྱལ་པོ་ཞེ་གསུམ་བཞེས་པ་མཚུར་ཕུར་མཇལ། ཕྱག་དང་བཞུགས་སྟན་མཉམ་པོ་མཛད། སྔར་ངས་ཁྱེད་ལ་ཕོ་བྲང་དུ་བྱང་ཆུབ་སེམས་དཔའ་མཐོང་ན་དགའ་བར་མཚན་བཏགས་པ་མ་ཡིན་ནམ་གསུངས། འདི་ཁ་ཅིག་ན་གནམ་དུ་མཇལ་བྱ་བ་ཡང་འདུག །གཞན་ཡང་འཁོར་ལོ་སྡོམ་པ་ཀུན་སྣང་སྒྱུ་འཕྲུལ་གྱི་ཞིང་ཁམས་ཕྱོགས་མཚམས་ཐམས་ཅད་ཡིག་བདུན་གྱི་སྒྲ་དང་ཆར་དུ་འབབ་ཅིང་གསང་བའི་མཛོད་ཀྱི་སྒོ་ཕྱོགས་མེད་དུ་ཕྱེ་ཞིག་ཞེས་གྲགས། ཕྱིས་མཚུར་ཕུའི་བླ་བྲང་དུ་རྡོ་རྗེ་འཆང་གྲུབ་ཐོབ་བརྒྱད་པའི་བླ་མ་ཐམས་ཅད་ཕྱོགས་མཚམས་ཀུན་ཁྱབ་པ་གཅིག་གོ་གཅིག་གིས་མི་སྒྲིབ་པར་སྐྱིལ་ཀྲུང་ས་གནོན་མཛད་སྟེ་མ་ཧཱ་མུ་དྲ་ཞེས་ཕྱོགས་མེད་དུ་སྒྲོག་པ་ཞག་འགའར་གཟིགས་པས་ད་ཕྱིན་ཆད་གར་ཡང་མ་འགྲོ་ཞེས་པར་དགོངས་ནས་དེ་ཕྱིན་རྩེ་གཅིག་དུ་བཞུགས། སྐལ་ལྡན་གྱི་སློབ་མ་མཐའ་ཡས་པ་འདུས་པ་ཐམས་ཅད་གཞི་ཚུལ་ཁྲིམས་དང་བྱང་ཆུབ་ཀྱི་སེམས་ཀྱིས་བཟུང༌། ཐོས་བསམ་སྒོམ་པས་སྒྲོ་འདོགས་ཕྱོགས་མེད་དུ་བཅད། སྨིན་གྲོལ་དབང་གི་རྒྱལ་མཚན་འཕྱར་སྟེ་གནད་བཞི་ཆོས་ཉིད་ཀྱི་འཁོར་ལོ་ཉིན་མཚན་མེད་པར་བསྐོར་བས་(པ༢༧བ)


PTT001_Page_0922
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་རྒྱུད་ཀྱི་རྒྱལ་ས་ཟིན་པའི་གྲུབ་ཐོབ་མཐའ་ཡས་པ་བྱུང༌། ཡང་རྡོ་རྗེ་འཆང་དང་བླ་མེད་ཀྱི་ལྷ་ཚོགས་ཀྱི་འོད་ཟེར་སྔོན་པོས་མ་ཁྱབ་པ་མེད་པ་དང༌། བུད་མེད་རུས་རྒྱན་ཅན་མང་པོས་ཡེ་ཤེས་ཀྱི་བདུད་རྩི་ཕྱོགས་མེད་དུ་འཐོར་བ་དང༌། དཔའ་བོ་མཁའ་འགྲོ་རྣལ་འབྱོར་ཕོ་མོའི་ཚོགས་འོད་དང་གཟུགས་བརྙན་གྱི་ཚུལ་དུ་ཁྱབ་པས་ད་དུང་ཕྱི་མཐའི་བར་དུ་རྣལ་འབྱོར་གྱི་དབང་ཕྱུག་བགྲང་ལས་འདས་པ་འབྱུང་བར་འགྱུར་རོ་ཞེས་སྒྲོག་པ་གསན། ཡང་ཅུང་ཟད་མནལ་བ་ན་བདག་ཉིད་དང་ཕྱི་ནང་ཐམས་ཅད་བདེ་མཆོག་གི་ངོ་བོར་གསལ་ཞིང་སྟེ་ལོ་ན་རོ་སོགས་ཀྱང་དེའི་རྣམ་འཕྲུལ་དུ་སྣང་བ་སད་ནས་ཀྱང་ཞག་མང་པོར་གཟིགས། ཡང་མནལ་ལམ་དུ་ན་མཁའི་དབྱིངས་ཅིག་དུ་བྱོན་པས་རྣལ་འབྱོར་པ་ཆང་ཀ་པཱ་ལ་གང་འཐུང་བ་ཞིག་སྣང༌། ཨིནྡྲ་བྷུ་ཏི་ཡིན་སྙམ་པ་ན། ང་ནི་སྐུ་གསུམ་ས་ར་ཧ། །རྣལ་འབྱོར་བདུན་ལ་སོགས་པ་ཡི། །གྲུབ་ཐོབ་ཐམས་ཅད་ང་ལས་བྱུང༌། །ང་ལས་བྱུང་ཞིང་ང་རུ་ཐིམ། །ཞེས་ཆང་ན་མཁའ་ལ་གཏོར་བས་རྣལ་འབྱོར་པ་དཔག་མེད་དུ་གྱུར་སྟེ་ཨཱ་ལི་ཀཱ་ལིའི་རང་སྒྲ་སྒྲོག་པ་གསན་པས་བདེ་མཆོག་རྒྱུད་བླ་མ་ལ་སོགས་པའི་དོན་ཐམས་ཅད་རྟོགས། རང་གིས་ཀྱང་ཆང་ཐོད་ཕོར་གང་སྤྲུལ་ནས་གཏོར་བས་དཔའ་བོ་མཁའ་འགྲོ་དཔག་དུ་མེད་པར་གྱུར་སྟེ་དེ་ཐམས་ཅད་ན་མཁའ་ལ་འཕུར་སྟེ་སོང་བས་རང་ཉིད་ཀྱང་སྒྱུ་མས་སྒྱུ་མ་སྤྲུལ་རྨི་ལམ་གྱིས་རྨི་ལམ་སྤྲུལ་ཞིང་ཕྱིན་པས་སྔར་གྱི་རྣལ་འབྱོར་པ་དེ་སྟེང་ཕྱོགས་ཅིག་ན་བསྡད་ནས། སེམས་ཀྱི་མཐའ་ལ་ཐུག་པ་མེད། །ན་མཁའ་ལ་ནི་མཐའ་དབུས་བཞིན། །མ་རིག་འཁྲུལ་པའི་སྐྱེས་བུ་རྣམས། །འཁྲུལ་པས་ན་མཁའི་མཐའ་འཚོལ་བ། །རྨོངས་པ་ན་མཁའ་མཐོ་ལ་འཇལ། །ཞེས་ཟེར། དེ་ཐམས་ཅད་རང་ཉིད་ལ་ཐིམ་པ་སྙམ་བྱེད། དེ་ལ་སོགས་པའི་དག་པའི་གཟིགས་སྣང་རབ་འབྱམས་ནི་དེང་སང་ཡི་གེར་སྣང་བ་ཁོ་ན་ཡང་གཞལ་དུ་མེད་ན་དེ་ལས་གཞན་(པ༢༨ན)


PTT001_Page_0923
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་ཅི་ཞིག་སྨོས། ཡང་མནལ་ལམ་ན་ཡུལ་ཆེན་པོ་མཐའ་ཡས་པ་མཐོ་དམན་མང་དུ་སྣང་བ་ལ་ཟམ་པ་ཕྲ་མོ་མང་དུ་ཡོད་པ་བྲུལ་ན་གནམ་ས་ཙམ་དུ་འགྲོ་དགོས་པ་འདུག་པའི་ཚེ་ཏིང་ངེ་འཛིན་ཡེ་ཤེས་ཀྱི་རྩལ་གྱིས་སྐད་ཅིག་མ་བསྐལ་པར་བྱིན་གྱིས་བརླབས་སྟེ་མཐོ་ཞིང་མཐོ་བའི་རྩེ་མོར་ཕྱིན་པ་ན་དྭགས་ལྷ་སྒམ་པོ་ཡིན་ཟེར་བའི་རིན་པོ་ཆེའི་རི་དབུ་རྒྱན་པྲོག་ཞུ་དང་རྩེ་བྲན་གྱི་དབྱིབས་ཐམས་ཅད་ཀྱང་ཤེལ་གྱི་རང་བཞིན་དཔག་དུ་མེད་པ་ཐམས་ཅད་ཀྱང་ཐང་ཤིང་གི་འབྲས་བུ་ལྟར་མཆོད་རྟེན་གཅིག་རྒྱབ་གཅིག་གི་ཕྲེང་བ་ཅན་དབུས་མ་མཐོ་ཁྱད་དང་ལྡན་པའི་རྩེར་བཞུགས་པ་ན་རྗེ་སྒམ་པོ་པ་ཆོས་གོས་གསོལ་བ་འོད་ཀྱི་རང་བཞིན་ཅན་བཞེངས་སྟེ་ཕྱག་མཛུབ་ཕྱོགས་ཐམས་ཅད་དུ་གཏད་ནས་ལྟོས་ཅིག་གསུངས་སྟེ་ཐམས་ཅད་སྒྲིབ་པ་མེད་པར་སྐུ་དང་མཆོད་རྟེན་གྱི་རང་བཞིན་དུ་གསལ་བ་མནལ་མ་མནལ་མེད་པར་ཞག་བདུན་དུ་བྱུང་སྟེ་བཀའ་རྒྱུད་ཀྱི་བསྟན་པ་དར་བར་མཁྱེན། ཡང་རྗེ་དུས་མཁྱེན་སྐུ་བལྟམས་པའི་གནས་ཀྲེ་ཀམ་ཁྱིམ་མི་ངན་གྱིས་བཤིགས་པ་རྣམས་བསྒྲལ་ནས་མགོན་པོ་བེར་ནག་ཅན་རལ་པ་ན་མཁའི་དབྱིངས་སུ་ཁྱབ་པ་སྙིང་གི་ཕྲེང་བ་སེ་རལ་ཁར་ཁུར་བ་ལ་གྲངས་བརྒྱ་དང་ལྔ་བཅུ་ཙམ་ཡོད་པ་ཕྱོགས་བཅུ་མགོན་པོས་བསྐོར་བ་ཐམས་ཅད་དུ་གསལ་སྟེ། བསྟན་པ་དར་ཞིང་བསྟན་པ་རྒྱས། །ཕྱོགས་བཅུར་བསྟན་པས་ཁྱབ་པར་བྱས། །ཟེར་སྟེ་ཀྲེ་བོ་ཉག་ཆུ་རབ་སྒང་ཤར་དམར་ཚའི་སྒང་ལ་སོགས་པར་ཡང་མ་འོངས་པ་བསྟན་པས་ཁྱབ་པར་ལུང་བསྟན། མགོན་པོ་འཁོར་བཅས་ཀྱིས་ཀྱང་རྟེན་འདི་རྣམས་དང་ཁྱེད་ཀྱི་བྱ་བ་ཐམས་ཅད་ངེད་ཀྱིས་སྒྲུབ། ད་དུང་དུ་ཡང་ཁྱེད་མ་འོངས་པ་འཁྲུལ་པ་མེད་པར་བསམས་བཞིན་དུ་སྲིད་པ་ཉེ་བར་ལེན་ཞིང་ཁམས་གསུམ་ཁྱབ་པར་གདུལ་བྱ་སེམས་ཅན་རྣམས་ཀྱི་དོན་བྱེད་པར་འགྱུར་པའི་དུས་སུ་ཡང་ངེད་རྣམས་ཀྱིས་བསྟན་པ་སྲུང་ཞིང་བྱ་བ་སྒྲུབ་བོ་ཅེས་ཁས་ལེན་པ་གཟིགས། རྟ་ལོ་རྒྱལ་བ་རྒྱ་མཚོའི་ལྷ་ཁང་གྲུབ་པ་(པ༢༨བ)


PTT001_Page_0924
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཟུང་སྟེ་མྱ་ངན་ལས་འདའ་བར་བཞེད་པའི་གསུང་མང་དུ་བྱོན། དེའི་ཚེ་གྲུབ་ཐོབ་ཆེན་པོ་ཨོ་ཌྱན་པ་དགུང་ལོ་ང་གསུམ་པ་ཅིག་དབུས་གཙང་གི་འགྲོ་དོན་ཆེན་མོ་ལ་བྱོན། གཙང་ཕྱོགས་སུ་ཐན་མོ་ཆེ་བྱུང་བ་གར་ཕེབས་སུ་ཆར་པ་བབ་པས་ཞི་བར་མཛད། དྲག་པོའི་སྦྱིན་སྲེག་གིས་བགེགས་ཐམས་ཅད་འདུལ་ཞིང་བྱོན། རོང་ཆེན་དང་སིལ་མ་ལ་ནས་འབྱོན་པར་དགོངས། སྟག་གྲུ་ཁར་ཕེབས་ཚེ་ད་རེས་རིན་པོ་ཆེ་ཀརྨ་པ་མཇལ་དགོས་པར་འདུག་གསུངས་ནས་གཙང་པོ་བྱང་ལ་བྱོན། གྲུབ་ཐོབ་ཆེན་པོས་ཀྱང་ཀྱཻ་མཚུར་ཕུ་བ་ཁ་འཁྱགས་རྣམས་ལོངས། གྲུབ་ཐོབ་ཨོ་ཌྱན་པ་གནམ་ས་གཉིས་ཀྱི་ཀ་བ་ལྟ་བུ་དེ་འབྱོན་ཞིང་འདུག་གསུངས་ནས་གྲབས་ཡུལ་ཆེར་བྱས། ཨོ་ཌྱན་པའི་གསུངས་ནས་ཀརྨ་པའི་གྲ་པ་རྣམས་བྲེལ་བདོ་འདུག་ཅག་མལ་གྱིས་གསུངས་ནས་ལམ་ཞིག་དུ་ཅག་མལ་མཛད། ཡང་བྱོན་སྟེ་དབུ་རི་བརྒལ་བར་བཞུགས་ནས་མངོན་མཁྱེན་ཨེ་འདུག་ལྟའོ་གསུང་ནས་མཚན་འགྲོས་ཀྱིས་བཏེག །གྲུབ་ཐོབ་ཆེན་པོས་མཁྱེན་ནས་ཐོ་རེངས་བསུ་བ་རྣམས་བཏང་བ་བྱམས་པ་ཆོས་ཁྲིར་མཇལ་བས་ཨོ་ཌྱན་པའི་ཐུགས་རྒྱལ་དང་པོ་ཆག་ཕྱིར་གཟིམས་སྦྲ་ཆེན་མོ་ལ་བཞུགས་ནས་རིན་པོ་ཆེའི་གཟིམས་ཁང་ན་རྟེན་མཆོད་དང་བཀོད་པ་འདི་ལྟར་འདུག་གསུངས་པས་མཚུར་ཕུ་བ་རྣམས་མོས། ནང་དུ་ཕེབས་སྟེ་གུས་པས་གྲུབ་ཐོབ་ཆེན་པོའི་ཞབས་ལ་ཕྱག་མཛད། སྟན་བཟང་པོ་བཤམས་པ་ལ་བཞུགས། གྲུབ་ཐོབ་ཆེན་པོས་ཁྱེད་དཔོན་སློབ་རྣམས་ངས་ཡོས་དཀྲུགས་པ་འདྲ་བ་ཞིག་བྱའམ་གསུངས་པས་མཛད་པར་ཞུ་གསུངས། དེ་མ་ཐག་རླུང་དང་ལྟ་སྟངས་མཛད་པས་གྲུབ་ཆེན་པ་དཔོན་སློབ་ཐམས་ཅད་ཉམས་འུར་སྟེ་བཀྲབས་པས་ད་སྡོད་གསུངས་སྟེ་ཐུགས་རྒྱལ་གཉིས་པ་ཆག །ད་ལྟ་བོད་ན་ཁྱེད་པས་གྲུབ་ཐོབ་ཆེ་བ་མེད་ཨང་གསུངས། དེ་ཙམ་གྱི་རློམ་པ་མི་བདོག་ཞུས་པས་འོ་ན་ཁྱེད་ཀྱིས་ཨ་སུ་རའི་བྲག་ཕུག་དུ་བླངས་པའི་མགུར་དེ་ལོང་དང་གསུངས། དེར་ཐུགས་རྒྱལ་རྩ་བ་ནས་ཆག །ཨེ་ཨོ་ཌྱན་པ་ཁྱེད་སིལ་མ་ལ་ནས་འགྲོ་(པ༢༩ན)


PTT001_Page_0925
[མ་དཔེ་གཟིགས་ན་འདིར་གནོན།]

ཚིས་འདུག་སྟེ་ངའི་བྱང་ཆུབ་ཀྱི་སེམས་ཀྱིས་རང་དབང་མེད་པར་བཀུག་པ་ཡིན་ཨེ་ཤེས་གསུངས། ཀ་ཏོ་ར་ནས་ཀྱིས་བཀང་བ་རྒྱལ་བ་རྒྱ་མཚོའི་སྦ་ཅག་གིས་དཀྲུགས་ནས་སྤྱི་བོར་བཞག་སྟེ་དབང་བསྐུར། ཞག་གསུམ་དུ་གདམས་ངག་མཐའ་ཡས་པ་གནང༌། ཁྱེད་ཀྱི་བརྒྱུད་པ་ལ་ཞྭ་ནག་ཅན་དུ་མཆི་ཞུས་པས། སྤྱིར་གང་བྱས་ཉན། གྱ་བ་གངས་པས་གུ་བ་བྱས། དེའི་སྐྱེ་མཆེད་ལ་བརྟེན་ནས་ཞྭ་ནག་པོ་གྱོན་པའི་བརྒྱུད་པ་ཆད། འོན་ཀྱང་ད་དུང་ཉི་མ་ནུབ་ཕྱོགས་ནས་ཞྭ་ནག་པོ་གྱོན་པ་ཅིག་ཡོང་པ་ཡིན་གསུངས། འདི་ནི་རྗེ་རང་བྱུང་བ་ལུངས་བསྟན་པ་དང་སྤྱིར་གྱ་བ་གངས་པའི་མཛད་པ་ལ་རྗེ་དུས་མཁྱེན་མ་མཉེས་པས་བར་དེར་སྤྲུལ་སྐུ་ཅུང་ཟད་འགྱངས་པ་ལ་དགོངས་པ་ཡིན་ནོ། །དེ་ནས་གནང་སྦྱིན་བཟང་པོ་མཛད། སྲེ་འཕོའི་ཞལ་གདམས་དང་སྐུ་གསུམ་ངོ་སྤྲོད་སོགས་ཀྱི་ཕྱག་དཔེ་ཁྱད་པར་བ་དང་དབུ་ཞྭ་ཞྭ་ནག་ཞིག་གཏད་སྟེ་འདི་རྣམས་ཁྱེད་ཀྱིས་མགོ་འདོན་བྱེད་དགོས་པ་ཅིག་ཡོངས་བས་དེ་ལ་གཏོད། ཁྱེད་འདི་ནས་ལྷོ་ཕྱོགས་སུ་སོང་དང་འགྲོ་དོན་རྒྱ་ཆེན་པོ་འགྲུབ། ང་དང་མྱུར་དུ་འཕྲད་ཏོ་གསུངས། སྐུ་ཚེ་འདི་ལ་ཞག་གསུམ་ཁོ་ན་ལས་མ་མཇལ་ཡང་ཕ་དང་བུ་ལྟ་བུར་གྱུར། གྲུབ་ཐོབ་ཨོ་ཌྱན་པ་ཡང་དེ་ཕྱིན་རྗེས་རྒོད་ཚང་བ་དང་ཐ་མི་དད་པའི་རྩ་བའི་བླ་མར་འཛིན། སྤྱིར་ཐུགས་རྒྱུད་ཐ་མི་དད་པའི་སྐུའི་བཀོད་པའང་ཡིན་པར་སྣང་ལ་བརྒྱུད་པ་གཏད་ཅིང་ཕྱིས་ལམ་བར་ཀུན་དུའང་གདམས་ངག་གི་ཤོག་དྲིལ་ཡང་ཡང་དུ་གནང་སྐད། གྲུབ་ཆེན་པ་ཐེགས་འཕྲལ་ཞིག་དུ་མང་ཡུལ་གྱི་གངས་ཞུར་མོའི་མདུན་ཕྱོགས་ཀྱི་མི་མང་པོ་ཇོ་བོ་བསྐོར་བ་ལ་འོངས་སྟེ་ལམ་གཞུའི་ཕུ་ནས་གྲུབ་ཐོབ་ཆེན་པོ་མཇལ་དུ་འོངས་པ་རྣམས་ལ་ཆོས་དང་བྱིན་རླབས་གནང༌། དེའི་ནང་ནས་དོ་ཧ་དང་རྙིང་མ་དང་ཞི་བྱེད་རྒྱུད་ཕྱི་ལ་མཁས་པའི་སྟོན་པ་ཆོས་དཔལ་བྱ་བ་སྙོམས་ཆུང་ཞིག་ཡོད་པ་ལ་ཁྱོད་ཅུང་ཟད་སྡོད་གསུངས། ཟས་གོས་དང་གནང་སྦྱིན་བཟང་པོ་མཛད་ནས་ངེད་ཁྱོད་ལ་གནས་(པ༢༩བ)


PTT001_Page_0926
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་ཞིག་གཡར་དགོས་པར་འདུག་པས་དེ་ཐོང་ཞིག་གསུང༌། ཁོང་གིས་ཀྱང་མ་གོ་བར་གཞན་ལ་སྨྲས་པས་ཁྱོད་རང་གར་སྡོད་མེད་པ་ལ་གནས་ཚང་གར་འོངས་ཟེར་ནས་བཞད་གད་དུ་སོང་སྐད། སྤྱིར་རྟ་ལོ་སོགས་ལ་ནད་བགེགས་ཀྱི་རྐྱེན་མང་དུ་བྱུང་བ་ཐམས་ཅད་ལྷན་སྐྱེས་ཡེ་ཤེས་སུ་རོ་སྙོམས་པས་ཞག་བཞི་བཅུར་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་ལྷུན་གྲུབ་ཏུ་བྱུང་བའང་གཤེགས་པའི་ལྟས་སུ་མཁྱེན། བུ་སློབ་རྣམས་ཀྱིས་ཀྱང་སྐུ་རིམ་ཆེན་པོ་བྱས། ཁང་སྒོའི་ཐེམ་ལེན་གྱིས་སྐུ་ཆར་གནང་བ་ཡང་རླུང་བུམ་ཅན་ཁུག་པ་གཅིག་གིས་སྐྱོན་བསལ་སྟེ་ཀརྨ་པ་མིན་ན་སྐྱེ་ཤི་ལན་དྲུག་ཙམ་གྱི་སྣང་བ་དེ་ཉིད་དུ་འཆར་བ་འདུག་གསུངས། རྟོགས་ལྡན་རང་བྱུང་རྡོ་རྗེ་འཆི་བའི་བྱེ་བྲག་སུ་ཞིག་གིས་ཤེས། དཔེར་ན་མར་མེ་འདའ་ཁར་གསལ་བ་བཞིན་གྲུབ་ཆེན་ཨོ་ཌྱན་པ་བྱོན་པ་དང་འདྲ་སྟེ་མཁས་པར་འདོད་པས་ཐེ་ཚོམ་དྲིས། གྲུབ་པར་འདོད་པས་བདར་ཤ་ཆོད་གསུང་ཞིང་ལུག་ལོ་ཟླ་བ་དང་པོ་ལ་ཐང་དཔལ་མོ་དཔལ་ཐང་གི་སྟོད་དུ་རྗེ་བཙུན་མི་ལ་ཐོད་པར་བདུད་རྩི་གསོལ་ཞིང་འོད་ཟེར་འགྱེད་པ་དང་མ་འོངས་པ་འདི་ནས་འཕྲིན་ལས་འབྱུང་ངོ་ཞེས་ལུངས་སྟོན་པ་གཟིགས་སྟེ་བསྟན་བཅོས་མཛད། དེ་ཕྱིན་སྔ་གཞིས་པ་རྣམས་གངས་ཞུར་མོའི་མདུན་དུ་སོང་ངོ་ཞེས་ཡང་ཡང་གསུངས། ལུག་ལོ་ཟླ་བ་གསུམ་པ་ནས་བརྩམས་སྟེ་སྒྲ་དང་འོད་དང་ས་གཡོ་བ་ཡང་ཡང་དུ་བྱུང་ཞིང་མེ་ཏོག་གི་ཆར་རྟག་པར་བབ། རྟགས་འདི་དག་དགེ་འམ་མི་དགེ་ཞུས་པས་བྱང་ཆུབ་སེམས་དཔའ་འཁྲུལ་བ་དང་འདའ་བ་ལ་རྟགས་འདི་ལྟ་བུ་འབྱུང་བ་ཡིན་ཤེས་སམ་གསུངས། དགེ་འདུན་གྱི་ཚོགས་སུ་གསུང་ཆེན་པོ་ཕྱུང་སྟེ་ཁྱེད་རང་རྣམས་ཞུ་རྒྱུ་ཡོད་ཚད་ཞུས། མ་བདེ་བ་ཡོད་ཚད་དྲིས། རྗེ་དུས་མཁྱེན་གྱི་གདན་ས་རྣམས་ཀྱི་ཞིག་རལ་གསོས་ན་བསྟན་པའི་དར་རྒྱས་ཡུན་རིང་དུ་འབྱུང་བར་བཀའ་རྒྱུད་གོང་མའི་ལུང་བསྟན་ཡོད་པས་ངས་ཀྱང་གདན་ས་འདི་རྣམས་ལ་བྱ་བ་བྱས། རྗེས་དུས་གསུམ་(པ༣༠ན)


PTT001_Page_0927
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པའི་དགོངས་པ་རྫོགས་པར་བྱས་པ་ཡིན། འཛམ་གླིང་གི་བྱ་བ་སྐོར་གཅིག་ཚར་ཉི་མ་དོ་ནུབ་ནུབ་ཀྱང་སང་འཆར་བ་བཞིན་རེ་ཞིག་འདི་ནས་མི་སྣང་བར་གྱུར་ཀྱང་འཕྲིན་ལས་ཀྱི་དབང་གིས་གདུལ་བྱ་དང་མཐུན་པར་སྤྲུལ་པའི་སྐུ་ཤེས་བྱ་ཀུན་ལ་མཁས་པ་ཅིག་གནམ་ནས་བྱ་བབས་པ་བཞིན་མྱུར་དུ་འོང་ངོ་ཞེས་གསུངས། ཡང་དབོན་རིན་པོ་ཆེ་ལ་སྤྲུལ་པའི་སྐུ་འདིར་མ་བྱོན་གྱི་བར་དུ་ཁྱོད་ཀྱིས་སྐྱོངས་ཅིག་གསུངས་སྟེ་ཆུ་མོ་ལུག་ལོ་ཟླ་བ་དགུ་པའི་ཚེས་གསུམ་གྱི་སྔ་དྲོ་ལ་ཞག་བདུན་དུ་གདུང་ལ་མ་རེག་ཞིག་གསུངས་སྟེ་ཆོས་དབྱིངས་སུ་བཞུགས། དེའི་ཚེ་སློབ་མ་དག་པས་དགའ་ལྡན་དང་མངོན་དགའ་དང་བདེ་བ་ཅན་དུ་བྱོན་པར་མཐོང༌། ཐུན་མོང་དུ་འཇའ་དང་རོལ་མོ་དང་མེ་ཏོག་གི་ཆར་དང་ཉི་མ་ཉིས་འགྱུར་གྱིས་རིང་བར་སྣང༌། ཚེས་དགུ་ལ་གདུང་བཞུ་བ་ན་ངོ་མཚར་གྱི་བཀོད་པ་ཆེར་སྣང་ཞིང་ཐུགས་ལྗགས་རིང་སྲེལ་སོགས་བྱོན་པ་རྟེན་སོ་སོར་བཞུགས་ཤིང་བསོད་ནམས་ཀྱི་ཞིང་དུ་གྱུར་ཏོ། །གྲུབ་ཐོབ་ཆེན་པོ་ཉིད་ཀྱི་ཞལ་ནས་ད་རེས་མིའི་འགྲོ་དོན་ལས་མི་མ་ཡིན་པའི་འགྲོ་དོན་ཆེ་བ་ཡིན་སྟེ་རྒྱ་གར་ཀ་མ་རཱུ་པའི་གཞི་བདག་གི་སློབ་མ་ཁོ་ན་ཡང་གྲངས་ཀྱིས་མི་ཆོད་ཅེས་གསུངས་པས་དེ་ལྟ་བུ་ནི་བློས་གཞལ་བར་མི་ནུས། དངོས་སུ་སྣོད་ལྡན་གྱི་སློབ་མའི་གཙོ་བོ་རྒྱལ་པོ་མོང་གོར་གན་ཉི་དང་སྤངས་རྟོགས་མཉམ་པར་བྱིན་གྱིས་བརླབས་པ་དང༌། སེ་ཆེན་གྱིས་འཆད་པའི་ལས་མེར་བསྲེགས་པའི་ཚེ་དཔོན་སློབ་གསུམ་ལྷན་དུ་བསྲེགས་ཀྱང་མེས་མ་གནོད་པའི་ཡེ་ཤེས་དབང་ཕྱུག་དང་རིན་ཆེན་དཔལ། ཚད་མ་པཎྜི་ཏ་མཁས་པའི་ང་རྒྱལ་གྱིས་ཁེངས་སྟེ་གྲུབ་ཐོབ་ཆེན་པོ་ལ་རྗེས་དཔག་ཚད་མ་གང་ལ་ཟེར་མངོན་སུམ་ཚད་མ་གང་ཡིན་ཟེར་བ་ན་ཕྱག་སྡིགས་མཛུབ་བཏད་པས་དེ་སྣ་ཁྲག་ཐིམ་བུ་བཏང་བ་ལྟར་བབ་པ་ལ་འདི་རྗེས་དཔག་ཚད་མ་ཡིན། ད་མངོན་སུམ་ཚད་མ་དགོས་སམ་གསུངས་པས་སྐྲག་ནས་ཞབས་ལ་གཏུགས་པ་ཚད་མ་པཎ་ཆེན་དང༌། གཡག་རུ་རས་པ། རྟོགས་ལྡན་ཞྭ་སེར་བ། (པ༣༠བ)


PTT001_Page_0928
[མ་དཔེ་གཟིགས་ན་འདིར་གནོན།]

ཞྭ་དམར་བ། ཞྭ་ཁྲ་བ། སྟག་མགོ་བ། གཟིགས་མགོ་བ། དོམ་མགོ་བ། སྤྱན་སྔ་སྟག་ཤོད་པ། འཇམ་དབྱངས་བློ་གྲོས་སེང་གེ། དབོན་རིན་པོ་ཆེ། བྱང་སེམས་རྒྱལ་བ་ཡེ་ཤེས། གནམ་མཚོ་བ་ཆེན་པོ། གྲུབ་ཐོབ་གཉན་རས་ལ་སོགས་པ་རྟོགས་ལྡན་རྣལ་འབྱོར་གྱི་དབང་ཕྱུག་མཐའ་ཡས་པ་བྱོན་ནོ། །དེ་ལྟར་སློབ་མ་མཐའ་ཡས་ཀྱང་སྐུ་སྐྱེ་བ་ཕྱི་མའི་འདྲེན་པར་མངགས་ཤིང་བསྟན་པ་གཏད་པ་ནི་གྲུབ་ཐོབ་ཨོ་ཌྱན་པ་ཡིན་སྟེ། འདི་ནི་སློབ་དཔོན་པདྨའི་དངོས་སློབ་མདོ་ཁམས་ཀྱི་རྒྱུས་ནག་བྱང་ཆུབ་གཞོན་ནུའི་གདུང་རྒྱུད་རྟ་མགྲིན་དང་ཕུར་པའི་གྲུབ་ཐོབ་ཟམ་མ་ཆད་པའི་བརྒྱུད་པ་བྱང་ཆུབ་རྒྱ་མཚོ་སྐུ་མཆེད་གཙང་དུ་བྱོན་སྟེ་ཨར་ཚོ་བནྡྷེ་བཅོ་བརྒྱད་བཏུལ། ལས་སྟོད་ལྷོ་ནས་ཟླུམ་དུ་གདན་ཆགས་པའི་བརྒྱུད་པ་ཡབ་ཇོ་འཕན་དང་ཡུམ་ཕྱུག་མོ་དུག་གེ་ལས་ལྕགས་ཕོ་སྟག་གི་ལོ་ལ་སྐུ་བལྟམས། མཚན་སེང་གེ་དཔལ་དུ་གསོལ། རང་བྱུང་གི་ཏིང་འཛིན་སྐྱེས། འཁོར་བ་ལ་སྙིང་པོ་མེད་པས་ཆོས་བྱེད། དེ་ཡང་ཐོས་བསམ་སྔོན་དུ་བཏང་ནས་སྒོམ་བྱེད། སེམས་སྒོམ་པ་ལ་ད་ལྟ་བྱིས་པའི་སེམས་དང་གཟོད་སྒོམ་དུས་ཀྱིས་སེམས་ལ་ཁྱད་ཅི་འདུག་ལྟ་དགོས་སྙམ་ནས་ལྟ་བ་བྱུང་སྟེ་ཁྱད་མི་འདུག་གསུང༌། དགུང་ལོ་བདུན་ནས་མ་ཕུར་སོགས་ཡབ་ཆོས་ཐམས་ཅད་མཁྱེན། རྗེ་རྒོད་ཚང་པ་ལས་དགེ་བསྙེན་མཛད། འདི་ལ་ཐོས་གྲོལ་འོང་གསུངས། ལོ་བཅུ་དྲུག་ནས་བུ་དོང་རིན་རྩེའི་དྲུང་དུ་མངོན་པ་གོང་མ་ལ་མཁས་པར་སྦྱངས། ཞག་གསུམ་ལ་གཞུང་ཕྱེད་ཟིན་ཞག་གསུམ་པོའི་གཞུང་སྐྱོར་ཞིག་གསུང་བ་ན་ཕྱེད་པོ་བསྐྱོར། དེ་མན་ཡང་ཐུགས་ལ་བཀྲ་ལམ་མེ་འདུག་ནས་འདི་མན་མ་བཟུང་བའི་གཞུང་ལགས་བྱས་ནས་བསྐྱར་བས་སྤྲུལ་པའི་སྐུ་ལ་སློབ་གཉེར་བྱ་མ་དགོས་པར་འདུག་གསུངས། གཞན་ཡང་དབུ་ཚད་བྱམས་ཆོས་མཐའ་དག་སྦྱངས། རྩོད་པ་བཟང་བའི་མཆོག་དུ་གྲགས། ཉི་ཤུ་ལ་མཁན་པོ་བུ་དོང་རིན་རྩེ་ལས་སློབ་ཞང་བསམ་གླིང་བ་གསང་སྟེ་བ་བསོད་འོད་སོགས་ལས་(པ༣༡ན)


PTT001_Page_0929
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པར་རྫོགས་སྟེ་འདུལ་བ་མཐའ་དག་གསན་ཞིང་ལོ་བཅུ་གཉིས་སུ་སྟན་གཅིག་གི་བརྟུལ་ཞུགས་མཛད། ཁུ་བོ་གོ་ལུང་པ་ན་མཁའ་རྒྱལ་མཚན་སོགས་ལ་དུས་འཁོར་ཆག་ལུགས་རྭ་འབྲོ་སོགས་ཀྱི་ལུགས་མང་དུ་གསན། ཁྱད་པར་དུས་འཁོར་བ་སངས་རྒྱས་རྡོ་རྗེས་ལ་ཙ་མི་ལུགས་གསན། དུས་འཁོར་ལ་མཁས་པ་ཐམས་ཅད་ལ་གཏུགས། ཡན་ལག་དྲུག་གི་རྣལ་འབྱོར་སྨར་ཁྲིད་དུ་མཛད་ཀྱང་རྒྱུད་འགྲེལ་གྱི་སྒྲོ་འདོགས་མ་ཆོད། སྲོག་རྩོལ་ཡན་གྱི་ཁྲིད་ཀྱིས་ཀྱང་ཐུགས་ཀ་མ་གང་སྟེ་ཤམྦྷ་ལར་རིགས་ལྡན་གྱི་དྲུང་དུ་འབྱོན་པར་དགོངས་ནས་ཟླ་བོ་འཚོལ་བ་ལ་སྙ་ནམ་བདེ་ཆེན་སྟེང་དུ་བྱོན་པའི་ཚེ་རྗེ་རྒོད་ཚང་པས་མདང་རྗེ་རས་ཆུང་པ་བྱོན་གསུང་ཞིང་ཉིད་ཀྱང་སངས་རྒྱས་དངོས་ཀྱི་མོས་གུས་སྐྱེས་ཤིང་མཇལ་བ་ཙམ་གྱིས་རྟོགས་པ་ཤར། དུས་འཁོར་གྱི་མ་བདེ་བ་ཕལ་ཆེར་འབྲུ་ནོན་རེ་མཛད་པས་ཁྲོལ། ཁ་ཅིག་རྒྱ་གར་ཤར་ཕྱོགས་སུ་ཤེས་པར་ལུང་བསྟན། མནལ་ལམ་དུ་བྱོན་ནས་དབང་རྫོགས་པར་གནང༌། ང་སྔོན་ཙཱ་རི་ན་སྡོད་དུས་རྡོ་རྗེ་རྣལ་འབྱོར་མས་པོ་ཏི་ཅིག་བྱིན་པ་མིད་པས་ཆོས་ཐམས་ཅད་ལ་མི་ཤེས་པ་ཅུང་ཟད་ཀྱང་མེད་གསུངས། ཤམྦྷ་ལར་མ་འགྲོ་བར་ཨོ་ཌྱན་དུ་སོང་དོན་འགྲུབ་པར་འགྱུར་ཞེས་གསུངས་སྟེ་མཚོ་མོ་དང་ར་སོགས་བརྒྱུད། ཏི་སེ་དང་གནྡྷ་ལ་དང་ཛ་ལནྡྷ་ར་རྣམས་སུ་སྒྲུབ་པ་མཛད་ཅིང་ཨོ་ཌྱན་དུ་བྱོན། སོག་པོ་དང་གཅན་གཟན་དང་མི་མ་ཡིན་མཐའ་དག་ཟིལ་གྱིས་མནན། ཕོ་བྲང་དྷུ་མ་ཐ་ལའི་ཚོགས་ཅན་མའི་གཙོ་མོ་རིགས་ལྡན་མ་ས་མུ་དྲ་མུ་ཁ་བྱ་བས་ཟས་འབྲེལ་ཐུག་ཕོར་གང་བྱིན་པ་གསོལ་བས་རྩ་བདུད་མཐའ་དག་ཞིག་སྟེ་རིགས་དྲུག་གི་གནས་སྦྱོང་མང་དུ་བྱུང༌། ས་ཁོལ་བུར་གཡོས། རྡོ་རྗེ་ཐེག་པའི་ས་དང་པོ་བརྙེས་སྟེ་རྡོ་རྗེ་རྣལ་འབྱོར་མ་དངོས་སུ་བྱོན་ནས་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་གནང༌། རྗེ་རྒོད་ཚང་པས་སྤྲུལ་པའི་སྐུ་གཅིག་སྨིན་པ་ལ་ལོ་སོ་གཉིས་སྒོམ་དགོས་པ་ཡིན། ལོ་སོ་གཉིས་(པ༣༡བ)


PTT001_Page_0930
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལོན་གྱི་བར་འགྲོ་དོན་མ་བྱེད་གསུངས་པ་ལྟར་ཨོ་ཌྱན་གྱི་མར་ལམ་མང་ཡུལ་གྱི་བདག་པོ་བླ་ཆེན་དེ་ཁྱིམ་གྱིས་བཞུགས་པར་ཞུས་ཀྱང་མ་གནང༌། རྗེ་རྒོད་ཚང་པ་གཤེགས་པ་ལམ་དུ་མཁྱེན་འོད་གསལ་གྱི་ངང་དུ་མཇལ་ཞིང་སྙེ་མདོ་ཐམས་ཅད་མཁྱེན་པའི་སྲས་ཀུན་དགའ་འོད་ཟེར་དུ་འཁྲུངས་པ་གཟིགས། རྒྱ་གར་རྡོ་རྗེ་གདན་དུ་བྱོན། ཛྙཱ་ན་གརྦྷེ་སོགས་བཞིས་མ་ཧཱ་བོ་དྷིའི་དྲུང་དུ་སྨོན་ལམ་བཏབ་པས་མགོན་པོས་བསྐུལ་བ་ལྟར་གར་ལོག་གི་དམག་བཟློག་ཚོགས་བདག་གིས་སྲོག་སྙིང་ཕུལ། རྡོ་རྗེ་གདན་དུ་ལོ་གསུམ་གཞུགས། ཛམ་གླིང་སུམ་གཉིས་དབང་དུ་སྡུད་ཟེར་ཡང་ཇི་ཙམ་སྡོད་ང་རང་མཁས་ཛམ་གླིང་སུམ་གཉིས་ཀྱིས་ང་ཅི་བྱེད་གསུངས་ནས་ཞེན་ལོག་གི་སེངྒེའི་སྒྲ་བསྒྲགས། བསིལ་བ་ཚལ་གྱི་གཞི་བདག་བཏུལ་བོད་དུ་བྱོན་ནས་འགྲོ་དོན་ཅུང་ཟད་མཛད། ཕྱིས་ཀྱང་རྡོ་རྗེ་གདན་དུ་ལན་གཉིས་སུ་བྱོན། གར་ལོག་གིས་ཉམས་པར་བྱས་པའི་ཚེ་སིངྒྷ་གླིང་གི་རྒྱལ་པོ་སོགས་གསུམ་གྱིས་ཕྱོགས་གསུམ་དང་བྱང་ཕྱོགས་སྒྲུབ་ཆེན་རིན་པོ་ཆེས་བསོས། འབུལ་བ་བྱུང་ཚད་རྡོ་རྗེ་གདན་དུ་སྔོ། བྱང་སྒོ་ལ་བོད་ཀྱི་སྒོར་གྲགས། དེའི་ཚེ་ཛོ་གི་ལྔ་བརྒྱས་ཚོགས་འཁོར་བྱས་ཚད་ཀྱི་ཚོགས་གྲལ་དུ་མི་རེ་ཤི་བས་བྱེད་མ་ནུས་པ་ན་ཚོགས་དཔོན་དུ་སྤྱན་དྲངས་པས་ཐམས་ཅད་ལ་བྱིན་རླབས་ཞུགས། དཀྱིལ་འཁོར་གྱི་ལྷ་སྣ་ཚོགས་པར་མཐོང་ནས་རྩོད་མེད་ཀྱི་གྲུབ་ཐོབ་ཆེན་པོར་བཀུར། རམ་ཤིང་རྒྱལ་པོ་ལ་བརྟུལ་ཞུགས་མཛད། ཕྱི་མ་རེས་བྱོན་པ་དང་མན་ལུང་གུ་རུ་པོ་ཊ་ལར་བྱོན་པ་དུས་མཚུངས། ཛ་ཡེ་པུར་གྱི་རྒྱལ་པོས་སྟོན་པའི་ཕྱག་གཡས་ཀྱི་འཐེབ་ཚིགས་དང་པོའི་གདུང་ཕུལ། བསྙེན་སྒྲུབ་ཀྱི་སྣོད་རིན་པོ་ཆེ་མཁར་ཆུ་བ་ལུང་བསྟན་བཞིན་བྱོན་ནས་གནང་ཞིང་ཡི་གེ་མཛད་དབུས་གཙང་གི་འགྲོ་དོན་ཆེན་མོ་སོགས་འགྲོ་དོན་མཐའ་ཡས། རིན་པོ་ཆེ་ཀརྨ་པ་མཇལ་སྟེ་ཐུགས་ཡིད་དབྱེར་མེད་དུ་འདྲེས། བསྙེན་སྒྲུབ་ཀྱི་ཁྲིད་མཛད་པས་(པ༣༢ན)


PTT001_Page_0931
[མ་དཔེ་གཟིགས་ན་འདིར་གནོན།]

གཅེས་ཕྲུག་བརྒྱད་བཅུ་ལ་སོགས་པའི་གྲུབ་ཐོབ་བྱུང་སྟེ་ངས་བསྙེན་སྒྲུབ་བཏབ་ན་ལུང་པ་གྲུབ་ཐོབ་ཀྱིས་འགེངས་པར་འདུག་ཡང་ཚེ་ལ་ཡང་གཟན། བཀའ་རྒྱུད་ཀྱི་ཁྲིད་སྲོལ་ལ་ཅུང་ཟད་གནོད་པར་འདུག་གསུངས་ནས་གཙོ་བོར་རྗེ་དྭགས་པོའི་ཕྱག་ཆེན་གསུངས། ཧོར་རྒྱལ་པོ་སེ་ཆེན་གྱིས་བོད་ལ་ལམ་བྱས་ནས་བལ་པོ་དང་རྒྱ་གར་ལ་དམག་འདྲེན་པའི་ལམ་ལྟ་བའི་གསེར་ཡིག་པ་བཏང་བྱུང་བ་ལ་ཆུ་བོ་རབས་ཀྱི་ཕྲེང་བ་མཛད། རྒྱལ་པོ་ལ་བསྟོད་པ་སྡེབ་སྦྱོར་ཅན་མཛད་ནས་དམག་གིས་ལམ་མི་བགྲོད་པར་དོན་གྱིས་བཀའ་གནང་བས་དམག་བཤོལ་སྟེ་རྒྱ་བལ་བོད་གསུམ་འཇིགས་པ་ལས་བསྐྱབས་ཀྱང་འདི་ལྟ་བུ་བཀའ་དྲིན་དུ་གོ་མཁན་ཡང་ཆེར་མི་སྣང༌། སེ་ཆེན་གྱིས་སྤྱན་འདྲེན་ལན་གསུམ་བཏང་བའི་མཐའ་མ་ལ་བྱོན། མ་བསྒོ་བར་སྟན་ལ་བཞུགས་པས་མ་བཅོས་པ་གསུངས་ནས་རྒྱལ་པོ་མཉེས། གདུང་མ་ཆེན་པོ་ཅིག་བསྟན་ནས་ཤིང་ཅིར་འདུག་ཟེར་བ་ན་རྒྱ་མཚོའི་ཉ་ཆེན་པོ་ཅིག་གི་རྨང་ར་ཡིན་གསུངས་པས་རྒྱལ་པོས་མངོན་ཤེས་འདུག་ཟེར། ས་སྐྱ་པ་རྣམས་ཐམས་ཅད་ལ་ཕྱིན་པའི་ནོར་ཉམས་ཆེན་པོ་འདུག་ཟེར། རྒྱལ་པོའི་ཕྱག་བསྙུང་བ་སུས་ཀྱང་འཆོས་མ་ཐུབ་པ་དེ་དབྱུག་པ་མཛད་པས་ཕན། རྒྱལ་པོ་ལ་ཆོས་གསུངས། བླ་མ་ཆོས་ཀྱི་རྒྱལ་པོའི་ཤེལ་ཐམ་འབུལ་གསུང་ཡང་མ་བཞེས། གོང་མའི་སྐུ་ལ་དུས་སྦྱོར་དགུ་འགགས་ཟིན་པས་བསྡད་ཀྱང་ཕན་མི་ཐོགས་གསུངས་ནས་ཞུས་བ་ནན་ཅན་མཛད་པས་འབྱོན་པའི་ལུངས་ཁྲོལ། ཤིང་རྟ་ཁ་སྤྲོད་ཅིག་གསེར་བྲེ་དང་དངུལ་བྲེས་བཀང་སྟེ་ཕུལ་བ་བློན་པོ་ཚོའི་བློར་མ་ཤོང་འུ་ལག་གིས་མི་ལྕོགས་ཟེར་བས་མ་བཞེས་པར་རྒྱལ་པོ་ཉིད་ལ་ཕུལ། ང་ལ་ནོར་གྱིས་དགོས་པ་མེད། ངའི་འཁོར་རྣམས་བྱ་བྲལ་བ་ཡིན། དེ་ལ་ནོར་གྱིས་ཅི་བྱེད། ཆོས་མི་བྱེད་ན་ནི་དད་ཅན་གྱི་རྫས་མི་འཇུ། ང་ལ་ནོར་དགོས་ན་སྨན་ཙེ་བོ་ཆེའི་ལས་སྒོ་སོགས་ལས་སྒོ་རིན་ཐང་ཅན་དཔག་(པ༣༢བ)


PTT001_Page_0932
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དབྱེར་ཡོད་སྟེ་མ་ཕྱེ། རྒྱུད་སྡེ་ནས་གསུངས་པའི་གསེར་འགྱུར་བྱས་ན་ལྕགས་ཐམས་ཅད་གསེར་དུ་འགྱུར་གསུངས་པས་རྒྱལ་པོས་གཅིག་སྟོན་དང་ཟེར་གཤའ་ཙེ་དཀར་པོ་དངུལ་དུ་བསྒྱུར་ལྕགས་གསེར་དུ་བསྒྱུར་སྟེ་བསྟན་པས་ངོ་མཚར་ཆེ་སྟེ་ངའི་མཛོད་ཆུད་འཛའ་སུ་ལ་ཡང་མ་བསྟན་ཞིག་ཟེར། མི་ཆེན་དུ་མ་ལ་བདེ་མཆོག་གི་དབང་བསྐུར་མཛད་པས་འབུལ་བ་དུ་མ་བྱུང་བ་བཞེས་པས་རྒྱལ་པོ་མ་མཉེས་ནས་ཨོ་ཌྱན་པཀྴི་ངས་བོས་པས་མི་སྡོད་འཕྲལ་ལ་འགྲོ། ངའི་འབུལ་བ་མི་ལེན་གཞན་གྱི་ལེན་ཟེར་ནས་བཀའ་བཀྱོན་དུ་བྱུང་བ་ལ། སློབ་མས་བླ་མ་དམ་ཚིག་ལ་བཀའར་བ་གང་ནའང་མི་འདུག །བརྒྱ་བྱིན་མདུན་དུ་བྱུང་རུང་མགོ་བྲེགས་ལ་ཀླད་པ་ལྡག་བསམ་པ་མིན་པ་ཉམ་ང་མེད་གསུངས་ནས་གསང་བའི་བདག་པོའི་ཏིང་ངེ་འཛིན་གྱིས་ཟིལ་གྱིས་མནན་པས་འདར་ཕྲི་ལི་ལི་སྤྱན་ཆབ་ཕྲོམ་ཕྲོམ་འདུག །སེ་ཆེན་དེ་འཇམ་དཔལ་གྱི་སྤྲུལ་པ་ཡིན་ཟེར་མཁན་འདུག་པས་ངས་བརྟག་པའི་ཕྱིར་གསང་བའི་བདག་པོའི་ཏིང་འཛིན་གྱིས་ཟིལ་གྱིས་མནན་པས་ནོན་འགྲོའི་འདུག །འཇམ་དཔལ་མིན་པར་འདུག །སྤྱིར་བསོད་ནམས་ཀྱི་ཟིལ་ཆེན་པོ་འདུག་གསུངས། རེ་གསུམ་པ་ཆུ་འབྲུག་ལ་ཧོར་ལ་བྱོན་ནས་ཕྱི་ལོ་སྦྲུལ་ལོའི་ལོ་དུས་ལ་སྦུ་བཀྲར་ཕེབས། ཕྱི་ལོ་རྟ་ལོ་ལ་སེ་ཆེན་ལོ་བརྒྱད་བཅུ་འགྲོ་བ་གཤེགས། སྤྱིར་ཡུལ་ཉེར་བཞིའི་དགུ་ལ་བྱོན། ལྟ་སྟངས་གྲུབ། བསད་གསོ་ནུས། ལས་ཆེན་བཅུ་གཉིས་ཐམས་ཅད་རླུང་སྦྱོར་གྱིས་འགྲུབ། སྒོམ་མེད་འབྲིང་པོའི་རྟོག་པར་ཞལ་གྱིས་བཞེས། སྒྲུབ་རྒྱུད་ཀྱི་བསྟན་བ་ཉི་མ་ཤར་བ་ལྟར་མཛད་ནས་དགུང་ལོ་བརྒྱད་བཅུ་པ་ས་བྱ་ལ་མྱ་ངན་ལས་འདས། དེའི་སློབ་མ་ནི་སྔོན་རྗེ་ཉིད་རྒོད་ཚང་པའི་དྲུང་དུ་བཞུགས་དུས་དུས་ཀྱི་འཁོར་ལོ་ལ་ང་ལས་མཁས་པ་མེད། ཆོས་རྗེ་པ་ལའང་ངས་དུས་འཁོར་སློབ་པ་ཡིན་གསུངས་པས། ཕ་རྒན་བྱང་དཔལ་ན་རེ། ཆོས་རྗེ་བ་རང་ཁྱེད་ཀྱི་སློབ་མར་ཅང་འོང་ངམ་ཟེར་བ་ལ། དེ་ཤིན་(པ༣༣ན)


PTT001_Page_0933
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འོང་ང་ལ་སློབ་མ་གྲུབ་པ་ཐོབ་ངེས་པ་ལྔ་དྲུག་ཞིག་འོང༌། གཅིག་རྩོད་པ་མེད་པའི་སྤྲུལ་སྐུ་ཞིག་འོང་ཞེས་གསུངས་པ་བཞིན་སློབ་མའི་གཙོ་བོ་ནི་རྩོད་མེད་ཀྱི་སྤྲུལ་སྐུ་རྗེ་རང་བྱུང་རྡོ་རྗེ། གཞན་སྙེ་མདོ་བ་སྐུ་མཆོད། གཡའ་བཟང་གི་ཆོས་རྗེ་དྲིན་ཅན་མཁར་ཆུ་བ། གླང་འཁོར་གྱི་འཇམ་དབྱངས་བསོད་ནམས་འོད་ཟེར་སྟེ་ཡོངས་གྲགས་ཀྱི་སྲས་བཞི། ཨ་ལུང་བ་འཇམ་དབྱངས་རྡོ་རྗེ། འབྲི་ཁུང་ཆོས་བློ། མུས་སྐུ་ཞང་པ། ལྷ་རྗེ་པཀྴི། མེ་ཤེལ་བ། མཁྲོ་ཕུག་པ། མཁན་པོ་སྒྲུབ་རིན། གདན་ས་པ་སྟེ་ཉེ་བའི་བུ་བརྒྱད། སྙེ་མོ་གྭ་པ། ཚ་ཆུང་བ། གཡག་མགོ་བ། ཟླ་སེང་བ་སྟེ་མཆོག་དུ་གྱུར་པ་བཞི། རྒྱ་གར་པཎྜི་ཏ་དང་རྫོ་གི་མང་པོ། ཨ་རེ་དགའ། ཟུར་ཕུག་པ། ཤནྟི་རས་བ། ར་ཅ། རྒྱ་རི་བ་སོགས་རྟོགས་ལྡན་དཔག་མེད་དང༌། ཆག་ལོ་བསྟན་འཛིན་དཔལ། ཤོང་ལོ་རྡོ་རྗེ་རྒྱལ་མཚན། ལྷ་བཙུན་ཡེ་ཤེས་འོད་སོགས་མཁས་སྒྲུབ་མཐའ་ཡས་པ་བྱོན་ནོ། །དེ་ལ་སྒྲུབ་ཐོབ་ཆེན་པོ་ཀརྨ་པ་ཉིད་ཀྱིས་འཕྲིན་ལས་ཀྱི་ལྷག་མ་ཇི་ལྟར་མཛད་ཅེ་ན། སྤྱིར་རྒྱལ་སྲས་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་སྟོན་པ་རྣམས་ཀྱི་རོལ་པ་ཡང་དཔག་པར་དཀའ་ན་རྟག་བདེ་གཙང་བདག་གི་ཕ་རོལ་ཏུ་སོན་བ་རྣམས་ཀྱི་སྐུའི་བཀོད་པ་ནི་ས་བཅུ་རྒྱུན་ཐ་པས་ཀྱང་བསམ་པར་གར་ནུས། འོན་ཀྱང་དགའ་ལྡན་ན་བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་དུ་རྟ་པར་བཞུགས་ཤིང་གྲུབ་ཐོབ་ཆེན་པོ་ཉིད་ཀྱིས་འདི་ནས་ལུས་ཀྱི་བཀོད་པ་གཅིག་དགའ་ལྡན་དུ་འགྲོ་ཛམ་གླིང་གི་འབྲེལ་ཚད་དེར་འདྲེན། གཅིག་ཤར་ཕྱོགས་ཀྱི་ཞིང་རིན་པོ་ཆེ་མཐའ་ཡས་བཀོད་པར་འཁོར་ལོས་བསྒྱུར་རྒྱལ་པདྨ་རྣམ་རོལ་དུ་འགྱུར། གདུལ་བྱ་ཁ་ཅིག་ཤར་ལུས་འཕགས་པོར་སྐྱེས་པའི་དོན་དུའང་བཀོད་པ་གཅིག་འབྱུང༌། གཞན་ཡང་དུ་མ་འོང་གསུང་ཞིང༌། ཁྱད་པར་དུ་ཉི་མ་ནུབ་ཕྱོགས་ནས་སྤྲུལ་པའི་སྐུ་ཤེས་བྱ་ཀུན་ལ་མཁས་པ་ཅིག་བྱ་བབས་པ་ལྟར་འོང་ཞེས་ལུང་བསྟན་པའི་སྐུ་དངོས་(པ༣༣བ)


PTT001_Page_0934
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་བྱོན་པ་ནི། འདི་ཕྱིན་རྣམ་ཐར་བར་དོ་མ་དང་བསྲེས་ནས་བརྗོད་པར་བྱ་སྟེ། མྱ་ངན་ལས་འདས་པའི་སྐད་ཅིག་ལ་དགའ་ལྡན་དང་ལྷའི་གནས་ཐམས་ཅད་དུ་སྐུའི་བཀོད་པ་ཅིག་ཆར་དུ་སྣང་བ་ལ་མཆོད་སྤྲིན་མཐའ་ཡས་པས་མཆོད་པས་ཅུང་ཟད་ཡེངས་པ་ལྟར་གྱུར། ཞག་བརྒྱད་འདས། དེ་མ་ཐག་སྙིང་རྗེ་ཆེན་པོས་བུ་སློབ་ལ་གཟིགས་སྟེ་སྐུ་གདུང་ལ་འཇུག་པར་བཞེད་སྟེ་བྱོན་པ་ན། སྐུ་གདུང་སྦྱང༌། ལུང་པ་ཆོ་ངེས་གང་བ་གཟིགས་པས་སྙིང་རྗེའི་ངང་དུ་ཅུང་ཟད་བརྒྱལ། ད་དུང་གྲོང་འཇུག་ཞིག་བྱས་ལ་འགྲོ་བའི་དོན་བྱའོ་ཞེས་དགོངས་སྟེ་སྟོད་ལུངས་འཕར་ཚང་ན་རྒན་རྒོན་གཉིས་ཀྱི་བར་ན་ཁྱེའུ་ལོ་བཅུ་གསུམ་ཙམ་ལོན་པ་ཅིག་གི་རོ་བཞག་སྟེ་ངུ་བ་གཟིགས་ནས་རོ་དེ་ལ་ཞུགས། སྤྱན་ཧྲིག་མཛད་པས་ཤི་མིག་གསོན་ལ་ལྟ་བ་ལྟས་ངན་ཡིན་ཟེར་ནས་ཐལ་བ་བཏབ་ཁབ་ཀྱིས་བཙབས་པས་མིག་མེད་པས་འགྲོ་དོན་མི་འགྲུབ་པར་དགོངས་ཐོན་ནས་བྱོན། སླར་ཐམས་ཅད་བཙལ་ཡང་བྱང་ཕྱི་གོང་ན་ཕུག་རོན་འབུས་ཁྱེར་གྱི་རོ་ཞིག་ལས་མ་རྙེད། དེར་འགྲོ་དོན་གྱི་དུས་ལ་མ་བབ་པར་མཁྱེན་ནས་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་མཉམ་པ་ཉིད་ལ་རྩེ་གཅིག་དུ་བཞུགས་སོ། །དེའི་ཚེ་མདུན་ན་མཛེས་པའི་བུད་མེད་ཉི་ཤུ་རྩ་ལྔས་ཕྱག་འཚལ་སྟེ། ཐུགས་རྗེའི་མངའ་བདག་ཞི་ལ་མི་བཞུགས་པར། །བརྩེ་བས་དག་པའི་མི་ལུས་ཟུང་དུ་གསོལ། །ཉམ་ཐག་འགྲོ་བའི་ཕ་མ་མཛད་དུ་གསོལ། །སངས་རྒྱས་བསྟན་པའི་རྒྱལ་མཚན་ཟུང་དུ་གསོལ། །ཞེས་ཟེར་རོ། །འདི་ལྟར་སྣང་བ་འདི་དག་ནི་རང་སྣང་འཁྲུལ་པའོ་ཞེས་དགོངས་ནས་བཤིག་སྟེ་བཞག་པ་ན་ཡང་ཡང་དུ་གསོལ་བ་འདེབས་པ་གསན་པས། དལ་འབྱོར་མི་ལུས་རིན་ཆེན་ལེན་པ་ལ། །མ་དག་འཁྲུལ་པས་མ་གོས་ཕ་མ་མེད། །སངས་རྒྱས་བསྟན་པ་འཛིན་པའང་དུས་ཀྱིས་དཀའ། །ངེད་ཀྱིས་མ་བཞིན་བརྩེ་བའི་སེམས་ཡོད་ཀྱང༌། །རྗེས་སུ་འཛིན་པའི་དཔལ་དང་སྐལ་ཡོད་ཉུང༌། །མ་འོངས་(པ༣༤ན)


PTT001_Page_0935
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་པའི་དུས་སུ་ངག་བཞིན་སྒྲུབ། །ཅེས་གསུངས་པས་དེ་རྣམས་ན་རེ། ངེད་རྣམས་མི་ཡུལ་མཐིལ་ནས་འོངས། །ཡིན་པ་ཞིང་སྐྱོངས་མཁའ་འགྲོ་ཡིན། །ཁྱེད་ལ་བསྐུལ་མ་མི་འཚལ་ཡང༌། །སེམས་ཅན་དོན་དུ་སྐུལ་དུ་འོངས། །བརྩེ་བའི་ཡུལ་ལ་མི་བརྩེ་ན། །ཐུགས་རྗེའི་མངའ་བདག་ཇི་ལྟར་ལགས། །ཅེས་ཟེར་ནས་སྡེ་ཚན་སོ་སོས་མིང་དང་སྲོག་སྙིང་ཕུལ་བ། གསང་བ་རྡོ་རྗེ་ཐོག་འབེབས་མ། །གཙུག་ན་རྡོ་རྗེ་དཔལ་འབར་མ། །མཐའ་ན་རྡོ་རྗེ་སྟོབས་མོ་ཆེ། །ལག་ན་རྡོ་རྗེ་མཐུ་རྒྱལ་མ། །ཞིང་སྐྱོང་གཙོ་མོ་ལྔ་པོ་ལགས། །ཀུན་གྲགས་མ་དང་ཀུན་བཟང་མོ། །ཡ་མ་སྐྱོང་དང་བགེགས་ཀྱི་གཙོ། །བདུད་འདུལ་གཙོ་མོ་བཞི་པོ་ལགས། །གཏད་དཀར་འགྲོ་བཟང་གླང་བཟང་མ། །ཚེ་རིང་མ་དང་ཁྱུང་མགོ་མ། །ཆོས་སྲུང་གཙོ་མོ་བཞི་པོ་ལགས། །གངས་དཀར་ཤ་མེད་རླུང་མོ་ཆེ། །ཁ་རག་ཁྱུང་བཙུན་དྲག་མོ་རྒྱལ། །བདུད་འདུལ་གཙོ་མོ་བཞི་པོ་ལགས། །ཁྲི་བཟང་མ་དང་སྒོ་མོ་ཆེ། །སྟོབས་མོ་ཆེ་དང་རལ་གྲི་མ། །སྒོ་སྲུང་གཙོ་མོ་བཞི་པོ་ལགས། །བོད་ཁམས་སྐྱོངས་དང་སྨན་གཅིག་མ། །གཡར་མོ་གསིལ་དང་སི་ལ་མི། །ཡིད་འགྱུར་གཙོ་མོ་བཞི་པོ་ལགས། །ཅེས་ཟེར་སྟེ་སོ་སོའི་མིང་སྡེ་ཚན་དངོས་གྲུབ་སྒྲུབ་ཐབས་ཐམས་ཅད་སྨོན་སྟེ་སྲོག་སྙིང་ཕུལ་ལོ། །ཡང་བུད་མེད་བཞི་སླེབ་བྱུང་སྟེ། ང་ནི་རྡོ་རྗེ་ས་ཏྲཾ་ཡིན། །ལི་བཙུན་རྡོ་རྗེ་བུ་སྐྱོང་མ། །ཕུ་ཆུ་རྡོ་རྗེ་སྨན་གཅིག་མ། །དེ་འོག་རྡོ་རྗེ་གཡུ་ཆུང་མ། །སྦས་པའི་ཡུལ་བཞི་སྲུང་མ་ཡིན། །ཞེས་སྲོག་སྙིང་ཕུལ་སྟེ་ཐམས་ཅད་མགྲིན་གཅིག་དུ། །འགྲོ་དྲུག་སེམས་ཅན་སྙིང་རེ་རྗེ། །འཁོར་བའི་གནས་ན་ཉོན་རེ་མོངས། །སེམས་ཅན་འགྲོ་དོན་མཛད་རེ་རན། །འགྲོ་དྲུག་སོ་སོའི་སྡུག་བསྔལ་འདི། །ཅུང་ཟད་བསམས་ཀྱང་མཆི་མ་འཆོར། །བདག་འདྲས་ཀྱང་ནི་མི་ཕོད་ན། །བརྩེ་ལྡན་ཁྱོད་ཀྱིས་ཕོད་ཏམ་ཅི། །དེ་ཕྱིར་གསོལ་བ་འདེབས་སུ་འོངས། །ཟེར་རོ། །དེར་བག་ཆགས་(པ༣༤བ)


PTT001_Page_0936
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་སྣང་ཡིན་དགོངས་སྟེ་བཤིག་ཡང་འཕྲོར་མ་འདོད་ནས་ལན་གསུངས་པ། བདག་འཛིན་རྣམ་རྟོག་བྲག་པས་སྲ། །ང་རྒྱལ་རི་བོ་གནམ་ལས་མཐོ། །འདི་ལ་ཐོས་པའི་གཟོང་བཙུགས་སྟེ། །སྒོམ་པའི་རྒྱོགས་རྡོ་འཕངས་ལགས་ཀྱང༌། །འཇིག་པས་སེར་ཀ་ཅུང་མ་མཐོང༌། །འགྲོ་དྲུག་སྐུ་ཁམས་ཅི་བདེར་བཞུགས། །ཞིང་སྐྱོང་ཇི་ལྟར་དགྱེས་དགྱེས་མཛོད། །ཅེས་གསུངས་པ་དང༌། བར་སྣང་གི་ལྷ་ཕྲན་ནས་ས་འོག་ལྟོས་འཕྱེའི་བར་ལྷགས་སྟེ་ཐམས་ཅད་ཀྱིས་ལུས་ས་ལ་བརྡབས་པའི་ཕྱག་བྱས་སྟེ་གསོལ་བ་བཏབ་པ། གསོན་དང་རྒྱལ་སྲས་སྤྲུལ་པའི་སྐུ། །ལྷ་རྣམ་ལྷུང་བའི་སྡུག་བསྔལ་དང༌། །ལྷ་མིན་རྩོད་པའི་སྡུག་བསྔལ་དང༌། །མི་རྣམ་སྐྱེ་འཆིའི་སྡུག་བསྔལ་དང༌། །བྱོལ་སོང་གླེན་ལྐུགས་སྡུག་བསྔལ་དང༌། །ཡི་དྭགས་བཀྲེས་སྐོམ་སྡུག་བསྔལ་དང༌། །དམྱལ་བ་ཚ་གྲང་སྡུག་བསྔལ་རྣམས། །དྲན་ཞིང་བསམས་ན་གློ་སྙིང་འདར། །མི་བཟོད་ཚོར་བའི་སྡུག་བསྔལ་གྱིས། །ཤིན་དུ་ཉམ་ཐག་འོ་དོད་འབོད། །འདི་འདྲ་སུ་ཡིས་བཟོད་པར་ནུས། །སངས་རྒྱས་བསྟན་པ་སུ་ཡིས་འཛིན། །འགྲོ་དྲུག་ཕ་མ་སུ་ཡིས་བྱེད། །དཀོན་མཆོག་དབུ་འཕང་སུ་ཡིས་བསྟོད། །ཀྱེ་ཧུད་ཀྱེ་ཧུད་སྡུག་རེ་བསྔལ། །ཞེས་ཟེར་ནས་ཐམས་ཅད་ངུ་ཞིང་མྱ་ངན་བྱེད་པར་སྣང་ངོ༌། །དེའི་ཚེ་སླར་གསུངས་པ། སྤྱིར་རྒྱལ་བའི་ཞིང་ཁམས་བསམ་མི་ཁྱབ། །སྒོས་ཁྱད་པར་ཛམྦུའི་གླིང་ཤེད་ན། །དགེ་བཤེས་བགྲང་ལས་འདས་པ་བདོག །ཆོས་མཛད་བསམ་གྱིས་མི་ཁྱབ་པས། །ལུང་བསྟན་རྒྱལ་ཚབ་གཞན་དུ་ཚོལ། །འགྲོ་དྲུག་ཕ་མ་དེ་རུ་ཚོལ། །སངས་རྒྱས་བསྟན་པ་ཆོས་མཛད་རྣམས་ཀྱིས་སྲུང༌། །དཀོན་མཆོག་དབུ་འཕང་ཞིང་སྐྱོང་རྣམས་ཀྱིས་བསྟོད། །འགྲོ་དྲུག་ཕ་མ་དགེ་བཤེས་རྣམས་ཀྱིས་མཛོད། །ཁྱེར་རང་ཚོ་ཇི་ལྟར་དགྱེས་དགྱེས་མཛོད། །ཅེས་གསུངས་སྟེ་ཏིང་ངེ་འཛིན་ལ་བཞུགས་པ་དང༌། ཡང་ཞིང་སྐྱོང་རྣམས་ཀྱིས་གསོལ་པ། དགེ་བཤེས་རྣམས་ནི་ཕྲག་དོག་ཆེ། །ཆོས་པ་རྣམ་(པ༣༥ན)


PTT001_Page_0937
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འགྲན་སེམས་ཆེ། །འགྲོ་དྲུག་ཀུན་ཡང་རྒྱུད་ངན་རེངས། །དེ་ལ་ཕན་ཐབས་མི་གདའ་བས། །ཁྱེད་ལ་བསྐུལ་མ་ཅིས་ཀྱང་འདེབས། །ཅེས་ཟེར་རོ། །དེ་ནས་ཐུགས་རྗེས་ཆེན་པོ་གཡོས་སྟེ་ལན་གསུངས་པ། དལ་འབྱོར་མི་ལུས་བླང་ས་མེད། །མཚན་ལྡན་བླ་མ་རྙེད་པར་དཀའ། །རྙིགས་དུས་མངལ་དེ་གྲིབ་རེ་ཆེ། །འདས་མ་འོངས་ཀྱི་དྲན་པ་སྟོར་ནས་འགྲོ། །སེམས་ཅན་འགྲོ་དོན་བྱ་བར་དཀའ། །ལར་དེ་སྐད་ཟེར་བའི་གཏིང་ཤེད་ལ། །རིགས་ལྡན་ཕ་མ་རྙེད་སྲིད་ན། །མཚན་ལྡན་བླ་མ་མཇལ་བ་ན། །ཞིང་སྐྱོང་ཚོས་ཆོས་སྐྱོང་བྱེད་པ་ན། །དབང་དང་སྲེད་བ་རྫོགས་པར་ཞུ། །བརྡ་དང་བྱིན་རླབས་རྫོགས་པར་སྩོལ། །དེ་སྐད་ཅེས་གསུངས་པ་དང་ཞིང་སྐྱོང་དེ་རྣམས་ཀྱིས་སྐད་ཅིག་གིས་བདེ་མཆོག་ཡབ་ཡུམ་སྤྱན་དྲངས་ནས་སྤྲུལ་པའི་དཀྱིལ་འཁོར་བཀོད་སྟེ་ལྷ་དབང་བསམ་གྱིས་མི་ཁྱབ་པ་བསྐུར། ཨཱ་ལི་ཀཱ་ལིའི་གླེགས་བམ་བཀོད་སྟེ་རིགས་པ་ཡེ་ཤེས་ལྔའི་དབང་ཡིན་སྐད། དབང་པོ་ལྔ་ལ་ངོ་སྤྲད་ནས་ཕ་རོལ་ཏུ་ཕྱིན་པའི་དོན་དབང་ཡིན་སྐད། སྐྱེ་མེད་དོན་གྱི་དབང་འདི་ནི། །ཚིག་དུ་བསྐུར་དུ་ཚིག་ལམ་ཆད། །བརྡ་ཡིས་མཚོན་དུ་བརྡ་ལམ་ཆད། །དཔེ་ཡིས་མཚོན་དུ་དཔེ་ལམ་ཆད། །འཁྲུལ་བས་མཚོན་དུ་འཁྲུལ་ལམ་ཆད། །དབང་འདི་སུས་ཀྱང་བསྐུར་མི་འདོད། །ངེད་ཀྱིས་ཞལ་ཅེ་མཚོན་མ་སྟུབ། །རང་ལ་ལྷང་ངེ་ལྷན་ནེར་འཆར། །ས་ལེ་སིང་ངེ་ཧྲི་གེར་འཆར། །ཝལ་ལེ་ཁྱུག་གེ་ལམ་མེར་འཆར། །འཁོར་འདས་སྣང་བ་མ་ནུབ་ཀྱང༌། །སངས་རྒྱས་འཕྲིན་ལས་རྫོགས་པར་འབྱུང༌། །སེམས་ཅན་འགྲོ་དོན་དེ་རུ་འགྲུབ། །ཅེས་གསུང་ཞིང་ཞིང་སྐྱོང་གཙོ་མོ་རྣམས་ཀྱིས་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད། འཁོར་རྣམས་ཀྱིས་རྡོ་རྗེའི་གླུ་བླངས། སྒོ་མཚམས་མ་རྣམས་ཀྱིས་བགེགས་བསྐྲད། གཞན་རྣམས་ཀྱིས་མེ་ཏོག་གི་ཆར་དང་རོལ་མོའི་སྒྲ་དཀྲོལ་བར་བྱེད་ཏོ། །དེ་ནས་ཁོང་རྣམས་ན་རེ། རེ་ཡང་རེ་སྟེ་བྱུང་ཡང་བྱུང༌། །(པ༣༥བ)


PTT001_Page_0938
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་འཇའ་ཡི་ལམ་སྣ་བདོག །དལ་འབྱོར་མི་ལུས་བླང་ས་བདོག །མང་ཡུལ་བཀྲ་ཤིས་གུང་ཐང་ན། །ཇོ་མོ་བཀྲ་ཤིས་གཡུ་ཆུང་མ། །ཞུར་མོ་གངས་ཀྱི་མདུན་ཤེད་ན། །འོམ་ལུང་བཀྲ་ཤིས་འཁན་ཐང་དུ། །ཕ་ཏིག་ལེ་འོད་གསལ་ཁང་པ་བདོག །རྩ་ཕུ་རིན་ཆེན་ཆེ་བའི་གངས། །ཕུ་གསུམ་འཛོམ་པའི་ཀླུང་ཤོད་ན། །རྩ་ལུང་མི་ལའི་འཁྲུངས་ས་བདོག །ལྷོ་རི་དམར་སྨུག་མདངས་གསལ་བ། །བྱང་རི་དཀར་པོའི་མདོག་ལྡན་ན། །མ་དགོས་འདོད་ལུས་སྒྲོམ་བུ་བདོག །ཞེས་གླུ་ལེན་ཞིང་བར་སྣང་ལ་འཇའ་ཁ་དོག་སྣ་ལྔ་པ་ནར་བྱུང་བའི་སྟེང་ལ་ཕར་འགྲོ་ཞིང་འདུག །ལྟད་མོ་ཆེ་བ་སྙམ་ནས་དེ་ན་ཕར་བྱོན་པས་ཤེལ་གྱི་ཁང་པ་གནམ་སྒོ་ཅན་ཕྱོགས་བཞིའི་སྟེང་དཀར་དྭངས་འོད་དམར་སྨུག་ཕྱོགས་མཚམས་འཇའ་ཚོན་དུ་ཤིག་གེ་བའི་ནང་དུ་བྱོན་པ་དང༌། འདོད་ཆགས་ཁྲག་གི་རྦ་རླབས་བྱུང་ཟེར་ནས་ཁོང་རྣམས་འགྲོས་ཀྱི་འདུག་པ་མཐོང༌། དེར་གནམ་ཁུང་དགུ་ལ་སྐས་རེ་འདུག་པའི་གཅིག་ལ་འཛེགས་པས་མ་ཐར་སྟེ་ལས་ཀྱི་རྣམ་སྨིན་ཐར་བ་དཀའ། ཟེར་བའི་སྒྲ་བྱུང་བ་དང་ནག་ལ་མུན་གྱིས་སོང་སྟེ་ཅུང་ཞིག་བརྒྱལ། དྲན་པ་མདོ་ལོང་མདོ་ལོང་བྱུང་བ་ན་ནག་ལ་མུན་པ་ལྕི་ཞིང་འཐིབ་པ་ཁམས་འཚུབ་པ། རེས་འགའ་ཆུ་ཡི་རྦ་རླབས་བསྐྱོད་པ་འདྲ། །རེས་འགའ་རི་ཡིས་མནན་པ་སྙམ། །རེས་འགའ་ཚ་ཞིང་བསྲེགས་པ་འདྲ། །རེས་འགའ་གྲང་ཞིང་འཁྱགས་ནས་ནོན། །རང་རིག་ཐོན་པའི་རླུང་ཡང་མེད། །ཉོན་མོངས་སྡུག་བསྔལ་དེ་ན་ཆེ། །དུས་ད་ལྟ་དྲན་ཡང་སྙིང་རླུང་ལྡང༌། །ཞེས་རྣམ་ཐར་བར་དོ་མར་གསུངས་ལ། དག་པའི་གདུལ་བྱ་ཁ་ཅིག་ལ་ནི། མའི་མངལ་དེ་ཤེལ་གྱི་ཁང་པ་བདེ་བའི་རང་བཞིན་ཅན་དུ་སྣང་ཞིང་དེར་ཡང་སེམས་ཅན་མང་པོའི་དོན་བྱས་སོ་ཞེས་གསུངས་སོ། །སྒྲུབ་ཐོབ་ཨོ་ཌྱན་པ་ཡང་རིན་པོ་ཆེའི་བཀའ་བཞིན་ཤམ་པོའི་གངས་དང་གཉལ་མཚོ་སྣ་སོགས་སུ་བྱོན། དེའི་ཚེ་རིན་པོ་ཆེ་ཀརྨ་པ་ཆིབས་དང་དབུ་ཞྭ་(པ༣༦ན)


PTT001_Page_0939
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་ཅན་ཤར་ཕྱོགས་ཀྱི་ན་མཁའ་ལ་བྱོན་སོང་བར་གཟིགས་སྟེ་སྤྱན་ཆབ་བྱུང༌། བཞུགས་པར་ཞུས་པས་ད་རེས་ཅིས་ཀྱང་འགྲོ་མྱུར་དུ་འཕྲད་འོང་གསུངས་ནས་བཞུད་པ་གཟིགས། མདང་རྨི་ལམ་ངན་རིན་པོ་ཆེ་ཀརྨ་པ་མི་བཞུགས་པ་འདྲ་གསུངས་ནས་མཆོད་པ་ཆེན་པོ་མཛད་ཏོ། །དེ་ལྟར་རྙིགས་དུས་ཀྱི་འདྲེན་པ་གཅིག་པུ་བ་ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེ་དེ་ནི་ལ་སྟོད་ཀྱི་ཆ་མང་ཡུལ་གུང་ཐང་འོ་མ་ལུང་འཁན་ཐང་ག་རྩི་ཕུར་ཡབ་སྔོན་བཀས་གནང་བའི་སྟོན་པ་ཆོས་དཔལ་དེ་ཉིད་ལས་ཡུམ་ཇོ་མོ་གཡང་འདྲེན་གྱི་ལྷུམས་སུ་ཞུགས་ཤིང་དེ་སྲིད་དུ་ཡུམ་གྱིས་ཀྱང་སྔོན་མ་མྱོང་བའི་བདེ་བས་ཉིན་མཚན་འདའ་ཞིང་དག་སྣང་རྒྱ་མཚོ་ལ་སྤྱོད་དོ། དེ་ནས་ཡབ་ཡུམ་དེ་དག་དིང་རི་གླང་འཁོར་དང་ཆེས་ཉེ་བར་བྱོན་ནས་སྲུ་མོ་ཞིག་གི་ཁྱིམ་དུ་བཞུགས་པ་ན་ཤིང་ཕོ་སྤྲེའུའི་ལོ་ཟླ་བ་དང་པོའི་ཚེས་བརྒྱད་ཀྱི་ཕྱི་དྲོ་ཁང་སྟེང་ཞིག་དུ་ཡུམ་ལ་མ་གནོད་པར་བལྟམས་མ་ཐག་ཙོག་ཙོག་པུར་བཞུགས་ཞལ་ཕྱག་གིས་ཕྱིས་སྟེ་ཟླ་བ་ལ་གཟིགས་ནས་ཚེས་བརྒྱད་ཀྱི་ཟླ་བར་འདུག་ཨང་གསུངས། དེ་སྲུ་མོ་དེས་མ་བཟོད་ནས་སྐྱེས་མ་ཐག་ནས་སྨྲ་བ་འདི་མི་རུང་བས་མེད་པར་གྱིས་ཟེར་བས་ཡབ་ཡུམ་གྱིས་དེ་འདྲ་གར་འོང་གསུངས་ནས་གནས་གཞན་དུ་བསྐྱས། རྙིགས་མའི་སེམས་ཅན་བླུན་པོའི་རང་བཞིན་མཁྱེན་པས་དེ་ནས་རེ་ཞིག་གསུང་འབྱོན་པ་དང་བཞེངས་པ་སོགས་ནུས་བཞིན་དུ་མ་མཛད། འདིའི་ཟླ་བ་སྔ་མ་ལ་ཨོ་ཌྱན་པ་སྙེ་མོ་ཅ་བ་ལུང་ན་བཞུགས་ཚེ་གཏད་མེད་དུ་ཟིལ་ཆེན་པོ་ཞིག་བྱུང༌། དེར་རིན་པོ་ཆེ་ཀརྨ་པ་གཟི་བརྗིད་ཉི་མ་ལྟ་བུ་བྱོན་སྟེ་ཞྭ་ནག་ཞིག་གནང༌། བྱིན་རླབས་ཀྱི་ཟིལ་གྱིས་གཞན་རྣམས་བརྒྱལ་བ་ལྟར་གྱུར། གྲུབ་ཆེན་པ་ཉིད་ཀྱང་སྤྱན་ཆབ་ཆུབ་རྒྱུན་ལྟར་བབ་ཅིང༌། འགྱུར་མེད་རང་བྱུང་རྡོ་རྗེའི་སྐུ། །རྣམ་དག་རྒྱལ་བ་རྡོ་རྗེ་འཆང༌། །ཆོས་སྐུ་དྲི་མེད་གདན་ལ་བཞུགས། །ཅེས་སོགས་ཀྱི་གསོལ་འདེབས་མཛད་པ་སྟེ་སྤྲུལ་པའི་སྐུ་མྱུར་དུ་འབྱོན་པའི་ལྟས་སོ། །(པ༣༦བ)


PTT001_Page_0940
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པ་རྒྱ་མཚོར་བཟོད་པ་དང་བྱམས་པ་ལ་གོམས་པའི་ཕྱིར་དང་ཚོགས་གཉིས་སུ་དང་ཡང་མི་མཚུངས་པའི་ཕྱིར་ཁྱེའུ་དེ་སུས་མཐོང་ཡང་ངོ་མཚར་གྱི་མིག་བགྲད་སྟེ་ཨེ་མ་འདི་རྨི་ལམ་མིན་ན་རུང་སྟེ་ཞེས་སེམས་པ་དང་མཆོད་པའི་འཚོགས་ཆས་སྣ་ཚོགས་ཀྱིས་མཆོད་ཅིང་སྙན་པར་གྲགས་སོ། །རེ་ཞིག་བཏང་སྙོམས་པ་ལྟར་མཛད་ནས་དགུང་ལོ་གསུམ་པ་ལ་ཕྱིང་པ་ནག་པོ་ལ་ཞྭ་འདི་འདྲ་བ་བཟོས་ཅིག་གསུངས་སྟེ་ཞྭ་ནག་ཆུང་ངུ་ཞིག་བསྣབས་སྟེ་རྡོའི་ཁྲི་ཐོག་ནས་བྱིས་པ་མང་པོ་ལ་སྐུ་གསུམ་ངོ་སྤྲོད་གསུང་ཞིང་སྔོན་གྱི་དེ་མ་བརྗེད་པར་སྣང་གསུང༌། སྣ་ཚོགས་རོལ་པའི་སྣང་བ་འདི་དག་ཀུན། །སྒྱུ་མ་མིག་སྒྱུ་འཇའ་ཚོན་ཇི་བཞིན་དུ། །སྣང་ཡང་བདེན་པས་སྟོང་བར་ཁོ་བོས་རྟོགས། །མ་རྟོགས་བྱིས་པ་ཁྱེད་རྣམས་སྙིང་རེ་རྗེ། །ཞེས་གསུངས་པ་འདི་ཚིགས་བཅད་གསུངས་པའི་ཐོག་མར་གྲགས། མངོན་མཁྱེན་གྱི་ཐོག་མ་ཡུམ་གྱི་དར་ཁ་འགའ་ཞིག་བརླག་པས་སྡུག་བསྔལ་པ་ན་ཁྱོད་དེ་ཙམ་དུ་དར་ལ་དད་ན་ང་ལ་མཚུར་ཕུ་ན་དར་ཤིང་སྒྲོམ་ཆེན་པོ་དུ་མ་ཡོད་པ་བྱིན་ཆོག་གསུངས། ཡབ་ལུག་ཁྱུ་ལ་བརྣབ་སེམས་སྐྱེས་པ་ན་མདོ་ཁམས་ན་རྟ་ཁྱུ་ཡང་འདི་བས་ཆེ་བ་དུ་མ་ང་ལ་ཡོད་པས་བྱིན་ཆོག་གསུངས། བདག་གི་སེམས་མཁྱེན་པ་ཙུག་ལགས་ཞུས་པས་ང་ནི་རིན་པོ་ཆེ་ཀརྨ་པའོ་གསུངས། སྔོན་གནང་སྦྱིན་དང་བཀའ་ལུང་གནང་བ་དྲན་སྟེ་མཆི་མ་ཕྱུང་ཞིང་ཞབས་ལ་གཏུགས། དེ་ཕྱིན་ཡབ་ཡུམ་གཉིས་ཀྱང་གྲུབ་ཐོབ་ཆེན་པོ་དངོས་ཀྱིས་མོས་གུས་ཡོད་ཀྱང་བཀས་བཅིངས་སྟེ་གཞན་ལ་མི་སྒྲོག །ནམ་ཞིག་ཡབ་ཟས་སྐོམ་གྱི་རྟོག་པ་འགྱུར་ཚེ་ཞལ་ནས་དེ་ལྟ་ན་གྲོང་ཕ་གིར་འགྲོ་བར་བྱའོ་ཞེས་གསུངས་སྟེ་བྱོན་པ་ན་ཡབ་ཡུམ་བཞེད་པའི་ལོངས་སྤྱོད་བྱུང༌། ཡབ་དགའ་ཆེས་པ་དང་ཆང་གིས་བཟི་བས་རིན་པོ་ཆེན་ཀརྨ་པ་བྱོན་པ་ཡིན་བྱས་པས་ཁྲོམ་ཐམས་ཅད་འུར་སྟེ་འབུལ་བ་རི་ལྟར་སྤུངས་པ་བྱུང༌། ཀུན་གྱིས་ཆོས་དང་བྱིན་རླབས་ཞུས། ཁྱད་པར་ལ་སྟོད་ཀྱི་བཤེས་གཉེན་ཐམས་ཅད་ཀྱི་བླ་(པ༣༧ན)


PTT001_Page_0941
[མ་དཔེ་གཟིགས་ན་འདིར་གནོན།]

མ་སེམས་དཔའ་ཆེན་པོ་གསེར་ཁང་པ་དེར་གྲལ་དབུ་ལ་བྱོན་པས་དྲི་བ་ཞིབ་ཏུ་ཞུས་པ་ན་རྣམ་ཐར་བར་དོ་མ་གསུངས་སྟེ་ཁོང་གིས་ཡི་གེར་བཏབ་ཅིང་ཞབས་གཙུག་དུ་བླངས། གླང་འཁོར་སྤྱོད་མཆོད་ཀྱི་དུས་སྐུ་གདུང་ཀ་རུ་ལ་ངོ་མཚར་གྱིས་གཟིགས་སྣང་དུ་མ་དང་འོད་ཟེར་རང་ཉིད་ལ་ཐིམ་པར་གཟིགས་ཤིང་ཡབ་ལས་ཞི་བྱེད་སོ་ལུགས་དང་རྒྱུད་ཕྱི་གསན། ཤེལ་གྱི་ཁྲི་རྒྱབ་ཡོལ་ཅན་ལ་བཞུགས་སྟེ་འོད་ཟེར་འགྱེད་བཞིན་པས་ན་མཁའ་ལ་བྱ་ལྟར་རྒྱུ་ཞིང་ལྷ་མི་ཐམས་ཅད་འདུད་པ་སོགས་གཟིགས། ཐུན་མོངས་གི་མཐོང་བར་བྱིས་པའི་ཀུན་སྤྱོད་ཀྱི་མཐུན་འཇུག་སྟོན་ཞིང་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྦྱང་བ་དང་ཀློག་གྱུར་གྱི་གདུལ་བྱ་མཐའ་ཡས་པའི་དོན་མཛད་པའོ། །ཀྱི་རོང་གི་འཕགས་པ་ཝ་ཏེ་མཇལ་ཚེ་སྤྱན་རས་གཟིགས་དངོས་སུ་གཟིགས་ཤིང་བྱིན་གྱིས་བརླབས། དགུང་ལོ་ལྔ་པ་ལ་གྲུབ་ཆེན་ཨོ་ཌྱན་པ་མཇལ་བཞེད་པས་རིམ་པས་བྱོན། གྲུབ་ཆེན་པ་ལ་འོད་གསལ་གྱི་ངང་དུ་རིན་པོ་ཆེ་ཀརྨ་པ་བྱོན་ནས་སང་ང་འོང་བར་ཤེས་པར་གྱིས་ཅིག་གསུང༌། གྲུབ་ཆེན་པ་ཤིན་དུ་སྔ་བར་བཞེངས་ནས་མདང་རིན་པོ་ཆེ་ཀརྨ་པ་དང་མཇལ་བ་རྨིས་གསུངས་ཞིང་གཟིམས་ཁང་གི་རྩ་ལ་བསྐོར་བ་མཛད། མོ་ཕུག་གནས་བརྟན་མཇལ་བ་ལ་སླེབ་སྟེ་མདང་མོ་ཕུག་ན་རྣལ་འབྱོར་པ་ཕོ་མོ་གཉིས་ཀྱི་བྱིས་པ་དེ་ཀརྨ་པ་ཡིན་ཟེར་གྱི་འདུག །དེ་ལ་ལྟ་བ་ལགས་མོད་ད་ནང་བདག་དང་འགྲོགས་འདིར་སླེབ་བདོག་ཟེར་བས། འོ་དེ་ཀ་ཡིན། ད་ལྟ་དུང་ཐོང་ཚོགས་པ་ཐམས་ཅད་བསྡུས་ལ་བསུ་བ་ཆེར་གྱིས། ངའི་གོང་འདིར་སྟན་མཐོན་པོ་ཤོམས། ཀརྨ་པ་ཡིན་ན་མི་སྐྲག་པར་སྡོད་ཀྱི་གསུངས། ཚོགས་པས་སྤྱན་དྲངས་སྟེ་བྱོན་པ་ན་གྲུབ་ཆེན་པས་ཉམ་སད་པའི་ཕྱིར་གསང་བདག་གི་ཏིང་འཛིན་མཛད་པས་ཟིལ་གྱིས་མ་ནོན། གྲུབ་ཆེན་པ་ལ་ཕྱག་མི་མཛད་པར་ཕྱག་གིས་དྲིལ་གདང་དཀྲོལ་བས་གྲུབ་ཐོབ་པའི་གསུང་ནས་བུ་ཆུང་ཐུ་མོ་ཅིག་འདུག་སྙན་གྲགས་(པ༣༧བ)


PTT001_Page_0942
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་འོང་བར་འདུག་གསུངས། ཁྲི་ཆེན་པོ་དེ་ལ་ཤད་ཀྱིས་བྱོན་ནས་བཞུགས། ཁྱོད་སུ་ཡིན་གསུངས་པས་ཕྱག་ན་མཁའ་ལ་བརྐྱངས་སྟེ་ང་ནི་མིང་ཡོངས་སུ་གྲགས་པ་ཀརྨ་པའོ་གསུངས། སྔོན་གྱི་མཇལ་ལུགས་ཤོད་ཅིག་གསུངས་པས། ལ་སྟོད་ཀྱི་བན་བཙུན་ཨོ་ཌྱན་པ། །ཁོ་བོའི་མདུན་དུ་འོངས་ནས་ཀྱང༌། །རྒྱ་གར་ཤར་ནུབ་ཀྱི་གླེང་མོ་གཏོང༌། །རྡོ་རྗེ་གདན་གྱི་བཀོད་པ་བྱིན། །མཁྱེན་པ་དམ་ཆོས་ཀྱི་གླེང་མོ་འཆད། །ཅེས་སོགས་གསུངས། ང་ལ་ཅི་བྱིན་དྲན་ནམ་གསུངས་པས་ངའི་ཞྭ་ནག་དང་དཔེ་ཆ་ཡོད་པ་གསུངས། དེ་བདེན་གསུངས་ནས་ཕུལ། དབུ་ཞྭ་བཞེས་པས་བཞད་གད་ཆེན་པོ་བྱུང༌། སླར་ཁྲི་ལས་བབས་ནས་སྔར་ང་བླ་མ་ཡིན་ཡང་ད་ཁྱེད་ཀྱིས་བསྐྱང་དུ་གསོལ་གསུངས་ནས་ཕྱག་མཛད། ཁྱོད་ངའི་བླ་མ་ཡིན་ན་ཀློག་ཤེས་སྟེ་འོང་བས་ཐོན་གསུངས་ནས་དཔེ་ཆ་གཏད་པས་ལ་ལ་ན་ཐོགས་མེད་དུ་ཤར་རེ་བྱུང༌། ལ་ལར་ཚིག་སྡུད་མ་བྱེད་པ། ལ་ལར་སྦྱར་ཀློག་སྣ་ཚོགས་བྱུང་བས་འདི་བས་གོད་བྲོ་བའི་ཀློག་མཐོང་མ་མྱོང་གསུངས་ནས་བཞད། དགུང་ལོ་དྲིས་ནས་ངའི་བླ་མ་ལུག་ལོ་ཟླ་བ་དགུ་པའི་ཚེས་གསུམ་ལ་གཤེགས་པ་ཡིན་ཁྱོད་སྤྲེ་ལོ་ཟླ་བ་དང་པོའི་ཚེས་བརྒྱད་ལ་སྐྱེས་ན་བར་ན་ཟླ་བ་ལྔ་ལས་མི་འདུག །ངའི་བླ་མའི་སྐུ་སྐྱེ་མིན་པར་འདུག་གསུངས་པས། ངས་མངལ་གྱི་ལུས་ཆགས་ནས་ཟླ་བ་བཞི་ལོན་པ་ཅིག་ལ་རྣམ་ཤེས་ཞུགས་པ་ཡིན། སྔ་གཞིས་གངས་ཞུར་མོའི་བདུན་དུ་སོང་ཚར་ཞེས་ཡང་ཡང་བཟླས་པ་མ་གསན་ནམ་གསུངས། འདི་ལྟར་ན་སྔ་མ་ཟླ་བ་བཞི་ནི་ཀུན་གཞིའི་ཆ་ཅིག་ཞུགས་པས་མངོན་བྱང་ལྔ་ལས་གཟུགས་སུ་དོད་པ་རྒྱུ་རྡོ་རྗེ་འཛིན་པའི་སྐབས་དང༌། ཕྱི་མ་ནི་ཀུན་གཞིའི་རྣམ་ཤེས་རྫོགས་པར་ཞུགས་པ་ལས་ལྷན་ཅིག་སྐྱེས་བའི་གོ་འཕང་མངོན་དུ་མཛད་པ་ལ་ཞིང་སྐྱོང་གི་མཁའ་འགྲོ་མ་རྣམས་ཀྱིས་གླུས་བསྐུལ་ལས་འབྲས་བུ་རྡོ་རྗེ་འཛིན་པ་སེམས་དཔའ་གསུམ་རྫོགས་སུ་བཞེངས་པར་སྣང་ངོ༌། །གཞན་ཅི་དྲན་གསུངས་པས། (པ༣༨ན)


PTT001_Page_0943
[མ་དཔེ་གཟིགས་ན་འདིར་གནོན།]

འཕར་ཚང་གི་གྲོང་འཇུག་གི་ཚུལ་གསུངས། བདེན་བརྫུན་ལྟ་གསུངས་ནས་འཕྲལ་དུ་མི་བཏང་བས་ངེས་པ་འདྲོངས། མངལ་དུ་ཕྱི་རོལ་གྱི་ཡུལ་མ་བསྒྲིབས་པར་གཟིགས་པ་དང༌། ཡུམ་གྱིས་འདི་སྐད་ཅིག་ཀྱང་མི་སྡོད་པར་འདུག་པས་བུ་མོར་འོང༌། ཡབ་ཀྱི་རྨི་ལམ་ལས་བུར་འོང་ཟེར་བ་གསན་གསུངས་པས་ཡབ་ཡུམ་བོས་གདོང་འཛོམ་མཛད་པས་ཀུན་ཡིད་འཆེས་སྟེ་རྒྱ་གར་དུ་སངས་རྒྱས་ཤཱཀྱ་ཐུབ་པ་དང་བོད་ཡུལ་དུ་ཁྱོད་མ་གཏོགས་པ་མངལ་གྱི་དྲི་མས་གཏན་མ་གོས་པ་གཞན་བྱུང་བ་མེད་གསུངས་ནས་བསྟོད་བསྔགས་ཆེར་མཛད། ངའི་བླ་མའི་གསང་མཚན་རང་བྱུང་རྡོ་རྗེ་ཡིན་པས་དེ་ཀ་འདོགས་སོ་གསུངས་ནས་རང་བྱུང་རྡོ་རྗེར་མཚན་གསོལ། དགེ་བསྙེན་གྱི་སྡོམ་པ་གནང༌། བདེ་དགྱེས་མ་ཕུར་དུས་འཁོར་སྒྱུ་འཕྲུལ་སོགས་པའི་དབང་རྒྱུད། སྐུ་གསུམ་ངོ་སྤྲོད་ལ་སོགས་པའི་མན་ངག་མཐའ་ཡས་གསན། ལྐོག་གྱུར་གྱི་གནས་དུ་མ་གཟིགས་པ་ཅུང་ཟད་གསུངས་པས་བར་ཆད་མི་འཇུག་པའི་ཕྱིར་མངོན་མཁྱེན་གསང་བར་གདམས། ལོ་གཉིས་སུ་བསྟེན་དགུང་ལོ་བདུན་པའི་ཚེ་ཁྲོ་ཕུ་བ་ཀུན་ལྡན་ཤེས་རབ་ཀྱིས་མཁན་པོ་དེའི་དབུ་ཆེ་ཞིག་གིས་སློབ་དཔོན་མཛད་སྟེ་རབ་བྱུང་དང་དགེ་ཚུལ་དུ་བསྒྲུབས། འདུལ་བ་ཅི་རིགས་གསན། མཚན་སྔ་མ་ལས་མ་སྤོས་པ་འདྲ། དེའི་ཚེ་མཚུར་ཕུ་ན་གྲུབ་ཆེན་གཉན་རས་བཞུགས་པ་ལ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཅིག་གིས་ཉི་མ་ནུབ་ཀྱི་ཕྱོགས་ན་སྤྱན་རས་གཟིགས་ཀྱི་སྤྲུལ་པའི་སྐུ་ཉི་མ་ཤར་བ་ལྟ་བུ་ཡོད་ཀྱི་སྤྱན་འདྲེན་པའི་དུས་ལ་བབ་བོ་ཅེས་བསྐུལ་བ་བྱུང༌། སྙན་གྲགས་ཀྱིས་ཀྱང་ས་ཆེན་པོ་ཁྱབ་སྟེ་བསྟོད་པ་དང་འབུལ་བ་བསྐུར། བདེ་མཆོག་གི་དབང་གསན་པའི་ཚེ་བླ་མ་བདེ་མཆོག་དངོས་སུ་གཟིགས། རྒོད་ཚང་པས་ལྷན་ཅིག་སྐྱེས་སྦྱོར་གསུངས་པའི་སྣང་བ་བྱུང་སྟེ་རྟོགས་པའི་གཞི་རྩ་ཆོད། དཔོན་སློབ་ཐམས་ཅད་ལྷན་ཅིག་པར་ཐེགས་བའི་ལམ་ཐམས་ཅད་(པ༣༨བ)


PTT001_Page_0944
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ལྷ་འདྲེ་དཔག་མེད་ཀྱིས་བསུ་ཞིང་འདུད་པ་དང་དབང་དུ་འདུས་ཤིང༌། རང་ཉིད་གསང་བའི་བདག་པོ་དངོས་སུ་གཟིགས། མ་མགོན་དང་སྔགས་བདག་གི་མཚུར་ཕུར་མྱུར་དུ་བྱོན་ཞེས་བསྐུལ་སྟེ་ཕེབས། གྲོང་འཇུག་མཛད་པའི་བྱིས་པའི་མ་དེ་བོས་ནས་མཛོ་མོ་ཞིག་གནང་ཁྱོད་ཀྱིས་ངའི་མིག་ལ་ཅི་བྱས་གསུངས། ས་ཞིག་བཏབ་ལགས་ཟེར། བླ་མ་གཉན་རས་ཀྱིས་མཇལ་བའི་ཚེ་ས་ར་ཧ་ལ་བཀའ་རྒྱུད་ཀྱི་གྲུབ་ཐོབ་དཔག་མེད་ཀྱིས་བསྐོར་བ་གཟིགས་སྟེ་བརྒྱུད་པའི་བྱིན་རླབས་ཞུགས་པར་གཟིགས། དེའི་ཚེ་སློབ་མ་དམ་པ་རྣམས་ཐེ་ཚོམ་ཟད་པའི་ངེས་ཤེས་ཐོབ་ནའང་སྐལ་དམན་ང་རྒྱལ་ཅན་ཁ་ཅིག་གིས་མ་དད་པ་ཆེར་བྱས་པ་ན་བྲག་གདོང་སྐམ་པོ་ཅིག་དུ་ང་ཀརྨ་པག་ཤི་ཡིན་ན་འདིར་ཆུ་མིག་འབྱུང་བར་གྱུར་ཅིག་གསུངས་མ་ཐག་ཆུ་མིག་ཆེ་བ་ཞིག་བྱུང༌། ཡོག་པ་ཕྱེད་ཚིག་པ་ཞིག་དེ་ཉིད་དུ་བཙུགས་སྟེ་ང་ཀརྨ་པག་ཤི་ཡིན་ན་འདི་ད་ལྟ་སྐྱེ་ལ་མིན་ན་མི་སྐྱེ་བར་གྱུར་ཅིག་གསུངས་པས་སྐད་ཅིག་དེ་ཉིད་དུ་སྐྱེས་སྟེ་སྒྲུབ་ཆུ་དང་སྒྲུབ་ཤིང་དུ་གྲགས་སྟེ་ད་ལྟའང་ཡོད། མཚུར་ཕུར་ཕེབས་མ་ཐག་ནས་མ་མགོན་རྣམས་ཤིན་དུ་དགྱེས་པས་འཕྲིན་ལས་མཛད་པ་གཟིགས་སྟེ་བསྟོད་པ་མཛད། རྟ་ལོ་ལ་ས་གཡོས་བྱུང་བའི་ཚེ་སྐུའི་རྩ་མདུད་ཕྱོགས་མེད་དུ་གྲོལ་ཞིང་ཆོས་ཐམས་ཅད་རང་སེམས་སུ་མཁྱེན་པ་ལ་བརྟན་པ་ཐོབ། ལྷ་མོ་ཞི་དྲག་གིས་བསྐུལ་ནས་ཆོས་ཁྲིམས་སར་དུ་མཛད། མནལ་ལམ་དུ་ལྷོ་ཕྱོགས་དཔལ་གྱི་རི་བོར་ས་ར་ཧ་དང་མཇལ་སྟེ་དོ་ཧའི་དོན་རྟོགས། སློབ་དཔོན་ཤེས་རབ་དཔལ་སྡུད་འགེལ་པཉྩི་ཀ་དང་བཤད་སྦྱར་གསན། རྒྱ་སྒོམ་ཡེ་ཤེས་འོད་ལ་དགྱེས་རྡོར་དང་སྤྱོད་འཇུག་གནམ་མཚོ་བ་ལ་མ་གཅིག་གི་གཅོད་སྐོར་སོགས་གསན། གཙོ་བོར་གྲུབ་ཆེན་གཉན་རས་ལ་ཀམ་ཚང་གི་ཟབ་ཆོས་ཐམས་ཅད་དང༌། མར་མི་དྭགས་གསུམ་གྱི་གདམས་པའི་ཚོགས་དང༌། རྔོག་མཚུར་མེས་རས་ཆུང་པ་ཁྲོ་ཕུ་བ་སོགས་ནས་བརྒྱུད་པའི་ཆོས་དང་གཏེར་ཁ་གོང་འོག་སོགས་སར་རྙིང་གི་ཆོས་(པ༣༩ན)


PTT001_Page_0945
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དག་གསན། འཇམ་དབྱངས་ཤཱཀ་གཞོན་པ་ལ་ཚད་མ་མདོ་སྡེ་བདུན་ཡན་ལག་དང་བཅས་པ། མངོན་པ་གོང་འོག་ས་སྡེ་དང་བཅས་པ། བྱམས་ཆོས་ལྔ་འགྲེལ་བཅས། དབུ་མ་རྩ་འཇུག་བཞི་གསུམ་འགྲེལ་པ་དང་བཅས་པ་ལ་སོགས་མཚན་ཉིད་ཀྱི་ཐེག་པ་ཆེ་ཆུང་གི་གཞུང་ལུགས་མཐའ་དག་གསན། དགུང་ལོ་བཅོ་བརྒྱད་པ་བཤོལ་དང་མངལ་ཟླ་བརྩིས་པའི་ཉི་ཤུར་ཚང་བ་ན་དགེ་འདུན་སྒང་པའི་འདྲེན་པ་འཕགས་པའི་གནས་བརྟན་གཞོན་ནུ་བྱང་ཆུབ་པས་མཁན་པོ། མཁས་པ་དགེ་འདུན་རིན་ཆེན་གྱིས་ལས་སློབ་མཛད་སྟེ་དགེ་འདུན་ལས་བསྙེན་པར་རྫོགས། སྤྱིར་དགེ་སློང་གི་བསླབ་པ་ལ་མིང་རྗེ་བ་མེད་མོད་ནའང་འདིར་མཁན་པོས་རང་གི་མཚན་ལས་གྲས་ནས་ཆེད་དུ་ཚུལ་ཁྲིམས་གཞོན་ནུ་ཞེས་གསོལ་བ་འདྲ་སྟེ་གནས་སྒོར་ཨོ་ཌྱན་པ་མནལ་ལམ་དུ་བྱོན་པའི་སྐབས་ལས། ཚུལ་ཁྲིམས་གཞོན་ནུ་ཞེས་བྱའི་རྣལ་འབྱོར་བདག་ཞེས་སོ། །མཁན་སློབ་གཉིས་ལས་འདུལ་བའི་བཀའ་དང་བསྟན་བཅོས་མཐའ་དག་གསན། གྲུབ་ཆེན་ཨོ་ཌྱན་པས་སླར་ཤངས་ཀྱི་ཚ་རིར་འབྱོན་པ་ཞུ་ཆོས་གདམས་ངག་ཐམས་ཅད་ཚང་སྤྲུགས་སུ་འབུལ་གསུངས་ནའང་སྐུ་ཚེ་འདི་ལ་མཇལ་བའི་རྟེན་འབྲེལ་མེད་གསུངས་ནས་མ་ཐེགས་པ་དེ་མ་ཐག་གྲུབ་ཆེན་རིན་པོ་ཆེ་གཤེགས། དགོངས་པ་རྫོགས་ཕྱིར་སྙེ་མདོ་བ་ཀུན་དགའ་དོན་གྲུབ་ལ་དུས་ཀྱི་འཁོར་ལོ་སོགས་གྲུབ་ཆེན་རིན་པོ་ཆེའི་ཆོས་མཐའ་དག་གསན། དེའི་ཚེ་ཀོ་བེར་བས་བར་ཆད་བྱས་པ་དྲུང་ཉིད་མགོན་པོ་བེར་ནག་ཅན་དུ་མཛད་ནས་བཏུལ་བ་རྟོགས་ལྡན་གྲགས་སེང་བའི་མནལ་ལམ་དུ་གཟིགས། དཔོན་སློབ་བདུན་གྱིས་དཔའ་བོའི་སྟོན་མོ་ཞིག་མཛད་ཚེ་ཨོ་ཌྱན་གྱི་མཁའ་འགྲོ་མ་གསུམ་ན་མཁའ་ལ་འོངས་སྟེ་གླུ་གར་གྱི་མཆོད་པ་བྱས། མནལ་ལམ་དུ་གྲུབ་ཆེན་པ་བྱོན་སྟེ་བསྙེན་སྒྲུབ་སོགས་གདམས་ངག་ཐམས་ཅད་རྫོགས། མཁས་པ་རྦ་རས་སོགས་ལ་གསོ་(པ༣༩བ)


PTT001_Page_0946
[མ་དཔེ་གཟིགས་ན་འདིར་གནོན།]

བ་རིག་པ་གསན། བཤེས་གཉེན་ཚུལ་རིན་པ་ལ་གསང་འདུས་འཕགས་སྐོར་སོགས་མདོར་ན་བོད་ཀྱི་ཡུལ་དུ་བཀའ་བསྟན་བཅོས་མན་ངག་འགྱུར་རོ་ཅོག་ཐམས་ཅད་གསན་པར་མཛད་སྟེ་དམ་པའི་ཆོས་ལ་གུས་པ་དང༌། བླ་མ་མེད་པར་རང་གཟོས་མི་འཇུག་པའི་གདམས་ངག་མིག་ལྟོས་སུ་སྟོན་པར་མཛད། དེ་ཐམས་ཅད་ཀྱང་ཚར་རེ་གསན་པ་ཙམ་གྱིས་ཚིག་དོན་མཐའ་དག་སྐད་ཅིག་རེས་ཐུགས་སུ་ཆུད་ཀྱང་ཆེད་ཆུང་དང་བརྙན་ཐབས་མི་མཛད་པར་ནན་ཆགས་སུ་མཛད། ས་རིས་ཁོ་ན་མཛད་པས་ལྕགས་སྨྱུགས་བདུན་ཟད་པར་གྲགས། གསན་ཡིག་གི་ཆོས་ཀྱི་རྣམ་གྲངས་ཀྱི་མིང་ཁོ་ནའང་དེང་སང་གི་སྐྱེ་བོའི་སྤྱོད་ཡུལ་དུ་མི་ཆུད། སྙིང་ཐིག་གསན་པ་ན་སྣང་གསུམ་བདེ་བླག་དུ་རྫོགས་སྟེ་ཆོས་ཉིད་ཟད་པའི་སྣང་བར་ལ་ཟློས། མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱིས་བསྐུལ་ནས་གཞན་དོན་འབྱུང་བར་དགོངས་སྟེ་ཀརྨར་བྱོན། དེར་བི་མ་ལ་རང་གི་མཛོད་པུར་ཐིམ་པ་གཟིགས་པས་རྫོགས་ཆེན་གྱི་དོན་ཐམས་ཅད་རྟོགས་ཤིང་སྙིང་ཐིག་གི་ཡིག་ཆ་མཛད། གཞན་ཕན་གྱི་ལྟས་མཁྱེན་ནས་ལྷ་སྟེང་གི་རི་ཁྲོད་བཏབ་པའི་ཚེ་རྒྱལ་བའི་རིང་སྲེལ་མང་དུ་སྣང་བ་འོད་ཆེ་ཆུང་སྣ་ཚོགས་པར་གཟིགས་སྟེ་བསམ་གཏན་པ་མང་དུ་འབྱུང་བར་མཁྱེན། བདེ་བ་ཅན་གྱི་ཞིང་དང་ཤཱཀྱའི་རྒྱལ་པོའི་སྐུའི་བཀོད་པ་དུ་མ་གཟིགས་སྟེ་མནལ་ལམ་གྱི་མདོ་སྡེའི་བསྟན་བཅོས་མཛད། རི་རབ་ཀྱི་རྩེར་ཁང་བརྩེགས་དྲུག་དུ་དགེ་བའི་བཤེས་གཉེན་གསུམ་གྱིས་བྱམས་ཆོས་མགྲིན་གཅིག་དུ་གསུང་བ་གསན་པས་བྱམས་ཆོས་མཐའ་དག་གི་དོན་ཐུགས་སུ་སྔར་བས་ཀྱང་གསལ་བར་ཆུད། ཁང་བརྩེགས་དེའི་འོག་གསེར་རིའི་སྟེང་ནས་ཐུགས་རྗེ་ཆེན་པོའི་ཕྱག་ནས་བདུད་རྩིའི་རྒྱུན་འབབ་པ་གསོལ་ཞིང་གཞན་ལ་བཀྱེ་བར་སྣང་བས་རྙིགས་དུས་ཀྱི་གདུལ་བྱའི་ཚ་གདུང་སེལ་ནུས་པར་དགོངས། ཀུན་སྤྱོད་གྱི་འགྲེལ་པ་མཛད་ཚེ་མཁའ་འགྲོ་མ་རྣམས་ཀྱིས་རིན་པོ་ཆེ་དུ་མ་སྩོལ་བར་གཟིགས། ལྷ་སྟེང་གི་ཁོར་ཡུག་(པ༤༠ན)


PTT001_Page_0947
[མ་དཔེ་གཟིགས་ན་འདིར་གནོན།]

ནགས་ཚལ་ཆེན་པོ་ཡོད་པ་ལ་བློ་བུར་དུ་མེ་ཤོར་ནས་ཐམས་ཅད་ཅི་བྱའི་གཏོལ་དང་བྲལ་སྟེ་མཁས་བཙུན་གཞོན་ནུ་འབུམ་གྱིས་མེའི་འཇིགས་པ་ལས་བསྐྱབ་ཏུ་གསོལ་ཞེས་ཞུས་པས། བདག་ནི་ལྷག་བསམ་རྣམ་དག་དང་ལྡན་སྟེ། །སྔོན་ཚེ་རྒྱལ་བ་རྣམས་ལ་ཚོགས་བསགས་ཤིང༌། །ད་ལྟར་ས་བཅུའི་དབང་ཕྱུག་ཡིན་གྱུར་ན། །བདེན་པ་འདི་ཡི་བདེན་ཚིག་བརྗོད་པའི་མཐུས། །མེ་ཆེན་འབར་བའི་ཚོགས་འདི་ཞི་གྱུར་ཅིག །ཞེས་སེ་གོལ་མཛད་པའི་མོད་ལ་དུ་བ་ཁམ་ནག་ན་མཁའ་ཁྱབ་པར་མེ་ལྕེ་དང་འདྲེས་མར་འཁྲིགས་པ་ལས་ཆར་རྒྱུན་ཆེན་པོ་བྱུང་ནས་མེ་ཐམས་ཅད་སྐད་ཅིག་གིས་ཞི་ཞིང་འཕགས་མ་སྒྲོལ་མ་གསལ་བར་གཟིགས། ཡང་འཁོར་དང་སྙན་གྲགས་མ་བཟོད་པའི་སྐྱེ་བོ་ཕྲ་དོག་གི་ཁྱད་ནོར་ཅན་ཁ་ཅིག་གིས་མཐུ་བྱེད་པར་བརྩམས་སྟེ་མི་བརྒྱད་ཀྱིས་ཕུག་པར་གཤིན་རྗེ་དྲག་དུ་བསྒྲུབས་ནས་རྦད་པ་དེའི་ཚེ་འཇམ་དཔལ་གཤིན་རྗེའི་གཤེད་ཞལ་གསུམ་ཕྱག་དྲུག་པ་མེ་ཕུང་གི་ནང་ན་ཁྲོས་པས་རིག་སྔགས་ཟློག་པར་གཟིགས་པ་ན་ཕུག་པ་རྡིབ་སྟེ་དེ་དག་ཕ་རོལ་དུ་སོང་ཞིང་གཞན་ཡང་ཆོ་འཕྲུལ་མི་འཚམས་པ་དུ་མ་བྱུང་བས་དེ་དག་འཁོར་བཅས་སྐྲག་སྟེ་འབུལ་བཤགས་རྒྱ་ཆེར་བྱས། རོང་བཙན་ཁ་བ་དཀར་པོ་དང་ཀམ་པོ་རྡོ་རྗེ་དཔལ་བརྩེགས་སོགས་ཀྱིས་སྤྱན་དྲངས་སྟེ་ཡུལ་གྲུ་དེ་དག་དུ་ཕན་བདེར་མཛད། ཤར་ཀོལ་ཏིའི་འཁྲུག་ཆེན་སུས་ཀྱང་མ་ཟླུམས་པར་ཡུན་རིང་བ་དེ་ལྷ་འདྲེ་འཁྲུགས་པར་མཁྱེན་ནས་ཏིང་ངེ་འཛིན་གྱིས་ལྷ་འདྲེ་རྣམས་བཀུག་སྟེ་ཟིལ་གྱིས་མནན་པས་བཀའ་སྒྲུབ་པར་དམ་བཅས་སྟེ་དེ་ཉིད་དུ་རང་ཞིར་སོང༌། སླར་མཚུར་ཕུར་བྱོན་པ་ན་གཉན་ཆེན་ཐང་ལྷ་སོགས་ཀྱིས་བསུ་བར་དཔོན་སློབ་དུ་མས་གཟིགས། གཞན་དག་གིས་ན་བུན་གི་ཕྲེང་བར་མཐོང༌། ལྷ་སར་ཇོ་བོའི་དབུ་ཐོག་དུ་གསེར་གྱི་གདུགས་ངོ་མཚར་ཅན་ཕུལ་ཚེ་སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་མཆོད་སྤྲིན་བྱུང་བར་གཟིགས། དགྱེས་རྡོར་(པ༤༠བ)


PTT001_Page_0948
[མ་དཔེ་གཟིགས་ན་འདིར་གནོན།]

བརྟག་གཉིས་ཀྱི་འགྲེལ་པ་མཛད་པ་ན་བྱང་ཆུབ་སེམས་འགྲེལ་མཐའ་དག་ཐུགས་ལ་མ་བསྒྲིབས་པར་གསལ། མཚུར་ཕུའི་རི་ཁྲོད་སྐུངས་སུ་ཕྱི་ནང་གི་གཟའ་སྐར་དུས་སྦྱོར་ཐམས་ཅད་ཇི་ལྟ་བར་གཟིགས་སྟེ་རྩིས་ཀུན་བསྡུས་པའི་བསྟན་བཅོས་མཛད། ཇོ་མོ་གངས་ལ་སོགས་པར་དབེན་པ་མཛད་པ་ན་སློབ་དཔོན་པདྨ་རང་ཉིད་ལ་ཐིམ་པ་དང༌། བྱང་ཕྱོགས་ཀྱི་ཞིང་ཁམས་ཅིག་ན་འཇམ་དཔལ་སངས་རྒྱས་ཀྱི་འཕྲིན་ལས་མཛད་པ་དང༌། མི་མ་ཡིན་རྣམས་ཕྱག་དང་བསྐོར་བ་བྱེད་པ་དང༌། དུས་གསུམ་མཁྱེན་པ་མཁའ་འགྲོ་རྒྱ་མཚོས་བསྐོར་བ་གཟིགས། གྲུ་བཞིར་བཞུགས་ཚེ་འགྲོ་དོན་གྱི་ལྟས་གཟིགས་ནས་མཚུར་ཕུ་བདེ་ཆེན་བཏབ། དེར་རྒྱལ་བའི་རིང་སྲེལ་འོད་ཟེར་འཕྲོ་བ་མང་དུ་རྙེད་པའི་གཟིགས་སྣང་བྱུང་སྟེ་བཀའ་རྒྱུད་ཀྱི་གྲལ་ཐུབ་པའི་སྒོམ་ཆེན་མང་དུ་འབྱུང་བར་མཁྱེན། ཡར་ལྷ་ཤམ་བུའི་གངས་སུ་ཕྱི་ནང་གཞན་གསུམ་དབྱེར་མེད་པའི་དེ་ཁོ་ན་ཉིད་རྟོགས་སྟེ་རྟེན་འབྲེལ་གྱི་མཁྱེན་པ་མཐར་ཕྱིན། གཞན་ཡང་ད་ལྟར་སངས་རྒྱས་སྤོས་ཀྱི་གླང་པོའི་མཛད་པ་དང༌། དེའི་གསུང་རབ་ཀྱི་རྩིག་པ་ན་མཁའ་གང་བ་ཙམ་གཟིགས། མནལ་ལམ་དུ་རྒྱལ་བ་བྱམས་པ་འཁོར་མང་པོ་ཅན་གཟིགས་པས་སྟེང་གི་ན་མཁའ་ལ་འབྱོན་པ་མི་འཚམས་པར་དགོངས་ནས་ས་འོག་ནས་བྱམས་པའི་དྲུང་དུ་སྤྲུལ་པའི་པདྨ་ལ་བཞུགས་སྟེ་ཆོས་གསན། མངོན་དགའི་ཞིང་མི་འཁྲུགས་པའི་དྲུང་ན་བྱང་སེམས་སྤོས་གླང་གི་བྱང་ཆུབ་སེམས་དཔའི་སྤྱོད་པ་གཟིགས། བདེ་ཆེན་གྱི་ཆུ་མིག་བརྒྱ་རྩར་ཁྲིད་མཛད་ཚེ་འོད་གསལ་སྒྱུ་ལུས་ཉིན་མཚན་ཁོར་ཡུག་དུ་སོང་བའི་སྒོམ་ཆེན་མང་དུ་བྱུང༌། ངག་རླུང་གི་རྟེན་འབྲེལ་ན་མཁའི་ཁམས་གསེར་གྱི་ཡིག་འབྲུར་སྣང་བ་སྐུའི་སྤུ་ཁུང་དུ་ཐིམ་ཞིང་འཕྲོ་བར་གཟིགས་ལ་ཕུང་ཁམས་ངོ་བོ་ཉིད་ཀྱི་འདུས་པའི་ལྷ་ཚོགས་སུ་རྟོགས་སྟེ་བཤད་རྒྱུད་རྡོ་རྗེ་ཕྲེང་བའི་དགོངས་དོན་བཀྲལ། རྡོར་སེམས་ཧེ་རུ་ཀས་བྱིན་གྱིས་རློབ་པ་དང་ཕྱི་རོལ་དུའང་དཔའ་(པ༤༡ན)


PTT001_Page_0949
[མ་དཔེ་གཟིགས་ན་འདིར་གནོན།]

བོ་མཁའ་འགྲོ་འདུས་པའི་འཇའ་འོད་ཀྱིས་ན་མཁའ་ཁྱབ་པར་གཟིགས་སྟེ་དམ་ཚིགས་རྒྱ་མཚོ་རྩ་འགྲེལ་མཛད། ཇོ་བོ་གངས་དཀར་གྱི་ཕུག་པར་སློབ་དཔོན་པདྨའི་སྐུ་བཞེངས་ཚེ་དེའི་འཕྲིན་ལས་ཀྱི་ལྷག་མ་ད་དུང་རིང་དུ་འབྱུང་བར་མཁྱེན། གཡས་རུ་ཤངས་ལ་བྱོན་སྟེ་སོ་ནམ་ཁོ་མའི་འབྲོང་ལ་བྱེད་ཟེར་ཞིང་འབྲོང་ནས་བྲ་བྱི་ཡན་གསོད་པས་འཚོ་བའི་ལུང་ནག་དེའི་སྐྱེ་བོ་རྣམས་བཏུལ་སྟེ་སྲོག་གཅོད་སྤོང་བ་ལ་རིང་དུ་བཀོད། དཔལ་ལྡན་ས་སྐྱ་ལ་སོགས་པའི་དགེ་འདུན་གྱི་སྡེ་དགོན་གནས། ལྷ་ཁང་ཐམས་ཅད་དུ་ཡོ་བྱད་ཐམས་ཅད་ཆགས་མེད་དུ་བཀྱེ། ཡུལ་ཁམས་དེ་ཐམས་ཅད་ཀྱི་མི་དང་མི་མ་ཡིན་པ་མཆོག་དམན་ཐམས་ཅད་ཀྱིས་རིས་མེད་དུ་བཀུར་ཞིང་འབུལ་ནོར་ནི་དེ་བས་ཀྱང་རྒྱ་ཆེ། ཨོ་ཌྱན་པའི་སྐུའི་སྐྱེ་བ་བྱོན་པ་གཙོ་བོར་གྱུར་པའི་སྐལ་ལྡན་མཐའ་ཡས་པ་རྗེས་སུ་བཟུང༌། ཉང་སྟོད་སྨད་བར་གསུམ་དམ་པའི་ཆོས་ཀྱིས་བཏུལ་ནས་ཉང་སྟོད་ནས་ཡ་འབྲོག་ལ་འབྱོན་པའི་ཚེ་ཁ་རོའི་ལ་རྒྱབ་ཏུ་ཧ་བོ་གང་བཟང་སང་གྲང་མོ་མ་གཏོང་ཞིག་ཞེས་ལན་གཉིས་གསུང་བ་མཛད། ཁ་རོའི་ལ་རྒྱབ་ཚེ་ཧོར་ཟླ་བཅུ་གཉིས་པ་ཡིན་ཡང་ཤིན་དུ་དྲོ་བ་སོས་ཀའི་ཚད་པ་ལྟ་བུ་བྱུང༌། མཚུར་ལྷ་ལུང་དུ་སྐུ་འབུམ་ལ་ཞིག་གསོ་དང་གསེར་གསོལ་བའི་ཚེ་མ་འོངས་པ་དགེ་སློང་དུང་དུ་གྱུར་པས་རྒྱལ་བ་བྱམས་པའི་མཆོད་རྟེན་བྱེད་པར་མཁྱེན། སྐྱེ་བོ་མཐའ་ཡས་པ་ལ་ཆོས་གསུངས་ཚེ་བཀའ་རྒྱུད་ཀྱི་བླ་མ་རྣམས་གཟིགས་ཤིང་ཉི་མ་ཉིས་འགྱུར་གྱིས་རིང་བར་གྲགས། ཀོང་པོའི་རྒྱལ་ཁམས་ཆེན་པོའི་མི་དང་མི་མ་ཡིན་པ་ཐམས་ཅད་ཀྱིས་དད་པས་སྤྱན་དྲངས་སྟེ་ཐུགས་རྗེ་ཆེན་པོས་བསྐུལ་ཞིང་ལུང་བསྟན་སྟེ་ལམ་དུ་དྭགས་ལྷ་སྒམ་པོར་བླ་མ་ལྷ་རྗེ་དཔག་མེད་མཇལ་ཞིང་ཕྱག་རྒྱ་ཆེན་པོས་གཞན་དོན་འབྱུང་བར་མཁྱེན། ཙཱ་རི་མ་ཆེན་དུ་འབྱོན་པར་དགོངས་པ་ཡུལ་སྟོད་ཀྱི་ཆོས་ཁྲི་བར་དུ་བྱོན། རྟེན་འབྲེལ་ཅུང་མ་འགྲིག་ཀྱང་ཕག་མོའི་ཕྱག་དཔེ་ལུང་ནང་དེ་(པ༤༡བ)


PTT001_Page_0950
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སུ་རླུང་གིས་ཁྱེར་སྟེ་མ་འདུས་པས་ངའི་ཆོས་ཀྱི་བསྟན་པ་འབྱུང་གསུང་སྟེ་ཕྱིས་ཕག་མོ་ཀར་ལུགས་གནས་དེར་དར། ཙཱ་རི་སར་རྙིང་ཐམས་ཅད་དུ་ངོ་མཚར་གྱི་བཀོད་པ་གཟིགས་ཤིང་གནས་མི་གསལ་བ་དུ་མ་ཞལ་ཕྱེ། རྟ་བར་རྒྱལ་འཛིན་དུ་གཙང་པོས་ཞིང་དང་ཚལ་ཁྱེར་ནས་མཚོར་གྱུར་པ་ལ་སྐྱབས་ཞུས་པས་གྲུ་ཁ་ཅུང་ཟད་འགྱུར་འོང་ཁྲི་རྩིགས་ཅིག་གསུངས་ནས་གཙང་འགྲམ་དུ་ཆོས་ཁྲི་བརྩིགས། དེར་བཞུགས་ཏེ་བདེན་ཚིག་གིས་ཕྱག་ནས་མཐོར་བས་ཚུར་ངོས་ཀྱི་ཆུ་སྐད་ཅིག་གིས་ཇེ་ཆུང་དུ་སོང༌། ཟླ་གཅིག་གི་ཁོངས་སུ་ལྷོ་ངོས་སུ་འགྱུར། མཚོའི་ཤུལ་སས་གང་བ་ལ་སླར་ཞིང་དང་ཚལ་བྱས་སྟེ་དེང་སང་དུའང་ཡུལ་དུ་ཡོད། རྣམ་ཐོས་ཚལ་དུ་བྱོན་སྟེ་ཀོང་རལ་གསུམ་གྱི་སྐྱེ་བོ་ཐམས་ཅད་ལ་ཆོས་རྒྱ་དཀར་པོ་མཛད་སྟེ་གནས་སྐབས་དང་མཐར་ཐུག་གི་བདེ་བ་ལ་བཞག །ཕྲག་དུ་རབ་གནས་མཛད་ཚེ་ས་གཡོ་བ་དང་མེ་ཏོག་གི་ཆར་ཀུན་གྱིས་བཟུང་དུ་ཡོད་བ་བྱུང༌། མ་འོངས་བའི་འགྲོ་དོན་མཁྱེན་ནས་ནགས་ཕུའི་རི་ཁྲོད་འདེབས་པར་དགོངས། ནགས་མདར་བཞུགས་ནས་འདིའི་ཕུ་ན་གནས་ངོ་མཚར་ཅན་ཡོད་པས་དེར་འགྲོ་གསུངས་པ་ན་སུ་ཡང་འགྲོ་བར་མ་སྤྲོ། ཡུལ་མི་ཀྱང་མི་ཐར་བའི་ཚུལ་ཞུས་པས་དོ་ནུབ་རྨི་ལམ་ལྟའོ་གསུངས་ནས་སང་ཉིན་རི་དང་ལམ་སོགས་བཀོད་པ་འདི་ལྟར་འདུག་ཞིབ་པར་གསུངས་པས་ཡུལ་མི་རྣམས་དད་པ་ཐོབ་སྟེ་དེར་ཐེགས་ནས་སྒྲུབ་སྡེ་བཏབ། གནས་དེ་ཤིན་དུ་གྲང་ནའང་སྒྲུབ་པ་པོ་རྣམས་ཀྱི་ཆུ་སྐོར་ལ་དགུན་སྒང་ཆེན་ཡང་ཝ་ཆུ་སོགས་མི་འཁྱག་པ་དང་དཀོན་མཆོག་གི་མཆོད་པ་བྱེད་གསུངས་ནས་སྒྲུབ་སྡེའི་གདོང་ཐད་ཀྱི་བལ་སུར་དང་སྟག་མ་རྣམས་དགུ་འདྲེན་དུས་མེ་ཏོག་འབྱུང་བར་བྱིན་གྱིས་བརླབས་སྟེ་ད་ལྟའང་དེ་བཞིན་ཡོད། ལོ་གཅིག་གི་ནང་དུ་སྒྲུབ་སྡེ་དགོན་གནས་དཔག་མེད་མཛད། ལྐོག་ཕྲེད་དུ་ནང་དོན་རང་འགྲེལ་མཛད། ཐུགས་དམ་ཤིན་དུ་འཕེལ། ཤར་ཕྱོགས་ལས་གཤིན་གྱིས་གནས་གཟིགས་སྟེ་ངན་འགྲོ་དཔག་མེད་དྲངས། བང་(པ༤༢ན)


PTT001_Page_0951
[མ་དཔེ་གཟིགས་ན་འདིར་གནོན།]

རམ་སྤང་དུ་ཕེབས་ཚེ་ཚད་མ་པཎ་ཆེན་པས་ཚིབས་རགས་ཀྱི་ཁྲོད་དུ་གནས་ཆེན་ཙཱ་རིའི་མཁྲིས་སུ་སླེབ་ནས་མ་མཇལ་ཞུས་པས། ཙཱ་རིའི་གནས་དགུན་གྱི་ཁ་བས་ནོན་པས་ངས་བསྟན་མི་ཐུབ། ཙཱ་རིའི་མཁའ་འགྲོ་དགོས་ན་བསྟན་གྱི་གསུངས། སྟོན་པར་ཞུ་ཞུས་པས་རླུང་བུས་ལྟ་སྟངས་མཛད་སྟེ་ཆིབས་སྔོན་ལ་ཤར་གྱིས་བཞུད། ཅུང་ཟད་ན་ན་བུན་དང་འཇའ་ཚོན་འདྲེན་མ་ནར་བྱུང་བའི་ཁྲོད་ནས་བུ་མོ་བཅོ་བརྒྱད་སྙན་པའི་གླུ་ལེན་ཞིང་བྱུང༌། ཆིབས་འཐེན་སྟེ་ཕྱག་དབང་དང་དར་མདུད་རེ་གནང་ནས་ད་ལྟ་སོང་ཞིག་གསུངས་སྟེ་ཕ་ཚད་དུ་ཡལ། སྐུ་འཁོར་རྣམས་ལའང་ཕྱག་མདུད་རེ་གནང་ནས་ཁྱེད་རྣམས་དེའི་རྗེས་སུ་ཡིད་མ་འཕྲོ་ཅིག །སྔ་རེས་ངའི་འཁོར་མང་པོ་འདི་ཚོས་ཁྱེར། ད་རེས་ཀརྨ་ནང་སོའི་ཆིབས་པ་དེ་ཁྱེར་སོང་བས་ཐུབ་སྟེ་འོང་གསུངས། དེ་ནས་ཡར་ཕེབས་ཚེ་སོ་ཆག་འཕྲང་གི་བྲག་འོག་མཚོ་ཆེན་པོར་ཡོད་ཅིང་རེ་རྩེ་བསྐོར་དགོས་པ་ལ་དེའི་ཚེ་བྱེ་མའི་སྒང་ལམ་ཆེན་པོ་བྱུང་སྟེ་དེ་ལ་ཐེགས། འདི་ལྟ་བུ་སྔོན་མ་བྱུང་བར་གླེང༌། ཕེབས་ནས་ཞག་གཉིས་གསུམ་ན་ལམ་དེ་མི་སྣང་བར་སྔར་བཞིན་མཚོར་གྱུར། སླར་མཚུར་ཕུ་ལ་སོགས་པར་ཕེབས་སྟེ་བསྟན་པའི་བྱ་བ་རྒྱ་ཆེན་མཛད། གཡག་སྡེ་པཎ་ཆེན་གྱིས་ཚལ་པའི་སར་བཞུགས་ཚེ་མཇལ་དུ་བྱོན། ཕྱག་མ་ཕུལ་བར་བདག་དད་ན་དགེ་བའི་བཤེས་གཉེན་དུ་བསྟེན་པ་ལགས་པས་ཞག་འགའ་ཞབས་ཕྱིར་བསྡད་སྟེ་བརྟག་པར་ཞུས་པས་མཉེས་བཞིན་གནང༌། ཉིན་པར་དགེ་བཤེས་མཐའ་ཡས་པ་ལ་མདོ་སྔགས་ཀྱི་བཤད་ཆེན་རྒྱ་མཚོ་ལྟ་བུ་མང་དུ་མཛད། མཚན་མོ་དབང་རྗེས་གནང་ཟབ་ཁྲིད་དཔག་མེད་གནང༌། བར་རྣམས་སུ་སྐྱེ་བོ་དཔག་མེད་ལ་མཇལ་ཁ་གསེར་ཡིག་པ་དཔག་མེད་ལ་ཞལ་བཀོད། ཚལ་པའི་སྐུ་གསུང་ཐུགས་རྟེན་མང་པོ་དང་ཁྱད་པར་བཀའ་བསྟན་འགྱུར་གྱི་ཞལ་བཀོད་སོགས་རླབས་ཆེན་གྱི་མཛད་པ་རྒྱ་མཚོ་རྣམས་གཅིག་གོ་གཅིག་གིས་མི་འགག་ཞིང་སྐུ་གསུང་(པ༤༢བ)


PTT001_Page_0952
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དལ་ཞིང་ལྷོད་ཆགས་པ་ལས་མི་གཡོ་བར་གཟིགས། ཆོས་ཀྱི་དཀའ་བའི་གནས་རྣམས་དྲིས་པ་ན་དེ་ཙམ་ནི་དཀའ་བ་མ་ཡིན་སྟེ་དེ་ལས་གཞན་འདི་དང་འདི་ལྟ་བུའོ་ཞེས་གསུང་བ་ན་སྔོན་རྣ་ལམ་དུ་ཡང་མ་གསན་པ་ཁོ་ན་གསན། ཉིན་རེ་རེ་བཞིན་མཁས་པ་དང་གྲུབ་པའི་མཐའ་ཇེ་མི་དཔོགས་སུ་སོང༌། བློའི་ར་བ་ལས་བརྒལ་སྟེ་ཞབས་ལ་སྤྱི་བོས་གཏུགས་ནས་སྤྲུལ་པའི་སྐུ་རིན་པོ་ཆེ་ཞེས་རྩ་བའི་བླ་མ་མཆོག་དུ་འཛིན། འཕོ་བ་ཞུས་པས་རྣམ་ཤེས་ཚངས་བུག་ནས་འཕོ་བ་ཡིན་གསུངས། གཟེར་ལྔ་ཞུས་པས་གཟེར་ལྔ་མི་དགོས་གཅིག་གིས་བསྡོམས་སྟེ་མཆི་གསུང་བས་དེ་ཁོན་ལྟར་འདུག་ཞེས་ལྷག་པར་དད། གཞན་ཡང་ཐོས་པས་དྲེགས་པ་མང་པོས་མཇལ་བ་ན་ཁོ་རང་གི་ང་རྒྱལ་དང་བསྟུན་པའི་མིང་ནས་འབོད། བསྔགས་པ་མཛད། ཁོ་རང་གི་སྔོན་གྱི་བྱེད་སྤྱོད་དང་ཞར་ལ་ཕྱིས་འབྱུང་སོགས་ཡི་གེར་བཀོད་སྟེ་གནང་བས་ང་རྒྱལ་ཞི་སྟེ་སྣོད་ལྡན་དུ་གྱུར་པ་མང་དུ་བྱུང༌། ཉན་གྱི་ཕུར་སྨན་ཆུ་གསོལ་བའི་ཚེ་ལྗགས་ལ་རེག་མ་ཐག་འདི་ལ་ཆུ་ཕལ་པ་སུམ་གཉིས་སྨན་གྱི་ཆུ་སུམ་ཆ་གཅིག་དུ་སྣང་སྟེ་ལྕེའི་དབང་པོས་ཤེས་སོ་གསུངས་ཆུ་མིག་དུ་ཕྱག་བཅུག་སྟེ་ཤར་ནས་སྐྱེ་བའི་དྲོན་མོ་ཤེད་མེད་འདི་ཆུ་ཕལ་པ་སྟེ་སུམ་གཉིས་སྣང༌། ནུབ་ནས་སྐྱེ་བའི་གྲང་མོ་ཤེད་ཅན་འདི་སྨན་གྱི་ཆུ་སྟེ་སུམ་ཆ་གཅིག་སྣང་ངོ་གསུངས། མཁས་པ་ཤེས་རིན་པ་དེ་ལ་ཡིད་འཆེས་མ་སྐྱེས། དེ་ནས་བྱིན་རླབས་ཀྱིས་ཆུ་ཕལ་པ་སྐྱེ་བ་ནུབ་ནས་སྨན་ཆུ་དེ་ཆེར་འཕེལ་བས་ཡུལ་མི་རྣམས་སྔོན་ཆུ་འདིའི་སུམ་ཆ་ཙམ་ལས་མི་ཡོང༌། རྗེ་ཕེབས་ནས་སུམ་འགྱུར་དུ་འཕེལ་སྔར་བས་ཆེས་གྲང་ཞིང་ནུས་པ་ཆེ་བར་འདུག་ཟེར་བ་གསན། ཞལ་ནས་ངས་དེ་སྐད་བྱས་སྟེ་དགེ་བཤེས་འདི་ངའི་ཚིག་ལ་ཡིད་མི་འཆེས་པར་འདུག་གསུང་བས་ཞུམ་ཞིང་དད་སྟེ། ཤིན་དུ་ལྐོག་གྱུར་ཐམས་ཅད་མཁྱེན་པའི་ཡུལ། །མངོན་སུམ་ཉིད་དུ་འཇལ་བའི་བློ་ལྡན་ལ། །བྱོལ་སོང་ཕྱུགས་ཀྱི་ཕྱུགས་དང་རབ་མཚུངས་པ། །(པ༤༣ན)


PTT001_Page_0953
[མ་དཔེ་གཟིགས་ན་འདིར་གནོན།]

བདག་བློས་ནོངས་པར་གྱུར་པ་མཐོལ་ཞིང་བཤགས། །སླན་ཆད་ཁྱོད་ཀྱི་རྣམ་ཤེས་ཚོགས་དྲུག་འདི། །བྱ་བ་སྒྲུབ་དང་སོ་སོར་རྟོགས་པ་ཡི། །ཡེ་ཤེས་དག་པ་དྲི་མེད་ཡིན་མིན་གྱི། །ཐེ་ཚོམ་གཅོད་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་ཆེད་དུ་བརྗོད་པ་བྱས། ཡང་རྣམ་ཐོས་ཚལ་དུ་རྒྱལ་བའི་ཚེམས་བསྟན་པའི་ཚེ་ལོ་ཙཱ་སྒྱུར་ཞིག་གསུངས། ཁོང་གིས་སྐད་འགགས་ནས་མི་ཐོན་མཆི་ཞུས་པས་ཁྱོད་རང་སྒྱུར་ཞིག་སྐད་ང་ཉིད་ཀྱིས་ཤེས་གསུངས། དེའི་ཚེ་སྐད་ཆེ་ཞིང་སྙན་པ་བྱུང༌། དེ་ཚར་ནས་ཡང་སྔོན་བཞིན་དུ་ཐལ་བས། ཚངས་པ་དང་ནི་དྲི་ཟའི་རྒྱལ་པོ་ལའང༌། །གཞན་གྱི་ངག་ལ་དབང་བསྒྱུར་འདི་མེད་ན། །བདག་གི་ངག་ལ་དབང་བསྒྱུར་ཆོས་ཀྱི་རྗེ། །མཚུངས་མེད་ངག་གི་དབང་ཕྱུག་ལ་ཕྱག་འཚལ། །ཞེས་བསྟོད། ཁོང་པས་ཙཱ་རིའི་ཞོལ་དུ་འདིར་ལོ་གསུམ་སྒྲུབ་པ་དགྱིད་བྱིན་གྱིས་བརླབ་ཏུ་གསོལ་ཞུས་པས། བར་ཆོད་འོང་དབུས་གཙང་དུའང་འཁྲུག་པ་ཆེན་པོ་འོང༌། ངའི་ཕྱགས་ཕྱིར་ཁམས་སུ་འདོད་གསུང༌། དེ་ནས་དེ་མ་ཐག་ཚལ་ཁམས་གཉིས་འཁྲུགས། འདི་ལགས་སམ་ཞུས་པས་འདི་ནི་འགོ་འཛུགས་ཀྱི་ཆུང་ངུ་སྟེ་རིམ་པར་འོང་གསུངས་སྟེ་བཞི་ཐོག་དང་དཔོན་ཆེན་ནང་ཞིག་སོགས་དབུས་གཙང་ཀུན་མ་བདེ། ཧོར་དམག་མང་དུ་འགྲིམས་པ་སོགས་གསུང་ཇི་ལྟ་བ་བཞིན་བྱུང་བས། དུས་གསུམ་ལ་ནི་སྒྲིབ་པ་མི་མངའ་བའི། །ཀུན་མཁྱེན་སྒྲིབ་མེད་དེ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་སྣང་ངོ༌། །དེ་ལྟར་དྭགས་ཀོང་སྐྱི་ཤོད་སོགས་དེ་ཐམས་ཅད་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ན་མེ་ཏོག་གི་ཆར་དང་འཇའ་འོད་དང་ཆོས་ཁྲི་གཡོ་བ་སོགས་ངོ་མཚར་མང་དུ་སྣང་ཞིང༌། ཞི་རྒྱས་དབང་དྲག་གི་འཕྲིན་ལས་དུ་མ་མཛད། ལྷ་སར་ཕྱགས་ཕྱིའི་དགེ་བཤེས་རྣམས་སོ་སོས་བསྟན་པ་དར་རྒྱས་འབྱུང་བའི་ལྟས་མང་དུ་མཐོང༌། སླར་ཀརྨར་བྱོན་སྟེ་ཞི་ལྷག་ཟུང་དུ་ཆུད་པའི་བསམ་གཏན་པ་ཤིན་(པ༤༣བ)


PTT001_Page_0954
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མང་པོ་བྱུང་ཞིང་ཆོས་དབྱིངས་བསྟོད་པའི་འགྲེལ་པ་མཛད། དགེ་བསྙེན་རྡོ་རྗེ་རྒྱལ་པོའི་གནས་སོག་གི་ཆུ་ལ་ཟམ་པ་མཛད་པ་ན་ཀླུ་དེས་འཕྲིན་ལས་ཐམས་ཅད་སྒྲུབ་པར་ཁས་བླངས། སྤྱན་རས་གཟིགས་ཀྱིས། རྙིགས་དུས་གཡེང་བ་བྱས་ན་བར་ཆད་འབྱུང༌། །དབེན་གནས་གཞན་དུ་ཕྱིན་ཡང་ཆོས་མི་འཕེལ། །དེ་བས་དཔལ་ལྡན་ནགས་ཕུའི་རི་ཁྲོད་སོང༌། །ཞེས་བསྐུལ་བས་ནགས་ཕུར་བྱོན་སྟེ་ཏིང་འཛིན་ཤིན་དུ་འཕེལ། མཁའ་འགྲོའི་བརྡ་ལས། རྒྱུད་ཀྱི་རྒྱལ་པོ་འབུམ་པའི་དོན་ལེགས་པར་དགོངས་སྟེ་རྣལ་འབྱོར་གསུམ་སྙིང་གི་དགོངས་པ་བཀྲོལ། ནོར་བཟང་གིས་བླ་མ་བསྟེན་པའི་ཚུལ་ཡང་ཡང་དྲན་པས་ཀུན་བཟང་གི་སྤྱོད་པའི་སྨོན་ལམ་མཛད། མནལ་ལམ་དུ་འཇམ་དཔལ་གྱིས་བསྐུལ་སྟེ་ཧོར་ཡུལ་དུ་ལོ་གསུམ་ན་འབྱོན་དགོས་པར་མཁྱེན་ནས་གདུལ་བྱ་རྣམས་ཉམས་ལེན་ལ་བསྐུལ། ཙཱ་རིར་བྱོན་པའི་ཚེ་སྤྱན་རས་གཟིགས་དབང་ཕྱུག་གིས། དབེན་པ་བསྟེན་ན་ཏིང་འཛིན་ཡོན་ཏན་འཕེལ། །ཟླ་བའི་དཀྱིལ་འཁོར་མཁའ་ལ་འགྲོ་བ་ཡང༌། །གཞན་གྱི་རྐྱེན་གྱིས་གསལ་དང་འགྲིབ་པ་ཡོད། །མཁའ་ལ་རྒྱུ་སྐར་རྣམ་པར་བཀྲ་བ་ཡང༌། །ཉི་ཟླའི་རྐྱེན་གྱིས་གསལ་དང་མི་གསལ་ཡོད། །རང་གཞན་དོན་ལ་ལེགས་པར་བརྟག་པར་གྱིས། །ཅེས་གསུངས་སྟེ་མི་སྣང་བར་གྱུར་ཅིང་མཁའ་འགྲོའི་ལྟས་དུ་མ་གཟིགས་པས་སྐུ་སྐྱེ་བ་ཕྱི་མའི་བཞུགས་གནས་སུ་དགོས་པར་མཁྱེན་ནས་སྐྱར་དུ་དགོན་སར་ལྷུན་གྲུབ་སྟེང་བཏབ། ཕལ་ཆེན་ཞིང་བཀོད་ཀྱི་བསྟན་བཅོས་མཛད། དེའི་ཚེ་ཧོར་རྒྱལ་པོའི་གདན་འདྲེན་བྱུང༌། དེ་ཡང་སེ་ཆེན་གྱི་རྒྱལ་ས་ལོ་སོ་ལྔ། ཐེ་མུར་ཨོལ་ཇ་དུས་ལོ་བཅུ་གཉིས། ཧྭ་ཤན་ཨོལ་ཇ་དུས་ལོ་ལྔ། བུ་ཡན་དུ་རྒྱལ་པོས་ལོ་བཅུ་གཉིས། གེ་གན་རྒྱལ་པོས་ལོ་བརྒྱད། ར་ཁྱི་ཕག་གིས་ཞག་བཞི་བཅུ། གུ་ཐུག་རྒྱལ་པོ་ཟླ་བ་གཅིག་རྣམས་རྒྱལ་ས་རིམ་པར་བྱས་ཤིང་འདས། ཐོག་ཐེ་མུར་འཇའ་ཡན་དུ་རྒྱལ་པོ་ས་མོ་སྦྲུལ་ལོ་ལ་(པ༤༤ན)


PTT001_Page_0955
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སར་ཐོན་ནས་ལོ་གསུམ་པ་ལྕགས་ལུག་ལ་མགོན་པོ་ཚང་ཆིང་སང་ལ་འཇའ་ས་དང་འབུལ་བ་གསེར་གྱི་ཐམ་ཀ་དང་བཅས་པ་བསྐུར་ནས་སྤྱན་འདྲེན་དུ་སླེབས་པས་ལུག་ལོ་ཟླ་བ་བདུན་པ་ལ་བཏེག་སྟེ་དབུས་སུ་བྱོན། ལྷ་ས་གུང་ཐང་དུ་ཏི་ཤྲི་ཀུན་དགའ་རྒྱལ་མཚན་པ་དང་ཞལ་འཛོམས། འདམ་གཞུང་གི་བར་བྱོན་པ་ན་རྒྱལ་གྱི་ཟླ་བ་ལ་འབྲུག་དང་ཐོག་བྱུང༌། ཉི་མ་གཟས་བཟུང་ཁ་བ་ཆེན་པོ་བབ་པས་རྒྱལ་པོའི་སྐུ་ཚེ་ལ་བར་ཆད་ཡོང༌། ད་རེས་མི་སླེབས་པར་འདུག་གསུངས་ནས་མཚུར་ཕུར་ཕེབས་སླར་སྤྲེ་ལོ་ཟླ་བ་གཉིས་པ་ལ་བཏེག །མཇལ་ན་རྒྱལ་པོའི་སྐུ་ཚེ་ཅུང་ཟད་སྲིང་པའི་རྟེན་འབྲེལ་མཁྱེན་ནས་མྱུར་བར་བྱོན་ཡང་ཟླ་བ་བརྒྱད་པའི་ཚེས་བཅུ་གཉིས་ལ་ས་གཡོས་སོགས་བར་ཆོད་ཀྱི་ལྟས་བྱུང༌། གིན་ཇང་ཧུར་རྒྱལ་བུ་རཏྣས་རྩ་བའི་བླ་མ་ཞུས་ཀར་སྡེ་བཙུགས། དེའི་ཚེ་རྒྱལ་པོ་འཇའ་ཡན་དུ་གནམ་དུ་གཤེགས་པ་མཁྱེན་ནས་བང་ཆེན་སོགས་མ་སླེབ་ཀྱང་དེ་མ་ཐག་སྒྲིབ་སྦྱོང་དང་གནས་སྤར་མཛད། ད་དུང་རིན་ཆེན་དཔལ་རྒྱལ་པོ་ཡང་སྐུ་ཚེ་ཐུང་བར་ལུང་བསྟན། སྤྲེ་ལོ་ཟླ་བ་བཅུ་པའི་ཚེས་བརྒྱད་ལ་ཕོ་བྲང་དུ་ཕེབས། རིན་ཆེན་དཔལ་རྒྱལ་པོ་འཁོར་བཅས་ཀྱིས་གུས་འདུད་ཆེར་བྱས། སྐུ་ཚེ་ཐུང་བར་མཁྱེན་ནས་འཕོ་བ་ལ་སོགས་པར་རྗེས་སུ་བཟུང་སྟེ་ཟླ་གཅིག་ནས་གནམ་དུ་སོང་སྟེ་སྒྲིབ་སྦྱོང་མཛད། དེའི་གཅེན་པོ་ཐོ་གན་ཐེ་མུར་སྨན་ཙེའི་ཡུལ་བྱ་བ་རྒྱ་ནག་ཆེན་པོ་ན་བཞུགས་པ་རྒྱལ་སར་བསྐོ་བ་ལ་རྩིས་པ་རྣམས་ཀྱིས་ཟླ་བ་དྲུག་འཐེན་ནས་བསྐོས་ན་སེ་ཆེན་དང་མཉམ་པ་འོང་ཟེར། ཆོས་རྗེ་རིན་པོ་ཆེས་ཀྱང་ལུང་བསྟན་སྟེ་དེའི་རིང་ཨོལ་ཐེ་མུར་གྱིས་སྲིད་བསྐྱངས། བྱ་ལོ་ཟླ་བ་དང་པོའི་ཉ་ལ་རྒྱལ་པོ་སྤྱན་འདྲེན་པའི་མི་བྱེ་བ་ཕྲག་མང་པོ་ཚོགས་སྟེ་དམག་དཔུང་ཆེན་པོ་མ་གཏོགས་སུས་ཀྱང་ལམ་མི་ཕྱེད་པ་ལ་ཆོས་རྗེ་རིན་པོ་ཆེས་ཞྭ་ནག་གསོལ་མ་ཎིའི་དབྱངས་མཛད་ཅིང་བྱོན་པ་ན་གར་བྱོན་གྱི་ཁྲོམ་ཐམས་ཅད་ལམ་རང་བཞིན་གྱིས་བྱེ། སྨོན་ལམ་དང་གསོལ་བ་(པ༤༤བ)


PTT001_Page_0956
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། རྒྱལ་པོ་གུར་དཀར་ཆེན་པོ་ན་གསེར་ཁྲི་ལ་བཞུགས་པས་རྒྱང་རིང་པོ་ནས་སྔུན་བསུས་སྟེ་ཞབས་ལ་སྤྱི་བོས་གཏུགས། ཡོན་མཆོད་ལྷན་ཅིག་པར་ཕོ་བྲང་དུ་ཕེབས། རྒྱལ་པོ་རྒྱལ་རྒྱུད། ཨོལ་ཐི་མུར། ཐའི་ཤྲི་སོགས་རྒྱལ་བློན་ཐམས་ཅད་དད་པས་འདུད་ཅིང་དམ་པའི་ཆོས་ལ་སྦྱར། མི་དཔོན་མང་པོས་ཐའི་ཤྲི་ལ་ངན་བརྩམས་འཁྲུག་པ་ཆེན་ཡོང་བར་བྱུང་བ་ཞལ་ཏས་བདེ་འཇམ་ལ་བཀོད། ཉིད་གོང་དུ་བཞུགས་རིང་རྒྱལ་ཁམས་བདེ་བའི་ཞལ་བཞེས་མཛད་པ་ཐོག་དུ་ཕེབས། བྱ་ལོ་ཟླ་བ་དྲུག་པའི་ཚེས་བརྒྱད་པ་ཕོ་བྲང་ཤང་མདོར་རྒྱལ་པོ་ཆེན་པོའི་གོ་སར་དབང་བསྒྱུར་སྟེ་ཤིས་བརྗོད་མཛད། ཆོས་སྐྱོང་རྣམས་ཀྱིས་བར་ཆད་སྲུང་བ་དང་བྱིན་གྱིས་རློབ་པའི་ལྟས་དང་གཟིགས་སྣང་ཁྱད་པར་ཅན་ཤར། གོང་མའི་ལུང་གིས་དྲུང་གི་ཉེ་གནས་གྲགས་བརྩོན་ལས་ཀ་ཆེན་པོར་སྤར། རྒྱལ་པོ་ཆེན་པོ་བཙུན་མོ་སྲས་དང་བཅས་པ་ལ་དབང་བསྐུར་མཛད་པའི་ཚེ་ཁོང་རྣམས་ཀྱི་རྣམ་པར་རྟོག་པ་གང་ཤར་བ་མཁྱེན་སྟེ་ལན་བསྩལ་བས་མི་ཕྱེད་པའི་དད་པ་ཐོབ། ཁྱི་ལོ་ཟླ་བ་དང་པོའི་ཚེ་ཐུགས་རྗེ་ཆེན་པོས་བོད་ཡུལ་དུ་སོང་ཞིག་སེམས་ཅན་ལ་ཕན་པར་འགྱུར་རོ་ཞེས་གསུང་བ་གསན། རྒྱལ་པོས་ཀྱང་ཁྱེད་ཆོས་ཀྱི་དབང་ཕྱུག་ལགས་པས་བདག་ལ་རིག་འཛིན་པདྨའི་ཚེ་ཆུ་སྩལ་དུ་གསོལ་ཞེས་གསོལ་བ་བཏབ་པས་དེ་ལྟ་ན་བསམ་ཡས་ནས་འདོན་དགོས་གསུངས་ཤིང་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའི་སངས་རྒྱས་ཀརྨ་པ་ཞེས་པའི་མཚན་དང་ཤེལ་གྱི་སྦེལ་ཀ་གསེར་ཡིག་སྒོར་མོ་རྣམས་འཇའ་སར་ཕུལ། ཉིད་ཀྱི་ཞལ་སློབ་མདོ་ཁམས་སུ་ཏིང་འཛིན་བཟང་པོ། ཚལ་པ་དགེ་སྦྱོང་ཆེན་པོ་སོགས་ལ་སི་དྷུའི་དམག་སོགས་ལས་ཀ་ཆེ་བ་དང༌། ཙཱ་རི་སར་རྙིང་སོགས་ལ་གསེར་བྲེ་ལ་སོགས་པའི་སྐུ་འཁྱོས་ཀྱི་ཡོ་བྱད་ཆེ་བར་ཕུལ། མཚུར་ཕུར་འཇའ་ཡན་དུ་རྒྱལ་པོའི་ཡིན་ཐང་འཛུགས་རྒྱུ་དང༌། མཚུར་ལུང་པ་དར་རྒན་དུ་ཕུལ། ཁྱི་ལོ་(པ༤༥ན)


PTT001_Page_0957
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་ལྔ་པའི་ཉལ་བཏེག་སྟེ་རི་བོ་རྩེ་ལྔར་བྱོན། འཇམ་དཔལ་གྱི་འཕྲིན་ལས་ཀྱིས་བཀོད་པ་གཟིགས། མི་ཉག་འགར་བྱོན་སྟེ་ལྷ་ཁང་དགོན་གནས་ཞིག་པ་རྣམས་བསོས། ཆོས་ཀྱི་རིང་ལུགས་པ་དུ་མ་བསྐོས། མི་ཉག་རིང་མོར་མི་སྐྱ་ཕལ་པ་གཅིག་གིས་ཐུ་བ་ནས་གསེར་སྲང་ཉིས་བརྒྱ་ཅིག་ཅར་དུ་བཏོན་ནས་ཕུལ། འཁྲུག་པ་ཀུན་བསྡུམས། སྨར་ཁམས་ནས་ཀརྨ་བརྒྱུད་ཕག་ལོ་ཟླ་བ་ལྔ་བའི་ཉེར་ལྔ་ལ་འདམ་དུ་ཕེབས་སྟེ་དབུས་གཙང་བ་ཐམས་ཅད་ཀྱིས་ཇ་འདྲེན་ཕུལ། ད་དུང་ཤར་ཕྱོགས་སུ་འགྲོ་དོན་ཡོང་བའི་ལྟས་བྱུང༌། དགུ་པ་ལ་མཚུར་ཕུར་ཕེབས། དགུན་མཆིམས་ཕུར་ཟླ་བ་དྲུག་བཞུགས། དག་པའི་གཟིགས་སྣང་དུ་མ་ཤར། མཁས་བཙུན་མང་པོ་ལ་ཕན་པར་གཟིགས། རིན་པོ་ཆེ་ལས་བཀའ་བསྟན་བཅོས་འགྱུར་རོ་འཚལ་བཞེངས་ཤིང་རབ་ཏུ་གནས་པ་མཛད་པས་ངོ་མཚར་དུ་མ་བྱུང༌། ས་ཕྱོགས་འབར་ཚེ་ཆུ་བྲུས་པ་མ་ཐོན་པ་ལྟར་མཛད། ངོ་བོ་རྫུ་འཕྲུལ་གྱིས་བསམ་ཡས་ཕུ་ནས་ཚེ་ཆུ་སྤྱན་དྲངས་པ་སྐུ་འཁོར་ཀུན་གྱིས་མ་ཚོར་བར་ཕྱག་དུ་བཞེས། གོང་ནས་འབུལ་ཆེན་གདན་འདྲེན་ཡང་ཡང་བྱུང་བས་བྱི་བ་ལོ་ཟླ་བ་བརྒྱད་པ་ལ་བྱོན་ནས་བཅོ་ལྔ་ལ་འདམ་ནས་ཐེགས། ལམ་དུ་འགྲོ་དོན་དཔག་མེད་མཛད་སྟེ་གོང་དུ་ཕེབས། བློན་པོ་ཐའི་ཤྲི་དང་མཆོད་ཡོན་གསུམ་པོ་ཁོ་ན་ཡོད་སར་གོང་མ་ལ་ཚེ་དབང་དང་ཚེ་ཆུ་གནང་བས་ཧོར་གྱིས་རྒྱལ་ས་མནན་པ་ལ་སྐུ་ཚེ་རིང་བ་དེ་བྱུང༌། ཤད་མདོར་སེམས་ཅན་དཔག་མེད་ཀྱི་སྲོག་འགག་པའི་ལྟས་ཆེན་པོ་ཞིག་བྱུང་སྟེ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་བཏབ་པས་མི་དཀར་པོ་འོད་ཀྱི་རང་བཞིན་ཞིག་གིས་གོང་མ་དང་ཆོས་བྱེད་ཀྱི་སྐྱེས་བུ་རྣམས་ལ་གནོད་པ་མི་བྱུང་ཞེས་དབུགས་འབྱིན་པ་གསན། གྱི་མི་ཤན་དུ་བཞུགས་ཚེ་ས་གཡོས་བྱུང་ཉེན་འདུག་པས་འོ་སྐོལ་ཕྱིར་སྡོད་པ་ཡིན་གསུངས་ནས་ཕྱིར་གཟིམས་གུར་ལ་བཞུགས། གོང་མའང་གསུང་ལ་བརྟེན་ནས་གུར་(པ༤༥བ)


PTT001_Page_0958
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། དེའི་ཚེ་ས་མོ་གླང་ལོ་ཟླ་བ་བརྒྱད་པ་ལ་ས་གཡོས་ཆེན་པོ་བྱུང་སྟེ་གྲོང་ཐམས་ཅད་ཞིག །སྔོན་ནས་རྗེའི་གསུང་ཉན་པ་དང་སྐྱབས་ཞུར་འོངས་པ་རྣམས་དང་དཔོན་སློབ་མཆོད་ཡོན་ལ་གནོད་པ་གང་ཡང་མེད། སྐབས་དེར་རྒྱ་དང་མདོ་སྨད་པའི་བནྡྷེ་ངན་པ་འགའི་སྤྱོད་པ་ལ་བརྟེན་ནས་ཆོས་ལ་མི་དགའ་བའི་མི་དཔོན་རྣམས་བགྲོས་ཕྱོགས་ཀུན་དུ་བནྡྷེ་མི་གཙང་བ་ཐམས་ཅད་མི་ནག་དུ་འབེབས། ཁྲལ་དམག་འུ་ལག་བསྐུལ། དེ་རྣམས་ཀྱི་དགོན་པ་བཤིག་པར་ལུང་བསྒྲགས། ཏི་ཤྲི་ཀུན་དགའ་རྒྱལ་མཚན་པ་སོགས་བནྡྷེ་ཐམས་ཅད་ཀྱིས་ཞུས་པས་མ་གྲུབ། དེའི་ཚེ་ཕོ་བྲང་གི་ཁྲིམས་ར་ཆེན་པོ་འུ་མོན་གདོང་དུ་ཐམས་ཅད་ཚོགས་པའི་སར་ཆོས་རྗེ་རིན་པོ་ཆེ་བློ་བུར་དུ་ཕེབས། ཁྲིམས་རའི་མདོར་ཁྲིའུ་བཙུགས་པ་ལ་བཞུགས་པས་ཐའི་ཤྲི་སོགས་མི་དཔོན་སྐྱ་སེར་ཐམས་ཅད་སྔར་ཏི་ཤྲི་ལ་གདོང་ཕྱོགས་ནས་ཡོད་པ་ལ་ཐམས་ཅད་ཆོས་རྗེ་རིན་པོ་ཆེ་ལ་ཁ་ཕྱོགས་སྟེ་དྲུང་དུ་ཚོགས་ནས་དད་པས་འདུག་པ་ལ་གསུང་སེང་གེའི་ང་རོ་ལྟ་བུས་ཁྱེད་རྒྱལ་བློན་རྣམས་ཏི་ཤྲི་ལ་སོགས་པའི་ངེད་བནྡྷེ་རྣམས་དབང་མེད་ཏུ་འདིར་བཀུག །བསྟན་པའི་བྱ་བ་མི་བྱེད་ཀྱི་སྟེང་དུ་བསྟན་པ་སྣུབ་ལུགས་འདི་འདྲ་བྱེད་པ་ཅི་ཡིན། དེ་ཚོ་ཚེ་འདིའི་ལྟོ་རྒྱབ་མ་ཕྱིད་པར་ཁྱོད་ཚོ་ལ་ཞུར་ཡོང་སྙམ་མམ། སྔར་གྱི་སེ་ཆེན་རྒྱལ་པོ་ལ་སོགས་པའི་བྱ་བ་ནོར་ནས་ཁྱེད་ཚོས་འཆོས་པ་ཡིན་ནམ། རྒྱལ་པོའི་སྐུ་ཚེ་དང་རྒྱལ་ཁམས་སྤྱིའི་ཁག་ཁྱོད་བློན་པོ་རེ་རེ་ཙམ་གྱིས་ཐེག་པ་ཡིན་ན་ཁུར། ངེད་ཐམས་ཅད་བོད་དུ་འགྲོ་བ་ཡིན་གསུངས་ནས་བཀྱོན་པས་མི་ཆེན་ཀུན་སྐྲག་ཅིང་འཇིགས། དེ་མ་ཐག་ལྷ་ཁང་རྙིང་པ་རྣམས་གན་ནས་གསོ་བ། བནྡྷེ་གཙང་མི་གཙང་གནམ་མཆོད་ཐམས་ཅད་དར་གན་ལ་འདོན་པའི་འཇའ་ས་ཕྱོགས་ཐམས་ཅད་དུ་བསྒྲགས། ཏའི་ཏུ་དང་ཤིང་ཀུན་ཏཱ་ཀར་སྡེ་བཙུགས། འབྲི་ཕག་གི་རིན་པོ་ཆེ་ལ་ཤེལ་གྱི་སྦེལ་ཀ་དང་མཚུར་ཕུ་བ་ལ་གསེར་ཐམ་གནང༌། གོང་མའི་གསུང་གིས་གཞན་བླ་མཆོད་ཐམས་ཅད་ལ་(པ༤༦ན)


PTT001_Page_0959
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་བདག་དང་ས་ཆའི་ཞལ་ཏ་ཞུ་རྒྱུ་འདུག །ཉིད་ལ་དེ་ལྟ་བུ་མེད་པ་ལགས་སམ་ཞུས་པས་ཁོ་བོ་ལ་ཡང་ཤར་ཕྱོགས་ཀོང་པོའི་རྒྱལ་ཁམས་བྱ་བ་མི་ཁྱིམ་འབུམ་ཕྲག་གཅིག་ཙམ་ཡོད་གསུངས། འོ་ན་དེའི་མི་དཔོན་ལ་ངེད་ཀྱིས་གནང་སྦྱིན་དང་ལས་ཀ་ཆེན་པོ་བྱེད་ཞུས་པས། དེ་ངེད་རང་གི་ཐུགས་རྗེ་ཆེན་པོ་ལ་གསོལ་བ་བཏབ་ནས་ཆོས་ཀྱིས་འདུལ་བ་ཡིན་ཡུལ་ཁམས་དེ་མི་དཔོན་གྱིས་འདུལ་མི་ནུས་གསུངས། སྤྱིར་ཆོས་རྗེ་རིན་པོ་ཆེ་ཉིད་ཀྱི་ཞལ་བཞེས་ལ་ཡང་སྐུ་ཚེ་རིང་བར་ཡོད་རྒྱའི་རྩིས་པས་ཀྱང་སྐུ་ཚེ་རིང་བའི་རྩིས་ཤར། བོད་དུ་ཕེབས་ནས་རིང་དུ་འགྲོ་དོན་མཛད་པར་དགོངས་ནའང་གོང་མ་རྒྱལ་བློན་གྱིས་ཐེགས་པར་ཡང་མ་གནང༌། སླར་ཡང་ཧྭ་ཆིང་སང་ཟེར་བ་ནག་པོའི་བློན་པོ་ཞིག་གི་གནམ་མཆོད་རྣམས་ལ་རྩོད་པ་བྱུང་བས་ཆོས་རྗེ་རིན་པོ་ཆེའང་ཐུགས་ཆད། ཐུགས་འབྱུང་བས་དགའ་ལྡན་དུ་གཤེགས་པར་བཞེད་སྟེ་སྟག་ལོ་ཟླ་བ་གསུམ་པའི་ཚེས་བརྒྱད་ལ་རྒྱལ་བློན་ཀུན་འཛོམས་སར་རྣལ་འབྱོར་ང་ནི་ན་མཁའི་སྤྲིན་དང་འདྲ། གར་འགྲོ་མི་ཤེས་པས་རང་རང་གི་ཆོས་ཀྱིས་དོན་སྒྲུབ་པར་འདོད་པ་རྣམས་མྱུར་དུ་སྒྲུབས་ཅིག་གསུངས་པ་ལ་བོད་དུ་འབྱོན་གསུང་བ་ཙམ་ལས་མ་གོ །ཡོས་ལོ་ཟླ་བ་ལྔ་བའི་ཚེས་ལྔའི་ཐོ་རངས་མནལ་མ་སད་པར་འོད་གསལ་གྱི་ངང་ནས་མགུར་བཞེངས་པ། ལྟ་བ་མཁའ་ལྟར་དག་པ་ལ། །རྣམ་རྟོག་མཚན་མ་མེད་པ་ཡིན། །སྒོམ་པ་གསལ་སྟོང་འཛིན་མེད་པ། །མཁའ་ལ་བྱ་ལྟར་རྒྱུ་བ་ཡིན། །སྤྱོད་པ་སྤང་བླང་བྲལ་བ་ལ། །བླང་དང་དོར་བ་མེད་པ་ཡིན། །ཨེ་མ་སྐལ་ལྡན་སྐྱེས་བུ་རྣམས། །ཉམས་སུ་བླངས་ན་དེ་ལྟར་འབྱུང༌། །ཞེས་གསུངས་པ་གསོལ་ཇ་བ་ཤཱཀ་ཡེས་སོགས་ཀྱི་ཐོས། དེའི་མོད་ལ་འུར་སྒྲ་དང་འོད་དང་ས་གཡོས་ཆེན་པོ་བྱུང་སྟེ་ན་མཁའི་དབྱིངས་ནས་འགྲོ་མགོན་ཆོས་ཀྱི་རྗེ་མྱ་ངན་ལས་འདས་སོ་ཟེར་བའི་སྒྲ་ཆེན་པོ་གྲག །འདི་ནི་འོག་མིན་གྱི་ལྷ་ལ་སོགས་པས་མ་(པ༤༦བ)


PTT001_Page_0960
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་པའི་ཆོ་ངེ་ཡིན་པར་ཁུམས། ཟླ་བ་ལྔ་པའི་བཅུ་བཞི་ལ་ཕོ་བྲང་ཆེན་པོ་ཏ་ཏུ་ནས་བཏེག་སྟེ་ཆུ་ཚན་འཇམས་སུ་ཕེབས་ཚེ་ཆུ་ཚན་ལ་སྐུ་ཁྲུས་མཛད་སྟེ། ཆུ་འདི་རྣམས་ནི་ཀུན་ལ་ཁྱབ་པར་གྱིས། །བླ་མའི་ལུས་དང་འབྲེལ་ན་ལུས་སྒྲིབ་འདག །ངག་གིས་ངག་དང་ཡིད་ཀྱིས་ཡིད་སྒྲིབ་སྦྱོང༌། །གསུངས་སྟེ་རྫིང་ཡང་ཡང་དུ་བསྐྱིལ་བའི་ཁྲུས་ཆུ་སྐུ་འཁོར་བ་ཀུན་གྱིས་འཐུངས་པས་ཐམས་ཅད་ལ་ཉམས་རྟོགས་བཟང་པོ་སྐྱེས། དེའི་ཚེ་སྟེང་གི་ན་མཁའ་ལ་སྤྲིན་ནག་པོར་འཁྲིགས་ཤིང་དེའི་འོག་ཐམས་ཅད་འཇའ་ཚོན་གྱི་དྲ་བ་དང་མེ་ཏོག་གི་ཆར་གྱིས་ཡོག་པ་བྱུང་བ་ལ་མཁན་ཆེན་འདུལ་འཛིན་པས་ཅིའི་ལྟས་ལགས་ཞུས་པས་དགེ་བཤེས་ཅིག་ལ་ལྟ་སྟེ་འོང་གསུངས། ཉེར་གཅིག་གི་ཉིན་བྲག་རྩ་འཇམ་དུ་དཀོན་མཆོག་འབྱུང་གནས་སོགས་ལ་བཀའ་བསྩལ་པ། ཨེ་མ་སྔོན་གྱི་བསོད་ནམས་ཤུགས་ཀྱིས་དལ་འབྱོར་རིན་ཆེན་ལོངས་སྤྱོད་ལྡན་པ་ཐོབ་དུས་འདིར། །ན་རྒ་འཆི་དང་མི་རྟག་འགྱུར་བ་དྲན་པས་སྡིག་པ་མི་དགེ་སྤོངས། །རང་གཞན་ཕན་པའི་སྦྱིན་སོགས་ཕ་རོལ་ཕྱིན་ལ་བརྩོན་ན་མཁས་པ་ཡིན། །འདོད་ཡོན་ཕྲ་མོས་བྲིད་ནས་འཁོར་བའི་མཚོར་ལྷུང་ཉམ་ཐག་གྱུར་པས་མ་བྱེད་ཅིག །ཞེས་གསུངས། ཤང་ཏོར་ཕེབས་ཀྱི་བར་ལམ་ཐམས་ཅད་དུ་འཇའ་འོད་དང་མེ་ཏོག་རྒྱུན་མ་ཆད། ཤང་ཏོར་ཕེབས་ནས་ཆོས་ཀྱི་འཕྲིན་ལས་མཛད། ཚེས་བརྒྱད་ནས་ཅུང་ཟད་བསྙུན་པར་ཡང་བསྟན། གོང་མ་དཔོན་བློན་ལ་ཉིན་བཞིན་དུ་ཆོས་དང་ཞལ་ཏ་མཛད། ཡོས་ལོ་ཟླ་བ་དྲུག་པའི་ཚེས་བཅུ་བཞིའི་ཉིན་ཕྱེད་ཀྱི་དུས་རྒྱལ་བློན་ཀུན་གྱིས་བསྐོར་ནས་བཞུགས་པའི་ཚེ་འདུལ་འཛིན་པ་ལ་དཔའ་བོ་མཁའ་འགྲོ་ཐམས་ཅད་བྱོན་འདུག་མཆོད་པ་ཤོམས་གསུངས། སྐུའི་དབུགས་སྔར་བས་བྲེལ་བར་མཐོང་ནས་བློན་པོ་ཆེན་པོ་བ་ཡན་ཐའི་ཤྲིས་ངུས་སྟེ་བདག་ཅག་རྣམས་ལ་ཐུགས་རྗེས་གཟིགས་སྟེ་མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ་ཞུས་པས་ང་བོད་དུ་འགྲོ་སྙམ་པ་ཡིན་སྟེ་ཁྱེད་རྒྱལ་བློན་ལ་མ་(པ༤༧ན)


PTT001_Page_0961
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ། ངའི་བཀའ་ལས་ཀྱང་འདས་གསུངས། སླར་ཡང་ད་རེས་སྐུ་ཁམས་དྭངས་པར་མཛད་དུ་གསོལ། བོད་དུ་སྤྱན་འདྲེན་ཞུས་པས་ད་སྔ་འཕར་ཡང་སོང་ཟིན། འདི་ཙམ་དུ་སོང་ནས་ཟློག་མི་ནུས་པས་ཞིང་གཞན་དུ་འགྲོ། རྒྱལ་བློན་རྣམས་བསྟན་པ་དང་ཁྲིམས་ཆོས་བཞིན་དུ་སྐྱོངས་ཅིག་གསུངས། ཏའི་དབེན་གོའི་ཤྲི་དཀོན་མཆོག་རིན་ཆེན་གྱིས་ཞུས་པས་སྟག་ལོ་ཟླ་བ་གསུམ་པ་ལ་སྨྲས་པ་བཞིན་མཛོད་གསུངས། སློབ་མ་ཀུན་གྱིས་ཞུས་པས་ཆོས་ལ་བརྩོན་པར་གྱིས། བོད་ཀྱི་གདུལ་བྱ་ཀུན་ལ་ཕག་ལོ་ནས་བྱི་ལོའི་བར་ཁ་ཏ་བྱས་ཚར། དཔོན་སློབ་མྱུར་དུ་འཕྲད་པར་བྱའོ་གསུངས། ཕྱག་མཆོད་མཛད་སྟེ་བདུད་རྩི་གསོལ། བདེ་མཆོག་གི་སྔགས་རིང་གསུང་བཞིན་པར་ཌ་མ་རུ་བཀྲོལ་སྟེ། རྣལ་འབྱོར་ང་ནི་ཞིང་ཁམས་གཞན་དུ་འགྲོ། །ཁྱེད་རྣམས་དམ་པའི་ཆོས་ལ་བརྩོན་པར་གྱིས། །གསུང་སྟེ་དེ་ཉིད་དུ་མྱ་ངན་ལས་འདའ་བར་བསྟན། སང་བཅོ་ལྔའི་ཟླ་བ་ཤར་བའི་ཚེ་གོང་མའི་ཕོ་བྲང་ནང་མའི་སྒོ་སྲུང་བའི་རེས་པ་རྗེ་བ་ལས་རེས་དཔོན་དུ་རན་ཐེ་མུར་གྱིས་ཟླ་བའི་སྟེང་དུ་ཆོས་རྗེ་རིན་པོ་ཆེ་མཆོད་རྟེན་ནང་ན་སྐུ་དངོས་སུ་བཞུགས་པར་མཐོང་སྟེ་གྲོགས་ལ་སྦྲན་པས་རེས་པ་བཅོ་བརྒྱད་ཀྱིས་མཐོང༌། གཉིས་ཀྱིས་མ་མཐོང༌། རེས་དཔོན་གྱིས་གོང་མ་ལ་ཞུ་བ་ཐེངས་པས་གོང་མ་དཔོན་བློན་ཕལ་ཆེར་གྱིས་གཟིགས། གོང་མས་དེའི་ཡིན་ཐང་གཉིས་བཞེངས་སྟེ་སྐུ་འདྲ་ཟླ་ཞལ་མ་ཞེས་སྐུ་དངོས་དང་བྱིན་རླབས་མཚུངས་པར་བྱེད། དེ་དང་མཚུངས་པར་སྔོན་ཉིད་ཀྱིས་སྲོག་བསྐྱབས་པའི་སོག་པོ་དཔོན་གཡོག་གསུམ་གྱིས་ཆུ་དོང་འཇའ་མོར་བྱོན་པ་མཐོང་སྟེ་བོད་དུ་འགྲོ་གསུང་བ་དང༌། ཟིར་འུར་རྡོར་སྐུ་འཁོར་མང་པོ་ཅན་མདོ་ལི་ལ་ཆིབས་པ་ཧོར་ཧུ་དཔོན་གཡོག་གིས་མཐོང༌། སློབ་མ་ཞིག་ན་བའི་སར་བྱ་བཏང་གི་ཚུལ་གྱིས་བྱོན་པ་འདུལ་བ་འཛིན་པས་ཀྱང་གཟིགས། རྩེ་ལྔའི་ཀར་སྡེར་སློབ་དཔོན་སེང་གེ་ལ་སོགས་པ་བསམ་གཏན་པ་ཉི་ཤུས་སྣང་བ་མཐུན་པར་མཇལ་སྟེ་(པ༤༧བ)


PTT001_Page_0962
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ལྡན་དུ་འགྲོ་གསུངས། དེ་ལ་སོགས་པ་དག་པའི་སྣང་བ་དུ་མ་བསྟན། ཞག་བཅུ་བཞིར་རྒྱལ་པོའི་འབྱོར་པ་ཆེན་པོས་མཆོད་སྟེ་གོར་ཤྲི་དང་མི་ཆེན་ཐམས་ཅད་ཀྱིས་རྐང་ཐང་དུ་མདོ་ལི་སྤྱན་དྲངས་སྟེ་ཉེར་ལྔ་ལ་ཙནྡན་དང་ཨ་ག་རུ་ནག་པོས་སངས་རྒྱས་དང་འཁོར་ལོས་བསྒྱུར་རྒྱལ་གྱི་གདུང་ལྟར་སྦྱངས། འཇའ་ཚོན་སྣ་ཚོགས་པས་ན་མཁའ་ཁྱབ་པའི་གསེབ་ནས་དྲུང་གི་སྐུ་མང་དུ་སྣང་བ་ཕལ་ཆེར་གྱིས་མཐོང༌། ན་མཁའ་ལ་ཨཱ་ལི་ཀཱ་ལིའི་སྒྲ་གྲག །ཉེར་དྲུག་གི་ཉིན་གདུང་ཞལ་ཕྱེ་བ་ན་ནུབ་བྱང་ནས་ཨུཏྤལ་སྤུངས་པ་འདྲ་བའི་སྤྲིན་འཇའ་ཚོན་གྱིས་བསྐོར་བའི་དབུས་སུ་ཆོས་རྗེ་རིན་པོ་ཆེ་བཞུགས་པ་མང་པོས་མཐོང་ཞིང་སླར་ནུབ་ཕྱོགས་སུ་བཞུད་པར་མཐོང༌། ཚང་བུག་དུ་བདེ་མཆོག་ལྷན་སྐྱེས། སྨིན་མཚམས་སུ་ཆོས་འབྱུང་བསྣོལ་མ་ཡི་གེ་ལྔ་དང་བཅས་པ། སྲིན་མཛུབ་ཀྱི་རྐང་གི་ནང་དུ་ཐུགས་རྗེ་ཆེན་པོ་སོགས་ངོ་མཚར་གྱི་རྟེན་མཐའ་ཡས་པ་བཞག་སྟེ་རྒྱ་ཧོར་བོད་མི་ཉག་གི་ཡུལ་ཐམས་ཅད་དུ་མཆོད་པའི་ཞིང་གཅིག་པུ་པར་གྱུར་ཏོ། །ཞལ་སློབ་ནི་ཉིད་ཀྱི་བླ་མ་ཀུན་གྱིས་ཀྱང་ཚུར་ཆོས་གསན་སྟེ་གུས་པ་ཚད་མེད་པར་མཛད། གསང་ཕུ་ནེའུ་ཐོག་གུང་ཐང་ཆོས་འཁོར་གླིང༌། བདེ་སྐྱེར་ཟུལ་གསུམ་ལ་སོགས་པའི་གདན་ས་བ་སྔ་ཕྱི་དང་སློབ་དཔོན་མཐའ་དག །ཨོ་ཌྱན་པའི་སྤྲུལ་སྐུ། བྲམ་ཟེ་མགོན་པོ། རྨོག་ལྕོག་པ། རྨི་ལམ་འོད་གསལ་གྱི་རྩལ་མཉམ་པ་རྟོགས་ལྡན་གྲགས་སེང༌། རིག་པའི་རྩལ་རྫོགས་པ་རྟོགས་ལྡན་བསམ་རིན། ནུས་པ་མཐར་ཕྱིན་པ་གཡུང་སྟོན་རྡོ་རྗེ་དཔལ། སྦས་པའི་བརྟུལ་ཞུགས་མཐར་ཕྱིན་པ་རྒྱལ་བ་རི་ཁྲོད་པ། ཕུག་པོ་ཆེ་པ། ལྷ་རྗེ་རྣམ་གཉིས། ཆུ་སྒོམ་པ། ཁོ་ཡེ་དགེ་སློང༌། ཁུ་ཡོར་རྟོགས་ལྡན། རྟོགས་ལྡན་ཁྲག་སྐྱུག །རྟོགས་ལྡན་མགོན་རྒྱལ་བ། ཡེ་རྒྱལ་བ། ལྷ་བུ་བ་ཀུན་ཡས། ལྡོང་སྟོན་གཞོན་ནུ་འབུམ། སྤྱན་སྔ་རྡོར་རིན་པ། སྟག་ལུང་ཀུན་སྤངས་རིན་པོ་ཆེ། མཁས་གྲུབ་དྷརྨ་རཱ་ཛཱ། བླ་མ་(པ༤༨ན)


PTT001_Page_0963
[མ་དཔེ་གཟིགས་ན་འདིར་གནོན།]

ངར་འབྱུང༌། མཁྱེན་རྩི་བར་བ། སློབ་དཔོན་འཇམ་ཉག །ཀློག་སྐྱ་བཀའ་བཞི་བ་སེང་གེ་རྒྱལ་མཚན། མངོན་པ་བ། སྨན་ལུང་བ། དགེ་འདུན་སྒང་པའི་མཁན་པོ་མཁས་བཙུན་པ་སོགས་མཁས་སྒྲུབ་དཔག་མེད་དང༌། གོའི་ཤྲི་ཀུན་དགའ་རྒྱལ་པོ། ཏའི་དབེན་གོའི་ཤྲི། སིདྷུ་དགེ་སྦྱོང་ཆེན་པོ། བླ་མ་ཏིང་འཛིན་བཟང་པོ་སོགས་རྒྱ་དབུས་ཁམས་ཀོང་གི་གདན་ས་སྐྱོང་བ་མཐའ་ཡས་ཤིང༌། རྡོག་བསམ་རིན་པས་ཐང་ལྷའི་གངས་རྩར་བསྒོམས་པས་གཏུམ་མོའི་དྲོད་ཀྱིས་གངས་ཀྱི་རྩེ་ཞུ་སྟེ་ཐང་ལྷས་བདག་གི་གནས་མི་གཞིག་པར་ཞུ་ཞེས་གནས་གཞན་ཁྱད་པར་བ་ཕུལ་ཞིང་རང་གཞན་གྱི་རྩ་རླུང་ཐིག་ལེ་ཐམས་ཅད་གཟིགས་པ་དང༌། རྟོགས་ལྡན་ཀྲེ་བོ་བྱ་བ་མངོན་ཤེས་ཅན་གྱིས་དབུས་གཙང་གི་མཚམས་ཀྱི་ལམ་ཕྲེང་དུ་བཞུགས་ནས་གཙང་ན་བྱང་སེམས་ཟླ་རྒྱལ་གྱི་སྐྱེ་བ་རྒྱལ་སྲས་ཐོགས་མེད་པ་སོགས་བཞུགས་པ་ལ་ཞལ་མཇལ་གྱིས་ཅེས་བསྐུལ་བར་གྲགས་པ་དེ་དག་ལ་སོགས་པ་བརྗོད་ཀྱིས་མི་ལང་བར་བྱོན་ཞིང་མཚུར་བདེ་ཆེན་ནས་སྒོམ་ཆེན་བརྒྱ་དང་བརྒྱད་སྐུ་ལུས་འདིས་ཅིག་ཅར་མཁའ་སྤྱོད་དུ་བྱོན་པར་གྲགས། ཁྱད་པར་ཚལ་པའི་དྲུང་ཆེན་སྨོན་ལམ་རྡོ་རྗེ་རབ་བྱུང་བསྙེན་རྫོགས་མཛད་སྟེ་དགེ་བའི་བློ་གྲོས་སུ་མཚན་གསོལ། སྔོན་ནས་རྗེ་འདི་ཉིད་རྩ་བའི་བླ་མར་བཟུང་སྟེ་ལུང་རྟོགས་ཀྱི་རྩལ་རྫོགས། རབ་བྱུང་མཛད་མ་ཐག་ནས་དགེ་བཤེས་ཆེན་པོ་རྣམས་འབེལ་གཏམ་གྱིས་ཟིལ་གྱིས་ནོན། སྐུ་འཁོར་བ་རྣམས་ཀྱིས་རབ་བྱུང་མཛད་མ་ཐག་ནས་འདི་ལྟ་བུའི་མཁྱེན་པ་ངོ་མཚར་ཆེ་ཞུས་པས་འདི་འདྲ་སྔོན་ནས་ཤེས་པ་ཡིན་གསུངས། འོ་ན་སྔོན་འབེལ་གཏམ་གཏན་མི་མཛད་པ་ཅི་ལགས་ཞུས་པས་སངས་རྒྱས་ཀྱི་བསྟན་པ་རྟགས་ཀྱི་ཆེ་བ་ཡིན། ངེད་རང་མི་ནག་པས་དགེ་འདུན་ལ་ཆོས་སྐད་བྱས་ན་དཀོན་མཆོག་ལ་བརྙས་པར་འགྲོ་བ་ཡིན། ད་རྟགས་དང་བསླབ་པ་མཚུངས་པ་ཡིན་པས་བྱས་ཆོག་པ་ཡིན་གསུངས། དེ་ལྟ་བུའི་སི་(པ༤༨བ)


PTT001_Page_0964
[མ་དཔེ་གཟིགས་ན་འདིར་གནོན།]

དྷུ་ཐམས་ཅད་མཁྱེན་པ་དེས་ཧོར་ཡུལ་དུ་ཕྱི་མ་བཞུགས་དུས་ཕུལ་བའི་ཞུ་ཡིག་དངོས་མཐོང་བ་ན། འདི་ནས་ཐེགས་ཀར་ཟླ་བ་རེ་རེའི་ཚེས་གཅིག་བྱུང་ངོ་ཅོག་གི་ཐོ་རེངས་འོད་གསལ་གྱི་ངང་དུ་བྱོན་ནས་བདག་ལ་དབང་བསྐུར་གནང་བར་ཞལ་གྱིས་བཞེས་པ་དེ་ལོ་གཉིས་ཟླ་བ་གཉིས་གསུམ་གྱི་བར་དུ་ཞལ་བཞེས་ཇི་ལྟ་བར་ཡིད་ཤིན་དུ་འཆེས་པར་བྱུང༌། དེ་ཕྱིན་ཟླ་བ་རེ་གཉིས་གནང་མ་བྱུང་བ་བར་དུ་མོས་གུས་ཀྱི་རྩོལ་བ་ཆུང་པའམ་ཐུགས་རྩེ་མ་གཏད་པའམ་ཇི་ལྟར་ལགས། ཅེས་སྣང་སྟེ་དེ་ལྟ་བུའི་དཔོན་སློབ་ཡོད་པར་སྣང༌། གཞན་ཡང་དྭགས་ཀོང་གཙང་དབུས་མདོ་ཁམས་སོགས་ཡུལ་གྲུ་མཐའ་ཡས་པའི་རི་ཁྲོད་དབེན་པ་དག་ན་འདིར་རྗེ་རང་བྱུང་པས་ལོ་གསུམ་དང་བཅུ་གཉིས་སོགས་བཞུགས་ཟེར་བ་ཡུལ་གྲུ་རེ་རེ་ན་མཐའ་ཡས་པར་སྣང་བས་ཐུན་མོང་གི་སྐུ་ཚེའི་མཐོང་བ་དང་ཤིན་དུ་མི་མཚུངས་པས་སྐུའི་བཀོད་པ་ཁོ་ན་མཐའ་ཡས་པ་ཅིག་བསྟན་པར་སྣང་ལ། སྒྲུབ་རྒྱུད་ཀྱི་སློབ་མ་ལ་བལྟས་ན་ཁྲིད་ཁོ་ན་བསྐྱངས་པ་འདྲ་བ། མཁས་པ་ཐོན་པ་ལ་བལྟས་ན་བཤད་པ་ཁོ་ན་མཛད་པ་འདྲ་བ། སྒྲུབ་གནས་ཚོ་ལ་བལྟས་ན་སྒྲུབ་པ་ཁོ་ན་མཛད་པ་འདྲ་བ། བསྟན་བཅོས་ཚོ་ལ་བལྟས་ན་ཐུགས་རྩོམ་ཁོ་ན་མཛད་པ་འདྲ་བ་བློས་གཞལ་བར་མི་ནུས་པ་ཞིག་ཁོ་ན་སྣང་ངོ༌། །དེ་ལ་རྗེ་རང་བྱུང་རྡོ་རྗེ་བསྟན་པ་གཏོད་པར་དགོངས་པ་ནི་རྟོགས་ལྡན་ཆེན་པོ་གྲགས་སེང་བ་ཡིན་ཡང་བདེ་ཆེན་གྱི་གདན་སར་བསྐོས་བ་མ་མཛད་པ་དང༌། ཡང་ཀམ་པོ་གནམ་ནང་དུ་འབྱོན་པར་བཀས་བསྐུལ་ནས་བྱོན་པ་ན་ལམ་དུ་གཟིམས་དྲེལ་དཀར་མོ་མཚུར་མདའི་རི་ལ་འཛེགས་པ་མ་བཟློག་ནས་རི་སྟེང་གི་སྤང་ཐང་སྤྲོ་བའི་ཆུ་མིག་རྩར་ཉལ་འདུག་པས་དེར་ཐུགས་ཕེབས་ནས་ཐོག་མར་ཚ་བ་མཛད། དེ་ནས་གདན་ཕབ་སྟེ་རྟེན་འབྲེལ་གྱིས་གནས་ནང་དུ་བཏགས་ནས་མཚུར་གནས་ནང་ཁོ་ནར་བཞུགས་པ་ཤར་བས་སྐུ་སྐྱེ་བ་ཕྱི་མ་དང་མཇལ་མ་ཐུབ། དེས་ན་ཟུང་འཇུག་མའི་རྒྱུད་རིམ་ལ་བཞུགས་པ་ནི་རྒྱལ་བ་གཡུང་ཡིན་སྟེ་(པ༤༩ན)


PTT001_Page_0965
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ལག་གི་ཚོང་འདུས་འགུར་མོར་སྔགས་རྙིང་མའི་ནུས་ལྡན་བར་མ་ཆད་པའི་སྲས་སུ་ཤིང་སྤྲེ་ལ་འཁྲུངས་མཚན་རྡོ་རྗེ་འབུམ། གཞོན་ནུ་ནས་སྒྲ་ཚད་གཟོ་གསོ་མདོ་སྔགས་མང་དུ་སྦྱངས་སྟེ་མཁྱེན་པ་ཟླ་མེད་པར་གྲགས། ཟུར་བྱམས་པ་སེང་གེ་ལ་མདོ་སྒྱུ་སེམས་གསུམ་མཐའ་དག་གསན། ཤངས་པ་ཤཱཀ་འབུམ་ལ་གཤིན་རྗེའི་གཤེད་ཀྱི་སྐོར་མ་ལུས་པ་གསན་སྟེ་འཁྲུལ་འཁོར་དང་ལས་ཆེན་ཐམས་ཅད་ལ་མངའ་བརྙེས། མདོས་ཆོག་ཁོ་ནའི་མཁྱེན་པ་ཡང་བགྲང་ལས་འདས། སར་རྙིང་གི་སྔགས་པ་ལ་ཡོན་ཏན་ཆེན་བར་ཧོར་ཡུལ་ཚུན་ཆད་དུ་གྲགས། རྒྱལ་པོས་སྐུ་རིམ་དུ་སྤྱན་དྲངས། ཧཱ་ཤན་རྒྱལ་པོ་དང༌། ཏི་ཤྲི་གྲགས་འོད་པས་འདི་ལྟ་བུའི་སྔགས་པ་ནི་བནྡྷེ་བོན་པོ་ཟིམ་ཤིང་སོགས་ཐམས་ཅད་ལ་མཁོ་བས་རིས་མེད་དུ་བཀུར་ཞིག་ཞེས་བདག་རྐྱེན་མཛད། རྒྱལ་པོའི་སྐུ་རིམ་དུ་སྲིད་པའི་སྤྱི་མདོས་ཆེན་མོ་སྔགས་པ་ལྔ་བརྒྱ་ཙམ་གྱིས་ཟླ་བ་གསུམ་དུ་བསགས་ཟླ་གཅིག་དུ་བསྒྲུབ་ནས་བཏང་བས་ཆོ་འཕྲུལ་དང་ངོ་མཚར་མང་དུ་བྱུང༌། སྒྱུ་མ་མཁན་གྱི་སྒྱུ་མའི་རྩེད་མོ་དུ་མ་གཟིགས་པས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས། ཆོས་ཁོ་ན་ལ་ཐུགས་གཞོལ་ཡང་རྒྱལ་པོས་མ་གནང༌། རྒྱལ་པོ་གཤེགས་ནས་བོད་དུ་བྱོན་ཕྱག་རྫས་ཐམས་ཅད་ངོ་ཤེས་གྲོགས་པོ་སོགས་སུ་ལ་ཡང་མ་གནང་བར་ཡུམ་ཁྲིད་དེ་ས་སྐྱ་ཁྲོ་ཕུ་ཞ་ལུ་གསང་ཕུ་སོགས་དགེ་འདུན་གྱི་སྡེ་ཐམས་ཅད་དུ་འགྱེད་དང་འབུལ་བ་མཛད། ཡུམ་རང་བསྔོ་བ་ཞུར་བཅུག །གདུང་རྒྱུད་ཆད་མི་ཉན་པའི་ཡུམ་གྱི་བཀའ་མ་བཟློག་པར་ཇོ་མོ་ཞིག་བཞེས་པ་ལ་སྲས་གཅིག་བྱུང་མ་ཐག་འདི་ལ་ཡུམ་གྱི་སེམས་ཀྱི་གཏད་སོ་གྱིས་ཅིག་གསུངས་སྟེ་དེ་མ་ཐག་རབ་བྱུང་མཛད། མཚན་རྡོ་རྗེ་དཔལ་དུ་སྤོས། རྗེ་རང་བྱུང་པ་ལས་གདམས་ངག་ཐམས་ཅད་རྫོགས་པར་གསན་སྟེ་ཐུགས་དམ་ཁྱད་པར་ཅན་འཁྲུངས། ཕུང་པོ་རི་བོ་ཆེན་མོན་སྤ་གྲོ་སོགས་སུ་སྒྲུབ་པ་གཙོ་བོར་མཛད་པས་མཆོག་གི་གྲུབ་པར་བརྙེས། (པ༤༩བ)


PTT001_Page_0966
[མ་དཔེ་གཟིགས་ན་འདིར་གནོན།]

རྩིག་པ་ལ་རྡོ་སྦྱོར་གྱི་ཞལ་བ་བྱས་པས་བྲག་དུ་གྱུར་པ་སོགས་རྟེན་འབྲེལ་མང་དུ་མཛད། གཡག་སྡེ་པཎ་ཆེན་གྱིས་དབུས་གཙང་གི་མཁས་པ་ཀུན་ལ་དྲི་ཡིག་བསྐུར་བ་ལ་སུས་ཀྱང་ལན་མ་བྱུང་བ་ལ་ལན་མཛད་པ་དང༌། མདོ་སྔགས་ཀྱི་སངས་རྒྱས་ཀྱི་ཁྱད་པར་བསྟན་བཅོས་འདིས་མཛད་པ་གཟིགས་པས་གཡག་སྡེ་པཎ་ཆེན་ཤིན་དུ་གུས་པས་སློབ་མར་གྱུར། གཙོ་བོར་སྦས་པའི་རྣལ་འབྱོར་གྱི་ཚུལ་གྱིས་འགྲོ་བའི་དོན་མཛད་དེ་གྱ་གཉིས་པ་ཤིང་སྦྲུལ་ལ་ན་མཁའ་ཐམས་ཅད་འཇའ་འོད་དཀྱིལ་འཁོར་གྱི་རྣམ་པས་གང་བའི་ལྟས་ཟླ་སྦྲེལ་དུ་སྣང་བ་དང་བཅས་སྟེ་མྱང་ངན་ལས་འདས། རྣམ་ཐར་ཉིད་ཀྱིས་མཛད་པ། སློབ་མས་བརྩམས་པའི་རྣམ་ཐར་ཕལ་ཆེར་ནི། །བསྟོད་སྒྲ་ཆེས་པས་བླ་མ་ཟོག་པོར་བཏང༌། །ཞེས་སོགས་པ་དང༌། རང་མྱོང་རང་རྒྱུས་ཆེ་བས་ཅུང་ཟད་འབྲི། །ཞེས་གསུངས་པ་རྒྱས་བསྡུས་གཉིས་ཡོད་པས་ཞིབ་པར་དེར་ལྟ་ཞིང་བཀའ་རྒྱུད་གསེར་ཕྲེང་དུ་ཡང་དེ་ངེས་པར་གཞུག་གོ །དེ་ལ་རྗེ་རོལ་པའི་རྡོ་རྗེ་ནི། སྔོན་ཕ་བྲང་ཤང་ཏོར་སྐུའི་བཀོད་པ་བསྡུས་ཤིང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ནས་ཛམ་གླིང་ལ་གཟིགས་སྟེ་སྐད་ཅིག་གིས་དགའ་ལྡན་དུ་ལྷའི་དྲང་སྲོང་ལེགས་སྐྱེས་སུ་གྱུར་པ་ལ་བཅོམ་ལྡན་འདས་བྱམས་པས་བསྐུལ་སྟེ་ཤེལ་གྱི་སྐས་ལས་གསེར་གྱི་ས་གཞིར་གཤེགས་པའི་སྣང་བ་བསྟན་ལ། བདེ་བ་ཅན་ལ་སོགས་པ་སངས་རྒྱས་ཀྱི་ཞིང་མཐའ་དག་ནས་ཞིང་འདིར་གཤེགས་པའི་ཆོ་འཕྲུལ་གྱིས་ཡུམ་གྱི་ལྷུམས་སྦྱངས་སྟེ་སུམ་པའི་ཡུལ་ལྷོ་ལུང་ཆེན་བཅོ་བརྒྱད་དང་མི་རིང་བ་རྡོད་ཨ་ལ་རོང་དུ་ཀུ་ཅོར་གྱི་གདུང་ལས་ཡབ་བསོད་ནམས་དོན་གྲུབ་དང་ཡུམ་བརྩོན་འགྲུས་རྒྱན་ལས་འབྲུག་ལོ་ཟླ་བ་གསུམ་པའི་ཚེས་བརྒྱད་ལ་སྐུ་བལྟམས་སྟེ་དེ་མ་ཐག་ཙོག་པུར་བཞུགས་སྟེ་མ་ཎི་དང་དབྱངས་གསལ་གསུང་བ་ན་ཡབ་ཐེ་ཚོམ་དུ་གྱུར་ཚེ་ཡུམ་གྱིས་ང་ལ་ཉི་ཟླ་ཁོང་དུ་ཆུད་པ་དང་ཕྲག་གོང་ན་ཉི་ཟླས་བརྒྱན་པ་སོགས་རྨི་ལམ་དང་དངོས་ཀྱི་ངོ་མཚར་མང་བས་(པ༥༠ན)


PTT001_Page_0967
[མ་དཔེ་གཟིགས་ན་འདིར་གནོན།]

ཐེ་ཚོམ་མི་དགོས་སོ་གསུངས། ལྟེ་བ་བཅད་པའི་ཚེ་དྲི་བཟང་པོ་བྱུང་སྟེ་ཡུལ་ཁམས་ཁྱབ། སྔོན་ཆོས་རྗེ་རིན་པོ་ཆེ་འདའ་ཀར་སློབ་དཔོན་ཆེན་པོ་གུའི་གུང་པས་ཞིང་གང་དུ་འབྱོན་པ་དེར་བདག་གསོལ་བ་འདེབས་པས་བཀའ་བསྩལ་དུ་གསོལ་ཞེས་ཞུས་པ་ན་ཁོ་བོ་ཤར་ཕྱོགས་ཀོང་པོའི་རྒྱལ་ཁམས་སུ་འོང་བས་དེར་ཤོག་གསུངས་པ་བཞིན་དགུང་ལོ་གསུམ་པ་ལ་ཀོང་ལུང་རལ་གསུམ་གྱི་ཡ་གྱལ་ཉང་པོར་ཕེབས་མ་ཐག་ཡུམ་ལ་ང་ཀརྨ་པཀྴི་ཡིན་ཛམ་གླིང་དུ་གདུལ་བྱ་མང་དུ་ཡོད་པས་འོངས་པ་ཡིན་ལྟོས་ཅིག་འཆི་མེད་འཁྲུལ་འཁོར་བྱའོ་གསུངས་ནས་མཛད། ངས་ཁྱོད་ཀྱི་ཁོང་དུའང་འདི་ལྟར་བྱས་པས་ཁྱོད་འཕར་བ་དང་ཧུབ་ཕོར་བོ་བ་སོགས་བྱུང་བ་ཡིན། ཞོ་ཁ་བྲག་ཕྱི་ནགས་ཕུ་རྣམས་སུ་ཕྱིན་ནས་ལྟ་དགོས། གཤིན་རྗེ་དོང་ཁའི་འོག་ན་དམྱལ་བའི་ཟངས་ཁ་ཡོད་པ་ནས་སེམས་ཅན་དཔག་མེད་འདྲེན་པ་ཡིན། འདི་རྣམས་ད་དུང་ཕ་ལ་ཡང་མ་བཤད་ཅིག་གསུངས། ཁྱེད་ཀརྨ་པག་ཤི་ཡིན་ན་རང་བྱུང་རྡོ་རྗེ་མིན་ནམ་ཞེས་ཞུས་པས་དེ་གཉིས་གཅིག །ངའི་ཞལ་མཐོང་བ་ལ་ཡང་ངན་སོང་མེད་ད་དུང་རྒྱལ་པོའི་ཕོ་བྲང་གི་བར་དུ་འགྲོ། གདུལ་བྱ་མཐའ་ཡས་པ་འདུལ་དུ་ཡོད་གསུངས། ཡུམ་སྤྱན་བསྙུང་བ་ན་མིག་ཞར་དོགས་མེད་ཁྱོད་ཡེ་ཤེས་ཀྱི་མཁའ་འགྲོ་མ་བརྒྱ་རྩ་བརྒྱད་ཀྱི་གཅིག་ཡིན། སང་ད་ཙམ་ནས་ཁྱོད་ལ་ཕྱག་འཚལ་བ་མང་པོ་ཡོང་གསུངས། ཉང་ལོང་ལ་སོགས་པའི་ཡུལ་དེ་རྣམས་སུ་སྔར་རྗེ་གོང་མའི་ཡོན་བདག་རྣམས་ཀྱིས་འབུལ་བ་ཇི་ལྟར་བྱས་པ་དང་ཁང་པའི་བཀོད་པ་བསྒྱུར་བ་སོགས་གསལ་བར་གསུངས་པས་ཐེ་ཚོམ་གྱི་དྲ་བ་བསལ། དྭགས་ལྷ་སྒམ་པོར་བཀའ་རྒྱུད་ཀྱི་བླ་མ་ཐམས་ཅད་ཞལ་གཟིགས། ནགས་ཕུར་བྱོན་པས་དུས་མཆོད་དང་འཛོམས་པས་ཁོང་རྣམས་ངའི་མཆོད་པ་བྱེད་ཟེར་ནས་ང་ལ་ཅི་ཡང་མི་སྟེར་བར་འདུག་གསུངས། ཁོང་རྣམས་ན་རེ་ཁྱོད་ཀརྨ་པ་ཡིན་ན་བླ་མ་ཀུན་དགའ་བྱམས་པ་གར་བཞུགས་འདིར་ནམ་འབྱོན་ཟེར་བས། དེ་འབྱོན་རྒྱུ་འདུག་པ་མ་མཐོང་(པ༥༠བ)


PTT001_Page_0968
[མ་དཔེ་གཟིགས་ན་འདིར་གནོན།]

རུས་ཐུམ་ཞིག་བྱུང་འདུག་གསུངས་པས་མ་དད་སྟེ་ཁྱོད་ཀརྨ་པ་ལ་འདིས་མི་གནོད་ཀྱི་ཟེར་ནས་དོམ་གྱི་ཁར་འཕངས་པས་དོམ་དེས་ཞབས་ལ་ལྕེས་བལྡགས་སྟེ་བསྐོར་བ་བྱས། ནགས་ཕུའི་གདན་ས་པ་བླ་མ་ཀུན་དགའ་བྱམས་པ་ཧོར་ཡུལ་དུ་གོང་མའི་ཏི་ཤྲི་མཛད་སྟེ་གཤེགས་པ་དང་དུས་མཚུངས་པར་སྣང༌། བྲག་ཕྱི་ལྷ་ཁང་དུ་བྱོན་ནས་བྱ་རྒྱའི་སྟེང་དུ་གཤེགས་བཞུད་མཛད། འགྲོ་མགོན་ལ་སྔོན་གྱི་དབུ་ཞྭ་ཁྱེར་ཤོག་གསུངས་ནས་དབུ་ལ་བསྣབས་ནས་དུས་གསུམ་མཁྱེན་པ་ཡང་ང་ཡིན། ཀརྨ་པག་ཤི་ཡང་ང་ཡིན། རྒྱ་དང་ཧོར་སོག་བཏུལ་བ་ཡང་ང་ཡིན། ད་དུང་འདུལ་འཕྲོ་ཡོད། སྤྲིན་གྱི་སྟེང་ནས་ལྟ་བ་ཡང་ང་ཡིན། ངའི་བླ་མ་སྟོང་པ་ཉིད་ཡིན། ཁྱེད་རྣམ་ཀྱིས་བླ་མ་ང་ཡིན། ངའི་སྤྲུལ་པ་གཅིག་བློ་གྲོས་རིན་ཆེན་གྱི་དྲུང་ན་ཡོད། གཅིག་ཤར་ཕྱོགས་མངོན་དགའ་ན་ཡོད། ཛམ་གླིང་འདིར་ང་རང་ཡོང་བ་ཡིན། མི་རྣམས་ད་ལྟ་ང་ལ་ཐེ་ཚོམ་བྱེད་སྟེ་མྱུར་དུ་སོལ་འགྲོ། ཁྱེད་དགེ་བཤེས་རྣམས་ཀྱང་ཟ་འདོད་ཆེ་རྩོད་མ་བྱེད་པར་སྒྲུབ་པ་ལ་བརྩོན་པར་གྱིས་གསུངས། རྣམ་ཐར་ཞུས་པས་བར་དོའི་རྣམ་ཐར་ཉུང་ཤས་ཤིག་གསུངས། ཡང་ཚོགས་གྲལ་ཞིག་དུ། ང་ལོ་བཞི་ལོན་ནས་པདྨ་དཀར་པོ་ས་ཁར་སྐྱེས། །ལོ་ལྔ་ལོན་ནས་འགྲོ་ལ་ཆོས་བཤད་བྱས། །ལོ་བདུན་ལོན་ནས་འགྲོ་བའི་གདུལ་བྱ་བསྐྱངས། །རིན་ཆེན་ང་ཡིས་བཤད་པ་ཡིན། །ང་དང་མཇལ་ལ་ངན་སོང་མེད། །ཅེས་གསུངས། གཅིག་གིས་དྲུང་གི་ཞལ་ཡང་ཡང་མཐོང་བ་དཀའ་ཞེས་བསྐྱར་གྱིན་བལྟས་པས། ལྟོས་ཅིག་ལྟོས་ཅིག་ང་ལ་ལྟོས། །ད་རེ་མཐོང་བ་དོན་ལྡན་ཡིན། །དམུས་ལོང་རྣམས་ཀྱི་དཔལ་དུ་ཤར། །སངས་རྒྱས་བསྟན་པ་ནུབ་ནས་དར། །གསུང་ཡི་གེ་དྲུག་མའི་ཉི་མ་ཤར། །ཞེས་གསུངས། སྲོད་ལ་འདྲེ་མེ་ཀེམ་ཀེམ་མང་དུ་སྣང་བ་ན་སྔོན་གྱི་མི་མ་ཡིན་འདུལ་འཕྲོ་ཡིན་གསུངས་ནས་དྲག་སྔགས་དང་སེ་གོལ་མཛད་པས་ཞི། རྟོགས་ལྡན་མགོན་རྒྱལ་བས་མཇལ་(པ༥༡ན)


PTT001_Page_0969
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ཚོགས་གྲལ་དུ་མེ་བུས་པས་ཚད་པ་ཚ་ནས་གསིལ་ཡབ་ཀྱིས་གཡབས་པས་རྒྱ་ཡུལ་གྱི་དབྱར་སོས་ཀྱི་ཚད་པ་དང་འདྲ་བར་གསིལ་ཡབ་གཡབས་ཀྱང་ཚ་འུབ་འུབ་བྱེད་གསུངས། ཁོང་གིས་དགུང་ལོ་བརྒྱད་བཅུ་རྩ་བཞིར་བཞུགས་པར་ཞལ་བཞེས་ཡོད་པ་ལ་ལྔ་བཅུ་རྩ་དྲུག་ལས་མི་བཞུགས་པ་ཅི་ལགས་ཞུས་པས། སྡིག་སྤྱོད་གྲངས་མང་བས་སྐྱོ་བ་སྐྱེས་པ་ཡིན་གསུངས། རྟོགས་ལྡན་གྲགས་སེང་བས་དགའ་ལྡན་དུ་གཤེགས་པར་གཟིགས་འདུག་པ་དང་ཟླ་བའི་སྟེང་ན་བཞུགས་པར་མང་པོས་མཐོང་འདུག་པ་དེ་ལྟར་ལགས་སམ་ཞུས་པས། དེ་ཡང་ཡིན། དེ་དུས་ཧོར་རྣམས་འདི་ལྟར་བྱེད་ཀྱི་འདུག་གསུང་པུས་བཙུགས་ཟླ་བ་སྟོན་པའི་རྣམ་འགྱུར་མཛད། ལར་དགའ་ལྡན་ཐག་རིང་པོ་ན་མེད། ཟླ་བའི་སྟེང་ན་འདུག་པ་དང་སེང་གེ་དང་གླང་པོའི་སྟེང་ན་འདུག་པ་སོགས་དེ་ཐམས་ཅད་ང་ཡིན་གསུངས། ཡང་ཅོ་འདྲི་ཞུས་སྟེ། དགའ་ལྡན་ན་ཆང་ཡོད་ཏམ་ཞུས་པས། མྱོས་བྱེད་འདི་མེད། ལྷའི་བདུད་རྩི་ཡོད་གསུངས། བདུད་རྩི་ནག་པོ་བཟང་ཟེར་བ་བདེན་ནམ་ཞུས་པས། བདུད་རྩི་ནག་པོ་མ་མཐོང་དཀར་པོ་འོ་མ་འདྲ་བ་ལ་རོ་བརྒྱ་དང་ལྡན་པ་ཡིན་གསུངས། ཚལ་གུང་ཐང་གི་དར་གདུགས་ལྟ་བུ་མེད་མཆི་ཞུས་པས། བླ་མ་པ་མི་ཡུལ་གྱི་འདོད་ཡོན་ཀུན་གཡས་ཆུང༌། དགའ་ལྡན་གྱི་མེ་ཏོག་རེ་ཡང་ལྐོབ་ཕྲེང་དུ་མི་ཤོང་བ་ཡོད་གསུངས། ཡར་གཙང་ལྟ་བུའི་ཆུ་ཆེན་པོ་མེད་མཆི་རྟམ་ཉོག་གི་མཁར་ཁང་འདྲ་བ་ཡང་མེད་དམ་ཞུས་པས། དགའ་ལྡན་ན་ཆུ་ཐམས་ཅད་བདུད་རྩི་ཡིན། མཁར་ཁང་ཐམས་ཅད་རིན་པོ་ཆེ་འབའ་ཞིག་ལས་ས་རྡོ་ཕལ་པ་མེད་གསུངས། རྟམ་ཉོག་གི་རྟ་རག་པ་འདྲ་བ་མཆིས་སམ་ཞུས་པས། ཆོས་ལ་དུས་ཚོད་མེད་ན་བན་རྒན་འཆལ་བ་ཡིན། དེ་ཙམ་ལ་མཛོད་གསུངས། སློབ་དཔོན་ཆེན་པོས་སྔོན་གྱི་གསོལ་ཇ་བ་ཤཱཀ་སེང་མངགས་སྟེ་ཁོང་གིས་ཉེ་གནས་བྱས། མི་རིང་བར་སློབ་དཔོན་ཆེན་པོ་གུའི་གུང་པ་(པ༥༡བ)


PTT001_Page_0970
[མ་དཔེ་གཟིགས་ན་འདིར་གནོན།]

ཕེབས་སྟེ་མཆོག་གི་སྤྲུལ་པའི་སྐུར་ངེས་ཤེས་ཐུན་མོང་མ་ཡིན་པ་འདྲོངས་སྟེ་སེང་གེའི་ཁྲི་ཆེན་པོ་ལ་སྤྱན་དྲངས། སྔོན་རྗེ་གོང་མས་རྣམ་ཐོས་ཚལ་དུ་ཆོས་ཁྲིའི་རྒྱབ་ཏུ་ཤུག་པ་སྐམ་པོ་ཅིག་བཙུགས་སྟེ་འདི་ཆོས་ཁྲི་དང་མཉམ་པའི་ཚེ་ཁོ་བོ་འདིར་འོང་ཞེས་གསུང་བ་དང༌། ཞོ་ཁའི་ཐང་དུ་འདིར་ལྷ་ཁང་ཞིག་འོང་བར་འདུག་དེའི་རབ་གནས་ལ་སླེབ་པ་ཡིན་གསུང་བ་དང༌། སྙེ་བོར་ཤིང་སྡོང་ཡལ་ག་མཐོ་དམན་ཤིན་དུ་ཆེ་བ་ཞིག་ལ་སྐུ་རྒྱབ་བསྟན་སྟེ་ཆོས་གསུངས་ནས་ཡལ་ག་འདི་གཉིས་མཐོ་དམན་མཉམ་པའི་ཚེ་ཁོ་བོ་འདིར་འོང་གསུང་བ་རྣམས་ཇི་ལྟ་བར་ཐོག་དུ་ཕེབས་སྟེ་སོ་སོར་སྔོན་འདི་སྐད་བྱས་པ་ཡིན་ཞེས་གཞན་གྱིས་མ་ཞུས་པར་གསུངས། དགོན་སར་ལྷུན་གྲུབ་སྟེང་དུ་ཕེབས་སྟེ་ཀུན་བཟང་གི་ཞིང་གཟིགས་ཐུགས་དམ་ཁྱད་པར་ཅན་མངོན་དུ་གྱུར་ཅིང་རིང་དུ་བཞུགས། དགུང་ལོ་བདུན་པ་ལ་ན་རོ་ཆོས་དྲུག་གི་ཁྲི་གནང་བས་རས་པ་སོ་དཀར་ཅན་བྱ་བའི་རྟོག་པ་ལ་ཁྲིད་གསུང་པ་མཁྱེན་པར་འདུག་སྟེ་གེགས་སེལ་མི་མཁྱེན་ནམ་སྙམ་པའི་མོད་ལ་ཚོགས་གྲལ་དུ་གེགས་སེལ་གནད་ཀྱི་ལྡེ་མིག་རྡོ་རྗེའི་མགུར་མཛད། ཙཱ་རིར་དག་པའི་གཟིགས་སྣང་མཐའ་ཡས། སྙན་གྲགས་ཀྱིས་ས་ཆེན་པོ་ཁྱབ་སྟེ་དགུང་ལོ་དགུ་པ་ས་བྱི་ལ་ཚལ་པས་ཇ་འདྲེན་ཕུལ་བ་ནས་བཟུང་མདོ་དབུས་ཀྱི་མི་ཆེན་ཐམས་ཅད་ཀྱིས་ཇ་ཞུས་འབུལ་བ་ཕུལ། དགུང་ལོ་བཅུ་བཞེས་པའི་ཚེ་རྟོགས་ལྡན་གྲགས་སེང་བ་གཤེགས་པ་མཁྱེན། སྟག་ལོ་ལ་མཚུར་ཕུ་ནང་པས་གདན་འདྲེན་ལ་བྱོན་སྟེ་བཅུ་གསུམ་པ་ཆུ་འབྲུག་ལ་དྭགས་པོ་དང་འོལ་ཁ་བརྒྱུད་དབུས་སུ་བྱོན་ཡར་ཀླུངས་སུ་མཐུ་སྟོབས་ཀྱི་དབང་ཕྱུག་ཏ་སི་བྱང་ཆུབ་རྒྱལ་མཚན་གྱིས་བཀུར་བསྟི་གུས་འདུད་ཆེར་བྱས། འདི་ཏ་སིས་དབུས་གཙང་གི་བདག་པོ་བྱས་ནས་ལོ་བཞི་པའི་སྟེང་ཡིན། ཚལ་དུ་སི་དྷུ་ཐམས་ཅད་མཁྱེན་པ་དང་དཔོན་སློབ་མཇལ་སྔོན་གྱི་གསུང་གླེང་མཐའ་དག་མཛད་ཅིང་ད་ནི་རྒན་པོ་ཤི་ཡང་(པ༥༢ན)


PTT001_Page_0971
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་ལྷག་མ་མེད་ཅེས་ཐུགས་ཚིམ། མཚུར་ཕུར་རྒྱལ་བ་གཡུང་གི་མཇལ་དུ་བྱོན་སྟེ་སྔོན་གནས་བཀའ་བསྩལ་བས་ཐུགས་ཚིམ་ཞིང་བརྒྱུད་པ་རིན་པོ་ཆེའི་དབང་གདམས་ངག་ཐམས་ཅད་གསན། སྔོན་དགུང་ལོ་བདུན་པ་ལ་རྟོགས་ལྡན་མགོན་རྒྱལ་བ་ལ་ན་རོའི་ཆོས་དྲུག་དང་སྦྱོར་དྲུག་ལ་སོགས་གསན་པ་ནས་གཟུང༌། རྟོགས་ལྡན་ཡེ་རྒྱལ་བ་ལ་མཁའ་འགྲོ་རྒྱ་མཚོ། རྫ་ཤོངས་པ་ཤེས་རབ་དཔལ་ལ་བཀའ་བསྟན་འགྱུར་གྱི་ལུང༌། སློབ་དཔོན་བློ་གྲོས་སེང་གེ་ལས་བྱམས་ཆོས་གསན་པ་སོགས་དགེ་བའི་བཤེས་གཉེན་རྣམས་ཚུལ་བཞིན་དུ་བསྟེན་ཞིང་གསན་བསམ་སྒོམ་པ་ཁོར་ཡུག་དུ་མཛད། དགེ་འདུན་སྒང་པའི་མཁན་ཆེན་དོན་གྲུབ་དཔལ་དང༌། སློབ་དཔོན་བསོད་ནམས་འབུམ་ལས་རབ་བྱུང་དང་དགེ་ཚུལ་མཛད། དཔལ་ཆོས་ཀྱི་གྲགས་པར་མཚན་གསོལ། དམ་པའི་ཆོས་འདུལ་བ་མཐའ་དག་གསན། བསམ་ཡས་ཀྱི་བླ་མ་མཁས་གྲུབ་པས་སྔོན་གྱི་བཀའ་ཤོག་སོགས་ཕུལ་ནས་མཐར་དྲི་བའི་ཡི་གེ་ཞིག་ཕུལ་བས་རེ་ཞིག་ཅང་མི་གསུང་ནན་གྱིས་ཞུས་པས་འདིའི་དྲི་ལན་སྔོན་ལྷ་ས་རྐྱང་ཐང་དུ་བཏབ་ཟིན་པ་ཡིན་མོད་གསུངས་པས་སྤྱན་ཆབ་ལྷུག་པར་ཕྱུང་སྟེ་ཞབས་ལ་ཡང་ཡང་དུ་གཏུགས། གནས་ནང་བདེ་ཆེན་མཚུར་ཕུ་སོགས་སུ་དག་པའི་གཟིགས་སྣང་མཐའ་ཡས་ཤིང་ཉིད་ཡེ་ཤེས་ཀྱི་མགོན་པོར་བཞེངས་པའི་གྲི་གུག་གིས་འབྱུང་པོ་མ་རུངས་པ་ཐམས་ཅད་ཚར་བཅད། གཟིམས་ཆུང་ཆུང་ངུ་ཞིག་དུ་སྐུ་འཁོར་མང་པོ་ཡངས་པར་འཁོད་པའི་སྣང་བ་བསྟན་སྟེ། རེ་གོས་སུམ་བརྩེགས་གྱོན་པ་དང༌། །དར་གོས་སུམ་བརྩེགས་གྱོན་པ་གཉིས། །ཁྱད་པར་མེད་པའི་གདེང་ཞིག་དགོས། །སོགས་ཀྱི་མགུར་བཞེངས་སྟེ། ཡངས་དོག་མེད་པའི་གནས་སུ་བླངས། །ཅེས་གསུང༌། དགུང་ལོ་བཅོ་བརྒྱད་པ་བྱ་ལོ་ལ་དཔལ་ལྡན་བླ་མ་བསོད་ནམས་རྒྱལ་མཚན་དང་མཇལ་ཕྱག་(པ༥༢བ)


PTT001_Page_0972
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་སྤྲོད་དུ་མཛད། འཇམ་དབྱངས་དམར་པོའི་སྒྲུབ་ཐབས་ཀྱི་ཆོས་འབྲེལ་ཡང་གསན། སྐྱོར་མོ་ལུང་པ་ལ་འབྲི་ནང་གིས་དམག་རྡེག་པར་བྱུང་ནས་ཀྱི་ཤོད་ཀྱི་ལྷ་སྡེ་ཐམས་ཅད་ཀྱིས་སྤྱི་ཞུས་བྱས་སྟེ་ལྷ་ས་རྐྱང་ཐང་དུ་སྤྱན་དྲངས། མི་ཆེན་ཐམས་ཅད་ཟིལ་གྱིས་མནན་སྟེ་དམག་རང་སར་ཞི། ཀུན་གྱིས་སྤྱི་བོར་ཁུར། སྙེ་ཐང་རྒྱ་གྲོང་དུ་གོང་མའི་སྐུ་རིམ་ཆེན་མོ་ལ་བསང་ཟུལ་བདེ་གསུམ་སོགས་ཚོགས་པ་ཁྲི་ཕྲག་མང་པོའི་དབུ་ལ་ཁྲི་གསུམ་བཤམས་པའི་དབུས་མ་ལ་རྗེ་ཉིད་དང་གཡས་སུ་དཔལ་ལྡན་བླ་མ་དམ་པ། གཡོན་དུ་བཞི་ཐོག་པ་བཞུགས། ཁྲོམ་ཐམས་ཅད་ཀྱང་དད་པའི་འུར་ལངས་སྟེ་གསོལ་བ་འདེབས་པའི་འུར་དིང་དུ་སོང༌། དམ་ཤོད་དང་གཙང་གི་བྱང་རྒྱབ་ལ་འགྲོ་དོན་ལ་ལན་རེ་བྱོན། དཔོན་ཆེན་རྒྱལ་བཟང་ལ་སོགས་པའི་ཆེན་པོ་ཐམས་ཅད་དབང་དུ་འདུས། མཚུར་ཕུར་གཞལ་ཡས་ཁང་བསོས། རྒྱལ་བུ་རཏྣས་གསན་ནས་འབུལ་ཆེན་བྱུང༌། གོང་དུ་གསན་ཡང་སྒྲོ་འདོགས་མ་ཆོད་པ་ལ་དིང་ཆུ་ལང་ཆུང་དབུས་ནས་གོང་དུ་སླེབ་དུས་དྲིས་པ་ལ། ཚལ་པ་སིདྷུ་ཆོས་རྗེ་གོང་མའི་སློབ་མ་དངོས་ཤེས་རབ་ཆེ་དམ་ཚིག་གཙང་བ་ན་རེ་ཆོས་རྗེ་གོང་མ་ཡིན་ངས་སུ་འདུག་ཟེར། རྟོག་དཔྱོད་ཅན་གཞན་ཐམས་ཅད་ཀྱང་རྩོད་མེད་དུ་ངོ་མཚར་གླེང་གི་འདུག་བྱས་པས་གོང་མ་ཕྱག་ཐལ་མོ་སྦྱར་ནས་སྤྱན་ཆབ་བྱུང༌། དེས་མདུན་གྱི་མི་ཆེན་ཐམས་ཅད་ཀྱང་དེ་ལྟར་གྱུར་སྟེ་ཧོར་རྒྱལ་པོས་བླ་མའི་མཚན་གསན་པས་སྤྱན་ཆབ་བྱུང་བ་འདི་ལས་མེད་སྐད། དགུང་ལོ་བཅོ་བརྒྱད་པ་མེ་བྱ་ལ་སྔར་གི་མཁན་སློབ་དང་མཁས་པ་གཞོན་ནུ་དཔལ་གྱིས་གསང་སྟོན་མཛད་སྟེ་བསྙེན་པར་རྫོགས་པ་མཛད་ཤ་ཆང་གི་དྲི་བྲོ་བ་ཙམ་ཡང་སྐུའི་ཉེ་ལམ་དང་གཟིགས་སར་མི་འགྲིམ། སྐུ་འཁོར་རྣམས་ལ་ཤ་ཆང་གི་སྟོན་མོ་མི་བྱེད་པ་སོགས་ཐེག་ཆེན་སོ་ཐར་གྱི་བཅས་པ་དང་ཐུན་མོང་གི་འདུལ་བའི་བཅས་པ་ཤིན་དུ་ཕྲ་བ་ཡན་ཆད་ལ་ནན་ཏན་དུ་མཛད་(པ༥༣ན)


PTT001_Page_0973
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་སྐུ་འཁོར་ཡང་དགེ་སློང་དག་པ་ཚུལ་ལྡན་མང་ཐོས་ཀྱིས་བསམ་གཏན་པ་རིག་གྲོལ་གྱི་སྤོབས་པ་ཅན་འབའ་ཞིག་ཚོགས། དག་བའི་གཟིགས་པ་ཤར་བ་ནི་སྤྱིར་བགྲང་གིས་མི་ལང་མོད་ཀྱང་རགས་པ་ཙམ་ཡང་ཡི་གེས་འཇིགས་པས་ཞལ་གཟིགས་དང་བསྟོད་པ་མཛད་ཚུལ་རྣམས་རྣམ་ཐར་རབ་གསལ་མེ་ལོང་ཉིད་དུ་བལྟ། ཁྱད་པར་མནལ་ལམ་ལ་མངའ་བརྙེས་སྟེ་ཕྱག་དཔེ་གཟིགས་བཞེད་པའི་པོ་ཏི་དུ་མ་ཞལ་ཕྱེ་སྟེ་སྐུ་འཁྲིས་ཀྱི་ཕྱོགས་སོ་སོར་བཀྲམ། མནལ་ལམ་དུ་སྐུའི་བཀོད་པ་མཛད་སྟེ་གཟིགས་པས་མནལ་ལས་བཞེངས་པ་ན་ཐམས་ཅད་ཐུགས་སུ་ཆུད་སྟེ་འོང༌། དང་པོར་ཕྱོགས་བཅུ་རེ་རེར་ལུས་ཀྱི་བཀོད་པ་བཅུ་བཅུ་བཀྱེ། དེས་སངས་རྒྱས་ཐ་དད་པ་བཅུ་རེ་ལ་ཆོས་མི་འདྲ་བཅུ་རེ་ཉན་པ་ལ་སྦྱངས་པས་དང་པོར་ནི་དཀའ་བ་ལྟར་བྱུང༌། འབད་རྩོལ་སྐྱེས་པས་མྱུར་དུ་འབྱོངས་སྟེ་ད་ལྟ་ནི་ཕྱོགས་བཅུ་རེ་རེར་ཡང་ལུས་ཀྱི་བཀོད་པ་གྲངས་མེད་འགྱེད་ཅིང་སངས་རྒྱས་གྲངས་མེད་མཆོད། ཆོས་གྲངས་མེད་འཛིན་པ་ལ་དཀའ་བ་མེད་སྟེ་མདོར་ན་ངའི་རྨི་ལམ་སྤྲུལ་བསྒྱུར་དང་སྒྱུ་མ་མཁན་ཤིན་དུ་བྱང་པོས་སྒྱུ་མ་སྟོན་པ་ལ་ཁྱད་མེད་པ་ཡིན་གསུངས། ཁྱད་པར་མནལ་ལམ་གྱི་བཀོད་པས་ངན་སོང་མཐའ་ཡས་པ་དྲངས་སྟེ་སྤྱན་རས་གཟིགས་ཀྱི་ཟ་མ་ཏོག་བཀོད་པ་ལས་གསུངས་པའི་རྣམ་པར་ཐར་པ་གྲུབ། སྐུ་ཁམས་ཅུང་ཟད་བསྙུན་པ་ན་སངས་རྒྱས་སྨན་གྱི་བླས་ཤེལ་བུམ་ནས་བདུད་རྩིས་སྐུ་ཁྲུས་གསོལ་བར་གཟིགས་མ་ཐག་དྭངས། ཨོ་ཌྱན་རྡོ་རྗེ་རྣལ་འབྱོར་མས་སེམས་སྐྱེ་མེད་ཀྱི་ངང་ལ་ཞོག་སྐབས་སུ་སྐྱེས་རིམ་བཟླས་བརྗོད་གྱིས། ཚོགས་དང་གཏོར་མ་ལ་བརྩོན་ན་ཞག་བརྒྱད་ཀྱིས་འགྲུབ། ཅེས་གསུང་བ་གསན། དམ་པ་རྒྱ་གར་དང་མཇལ་སྟེ་གདམས་པ་ཅུང་ཟད་གསན་པས་ཞི་བྱེད་ཀྱི་ཆོས་ཐམས་ཅད་སྐད་ཅིག་གིས་ཐུགས་སུ་འཆུད། ཤར་ཕྱོགས་ཀྱི་ཞིང་དཔལ་གྱི་སྙིང་པོ་རབ་ཏུ་རྒྱས་པས་བརྒྱན་པ་ན་སངས་རྒྱས་དཔལ་དམ་པའི་(པ༥༣བ)


PTT001_Page_0974
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གི་མུན་པ་སེལ་བ་རིན་ཆེན་འོད་ཀྱི་གཙུག་ཞེས་བྱ་བ་ཐེག་ཆེན་འབའ་ཞིག་གསུང་བ་སོགས་སངས་རྒྱས་ཀྱི་ཞིང་འབྱམས་ཀླས་པ་གཟིགས། དགའ་ལྡན་དུ་བྱོན་པས་བྱམས་པའི་ཞལ་ནས་ཛམ་གླིང་ནས་འདིར་འོང་བའི་ཚེ་པདྨ་ལས་བརྫུས་སྟེ་སྐྱེ་བར་འགྱུར་རོ་གསུངས་པས་རིན་པོ་ཆེའི་པདྨ་གཞན་པས་ཁ་དོག་བཟང་ཞིང་ཆེ་བ་ཞིག་ལ་འདིར་སྐྱེ་བར་བྱའོ་ཞེས་བདག་གིར་མཛད། རིགས་ལྔའི་ཞིང་དང་སྐུ་རེ་རེས་ཆོས་དབྱིངས་ཇི་སྙེད་པ་ཁྱབ་པར་རྣམ་པར་འཕྲུལ་ཞིང་དེ་ཐམས་ཅད་སྐུའི་རྩ་སྦུབས་ཇི་སྙེད་པ་ཐམས་ཅད་དུ་སྡུད་ཅིང་སྐུ་དང་ཞིང་གཉི་ག་སྔར་ལས་ཆེ་ཆུང་དུ་མ་གྱུར་པ་སོགས་ཀུན་བཟང་གི་རྣམ་པར་ཐར་པའི་ཆོ་འཕྲུལ་མཛད། བླ་མ་དར་རྒྱལ་བ་ལ་ཁྱེད་ལ་ད་ལྟར་གྱི་སྣང་བ་འདི་ཅིར་སྣང་གསུང་དྲན་པས་ནམ་ཟིན་ན་སྒྱུ་མ་རྨི་ལམ་ལྷ་སྐུ་སོགས་གང་བསྒོམས་སུ་ཝལ་ཙམ་རེ་སྣང༌། མ་ཟིན་དུས་རྡོས་བཅས་རང་རྒྱུད་པར་སྣང་ཞུས་པས། ཁོ་བོ་ལ་ཐམས་ཅད་ཆུ་ཟླ་ལྟར་གསལ་སྟོང་འཛིན་མེད་ཀྱི་ངང་ནས་དག་པའི་འཁོར་ལོ་འབའ་ཞིག་དུ་ཡོད། འགའ་ཞིག་ཁོ་བོ་ས་གཅིག་དུ་བསྡད་ན་ལེགས་བསམ་པ་འདུག་སྟེ་ཁོ་བོ་རྒྱལ་ཁམས་ཐམས་ཅད་འགྲོ་དགོས་པ་ཡིན། ཁོ་བོ་མཐོང་བ་དང་ཐོས་པ་ཐམས་ཅད་དགའ་ལྡན་ནམ་བདེ་བ་ཅན་དུ་འདྲེན་པ་ལ་ཐེ་ཚོམ་མེད་པ་ཡིན་གསུངས། བདེ་ཆེན་དུ་སློབ་དཔོན་ཆེན་པོ་ལ་རྒྱ་ཧོར་གྱི་རྒྱལ་ཁམས་དང་ཕོ་བྲང་ཆེན་པོ་ཏས་ཏུའི་བཀོད་པ་ཞིབ་མོར་གསུངས་ནས་མ་བརྗེད་པར་གྱིས་ཕྱིས་མཐོང་སྟེ་འོང་གསུངས། མཚོ་མོ་རུ་ཁྱུང་སོགས་བྱང་རྒྱུད་མཐའ་དག་དུ་གཞན་དོན་མཛད། གོང་ནས་ཀྱི་གདན་འདྲེན་གྱི་འཇའ་ས་སྙན་ངག་ཆེན་པོའི་འབུལ་ཆེན་དང་བཅས་པ་བསྐུར་ནས་དིང་ཆུ་དབེན་དཔོན་དང་ཀར་སྡེའི་མི་དཔོན་དཀོན་མཆོག་རྒྱལ་མཚན་སོགས་མངགས་པ་བྱ་ལོ་ལ་དྲུང་དུ་སླེབས། བྱ་ལོའི་སྟོན་ཡར་ཀླུངས་ཏ་སིས་རྫོང་བའི་འབུལ་ཆེན་ཕུལ། དགུང་ལོ་བཅུ་དགུ་པ་ས་ཁྱི་ཟླ་བ་དང་པོ་དང་གཉིས་པའི་མཚམས་སུ་ལྷ་ས་གུང་ཐང་དུ་སྤྱན་དྲངས། (པ༥༤ན)


PTT001_Page_0975
[མ་དཔེ་གཟིགས་ན་འདིར་གནོན།]

ཚལ་པ་དང་འབྲི་ཁུང་བས་ཞབས་ཏོག་ཆེར་བྱས། སླར་མཚུར་ཕུ་ནས་སྦྲིད་ལ་ལ་བརྒྱུད། ཀོང་དགོན་སྔགས་དགོན་གད་སྐྱ་ལྷོ་ལུང་མོ་ཆེ་རྣམས་སུ་བྱོན། ཆོས་རྗེ་གོང་མ་བས་ཀྱང་ནོན་ཆེ་ཐུགས་ཞིབ་འཕྲིན་ལས་ཆེ་བར་བྱུང༌། མཚུར་ཀར་གྱི་ནད་པས་ལམ་གྱི་གྲོས་དང་སྐུ་རིམ་ཞུ་བར་བྱས་པ་མཁྱེན་ནས་ཁྱེད་རང་ཚོ་གྲོས་མང་མི་དགོས་ངའི་རྗེས་སུ་ཤོག་གསུངས། ཅོག་རྩེ་ལ་གོང་དུ་ཆར་ཆེས་པས་ནག་ཆུ་ལ་མི་ཐར་ཟེར་བ་ན་ཆུ་ཆུང་དུ་འགྲོ་གསུང་སྟེ་སང་ཉིན་ཆུ་ཆུང་དུས་ལྟར་གྱུར། གཞི་བདག་གིས་ཆོས་ཡོན་དུ་ཆུ་བསྒྱུར་བ་ཡིན་གསུངས། ཤ་ཕོ་ནས་གསེར་ཡིག་པས་འུ་ལག་ཆིབས་པ་ཞུས་པས་སེམས་ཅན་ལ་གནོད་འཚེ་མི་བྱེད། ཁྱེད་རང་རྣམས་ཀྱང་འུ་ལག་མ་ཞོན་གསུངས། ཁལ་གཞོན་ཟ་མ་ཐམས་ཅད་ནང་ནས་གནང༌། ཟ་མ་འུ་ལག་མ་དགོས་པས་འཇའ་མོ་བ་ཐམས་ཅད་དགའ། རྒྱ་ཚོ་ཡ་གསུམ་དམག་འཇམས་སོགས་འཇམ་ཆེ་ཆུང་ཐམས་ཅད་དུ་བསྙེན་བཀུར་དང་འབུལ་བ་མཐའ་ཡས། ངོ་ལྐོག་གང་དུའང་སྒར་དུ་ཤ་མི་འགྲིམ་པའི་བཅའ་བ་དམ་པས་དུད་འགྲོ་དཔག་མེད་ཀྱི་སྲོག་ཐར་ཞིང་སྙན་པ་མཐའ་ཡས། ཟླ་བ་དྲུག་པའི་ཚེས་བརྒྱད་ལ་སོགས་ཟམ་ཁར་ཕེབས་པ་ནས་བཅུ་གཉིས་པའི་ཚེས་གཅིག་ལ་འདན་ཀློང་ཐང་དུ་ཕེབས་པའི་བར་དུ། ག་རེ་སྒོམ་སྡེ་རས་ཚང་བ་ཆབ་ལ་ཁ། ཀརྨ། ཟི་དགོན་སོགས་སུ་འབུལ་ཞབས་མཐའ་ཡས། ཀརྨར་ཚོགས་པ་ཁྲི་ཚོ་ལ་ཆོས་གསུང་ཚེ་གསེར་ཡིག་པས་ན་མཁར་ཉི་ཟླའི་བར་ན་ཤེལ་གྱི་མཆོད་རྟེན་ན་དྲུང་བཞུགས་པར་རིང་ཞིག་མཐོང༌། འདི་སྐབས་ཤིན་དུ་རྒྱ་གར་གྱི་ཛོ་གི་ལྔ་འོངས་སྟེ་ངེད་རྣམས་རྒྱ་ནག་རི་བོ་རྩ་ལྔ་ལ་འགྲོ་འདི་བྱང་ཆུབ་ཀྱི་ཤིང་ལ་འཕགས་པ་ཀླུ་སྒྲུབ་ཀྱི་ཕྱག་བརྐོས་མཛད་པ་ཡིན་པས་རེ་ཞིག་ཕྱག་དུ་འཆོལ། ངེད་རང་ལྔ་ག་མ་འཛོམ་གྱི་བར་སུ་ལ་ཡང་མི་གཏོང་བ་ཞུ་ཟེར་ནས་ཇོ་བོ་གཎ་དྷོ་ལ་ཕུལ། དེ་རྣམས་ཆོས་སྐྱོང་གི་སྤྲུལ་པར་གྲགས་སྟེ་ཕྱིས་གར་སོང་མ་རྙེད། དེ་ནས་(པ༥༤བ)


PTT001_Page_0976
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་སྟེ་མཆོད་ཡུལ་གྱི་གཙོ་བོར་མཛད་ནས་ཉིན་རེ་ཞིང་མཆོད་པ་ཐུན་རེས་ཀྱིས་རྗེ་བ་དང་ཉིན་མཚན་དུ་ཐུན་བཞིར་ཕྱག་དང་བསྐོར་བ་མཛད། དེས་སྐུ་འཁོར་ཐམས་ཅད་ཀྱང་ཡིད་བསྐུལ་སྟེ་དགེ་བ་ལ་རྩེ་གཅིག་པར་གྱུར། བྱང་ལམ་ལ་འབྱོན་པར་ཞུས་ཀྱང་འདི་འགྲོ་དོན་ཆེ་གསུངས་ནས་ཀྲེ་ལ་བྱོན། དེ་ཐམས་ཅད་དུ་འཕྲིན་ལས་ཆོས་རྗེ་གོང་མ་ལས་ཀྱང་ཆེ། ཁྱི་ལོ་བཅུ་གཉིས་པའི་ཉེར་ལྔ་ལ་རྨ་ཆུ་གླིང་ཁུག་དུ་ཕེབས་པར་ཉེ་བ་ན་རང་རེ་རྟ་ཁ་བག་ཙམ་ཐལ་འདུག་ལྷོ་ཕ་གི་ན་འབོབ་གངས་དཀར་ཡོད་པ་ལ་སྒོམ་ཞིང་སྡོད་རྒྱུར་འདུག་སྟེ་ད་ཤིང་ཀུན་བར་དུ་འགྲོ་བ་ལས་འོས་མེད་གསུངས། འདིའི་དུས་ཧོར་ཡུལ་དུ་ཏི་ཤྲི་ཀུན་དགའ་རྒྱལ་མཚན་གཤེགས། སོག་པོའི་མི་དཔོན་ངོ་ལོག་ཕོ་བྲང་ཤང་ཏོ་བསྲེགས་པ་མཁྱེན་པར་འདུག །ཕག་ལོ་ཟླ་བ་གཉིས་པའི་ཚེས་དྲུག་ལ་བྱ་ཁར་ཕེབས། རྒྱལ་བུ་སངྒྷ་ཤྲཱིས་བསུས་སྟེ་ག་ཆུ་དང་ལ་བར་རྒྱལ་བུའི་ལྷ་ཁང་དང་ཉེ་བར་བཞུགས། དེ་རྣམས་སུ་ཆ་ག་བའི་གནོད་པས་ཉི་མ་འགྲིབ་པ་བྱུང་བ་ཞུས། བཀའ་ཤོག་གནང་བ་བསྒྲགས་པས་གར་སོང་ཆ་མེད་དུ་སོང༌། རྒྱལ་རྒྱུད་དང་མི་དཔོན་ཐམས་ཅད་དང་པྲཛྙ་དབང་དམ་ཕབ་འདུག་པ་བདེ་བར་བཏང༌། དབང་ཧུ་རྣམས་བཙོན་ལས་བཀྲོལ། ཟླ་བ་དྲུག་ཙམ་བཞུགས། དྷརྨ་ཅིང་དབང་དང་དིང་ཇུ་ཕིང་ཆང་དམག་བསགས་འཐབ་དུས་བཏབ་ནས་རྩོད་པར་འདུག་པ་ཞལ་ཏས་འཁྲུག་པ་བཅག །གོང་མ་ཡབ་སྲས་ཀྱི་སྤྱན་འདྲེན་དྲག་པར་སླེབས། དེ་རྣམས་སུ་ཆོས་ཁྲིའི་རྩ་བར་སྔོན་སུས་ཀྱང་མ་མཐོང་བའི་མེ་ཏོག་རྩ་བ་གཅིག་ལ་ཡལ་ག་བརྒྱ། ཡལ་ག་རེ་རེ་ལ་མེ་ཏོག་བརྒྱ་རེ། མེ་ཏོག་རེ་རེ་ལ་ལྟེ་བ་དམར་པོ་འདབ་མ་སེར་པོ་སྟོང་རེ་ཡོད་པ་ཅིག་སྐྱེས་སྟེ་ཐམས་ཅད་ཀྱིས་མེ་ཏོག་གི་གཟུགས་པར་དུ་བཏབ་ནས་ཕྱོགས་ཀུན་དུ་ཁྱེར་སྟེ་ངོ་མཚར་དུ་བྱས། ཁྲིམས་དམག་གིས་རིམ་པས་ཕོ་བྲང་དུ་སྤྱན་དྲོངས་གསུང་བའི་ལུང་འདུག་ཡང་འཇའ་མོ་མ་ཚུགས་ཀྱི་བར་ལ་འཐེན་གསུང༌། ཟླ་བ་གསུམ་པའི་(པ༥༥ན)


PTT001_Page_0977
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་གསུམ་ལ་སའི་ཆར་བབ་ལྟས་ངན་པ་བྱུང་བས་དུས་ངན་པ་ཤར། གཏམ་ངན་ཆེན་པོ་ཞིག་མྱུར་དུ་འོང་གསུངས། དེའི་ཉིན་ཏི་ཤྲཱིའི་གདུང་ས་སྐྱར་སྤྱན་འདྲེན་པ་དང་དབུས་གཙང་དུ་ཆོས་འཁོར་སྒྲུབ་པའི་ཡོ་བྱད་གནངས་ཆེན་རྣམས་ཡར་ཡོང་བ་ངོ་ལོག་གིས་བཅོམ་པར་འདུག །ལྔ་པའི་བཅུ་གཉིས་ལ་ས་སྐྱའི་དཔོན་ཆེན་དཔལ་འབུམ་གྱི་ཞུ་བ་ཏི་ཤྲིའི་གདུང་ཆོས་འཁོར་འབྱོན་གྱི་ཡོད་པས་མཛོ་འཆི་མེད་ལྔ་བཅུ་ཞུ་ཟེར་བ་སླེབས་པས་མི་ཉུང་སར་བཞད་ནས། མི་རྫུན་མ་འདི་ཚོ་མཚར། གདུང་ཆོས་འཁོར་བྱུང་ན་དེ་དགའ་སྟེ་བཅོམ་པའི་ལྷག་མ་དྭ་ཕྲུག་འགའ་ཞིག་ཞག་ལྔ་ན་སླེབ་འོང་གསུངས་སྟེ་དེ་ཁོ་ན་ལྟར་བྱུང༌། ཀླུ་ཆུ་ཕན་ཆད་དུ་མ་བྱོན་པས་དེ་རྣམས་ལོ་ཉེས། གར་བྱོན་གྱི་ས་ཐམས་ཅད་ལོ་ལེགས། དེ་ནས་གསེར་ཡིག་པ་རྣམས་ག་ཆུར་ལྡོག་སྟེ་སྦྱོར་དྲུག་པ་ཆེན་པོ་ཚ་གོ་ཤེས་རབ་དཔལ་ཟེར་བའི་འཕྲིན་ལས་ཅན་དེས་སྤྱན་དྲངས་སྟེ་ལྷོ་ཕྱོགས་ཡར་ལམ་ཁུགས༏ བབ་ལམ༏ གཉན་ཚེ་དེ་གོང༌༏ བཤལ༏ ཚ་གྲང༌༏ ལྕགས་མོ་བརྒྱུད་སྟེ་ཕེབས༏ གོང་དུ་སྒོར་མོ་འདབ་མི་བཏང༌། རྒྱལ་མོ་རོང་ལ་བྱོན། ཚུགས་ཞེ་བདུན་གྱིས་རབ་སྒང་དུ་ཕེབས། དབྲ་འདྲུ༏ སྒོ་སྡིང་འཁྲུག་པའི་དམག་སོག་མཐའ་ཡས་པ་འདུག་པ་རྣམས་ཞི་བར་མཛད་སྟེ་ཡིག་ཁྲིམས་ཉིས་བརྒྱར་ཉེ་བ་མཛད། ཟླ་བ་དགུ་པ་ནས་བྱི་ལོ་ཟླ་བ་གཉིས་པའི་བར་འགོར། འཁྲུགས་སྡུམས་ལ་གསེར་སྲང་ཉིས་སྟོང་རྟ་བདུན་བརྒྱ༏ ཇ་སིག་ཆེན་ལྔ་བརྒྱ་སོགས་གནང༌། རབ་སྟོད་དུ་སེང་གེ་སྒང་བཏབ། ཡོན་བཙུན་བཀྲས་རིན་མཚུར་ཕུའི་བྱ་མདབས་ལྷ་ཁང་གསོ་བ་ལ་འདི་དུས་བརྫངས། གསེར་ཡིག་པ་རྣམས་ལ་སྤྱན་མ་འདྲོངས་པའི་རྩ་ར་ཡོང་བར་བྱུང་བ་སྒོར་མོ་འདབ་མིས་ཞུས་པས་ཁྲོལ། ངེད་ལ་དགོངས་ནས་མདོ་སྨད་དུ་ཕེབས་འདུག་ཡང་མི་དཔོན་རྣམས་གོ་མ་ཆོད་པས་སླར་བོད་ལ་བྱོན་འདུག །བྱང་ཆུབ་ཀྱི་སེམས་བདེ་ཆེན་གྱི་སྨིན་ལམ་རྫོགས་(པ༥༥བ)


PTT001_Page_0978
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པ་དང༌། ངེད་ལ་དགོངས་ནས་མགྱོགས་པོར་འབྱོན་པ་ཞུས་བྱས་ནས་གདན་འདྲེན་ལ་ཤེས་རབ་གཏང་བ་ཡིན་ཞེས་པའི་ལུང་དང་ཧུའི་ཤྲཱི་ཤེས་རབ་སོགས་མི་ཆེན་མང་དུ་འོངས་པ་མི་སྡེ་ལ་མི་གནོད་པའི་ཕྱིར་འཇམ་དབྱངས་གོའི་ཤྲིས་ཁྱེར་པའི་སྤྱན་འདྲེན་སླེབས་སྟེ་བྱི་ལོ་བདུན་པའི་བཅོ་བརྒྱད་ལ་རབ་སྒང་ནས་གོང་དུ་ཐེགས། ཤིང་ཀུན་བདེ་ཆེན་དུ་མཁན་པོ་དཔལ་ལྡན་མཆོག་སོགས་དགེ་འདུན་འབུམ་ཚོ་སྨིན་གྲོལ་དུ་མཛད། རྗེ་ས་པཎ་གྱི་བཞུགས་གནས་སྤྲུལ་པའི་སྡེར་ཕེབས། འདི་ཕྱིན་ནས་སྐད་རིས་ཆ་ལུགས་མི་གཅིག་པའི་རྒྱལ་ཁམས་ཐ་དད་པའི་སྐྱེ་བོ་བགྲང་གིས་མི་ལང་བ་འདུས་སྟེ་བཞུགས་ཁྲིའི་གཡས་སུ་ཧོར་དང་ཡུ་གུར་གྱི་ལོ་ཙཱ་བ་གཡོན་དུ་མི་ཉག་དང་རྒྱ་ནག་གི་ལོ་ཙཱ་བ་བཞག་སྟེ་གསུང་བྱོན་པ་ཆོས་གསུངས་པ་རྣམས་སོ་སོའི་ལོ་ཙཱ་བས་རང་རང་གི་སྐད་དུ་བརྡ་སྤྲོད་ཅིང་སྐལ་ལྡན་མཐའ་ཡས་པ་སྨིན་གྲོལ་དུ་མཛད། རྒྱའི་ངོ་ལོག་གི་མི་དཔོན་ཆེ་བ་ཞིག་སྲོག་བསྐྱབས་སྟེ་རབ་བྱུང་བྱས། མི་སྡེ་ཐམས་ཅད་བདེ་བར་ཐར། བཅུ་གཉིས་པའི་བཅུ་དགུ་ལ་ཕོ་བྲང་ཆེན་པོར་ཕེབས། མཆོད་རྟེན་སྔོན་པོར་བཞུགས། ཉེར་གསུམ་ལ་མཆོད་ཡོན་མཇལ། འདི་དུས་གོང་མ་ཐོ་གན་ཐེ་མུར་རྒྱལ་སར་བཞུགས་པའི་ལོ་ཉེར་བརྒྱད་པ་ཡིན། ཉེར་དྲུག་ལ་རྒྱལ་བུའི་སྲས་མཻ་ཏྲྀ་ཕ་ལ་འཁྲུངས། གོང་མ་ཡབ་སྲས་གུས་པ་མཐའ་ཡས། གན་ཆེ་ཆུང་སོ་སོ་ནས་འབུལ་ཞབས་བཀུར་བསྟི་གཞལ་གྱིས་གར་ལང༌། གནམ་མཆོད་ཐམས་ཅད་ཀྱིས་གཙུག་དུ་ཟླ་མེད་པར་བཀུར། ཉེས་པ་ཅན་སྤྱིར་ཐར་བའི་འཇའ་ས་དང༌། ཁྱད་པར་རྒྱལ་བུ་ཆེན་པོས་བནྡྷེས་གོང་མ་ལ་ཕྱག་མི་དགོས་པར་བཀུར་བ་ལ་ཕྱིས་རྒྱལ་རྒྱུད་དང་མི་ཆེན་གྱི་བནྡྷེའི་ཕྱག་བླངས་འདུག །རྒྱལ་ཁམས་མི་བདེ་བ་དེས་ལན། ད་ཕྱིས་དེ་འདྲ་མ་བྱེད་ཟེར་བ་སོགས་བསྟན་པ་ཤེད་སྐྱེད་ཀྱི་འཇའ་ས་རྣམས་གནང༌། བོད་དུ་སྒྲོག་པ་ལ་སྡེ་དགོན་དཀོན་མཆོག་རྒྱལ་མཚན་དང་ཆོས་རྗེ་པ་ཉིད་ཀྱི་དཔོན་མགོ་(པ༥༦ན)


PTT001_Page_0979
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རྣམས་བཏང༌། ཐུགས་བྱམས་པ་ཆེན་པོའི་བྱིན་གྱིས་ཕྱི་ནང་གྱི་ངོ་ལོག་ཐམས་ཅད་ཞི། ནད་ཡམས་དཔག་མེད་ཡོད་པ་ཐམས་ཅད་ཆད། སྔོན་མ་བྱུང་བའི་ལོ་ལེགས་བཏུད་མར་བྱུང་བས་རྒྱལ་བློན་འབངས་དང་བཅས་པ་དམ་པའི་ཆོས་ལ་ཡིད་འཆེས་ཤིང་གུས་པ་འཕེལ་བར་གྱུར། ཆོས་རྗེ་ཉིད་ཀྱི་བཀའ་དྲིན་ལས་འབྲི་གདན་ཚལ་པ་མཚུར་ཀར་སོགས་ལ་ལས་ཀ་རྙིང་གསོ། སར་གནང་མང་དུ་བྱུང༌། རྒྱལ་ཁམས་བདེ་བ་ལ་བཀོད་ཏོ། །རྒྱལ་པོ་ཆེན་པོ་དམ་པའི་ཆོས་ཀྱི་དགོངས་པ་བཞེད་པ་བཞིན་གྲུབ། རྒྱལ་བུ་ཆེན་པོ་ནི་མཁྱེན་པ་དང་རྟོགས་པ་ཟླ་མེད་པར་གྱུར་སྟེ་བསྟན་བཅོས་མཁས་པ་དགྱེས་ནུ་པ་དུ་མ་མཛད། དེ་ནས་སློན་དཔོན་ཆེན་པོ་ལ་བཀའ་བསྩལ་བ། གོང་མའི་ཆབ་སྲིད་དང་སྐུ་ཚེ་ལའང་འགྱུར་ལྡོག་ཅུང་ཟད་ཀྱི་མཚན་མ་སྣང༌། ཤར་ཕྱོགས་འདིའི་འདུལ་འོས་ཀྱང་ཐུལ། ནུབ་ཕྱོགས་ན་གདུལ་བྱ་མང་དུ་ཡོད་པས་འདེགས་པའི་ཞུ་བ་བྱེད་དགོས་གསུང་ཞིང་ཞུ་བ་ཡང་ཡང་དུ་མཛད་པས་གོང་མ་ཡབ་སྲས་ཀྱིས་ནན་གྱིས་བཞུགས་པས་ཞུས། ལའོ་ཇང་ཆིང་སང་དང་ཞི་ར་མོ་ཆིང་སང་བྱ་བའི་མི་ཆེན་གཉིས་ཀྱིས་དྲུང་དུ་པུས་མོ་བཙུགས་སྟེ་བླ་མ་ཆེན་པོ་ལ་ཞུ་ན། སྔར་སྨན་ཙེ་འདིའི་འདབ་སྒོ་ལོ་དགུ་ཆད། ལོ་ཉེས། ཕྱི་ནང་གི་ངོ་ལོག་མང༌། དངུལ་བྲེ་རེ་ལ་འབྲུ་འཇག་ལྔ་མ་ལས་མེད་པའི་མུ་གེ་བྱུང༌། བླ་མ་ཁྱེད་ཕེབས་པས་ནད་ཡམ་ཐམས་ཅད་ཆད། ངོ་ལོགས་ཐམས་ཅད་རང་སར་ཞི། ཕྱོགས་ཀྱི་འདབ་སྒོ་ཐམས་ཅད་དུས་གཅིག་དུ་འདུས། ལོ་ལེགས། དངུལ་བྲེ་རེ་ལ་འབྲུ་འཇག་ལྔ་བཅུ་མར་འཕེལ། ད་ལྟ་ནི་འབྲུ་འཇག་བརྒྱད་བཅུ་མར་སོང་འདུག །རྒྱལ་བུ་ཆེན་པོའི་སྲས་འཁྲུངས། རྒྱལ་ཁམས་ཀྱི་མི་ཐམས་ཅད་ཀྱང་འབྲུ་འཕེལ་ཞིང་བཀྲ་ཤིས་པའི་བླ་མ་ཞེས་མཚན་གཅིག་ནས་འདོན། གོང་མ་ཡབ་སྲས་སྤྱན་ཆབ་བཏོན་ནས་བཞུགས་པའི་ཞུ་བ་བྱེད་ཅིང་འདུག །འདི་ལྟ་བུའི་དུས་སུ་བོད་དམ་དེར་བྱོན་(པ༥༦བ)


PTT001_Page_0980
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཅི་མཛད། སྔར་བླ་མ་འཕགས་པ་དང་སེ་ཆེན་རྒྱལ་པོའི་མཆོད་ཡོན་བཞིན་དུ་རྒྱལ་ཁམས་ཀྱི་བྱ་བ་ཁྱེད་རང་མཆོད་ཡོན་གྱིས་དབྱེར་མེད་དུ་མཛོད་ཞུས་པས། ཞལ་ནས་ཁྲོམ་ཐོག་ཆོད་པ་ལ་རྩེད་མོ་འཕྲོ་བཤོལ་ན་ངོ་མཚར་ཆེ་བ་ཡིན། ངེད་ལ་གོང་མ་ཡབ་སྲས་ཀྱི་སྐུ་རིམ་དུ་དཀོན་མཆོག་ལ་གསོལ་བ་འདེབས་པ་མ་གཏོགས་རྒྱལ་ཁམས་ཀྱི་བྱ་བ་ལ་ཁ་གཏོགས་པའི་ལུང་ལིང་ཇིའི་དགོས་ཆེད་ཤེས་སྒོ་ཅི་ཡང་མེད། བནྡྷེ་བྱ་བ་གར་བདེར་འགྲོ་བསྟན་པ་དང་སེམས་ཅན་ལ་གང་ཕན་བྱེད་དགོས་པ་ཡིན། གང་ལའང་མ་ཆགས་མ་ཞེན་པ་ཅིག་བྱུང་ན་ཆོས་པ་བཟང་བ་ཡིན། ཞེས་སོགས་གསུངས་པས་མི་ཆེད་དེ་གཉིས་མཆི་མ་ལྷུག་པར་འབྱིན་ཞིང་གསུང་དེ་ཡུ་གུར་གྱི་ཡི་གེར་བཏབ་ནས་མོས་གུས་ཀྱི་རྟེན་དུ་བཟུང་སྐད། ཚེ་རབས་ཐམས་ཅད་ཏུ་བླ་མའི་གནས་རྣམས་ཀྱི་ངག་མ་བཅག་པ་བསྐལ་པ་རྒྱ་མཚོར་གོམས་པའི་བདག་ཉིད་ཆེན་པོ་རྣམས་ཀྱི་གསུངས་ནི་བེམ་པོས་ཀྱང་མི་ཟློག་ན་སེམས་དང་བཅས་པས་ལྟ་ཅི་སྨོས་པ་ནི་ཆོས་ཉིད་ཡིན་པས་རེ་ཞིག་བྱོན་ཆོག་པའི་ལུང་དང་འབུལ་ཞབས་རྒྱ་ཆེར་མཛད་སྟེ་སྟག་ལོ་ཟླ་བ་དང་པོའི་བཅུ་བཞི་ལ་བཏེག །དུང་ཚང་དུ་བླ་ཆེན་བསོད་བློ་དང་ཞལ་འཛོམས། ནག་ཅན་མང་པོ་ཆད་པ་ལས་བསྐྱབས། ལམ་དུ་ཧོ་ཡ་ཟིའི་རྒྱལ་ཁམས་ཀྱི་འཁྲུགས་ཆེན་བཅག །ལུ་པན་ཤན་དུ་རྒྱལ་བུ་རཏྣ་བཙུན་མ་པུཎྱཻ་དྷ་རི་དང་བཅས་པ་སྨིན་པར་མཛད། མི་ཉག་གི་ཡུལ་ཐ་ཐལ་ལ་བརྒྱུད་སྟེ་བྱང་ངོས་སུ་ཕེབས། གོ་ར་དགོན་མོ་ཆེར་གཙུག་ལག་ཁང་ཆེན་པོ་བཞེངས་ཤིང་བསྟན་པ་དར་རྒྱས་སུ་མཛད་པའི་ཚེ་སྟོན་པའི་སྐུའི་བཀོད་པ་གཟིགས་སྟེ་རང་གཞན་གྱི་སྟོན་པའི་ཁྱད་པར་གསལ་བར་བྱེད་པའི་བསྟོད་པ་མཛད། འཇམ་པའི་དབྱངས་ཀྱིས་རལ་གྲི་དང་བདར་སྩོལ་བ་གཟིགས་པས་རྩོམ་པའི་སྤོབས་པ་སྔར་བས་ཀྱང་མྱུར་བར་གྱུར། དབྱངས་ཅན་མས་འོ་མ་ཕུལ་བ་བཞེས་པས་སྙན་ངག་མེ་ལོང་མ་གཟིགས་པར་སྐད་ཅིག་གིས་ཐུགས་སུ་ཆུད། ཀམ་ཆུ་དང་ཉེ་བའི་མ་གྱ་སི་ལ་སོགས་པར་(པ༥༧ན)


PTT001_Page_0981
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་ཚེ་ཡུ་གུར། མི་ཉག་ཀམ་ལོག་ཧོར། སོག་པོ་སོགས་ཟླ་བ་གཉིས་གསུམ་གྱིས་ཚུན་ཆོད་ནས་སྙན་པས་དྲངས་སྟེ་གོམ་པ་གསུམ་ལ་ཕྱག་རེ་བྱེད་པ་དང་གོམ་པ་བདུན་ཕྱག་རེ་བྱེད་པ་སོགས་གོམ་ཕྱག་གིས་འོང་བའི་སྐྱེ་བོ་ས་སྟེང་དུ་མི་ཤོང་བ་སྙན་པ་རྣམས་ཀྱི་འབུམ་ནོད་རྒྱ་ཆེར་བཞེས་སྟེ་དེ་དག་གི་དགེ་བ་སྤེལ། དམ་པའི་ཆོས་བསྟན་པས་ཕྱིར་མི་ལྡོག་པ་ནས་ཐར་པའི་ས་བོན་གྱི་བར་དུ་བཞག །ནམ་ནངས་ས་སྲོས་ཀྱི་བར་ཕྱག་དབང་བྱིན་རླབས་གནང་སྟེ་དེ་རིང་ཐོབ་པ་རྣམས་སང་འགྲོ་བསྐྱར་དུ་མེད་པའི་ཁྲིམས་བཅས་སྟེ་ཞག་དགུ་བཅུའི་བར་དེ་ལྟར་མཛད་ཀྱང་རྡོ་རྗེའི་སྐུ་ལ་ངལ་བ་མི་མངའ་ཞིང་འབྲེལ་ཚད་དོན་ལྡན་དུ་མཛད། དེའི་ཚེ་སྟོད་ཧོར་གྱི་རྒྱལ་པོ་ཐོ་ལུག་ཐེ་མུར་གྱིས་གདན་འདྲེན་གྱི་ཞུ་བ་འབུལ་ནོད་རྒྱ་ཆེན་དང་བཅས་པ་བྱུང་ཡང་འབྱོན་པར་མ་གནང༌། ཀམ་ཆུ་སོགས་སུ་ནད་ཡམས་ཀྱི་འཇིགས་པ་ཆེར་བྱུང་བས་མ་གྱ་སིར་ཡང་བྱུང་དོགས་པའི་ཚེ་སློབ་དཔོན་ཆེན་པོས་འདི་ཟློག་པའི་ཐབས་མཆིས་སམ་ཞུས་པས་ཐབས་བྱའི་གཉིད་མ་དཀྲོག་ཞིག་གསུངས་སྟེ་ཅུང་ཟད་མནལ་བར་མཛད། དར་ཅིག་ན་གཟིམས་ཁང་གི་སྟེང་དུ་ཚེག་སྒྲ་དང་འུར་ཆོམ་ཆེན་པོ་བྱུང༌། དེ་མ་ཐག་བཞེངས་སྟེ་ཀམ་ཆུའི་ཞིང་ཐམས་ཅད་གཤོག་པས་ཁྱབ་པའི་བྱ་ཁྱུང་དུ་བྱས་སྟེ་ནད་བདག་མི་མ་ཡིན་མང་པོ་འདུག་པ་རྣམས་ཟོས་ཤིང་གཏོར། ཁོང་དུ་མེས་བསྲེགས་ནས་སླར་ཐོག་ཁར་བབས་པ་ཡིན། ནད་ཡམས་ཆད་པར་འགྱུར་གསུངས་སྟེ་དེ་བཞིན་དུ་བྱུང༌། ཀམ་ཆུར་ཅུང་ཟད་བསྙུན་པ་ན་རྡོ་རྗེ་རྣལ་འབྱོར་མས་ཀ་པཱ་ལའི་བདུད་རྩི་དྲངས་པ་གསོལ་བར་གཟིགས་པས་དེ་མ་ཐག་དྭངས་ཤིང་རྡོ་རྗེ་ཐེག་པའི་གནད་གསང་དུ་མ་གཟིགས་པས་ཕྱག་རྒྱ་བཞི་ལྡན་རྡོ་རྗེའི་མགུར་གསུངས། གོ་ར་དགོན་མོ་ཆེར་བཞུགས་དུས་འབྲུམ་ནག་ཆེན་པོ་བྱུང་བ་ཡང་ན་མཁའ་ལྡིང་གི་ཆོ་འཕྲུལ་གྱིས་ནད་བདག་བཏུལ་སྟེ་ཞི་བར་མཛད། ཤར་ཕྱོགས་ཙོང་ཁའི་རྒྱལ་(པ༥༧བ)


PTT001_Page_0982
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་སུ་ཕེབས། དཔལ་བློ་བཟང་གྲགས་པ་རྟེན་གཞོན་ནུར་ཡོད་པར་རབ་བྱུང་ཞུས་པ་ན་དགེ་བསྙེན་དུ་བསྒྲུབས་སྟེ་དབུས་གཙང་དུ་སོང་ཞིག་པར་ལུང་བསྟན་སྟེ་ཕྱིས་སངས་རྒྱས་ཀྱི་བསྟན་པ་ལ་སྟོན་པ་གཉིས་པའི་ཕྲིན་ལས་མཛད་པ་འདི་བྱུང༌། ཙོང་ཁ་ཡུལ་ཆེན་བཅོ་བརྒྱད་ཀྱི་ལྷ་མི་ཐམས་ཅད་ཤིན་དུ་གུས་ཤིང་དགོན་གནས་ཆེན་པོ་བཏབ་ནས་རྟག་དུ་བཞུགས་པར་གསོལ་བ་བཏབ་ཀྱང་མ་གནང༌། ལྟ་བ་ངན་སེལ་གྱི་བསྟན་བཅོས་ཀྱང་མཛད། ཡུལ་ཁམས་འདི་ཡང་ཕྱིས་རིང་པོས་མི་ཐོགས་པར་རི་དྭགས་ཀྱིས་འཛིན་པར་འགྱུར་ཞེས་ལུང་བསྟན་ཞིང་ཕྱིས་དེ་ཁོ་ན་ལྟར་གྱུར། སྤྱིར་བྱང་ཆུབ་སེམས་དཔའ་ན་མཁའ་མཛོད་ལ་དགེ་སློང་ལྔ་བརྒྱས་བླ་གོས་ཕུལ་བ་རྣམས་སྐད་ཅིག་གིས་ངུར་མིག་ཅན་གྱི་ཞིང་དུ་སོང་ནས་སངས་རྒྱས་ཀྱི་མཛད་པ་བྱེད་པ་ལྟར་བདག་ཉིད་ཆེན་པོ་འདི་རྣམས་ལ་ཟང་ཟིང་གི་དངོས་པོ་ཕུལ་བ་རྣམས་ནི་ལ་ལ་སྐད་ཅིག་གིས་སངས་རྒྱས་ཀྱི་ཞིང་གཞན་དང་གཞན་དུ་མཆོད་སྤྲིན་དུ་གྱུར་པ་དང༌། བེམ་པོ་དེ་དག་ཀྱང་ངན་སོང་གི་གནས་སུ་སོང་ནས་སངས་རྒྱས་ཀྱི་ཕྲིན་ལས་བྱེད་པ་སོགས་མཐའ་ཡས་པ་ཡོད་པས་ཡུལ་ཁྱད་པར་ཅན་འདི་དག་ལ་ཕུལ་བ་ཙམ་གྱིས་རང་གི་ཚོགས་རྫོགས་པ་ཡིན་གྱིས་དངོས་པོ་དེ་དག་གང་དུ་སོང་དང་བྱ་བ་གང་བྱས་ནི་སོ་སྐྱེས་མི་ཤེས་མོད། འོན་ཀྱང་བྱིས་པའི་མཐོང་བ་ལ་ཡང་འབུལ་ནོད་མཐའ་དག་དཀོན་མཆོག་གི་རྟེན་ཕྱོགས་མེད་དུ་མཆོད། སེམས་ཅན་རིས་མེད་ལ་སྦྱིན་པ་མཛད། ཐ་ན་གྲུ་གཟིངས་དགེ་ཟམ་ཡན་གྱི་རྒྱུ་སྦྱར། ཟང་ཟིང་གི་སྦྱིན་པས་འཁྲུག་རྩོད་འཁོན་འཐབ་ཐམས་ཅད་ཞི་བར་མཛད་པས་ཟང་ཟིང་རྣམས་དོན་ལྡན་འབའ་ཞིག་མཛད་པར་ཀུན་གྱི་མཐོང་ལ། ཁྱད་པར་སྐབས་འདིར་དབུས་གཙང་མདོ་ཁམས་ཀྱི་དགོན་པ་བནྡྷེ་བཅུ་ཡོད་པ་ཡན་ཆད་ལ་མང་ཇ་བདུན་རེ་སྤྱི་འགྱེད་བླ་མ་ལ་གནང་སྦྱིན། ལྷ་ས་མཚུར་ཕུ་སོགས་སུ་གསེར་བྲེ་དངུལ་བྲེ་མང་པོ་ལས་བྱས་པའི་ཀོང་བུ། ཀོང་རྒྱགས། (པ༥༨ན)


PTT001_Page_0983
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཆེན་འཛམ་གླིང་རྒྱན་གསེར་ཤོག་གིས་གཡོག་པ་སོགས་ལ་བླ་མ་རི་བོ་སྒང་པ་སོགས་བཏང་ནས་རབ་བྱུང་ཐམས་ཅད་འཚོ་བའི་ཡོ་བྱད་ཀྱིས་མི་འཕོངས་པ་དང༌། དཀོན་མཆོག་གི་རྟེན་ཐམས་ཅད་ལ་ཆོས་རྒྱལ་མྱ་ངན་མེད་སླར་ཡང་བྱུང་བ་ལྟ་བུའི་མཆོད་སྤྲིན་མཛད། དེས་ན་འདུལ་བ་ལས། གང་ན་འདུ་བ་མངོན་ལ་འགེད་པ་མི་མངོན་པ་དེར་ཡང་རྩིས་གདབ་པར་མི་བྱའོ། །གང་ན་འགེད་པ་མངོན་ལ་འདུ་བ་མི་མངོན་པ་དེར་ཡང་རྩིས་གདབ་པར་མི་བྱའོ། །གང་ན་འདུ་བ་ཡང་མངོན་ལ་འགེད་པ་ཡང་མངོན་པ་དེར་རྩིས་གདབ་པར་བྱའོ་ཞེས་གསུངས་པ་ཡིན་ལ། འོན་ཀྱང་འབྱེད་སྡུད་ཀྱི་ལག་ལེན་བྱེད་པ་པོ་རྣམས་ཀྱིས་རང་གི་སྣང་ངོར་འདུ་འགོད་གཉི་ག་མཐོང་བར་འགྱུར་བས་གདུལ་བྱ་རྣམས་ཀྱིས་དགེ་བ་བྱས་པ་དེས་བདག་ཉིད་ལ་སྡིག་པར་མི་འགྱུར་ཞིང་གནས་སུ་གཏོད་ལ་གནས་མིན་དུ་མ་གོད་པ་འདི་ལྟ་བུ་བྱ་དགོས་སོ། །དེ་ལྟར་རྗེ་བླ་མའི་བཞེད་པ་མཐའ་དག་ཕྱག་ལེན་དུ་ཐེབས་པར་མཛད་པའི་སློབ་དཔོན་ཆེན་པོ་གུའི་གུང་པ་རིན་ཆེན་དཔལ་དེའི་མཛད་པ་ནི་ཕྱག་བྱ་བའི་གནས་ཁོ་ནར་སྣང་ངོ་ཞེས་པ་ནི་ཞར་ལ་འོངས་པ་དང་ཕྱི་རབས་ལ་གདམས་ངག་དུ་བྱ་བའོ། །དཔལ་མཚོ་བཀྲའི་དབེན་གནས་རི་བོ་ཡིད་བཞིན་གྱི་སྙིང་པོའི་སྤོ་ལ་བཞུགས་སྟེ་སྐལ་ལྡན་གྱི་དོན་མཛད། ཅུང་ཟད་བསྙུན་པ་ན་པོ་ཊ་ལར་འཕགས་པའི་ཕྱག་གིས་བུམ་པ་གཏད་པ་ལས་བདུད་རྩི་བཞེས་པར་གཟིགས་སྟེ་དེ་མ་ཐག་དྭངས། བཙུན་མོ་པུཎྱེ་དྷ་རིས་རྨི་ལམ་དུ་བ་དན་ཡང་དབེན་གྱི་རི་དང་མཉམ་པའི་སངས་རྒྱས་ཀྱི་སྐུ་བཞེངས་དང་འགྲུབ་པར་འགྱུར་རོ་ཞེས་པ་ཅིག་བྱུང་བ་དེ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ་ཞུས་པས་གོས་དར་ལས་གྲུབ་པ་གྱིས་ཅིག་གསུང༌། དེ་ལྟ་བུ་གཟོ་བོ་སུས་ཀྱང་ཁོང་དུ་མ་འཆུད་པ་ལ་དྲུང་ཉིད་ཀྱིས་རི་ངོས་དེ་ལ་རྡོ་དཀར་པོ་རྣམས་བསྒྲིགས་པས་སྐུའི་བཅད་མཛད། འདི་ལ་ཆིབས་ཀྱི་རྨིག་རྗེས་གང་བྱུང་དུ་རྡོ་དཀར་རེ་ཞོག་ཞིག་(པ༥༨བ)


PTT001_Page_0984
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ནས་དེ་ལྟར་བྱས་ཞེས་ངག་གི་ལམ་ལས་སྒྲོག །གཟོ་བོ་རྣམས་ཀྱིས་དེ་ཉིད་ལ་ཧོར་གོས་བཟང་པོ་བཀབ་ཅིང་གྲས་སྟེ་སྐུ་གསེར་མདོག་ན་བཟའ་ཏ་ཧུན་སོགས་བྱས། སྙན་གཡས་ནས་གཡོན་གྱི་བར་ལ་འདོམ་བཅུ་གཅིག །ཚད་དེས་སྐུ་ཡོངས་རྫོགས་སྟེང་ནས་ལྷས་མཆོད་ཅིང་འོག་ནས་པད་གདན་དང་བྱེའུ་ཕྲུག་ཁ་ཅན། གཡས་གཡོན་དུ་བྱམས་པ་དང་འཇམ་དཔལ། སྐུ་དངོས་ལ་དོས་ཆེན་པོ་སུམ་བཅུ་སོ་གཉིས། ལྡེམ་གཉིས་ལ་དོས་བརྒྱད་རྣམས་ཤིན་དུ་ལེགས་པར་གྲུབ། རྒྱུ་གང་སོང་གི་བཅུ་ཆ་ནང་ནས་འབུལ་གསུངས་ནས་གསེར་སྲང་སྟོང་དང་དགུ་བཅུའི་ནོར་མཐུད་མར་མཛད། ཕྱག་ཚད་དང་ལྡན་པ་ཛམ་གླིང་ན་ཟླ་མེད་པར་སྒྲུབ་སྟེ་རི་དེ་ཉིད་ལ་བཀྲམ་ནས་རབ་གནས་མཛད་ཚེ་འཇའ་ཚོན་དང་མེ་ཏོག་གི་ཆར་གྱིས་ས་གཞི་དང་བར་སྣང་ཡོག་པ་བྱུང༌། སླར་དྲུང་ཉིད་དུ་ཕུལ་བ། ལྡེམ་གཉིས་འབྲི་གདན་ལ་སོ་སོར་གནང༌། སྐུ་དངོས་ཞོ་ཁར་བཞུགས་པ་ཕྱིས་སྐུ་སྟོད་ཀྱི་དོས་ལྔ་ཙམ་མ་ཚང་ནས་རྗེ་ཆོས་གྲགས་རྒྱ་མཚོས་རྩེ་ལྷ་སྒང་དུ་གསོ་བ་མཛད་སྟེ་སྐུ་སྟོད་རྩེ་ལྷ་སྒང་དང་གཞན་ཞོ་ཁ་ན་བཞུགས་ལ། རྟེན་འབྲེལ་འདིས་བར་དུ་ཀམ་ཚང་གི་བསྟན་པ་ལ་སེལ་ཅུང་ཟད་བྱུང་བ་ཡིན་པས་ད་དུང་ཕྱོགས་གཅིག་དུ་བཞུགས་པ་གལ་ཆེ་བར་ཡོད་ཏོ། །སྤྱིར་སྐུ་འདི་ལྷ་སར་བཞུགས་ན་རྟེན་འབྲེལ་ཤིན་དུ་ལེགས་སྙམ། གཞན་ཡང་ས་ཕྱོགས་དེ་དག་ན་སྔོན་གྱི་སྤྲུལ་པའི་རྒྱལ་པོ་དང་སྐྱེས་ཆེན་མང་པོས་བཞེངས་པའི་ལྷ་ཁང་བྱ་འདབས་བདུན་པ་དང་དགུ་པ་སོགས་ངོ་མཚར་ཅན་སུམ་སྟོང་བདུན་བརྒྱ་ཡོད་སྟེ་དེ་ཐམས་ཅད་དུ་ཉམས་པ་གསོ་བ་དང་མཆོད་པའི་ཚོགས་རྒྱ་ཆེར་མཛད། མར་མེའི་རྒྱུན་དཔག་མེད་བཙུགས་པས་མཚན་མོ་ནི་ཐ་སྙད་དུ་གདགས་པ་ཙམ་དུ་མཛད། ལུ་པན་ཤན་དུ་བཞུགས་ཚེ་ལེ་ཅི་ཅིའི་དམག་ཉེ་བར་སླེབས་ཅེས་མི་རྣམས་སྐྲག་པ་ན་ངེད་ཀྱིས་སུ་ལ་ཡང་བསམ་སྦྱོར་གང་གིས་ཀྱང་གནོད་པ་བྱེད་མ་མྱོང་བས་ཕྱོགས་བཅུ་ནས་དམག་ལྷགས་ཀྱང་འབྲོས་མི་དགོས་ཤིང་ཁྱད་པར་ད་རེས་ནི་(པ༥༩ན)


PTT001_Page_0985
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པ་མི་འབྱུང་ངོ་ཞེས་གསུངས་སྟེ་དབུགས་ཕྱུང་བས་དེ་ཁོ་ན་བཞིན་དུ་གྱུར། གཅན་གཟན་མ་རུངས་པའི་འཇིགས་པས་ཡུལ་གྲུ་དག་ཉེན་པ་ལ་བཀའ་ཤོག་གནང་བས་བྱེར་སྟེ་ཕྱིན་ཆད་འཇིགས་པ་ཞི། དེ་ལྟར་ཤར་ཕྱོགས་ཀྱི་རྒྱལ་ཁམས་ཆེན་པོ་ཐམས་ཅད་ཀྱི་གདུལ་བྱ་མཆོག་དམན་ཐམས་ཅད་རང་རང་གི་སྐལ་བ་དང་འཚམས་པའི་སྨིན་གྲོལ་མཛད་སྟེ་བོད་དུ་ཕེབས་པའི་ཚེ་སུས་ཀྱང་ལམ་ངོ་ཤེས་པར་མ་བྱུང་བས་འདི་ལྟར་ཕྱིན་ན་མདོ་སྟོད་དུ་བདེ་བླག་དུ་ཕྱིན་པར་འགྱུར་རོ་གསུངས་ནས་བྱང་དམར་ཚ་སྒང་བརྒྱུད་སྟེ་མྱུར་ཞིང་བདེ་བར་འདན་གྱི་ཡུལ་དུ་ཕེབས། རིམ་གྱིས་ཀརྨ་ལ་སོགས་པར་བྱོན། སྔོན་དྲུང་གོང་མས། ལར་ཐམས་ཅད་འདུ་བའི་གནས་གཅིག་ཡོད། །ཅེས་ལུང་བསྟན་པའི་རི་ཤོད་ཉིང་ཕུག་སྟེང་ཆེན་དུ་བྱོན་ནས་གཙུག་ལག་ཁང་ཆེན་པོ་བཞེངས། ༈ བྱང་ཕྱོགས་དམུ་རིའི་གཞུང་དུ་སྔགས་བོན་མཐུ་བོ་ཆེ་འགས་ཐོག་སེར་ཕབ་པ་བྱེད་པ་པོ་ཉིད་ལ་ལོག་སྟེ་འཇིག་རྟེན་གཞན་དུ་སོང༌། དྲུང་བཞུགས་པའི་རྒྱང་གྲགས་གཉིས་ཚུན་ཆད་ཉི་འོད་གསལ་ཞིང་འཇའ་ཚོན་གྱིས་དཀྲིགས། ཤག་གི་སར་འབྲི་ཁུང་གི་སི་དྷུ་ཡེ་ཤེས་རྒྱལ་མཚན་པས་མཇལ་སྟེ་མི་ཕྱེད་པའི་དད་པས་རབ་བྱུང་མཛད། བྱང་ཆུབ་ཏུ་སེམས་བསྐྱེད། སྨིན་གྲོལ་ལ་འགོད་པར་མཛད་སྟེ་གདན་ས་མཛད་ནས་ཕྱིས་སྤྱན་སྔ་ཉེར་གཉིས་པར་གྲགས། ཉིད་ཕུག་དུ་ཅུང་ཟད་བསྙུང་བ་ན་པོ་ཊ་ལར་སྤྱན་རས་གཟིགས་བཻ་ཌཱུརྻ་སྔོན་པོའི་ཁ་དོག་ཅན་གྱིས་བདུད་རྩིའི་རྒྱུན་གིས་དབང་བསྐུར་བ་གཟིགས་པས་དྭངས། ནོར་བཟང་གི་རྣམ་པར་ཐར་པའི་དགེ་བའི་བཤེས་གཉེན་རྣམས་གཟིགས་སྟེ་བསྡུས་དོན་གྱི་བསྟན་བཅོས་ཀྱང་མཛད། དགེ་བསྙེན་དྲག་འདུལ་གྱིས་གུས་པར་བཏུད། སྦོམ་ཉག་དུ་ཡང་ནག་པོའི་བསམ་གཏན་པ་དག་གིས་བྱས་པའི་རིགས་སྔགས་ཀྱི་ནུས་པ་ཕྱིར་ལོག་སྟེ་གཞི་མེད་དུ་ཚར་བཅད། ཡང་སྐུ་ཁམས་ཅུང་ཟད་མ་བདེ་བ་ན། ཡུད་ཙམ་མནལ་བ་ལས་བཞེངས་(པ༥༩བ)


PTT001_Page_0986
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན་ཤིན་དུ་བདེ་བར་གྱུར། ཇི་ལྟར་ལགས་ཞུས་པས། ངས་བྱ་ཁུངས་དུ་བྱས་སྟེ་བར་ཆད་རྩོམ་པའི་གདོན་རྣམས་འདབ་གཤོག་གིས་བརྡབས་པས་རི་འདི་ཡང་ན་བུན་ཆུང་ངུ་རླུང་གིས་དེད་པ་ལྟར་སོང་སྙམ་ཚེ་ནད་སོས་འདུག་གསུངས། ཅི་ཞིག་ན་ཅུང་ཟད་བསྙུན་པའི་ཚེ་ཐུགས་རྗེ་ཆེན་པོ་ཨིནྡྲ་ནཱི་ལའི་མདོག་ཅན་གྱིས་བུམ་པ་ལས་བདུད་རྩི་སྩོལ་བར་གཟིགས་སྟེ་ལེགས་པར་དྭངས་ནས་སྔར་བས་སྐུ་ཟོ་མདོག་བདེ་བར་གྱུར། མཚན་ཐོས་པས་ཡོན་ཏན་དཔག་མེད་འཐོབས་པའི་སངས་རྒྱས་བྱང་སེམས་མཐའ་དག་ལྷག་པར་གསལ་བར་གཟིགས་སྟེ་དེ་དག་གི་མཚན་སྒྲོག་པའི་སྲོལ་བཙུགས། སླར་ཀོང་པོའི་རྒྱལ་ཁམས་ཀྱི་ལྷ་མི་ཐམས་ཅད་ཀྱིས་སྤྱན་དྲངས་སྟེ་གཙང་པོའི་གནོད་པས་ཉེན་པའི་ཡུལ་དུ་མར་ཕྱག་ནས་དང་བདེན་ཚིག་མཛད་པས་ཆུ་བོ་ཡང་རྟ་ཅང་ཤེས་ལྟར་བཀའ་ཉན། ལྐོག་ཕྲེང་གི་ཉི་ཤར་མཐོན་པོའི་སྤོ་ལ་སོགས་པར་ཏིང་འཛིན་མཛད། ན་རིང་རིན་པོ་ཆེ་ལ་སོགས་སྐྱེས་བུ་དམ་པ་མང་དུ་འདུས་པ་ཆོས་ཀྱི་བདུད་རྩིས་ངོམས་པར་མཛད། ཙཱ་རིའི་གནས་ཅི་རིགས་པར་དུས་ཁྲོད་ཀྱི་གླིང་ཁྱད་པར་བ་སོགས་གནས་དུ་མ་ཞལ་ཕྱེ་ཞིང་ཁྱད་པར་ཐུགས་གྱི་ཙཱ་རི་དཔལ་མཚོ་དཀར་གྱི་གནས་སྔོན་རྗེ་རང་བྱུང་རྡོ་རྗེས་ཀློ་བོ་ནས་ཐེགས་པར་བརྩམས་པ་ལ་རྟེན་འབྲེལ་ཅུང་མ་འགྲིག་པས་སྒོ་སྲུང་ལ་སྐྱེ་བ་ཕྱི་མ་ཁྱོད་ཀྱི་སྟེང་དུ་བྱ་བབས་པ་ལྟ་བུ་ཞིག་བྱའོ་ཞེས་བཀའ་བསྩལ་པ་ཉིད་ཞལ་བཞེས་ལྟར་སྔར་སྐྱེ་བོ་སུ་ཡང་མི་རྒྱུ་བ་ཤར་རྨེ་མོ་གོང་གི་ལ་ཕྱེས་ནས་གནས་ཀྱི་སྙིང་པོར་ཕེབས། རང་བྱུང་གི་མཆོད་རྟེན་ཁྱད་པར་ཅན་གྱི་བང་རིམ་འོག་མ་ལ་ཞབས་རྗེས་བཀོད། འདི་ཡན་གུ་རུ་ཆོས་དབང་ལ་སོགས་པས་བྱོན་བྱ་བའི་གྲགས་པ་ཙམ་ལས་སྐྱེ་བོ་ཕལ་པས་མ་བགྲོད་པ་ལས་འདི་ཕྱིན་སྐྱེ་བོ་དག་གིས་བསྐོར་ཞིང་མཇལ་བ་དང་བསམ་གཏན་པ་མང་པོ་རྟག་དུ་གནས་པའི་སྒྲུབ་གནས་ཆེན་པོར་གྱུར་ཏོ། །དེ་ནས་སླེབ་རོམ་ཁྲོམ་ནག་གི་གནས་འཇིགས་སུ་རུང་བའི་གནས་སྒོ་(པ༦༠ན)


PTT001_Page_0987
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་མ་མ་བྱེད་བ་ཕྱེ་སྟེ་རིན་སྦུག་གི་གནས་སུ་ཕེབས། གཟིམས་ཁང་ཞིག་མཛད་པར་བཞེད་པ་ན་སྒམ་པོ་ལྷ་རྗེས་གནས་འདི་རྣམས་ཁྱེད་ལ་འབུལ། སྒྲུབ་ཁང་འདེབས་པ་ད་ལྟ་ཅུང་སྔས་པས་འདེབས་མི་གཞན་ཞིག་འོང་ཟེར་སྟེ་ཕྱིས་རྒྱལ་བ་ལོ་རས་ཀྱི་སྐྱེ་བ་གཙང་ཆེན་ཆོས་རྗེས་བཏབ་ནས་ཞྭ་དམར་ཅོད་པན་འཛིན་པ་བཞི་པ་ལ་ཕུལ་བ་ཡང་དེའི་རྟེན་འབྲེལ་དུ་སྣང༌། གདུལ་བྱའི་དབང་ཇི་ལྟ་བ་མཁྱེན་པས་རྣམ་ཐོས་ཀྱི་རི་བོར་བྱོན་སྟེ་སྲོག་ལ་ཉེན་པའི་སྐྱེ་བོ་མང་པོ་གཟིགས་ནས་བདེན་ཚིག་མཛད་པས་འཇིགས་པ་ལས་ཐར། སྤོ་བོའི་ལམ་གྲེ་མོ་སྒྲུ་སོའི་ཆུ་ཆེན་ལ་ཟམ་པ་མཛད་ཚེ་ས་གཡོས་ཆེན་པོ་དང་འཇིགས་སུ་རུང་བའི་སྒྲ་སྐད་སོགས་བྱུང་བ་ཟིལ་གྱིས་མནན། སྐྱེས་བོས་གང་བའི་གྲུ་ཆུས་ཁྱེར་སྟེ་རྦ་ཀློང་ཆེན་པོར་ནུབ་ཏུ་ཆ་བ་ལ་རྗེ་བཙུན་མ་སྒྲོལ་མས་འདི་དག་ཆུའི་འཇིགས་པ་ལས་བསྐྱབ་ཏུ་གསོལ། ཞེས་གསུངས་པའི་མོད་ལ་གྲུ་སླར་ལོག་སྟེ་སྐམ་སར་ཐོན། རྗེ་གོང་མའི་ཞལ་བཞེས་ལྟར་སྤོ་བོའི་ཕུར་རྨ་ཀུར་ལུང་མཁའ་འགྲོའི་གནས་ཀྱི་སྒོ་ཕྱེ། ཀརྨ་ལ་སོགས་པའི་མདོ་སྟོད་ཅི་རིགས་པར་བྱོན་སྟེ་ཞལ་བཀོས་སུ་འོས་པ་མཛད་ནས་ངེད་དང་ཡང་མྱུར་དུ་འཕྲད་བར་བགྱིའོ་ཞེས་གསུངས་པས་དཔྱོད་ལྡན་དག་ཐེ་ཚོམ་དུ་གྱུར། འཛམ་གླེ་མཚོ་ཁར་འབྲི་ཁུང་རིན་པོ་ཆེ་ཆོས་ཀྱི་རྒྱལ་པོ་དང་དཔོན་སློབ་སླར་ཡང་མཇལ་སྟེ་ན་རོ་ཆོས་དྲུག་ལ་སོགས་པའི་ཟབ་ཁྲིད་དུ་མས་ཐུགས་ཚིམ་པར་མཛད། ཚོགས་སུ་དཔག་བསམ་འཁྲི་ཤིང་སོགས་གནང༌། རིམ་གྱིས་ཀོང་པོའི་གདུལ་བྱ་རྣམས་ལ་མཐའ་མའི་འཕྲིན་ལས་མཛད་སྟེ་ཤུ་དིང་ཐང་གི་འཕྲང་སྟོད་དུ་ཕེབས་པ་ན་ཆིབས་ཁ་ཐེན་མཛད་སྟེ་སློབས་དཔོན་ཆེན་པོ་གུའི་གུང་པ་ལ་གཟིགས་ནས་ཉང་བདམ་ལ་ཕྱག་མཛུབ་གཏད་སྟེ་སང་ད་གཟོད་རི་ཕ་གིའི་མགུལ་ནས་མི་གྲགས་པ་ཅན་ཞིག་འོང་བ་ཡིན་གསུངས། ཞོ་ཁར་ཕེབས་ནས་འཕན་ཆེན་མོ་དང་ཕྱག་དཔེ་རྣམས་ལ་བཀུར་བསྟི་ཆེར་མཛད། འདིར་མེའི་གནོད་པ་བྱུང་(པ༦༠བ)


PTT001_Page_0988
[མ་དཔེ་གཟིགས་ན་འདིར་གནོན།]

དོགས་ཡོད་པས་ཟོན་ཆེན་པོ་གྱིས་གསུངས་ནས་མ་འོངས་པ་ལུང་བསྟན། སྔར་མེའི་གནོད་པ་ལན་གསུམ་བྱུང་ཡང་འཕན་ཆེན་ལ་མ་གནོད། བྱང་གི་ས་གཙང་ས་ཞིག་དུ་འགྲོ་མེ་ཤིང་དཀོན་པོ་བྱུང་དོགས་ཡོད་པས་ཤུག་པ་ཤོགས་ལ་ཁྱེར་གསུང་བ་དང༌། ཆོས་རྗེ་གོང་མའི་གདུང་གན་ནས་ཙན་དན་དང་ཨ་ཀ་རུ་ཤིང་རྟ་གང་གིས་བཞུ་བར་འདུག །བོད་དུ་ཙནྡན་གྱི་དོད་ཤུག་པ་ཡིན་པས་ཁྱེར་གསུངས་པ་དང༌། ཙནྡན་དང་ཨ་ཀ་རུ་སོགས་སུ་ལ་མཁོ་མི་ཤེས་པས་ཐམས་ཅད་ཀྱིས་ཅི་རྙེད་ཟུང་གསུང་བ་སོགས་བཀའ་བསྩལ་སྟེ་བྱང་ལམ་དུ་ཆིབས་ཁ་བསྐྱོད་ཏོ། །དག་པའི་གཟིགས་སྣང་མཐའ་ཡས་པ་ཤར་བ་དང་དེས་རྐྱེན་བྱས་སྟེ་བསྟོད་པ་དང་བསྟན་བཅོས་ཁྱད་པར་ཅན་མང་དུ་མཛད་པ་དང་རྡོ་རྗེའི་མགུར་དུ་མ་གསུངས་པ་སོགས་ནི་བརྗོད་ཀྱིས་མ་ལང༌། བསྟན་བཅོས་དང་སྙན་ངག་ཐམས་ཅད་ཀྱང་དོན་བཟང་པོ་ཚིག་འབྲུ་བཟང་པོ་ཉམས་དང་རྣམ་འགྱུར་དུ་མ་ཅན་རྗེ་འདིས་མཛད་པ་ལྟ་བུ་ནི་བོད་ཀྱི་མཁས་པ་གཞན་སུ་ལ་ཡང་མི་སྣང་ངོ༌། །སྔོན་དགུང་ལོ་དགུ་པའི་དུས་བསྙུང་བ་ན་གསོལ་བ་བཏབ་པས་ཁོ་བོ་བུད་མེད་ལ་སོགས་ཡོད་སར་མི་འཆི་ད་གདོད་ས་གཙང་ས་ཞིག་དུ་འཆི་བ་ཡིན་གསུང་བ་དང༌། རྫ་ཨ་བན་གངས་ཀྱི་ཞོལ་དུ་བསྙུང་བ་ན་ཡང་ཁྱེར་རང་རྣམས་སེམས་ཁྲལ་མི་འཚལ། ད་གཟོད་ཤ་རྒྱང་མང་པོ་འཕྱོ་བ་ཞིག་དུ་ཁམས་བཟང་ངན་བྱུང་ན་དཔེ་ཆ་རྣམས་མ་འཐོར་བ་བྱེད་དགོས་པ་ཡིན་ཞེས་སྔོན་ནས་བཀའ་བསྩལ་བ་ལྟར་བྱང་ཕྱོགས་ཐག་རིང་པོའི་ས་སྤང་རི་ལེགས་ཤིང་གཙང་བ་ཞིག་གི་དྲུང་དུ་ཕེབས་པ་ན་འོ་སྐོལ་འདིར་སྡོད། རི་འདིའི་རི་རྩེར་དགེ་སློང་གཙང་མ་ཞིག་གི་པུར་བཞུ་ན་བོད་ལ་རྒྱའི་དམག་མི་ཡོང་བ་ཡིན་གསུངས་ནས་གདན་ཕབ། རྙིགས་དུས་ཀྱི་སེམས་ཅན་རྨུ་རྒོད་རྣམས་ལེགས་པའི་ལམ་བསྟན་ཡང་མི་འཇུག་པར་འདུག །སྐྱོ་བ་སྐྱེད་པའི་ཐབས་འདྲ་བྱས་ན་ཕན་ནམ་ཞེས་སྔར་ནས་ཚོགས་དབེན་དུ་མར་གསུངས། དགུང་ལོ་ཞེ་བཞི་པ་ཆུ་(པ༦༡ན)


PTT001_Page_0989
[མ་དཔེ་གཟིགས་ན་འདིར་གནོན།]

ཕག་གི་ཟླ་བ་བདུན་པའི་ཚེས་གསུམ་ནས་སྐུ་ཁམས་ཅུང་ཟད་མ་སྙོམས་པར་བསྟན་པ་ནས་ས་ཡང་ཡང་དུ་གཡོས། འཇའ་ཚོན་དང་མེ་ཏོག་གི་ཆར་རྒྱུན་མ་ཆད། བཅོ་ལྔའི་མཚན་མོ་སྐུ་གསུང་ཐུགས་རྟེན་ལ་བསྐོར་བ་ལྔ་བཅུ་རྩ་གཉིས་མཛད་སྟེ་ཐོ་རེངས་ཀྱི་ཚེ། བྱམས་ཆེན་འཇམ་དཔལ་དབྱངས་དང་ཀུན་དུ་བཟང༌། །སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་ལ་སོགས། །ཅེས་ཡང་ཡང་དུ་གསུང་ཞིང་དེ་དག་དང་གཉིས་སུ་མེད་པར་ཆོས་ཀྱི་དབྱིངས་སུ་ཞུགས་སྟེ་དེའི་ཚེ་རི་དྭགས་དཔག་མེད་འདུས་ནས་བསྐོར་བ་བྱེད། རི་རྩེ་དེར་གདུང་སྦྱངས་པའི་ཚེ་ཕྱོགས་ཐམས་ཅད་ནས་བལྟ་བར་བྱེད་ཅིང་དེར་པུར་ཁང་གི་ས་རྡོ་རྣམས་ལས་མཆོད་རྟེན་བྱས་པ་དེང་སང་ཡང་རི་དྭགས་རྣམས་ཀྱིས་རྟག་དུ་བསྐོར་བ་བྱེད་པ་ཅིག་འདུག་པར་ཐོས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བསྒོས་པའི་སྐུ་གདུང་ཆོས་སྐུའི་རྟེན་དང་གཟུགས་སྐུའི་རྟེན་སྣ་ཚོགས་པའི་དབྱིབས་ཅན་རྣམས་ནི་ནང་ཨ་ཀ་རུ་དང་ཕྱི་དངུལ་བྲེ་ཆེན་བརྒྱད་བཅུ་ལས་བསྒྲུབས་པའི་མཆོད་རྟེན་ལ་སོགས་པ་སློབ་དཔོན་ཆེན་པོས་ཕྱག་ལེན་དུ་ཐེབས་པར་མཛད་སྟེ་དེ་ལ་སོགས་པ་སྐྱེ་འགྲོའི་བསོད་ནམས་ཀྱི་ཞིང་རྒྱ་ཆེར་དཔེལ་ལོ། །བུ་སློབ་ཀྱང་ཀུན་སྤང་ཀུན་དགའ་དོན་གྲུབ། འབྲི་ཁུང་ཆོས་ཀྱི་རྒྱལ་པོ། ལྷོ་རིན་པོ་ཆེ་གྲགས་པ་ཡོན་ཏན། རྗེ་བཙུན་ནགས་མགོ་བ། རི་མགོ་བ། ཤར་པ། མཚོ་དཀར་མོ་བ། བྱམས་ཆོས་པ་བྱང་ཆུབ་རྒྱལ་མཚན། དཔལ་མཁའ་སྤྱོད་དབང་པོ་སོགས་སྐྱེས་ཆེན་མཐའ་ཡས་པ་བྱོན་ལ། ཁྱད་པར་སློབ་དཔོན་ཆེན་པོ་གུའི་གུང་པ་རིན་ཆེན་དཔལ་ནི་རྗེ་རང་བྱུང་རྡོ་རྗེ་སྟོད་ལུང་མདའི་ནེ་ཐང་ལ་སྒར་བཞུགས་ཚེ་བྱིས་པ་དུ་མ་ལྕི་བ་འཐུ་ཞིང་རྩེ་བའི་ཚེ་གཟིམས་ཁྲི་ཞིག་ཤོར་བས་གཞན་ཐམས་ཅད་གར་འགྲོ་མ་རྙེད། བྱིས་པ་གཅིག་གིས་མེ་ཤིང་འཐུ་བའི་སྣོད་ཙེ་པོ་ཁ་སྦུབ་པའི་འོག་དུ་ཞུགས་སྟེ་ཐག་པ་ནང་ནས་བཟུང་བས་ཁྱིས་བསྐོར་ཡང་(པ༦༡བ)


PTT001_Page_0990
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་མ་རྙེད་པས་ལོག་ཐམས་ཅད་ཡ་མཚན་དུ་བྱས། དེ་དྲུང་གིས་ཕ་མ་ལ་བཀའ་ལུང་གནང་བས་ཕུལ་སྟེ་ལུགས་གཉིས་ཀྱི་མཁྱེན་པ་སུས་ཀྱང་གཞལ་དུ་མེད་དྲུང་ན་རིམ་གསུམ་གྱི་གུའི་གུང་པ་མཛད་སྟེ་ཕྱག་རྗེས་མཐའ་ཡས་རྒྱ་ཧོར་གྱི་རྒྱལ་བུ་མི་ཆེན། བོད་ཀྱི་དཔོན་ཆེན་ཁྲི་དཔོན་སི་དྷུ་སོགས་ལས་ཀ་ཅན་ཐམས་ཅད་ཀྱིས་རྩོད་མེད་དུ་བཀུར། མཚན་སློབ་དཔོན་ཆེན་པོ་ལས་གཞན་ནས་མི་འབོད། ཀརྨ་པའི་བསྟན་པ་ལ་སློབ་མས་བྱ་བ་བྱས་པ་ལ་འདི་ཆེ་བ་ཡིན། ལོ་ཚོགས་ངེས་པ་ཅན་མ་རྙེད་ཀྱང་རྗེ་རང་བྱུང་བའི་སྐུ་ཚེའི་སྒང་སྨད་ནས་མཇལ་སྟེ་ཕྱིས་རྗེ་དེ་བཞིན་གཤེགས་པ་དང་མཇལ་ཞིང་གསུང་ཆོས་ཀྱང་མང་དུ་ཕུལ་བར་སྣང་ངོ༌། །མཁས་པ་ཆེན་པོ་ཀརྨ་པ་དཀོན་གཞོན་ནི་རྗེ་རང་བྱུང་བའི་ཞབས་ལ་ཐུག་ཙམ་དང་གཙོ་བོར་རྗེ་རོལ་བའི་རྡོ་རྗེའི་སློབ་མ་ཡིན། གསང་ཕུར་མཚན་ཉིད་སྦྱངས། བོད་ཀྱི་སྟོན་པ་ཅིག་ལ་མཁས་པར་གྲགས། རེད་མདའ་པ་གཞོན་ནུ་བློ་གྲོས། ལོ་ཆེན་སྐྱབས་མཆོག་བཟང་པོ། ཙོང་ཁ་པ་བློ་བཟང་གྲགས་པ་རྣམས་འདུས་ནས་གནམ་ཙིང་ལྡེང་གི་ཆོས་འཁོར་དུ་གྲགས་པ་མཛད་ཚེ་ཆོས་འཁོར་གྱི་གྲལ་དཔོན་མཛད། མཁན་ཆེན་གཡག་པ་དང་ཀུན་མཁྱེན་རོང་པོས་ཀྱང་བྱམས་ཆོས་ཕྱི་མ་རྣམས་གཙོ་བོར་འདི་ལས་གསན། སྤྱིར་མཚུར་ཕུའི་ཀརྨ་དེ་མགོར་བཞུགས་པ་ཡིན་ནོ། །དེ་ལྟར་སློབ་མའི་ཐུ་བོ་བསམ་གྱིས་མི་ཁྱབ་ཀྱང་བསྟན་པའི་སྲོག་ཤིང་འཛིན་པའི་བཀའ་རྒྱུད་ཀྱི་གྲལ་ལ་བཞུགས་པ་ནི་དཔལ་མཁའ་སྤྱོད་དབང་པོ་སྟེ་དེ་ཡང་ཐུན་མོང་གི་གདུལ་བྱའི་ངོར་ནི་དཔལ་ལྡན་བླ་མ་ཀརྨ་པ་ཉིད་རྣལ་འབྱོར་གྱི་དབང་ཕྱུགས་སུ་པ་ཀིརྟི་དང་མེ་ཏོག་མ་ཤེས་རབ་བཟང་མོ་ལ་སོགས་པར་གྱུར་པའི་ཚེ་རྨ་བྱའི་ཕྲུ་གུ་དང་ཆར་རླུང་གིས་བདས་པའི་བུང་བ་དང་ནགས་ཁྲོད་ཀྱི་སྟག་ཕྲུག་དང་རི་དྭགས་ཀི་ཕྲུ་གུ་རྔོན་པས་གཙེས་པ་སོགས་ལས་སྲོག་བསྐྱབས་ཅིང་ངན་འགྲོ་ལས་དྲངས་པ་མང་པོ་དང༌། དེ་ལྟ་བུའི་ཚུལ་གྱིས་སྐྱེ་བ་མཐའ་(པ༦༢ན)


PTT001_Page_0991
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་པར་ཐུན་མོང་མ་ཡིན་པའི་དཔོན་སློབ་ཏུ་བྱུང་སྟེ་ཡང་དག་པའི་ལམ་བསྟན་པས་སྤངས་རྟོགས་རིམ་གིས་རྫོགས་པ་དཔོན་སློབ་མཆོག་དམན་གྱི་རྣམ་པར་བསྟན་པ་སྟེ་དྲིན་མང་ཐུགས་རྗེའི་ལྕགས་ཀྱུ་ལས་གསུངས་པ་ལྟར་དང༌། ཁྱད་པར་ཏེ་ལོ་པ་དྷ་རི་མའི་ཁོལ་པོ་མཛད་པས་ཡུལ་ཁམས་དེ་བཏུལ་བ་ན་དེའི་ཁོལ་པོ་དགའ་བ་ཞེས་བྱ་བར་གྱུར་སྟེ་སྐད་ཅིག་གིས་གྲོལ་བ་དང༌། ན་རོ་པའི་སློབ་མ་བྲམ་ཟེ་ཀུན་རིག་དང༌། རྒྱ་གར་ཕྱག་ནའི་སློབ་མ་བལ་པོའི་གཞོན་ནུ་གསང་ཚོལ་དུ་གྱུར་སྟེ་སངས་རྒྱས་ཀྱི་སྤྲུལ་པ་མཐོང་བར་འགྱུར་རོ་ཞེས་ལྷས་བསྐུལ་ནས་བོད་དུ་འོངས་པས་རྗེ་བཙུན་མི་ལ་དང་མཇལ་སྟེ། ཁྱོད་ནི་ཁ་བ་ཅན་ལྗོངས་འདིར། །ཡང་ཡང་སྐྱེ་ཞིང་ཆོས་སྤྱོད་སྟེ། །མི་ལས་འདས་ཀྱང་མི་གཟུགས་ཀྱིས། །འགྲོ་བ་འདྲེན་པ་རྣམས་དང་ཕྲད། །ཅེས་སོགས་ཀྱི་ལུང་བསྟན་ཐོབ། དབུར་སྟོད་དུ་བཀའ་གདམས་ཀྱི་སྟོན་པ་ཚུལ་ཁྲིམས་དཔལ་དུ་གྱུར་སྟེ་སྒམ་པོ་པའི་སློབ་མར་གྱུར་ཅིང་རྗེ་དུས་མཁྱེན་ལ་དད་པ་ཐོབ། སོ་བདུན་ལ་གཤེགས། དེ་ནས་རུ་མཚམས་སུ་འཁྲུངས་སྟེ་ལོ་བརྒྱད་དགུ་ནས་རྗེ་དུས་མཁྱེན་དང་མཇལ་ཞིང་ཤིན་དུ་མཉེས་མཚན་ན་མཁའ་འོད། ལོ་བཅུ་བདུན་ལོན་ཚེ་ཆོས་རྗེ་ཁམས་སུ་བྱོན་རིང་ཇོ་མོ་གངས་དང་སེ་མོ་དོ་ལ་སོགས་པར་སྒྲུབ་པ་མཛད། ཆོས་རྗེ་དོན་བདུན་བཞེས་པ་མཚུར་ཕུར་ཕེབས་ཚེ་གདམས་ངག་ལྷག་མ་རྣམས་གསན་ཞིང་བསྟེན། གཤེགས་རྗེས་ལོ་བཅུ་བདུན་དུ་སྒྲུབ་པ་མཐར་བསྐྱལ་སྟེ་རེ་བདུན་ལ་གཤེགས། མདོ་ཁམས་སུ་འཁྲུངས་སྟེ་སྟག་ལུང་སྐུ་ཡལ་བ་ཆེན་པོ་དང་སངས་རྒྱས་ཡར་བྱོན་བསྟེན། མཚན་བཀྲ་ཤིས་གྲགས། སྤྱིར་རྫུ་འཕྲུལ་ལས་གཡག་རུ་རས་པ་གྲགས། སྟག་ལུང་གླིང་དུ་སྒྲུབ་པ་རྩེ་གཅིག་དུ་མཛད་ཚེ་གྲུབ་ཐོབ་ཀརྨ་པག་ཤི་བྱོན་ནས་རྟོགས་པའི་བོགས་བཏོན་ཁྱོད་སྐྱེ་བ་ཐམས་ཅད་དུ་ངའི་སློབ་མ་ཡིན། ད་དུང་ཁོ་བོས་རྗེས་སུ་འཛིན་པར་འགྱུར་རོ་གསུངས། སྒྲུབ་(པ༦༢བ)


PTT001_Page_0992
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངང་ནས་གྱ་གསུམ་ལ་གཤེགས་སྟེ་ཤ་གྲགས་སེང་དུ་འཁྲུངས་པ་ཡིན་ལ་གཞན་ཡང་དཀའ་ཐུབ་སྤྱོད་པ་སྒྲིབ་འཛིན་དང༌། གྲུབ་པའི་གནས་རྣམས་སུ་རྒྱུ་བ་མིས་བྱིན་དང༌། ཆུ་ལ་མི་བྱིང་བ་དྲིལ་འཛིན་དང༌། ཉི་མ་འཆིང་བར་ནུས་པའི་མཁའ་གྲོལ་དང༌། མཚན་མོ་མེད་སྣང་བ་ཀུན་དུ་རྒྱུ་གོས་མེད་དང༌། གངས་ཁྲོད་དུ་རླུང་གིས་འཚོ་བ་སྤྱོད་པ་བ་ལ་སོགས་པ་སྔོན་གྱི་ཚུལ་དུ་མ་སྐྱེས་བ་སྔ་འགྲེལ་དུ་གསུངས་སོ། ཅུང་ཟད་སྐལ་བ་མཆོག་གི་གདུལ་བྱ་ལ་ནི་སྔོན་གྱི་སངས་རྒྱས་དུ་མར་བསྟན་ཞིང་ད་ལྟར་ལོངས་སྐུའི་ཞིང་ན་རྒྱལ་བ་གར་གྱི་དབང་པོར་མྱ་ངན་ལས་འདའ་བ་མེད་པར་བཞུགས་པ་དང་སྐུའི་བཀོད་པ་ནི་མཐའ་ཡས་པ་གསུངས་སོ། །ཤིན་དུ་སྐལ་བ་མཆོག་གི་ངོར་ནི་དཔལ་ལྡན་བླ་མ་རིགས་ཀྱི་བདག་པོ་ཀརྨ་པ་ཉིད་དང་སྐུ་གསུང་ཐུགས་ཐ་མི་དད་པ་བརྙེས་པ་སྟེ་རྣམ་ཐར་དགོངས་པ་ལུང་སྟོན་ལས། ལུང་བསྟན་སྐྱེས་བུ་རྣམ་གཉིས་དང༌། །དབྱེར་མེད་རང་བྱུང་རྡོ་རྗེ་ང༌། །ཞེས་རྗེ་རོལ་བའི་རྡོ་རྗེ་དཔོན་སློབ་གཉིས་ལ་ལུང་བསྟན་སྐྱེས་བུ་རྣམ་གཉིས་སུ་བསྟན་ནས་ཉིད་དང་ཐ་མི་དད་པར་ཞལ་གྱིས་བཞེས་པ་དང༌། ཡང་རིན་པོ་ཆེ་ཀརྨ་པས། ཁོ་བོ་སྐྱེ་བ་ཉིད་ཤུ་རྩ་གཅིག་དུ་བྱམས་པའི་བསྟན་པ་རྒྱས་པར་བྱེད་ཏོ་ཅེས་གསུངས་པ་དཔལ་མཁའ་སྤྱོད་པ་ཉིད་ཀྱིས་ཞྭའི་བརྡ་སྟོན་དུ་ཞྭ་དམར་གྱི་ཅོད་པན་འཛིན་པ་ཉིས་ཤུ་རྩ་གཅིག་དུ་བསྟན་པ་ཡིན་ནོ། །དེ་ལས་ཞྭ་དམར་གྱི་ཅོད་པན་འཛིན་པ་དང་པོ་རྟོགས་ལྡན་ཆེན་པོ་གྲགས་པ་སེང་གེ་ནི་མདོ་སྨད་བུམ་འབོར་གྱི་ཡུལ་ཤ་འབུ་ལམ་ཤའི་ཡུལ་དུ་གདུང་དབྲང་གུ་ཡབ་སྟག་ཆུང་དང་ཡུམ་དབྲ་རྒོད་བཟའ་ལས་ཆུ་ལུག་ལ་བལྟམས། ཡུམ་དེ་ཡེ་ཤེས་ཀྱི་མཁའ་འགྲོ་ཡིན་པར་རྟོགས་ལྡན་རིན་པོ་ཆེ་ཉིད་ཀྱིས་གསུངས། དགུང་ལོ་ལྔ་ནས་སྒྲོལ་མ་དང་རྟ་མགྲིན་གྱི་ཞལ་གཟིགས་ཤིང་མངོན་པར་ཤེས་པ་མངའ། སྟག་ལུང་ཐང་པ་དང་བླ་མ་སྦས་སོགས་སྔོན་གྱི་འདྲེན་པ་དུ་མ་གཟིགས། བཅུ་གསུམ་ལ་རྫ་(པ༦༣ན)


PTT001_Page_0993
[མ་དཔེ་གཟིགས་ན་འདིར་གནོན།]

ཁོལ་བའི་སློབ་མ་བློ་གྲོས་གྲགས་ལས་དགེ་བསྙེན་མཛད། གཤིན་རྗེ་ཁ་ཐུན་ལ་བཟླས་པ་མཛད་པས་ནུས་པ་ཐོན། རྗེ་དུས་མཁྱེན་གྱི་དངོས་སློབ་རྒྱ་ཕོ་བ་ལུང་པའི་སློབ་མ་བླ་མ་ཡེ་ཤེས་སེང་གེ་ལ་ལོ་བཅུ་བདུན་ལོན་པའི་ཚེ་མཇལ་ནས་རབ་ཏུ་བྱུང༌། དབང་གདམས་ངག་སྐྱེད་རྫོགས་མང་དུ་གསན། གཏུམ་མོ་བསྒོམས་པས་དྲོད་ཆེན་པོ་སྐྱེས་རས་རྐྱང་མཛད་པས་དབྲང་གུ་རས་པར་གྲགས་བེར་ནག་ཅན་ཞལ་གཟིགས་སྟེ་དབུས་སུ་སོང་ཞིག་གསུངས། ཐོས་བསམ་ཡང་མཛད་པར་བཞེད་སྟེ་ཡབ་ཀྱིས་མ་གནང་ཡང་ཡོ་བྱད་བསྣམས་གསངས་སྟེ་བྱོན་པས་སོག་གི་ཆུ་ཁར་མནལ་ལམ་དུ་བེར་ནག་ཅན་གྱིས་ངས་གྲོགས་བྱའོ་ཟེར་བ་བྱུང༌། ལོ་ཉེར་དྲུག་པ་ས་སྤྲེ་ལ་མཚུར་ཕུར་རྟ་སྒ་ཕོག་འདི་དུས་རྗེ་རང་བྱུང་པ་ཀོང་པོ་ན་བཞུགས་དུས་ཡིན། སློབ་དཔོན་ཚུལ་རིན་ལ་གསང་འདུས་གསན། གནམ་བར་གྱི་དབུ་མ་པ་ལ་བདེ་དགྱེས་དང་ཡོ་ག་གསན་ཞིང་མཁྱེན། རྒྱ་བྲག་པ་ལ་ཞི་བྱེད་གསན་དད་པ་ཐོབ། གསང་ཕུར་བྱོན་འཇམ་དབྱངས་ཤཱཀ་གཞོན་དང་ཟུར་ཆོས་པ་བློ་གྲོས་མཚུངས་མེད་ལས་ས་སྡེ་ལྔ་བྱམས་ཆོས་ལྔ་ཚད་མ་བསྡུས་འབྲིང་སྤྱོད་འཇུག་རྣམས་མཁས་པར་སྦྱངས། དབུས་གཙང་ན་ཕར་ཕྱིན་མཁས་པའི་གྲགས་པ་ཐོབ། ཉེར་བརྒྱད་པ་ལྕགས་ཁྱི་ལ་རྗེ་རང་བྱུང་བ་ཚལ་པ་དགའ་བདེ་གཤེགས་པའི་ཆོས་འཁོར་གྱི་གྲལ་དབུ་མཛད་པའི་ཚེ་ཐོག་མར་མཇལ་བས་མི་ཕྱེས་པའི་དད་པ་ཐོབ། ལོ་བདུན་དུ་སློབ་གཉེར་མཛད། སྒོས་སར་རྙིང་གི་ཆགས་སྡང་ལ་སྐྱོ་བ་སྐྱེས་སྟེ་ཆོས་རྗེ་རིན་པོ་ཆེ་དཔོན་སློབ་བཅུ་ཙམ་མཛད་ནས་སྐུངས་ན་བཞུགས་པའི་དྲུངས་དུ་བྱོན། མདང་བེར་ནག་ཅན་སླེབས་བྱུང་ཁྱོད་ལ་ཆོས་སྐྱོང་འཁོར་བར་འདུག་གསུངས། དེ་ལོ་ཚེས་རྗེས་མཚུར་བདེ་ཆེན་བཏབ། ཆོས་དྲུག་གི་ཁྲིད་ཞུས་ནས་སེང་གེ་ལུང་དུ་རྩེ་གཅིག་དུ་བསྒོམས་པས་དྲོད་རྟགས་དཔག་མེད་ཤར། སེམས་ཏིང་ངེ་འཛིན་གར་གཏད་(པ༦༣བ)


PTT001_Page_0994
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྡོད། ཡི་དམ་ཆོས་སྐྱོང་གི་དག་སྣང་མཐའ་ཡས་དགུན་བདེ་ཆེན་དུ་བསྒོམས་པས་སྒྱུ་ལུས་རྨི་ལམ་ལ་རྩལ་ཐོན་སྟོད་ཧོར་གྱི་དམག་མཚོ་མ་ཕམ་ནས་ལོག་པར་གཟིགས། རྨི་ལམ་དུ་ཨོ་ཌྱན་གྱི་གནས་དང་རྡོ་རྗེ་རྣལ་འབྱོར་མ་ཡང་ཡང་གཟིགས་ནས་འབྱོན་པར་ཞུས་པས་ཉམས་མྱོང་གི་རྟ་རྒོད་བྱ་བ་མཚར་གསུངས། ཆོས་རྗེ་རིན་པོ་ཆེ་སྙེ་མོར་བྱོན་པའི་ཕྱག་ཕྱི་ནས་གཙང་ལ་བྱོན་སྟེ་གྲུབ་ཐོབ་ཀརྨ་པག་ཤིའི་གསོལ་ཇ་བ་ཕྱིས་ཇོ་ནང་གི་གདན་ས་མཛད་པ་བྱང་སེམས་ཆེན་པོ་རྒྱལ་བ་ཡེ་ཤེས་དང་མཇལ་དུས་འཁོར་གྱི་དབང་གོང་མ་དང་སྦྱོར་དྲུག་ཞུས་སྔོན་གྱི་ཉམས་མྱོང་ཕུལ་བས་སོར་བསམ་སྲོག་འཛིན་གྱི་ཡོན་ཏན་མཐར་ཕྱིན་ནས་རྗེས་ཏིང་གི་དུས་ལ་སླེབས་འདུག་གསུངས། མནལ་ལམ་དུ་སྒྲོལ་མས་ཨོ་ཌྱན་དུ་མི་ཐོན་གསུངས། བྱང་སེམས་ཆེན་པོས་ཀྱང་ད་རྒྱ་གར་གྱི་བསྟན་པ་ནུབ། ཏུ་རུཥྐའི་བར་ཆད་འོང་བས་ཨོ་ཌྱན་ལ་མ་འབྱོན་གསུངས་བས་སྤྲོས་པ་བཅད། ཤོང་ལོ་ཙཱ་བ་བློ་གྲོས་བརྟན་པ་ལ་དོན་དམ་བསྙེན་པ་དང་སྒྲུབ་ཐབས་རྒྱ་མཚོ་ཞུས། དངོས་རིག་གི་རྣལ་འབྱོར་པ་བཟང་པོ་ཞིག་ལ་གདམས་པ་འགའ་གསན། ལོ་གསུམ་རྫོང་དྲུག་རྣམས་སུ་གནས་སྒོར་དང་སྒྲུབ་པ་སྤེལ། རྗེ་བཙུན་མི་ལ་དང་རྒོད་ཚང་བ་སོགས་མནལ་ལམ་དུ་མཇལ། སྐྱི་རོང་གི་བར་བྱོན། བལ་རས་སྙི་སྟོན་ཆེན་པོ། གྲུབ་ཐོབ་རིང་མོ། མཁས་བཙུན་བསོད་ནམས་འོད་ཟེར། གྲུབ་ཐོབ་འདམ་ཞིག་ཨོ་ཌྱན་པའི་སྤྲུལ་སྐུ་སོགས་མཇལ། ཤྲཱི་རིར་ཆོས་རྗེ་རིན་པོ་ཆེས་ཇོ་མོ་གངས་སུ། གསོད་དང་སྐལ་ལྡན་གྲགས་སེང་ཁྱོད། །ན་མཁའ་འདི་ལ་ཕར་བལྟས་པས། །ལྟ་བ་རྐྱེན་ཐུབ་ཏུར་གྱིས་དྲན། །ཞེས་སོགས་ཀྱི་མགུར་གསུངས་པ་གསན། ཕྱིས་མཇལ་དུས་ཞུས་པས་ཤིན་དུ་མཉེས། སླར་བདེ་ཆེན་དུ་ལོ་ལྔར་སྒྲུབ་པ་མཛད། མཁན་པོ་གཞོན་ནུ་བྱང་ཆུབ་དང་སློབ་དཔོན་བཀྲ་ཤིས་རིན་ཆེན་སོགས་ལས་བསྙེན་པར་རྫོགས། སྔོན་ལ་སྟོད་དུ་བསྙུང་དུས་ཆོས་རྗེ་རིན་པོ་ཆེ་བྱོན་ནས་ཨ་རུ་ར་ཞིག་(པ༦༤ན)


PTT001_Page_0995
[མ་དཔེ་གཟིགས་ན་འདིར་གནོན།]

ཐོང་དང་ཕན་པར་འགྱུར་རོ་གསུང་བས་དེ་ཁོ་ན་བཞིན་དུ་གྱུར། མནལ་ལམ་དུ་སྒམ་པོར་བྱོན་རྗེ་སྒམ་པོ་བ་མཇལ་བས་སྟོན་པ་ཚུལ་ཁྲིམས་དཔལ་ཕྱིན་གྱི་སྐྱེ་བ་གསལ་བར་དྲན་ཞིང་དེའི་མགུར་མཛད། ཆོས་རྗེའི་ཞལ་ནས་འོ་སྐོལ་ལ་མཐུ་བྱེད་མི་འདུག་པས་རྟོགས་ལྡན་རྣམས་ཀྱི་སྐུ་རིམ་མཛོད་གསུངས་སྟེ་སོ་སོས་སྐུ་རིམ་ཐ་དད་མཛད་རྗེ་འདི་དང་རྟོགས་ལྡན་ཚུལ་བློས་གཤིན་རྗེའི་ཟློག་པ་མཛད་པས་ཟླ་གཅིག་ཙམ་ན་ལ་སྟོད་མན་འོད་གསལ་གྱི་ངང་དུ་གསལ་ལམ་གཟིགས་པ་ལས་སྔགས་དགོན་ཞིག་ན་མོན་བུ་མང་པོ་ཀུ་ལྷང་ལྷང་ངུ་བ་གཟིགས། ཕྱི་ཉིན་དེ་སྐད་ཞུས་ལྟ་རྟོགས་པ་བཏང་བས་མཐུ་བྱེད་རྣམས་ལ་དམར་ནད་བྱུང་སྟེ་སྔགས་པ་རྣམས་འདས་འདུག་སྐད། ཆོས་རྗེ་རིན་པོ་ཆེ་སྐུ་ཁམས་དྭངས། རྗེ་བཙུན་མའི་སྒྲུབ་པ་མཛད་ཚེ་ཆང་ཕུད་དྲི་རོ་ནུས་ལྡན་གྱི་གོང་བུར་གྱུར་པ་དང་གཏོར་མ་ལ་མར་གྱི་རྒྱན་རང་རྡོལ་བ་སོགས་བྱུང༌། ཆོས་རྗེ་རིན་པོ་ཆེ་རྒྱ་ཡུལ་དུ་སྔ་མ་སྤྱན་འདྲེན་པ་དང་ཕྱི་མའི་ཚེ་སྐུ་འདའ་བ་སོགས་ཇི་ལྟ་བ་མནལ་ལམ་དུ་གཟིགས་སྟེ་ཅུང་ཟད་གསུངས། ནུབ་གཅིག་ལ་སངས་རྒྱས་སུམ་བཅུ་རྩ་ལྔའི་ཞིང་སྦྱོང་བ་དང་ཡུལ་ཉེར་བཞིར་རྣལ་འབྱོར་མའི་བཀོད་པ་སྟོན་པ་སོགས་མནལ་ལམ་གྱི་ཡོན་ཏན་མཐའ་ཡས་མངའ། ལེགས་ཉེས་ཐམས་ཅད་ཆོས་སྐྱོང་གིས་བརྡར་སྟོན། གང་འདོད་པའི་དོན་སྒྲོལ་མ་ལ་དངོས་དང་རྨི་ལམ་དུ་ཞུ། བར་དོའི་རྣམ་ཤེས་གཟིགས། རྟ་མགྲིན་དང་བྱ་ཁྱུང་དུ་མཛད་ནས་གདུག་པ་ཅན་ཐམས་ཅད་འདུལ། དེ་ལ་སོགས་པའི་རྟོགས་ལྡན་གྱི་ཡོན་ཏན་མཐའ་ཡས་པ་མངའ་ཡང་རྗེ་བཙུན་མ་ཕྱག་ཡ་གཅིག་གིས་ཉིད་ཀྱི་ཞལ་བཀབ་པ་གཟིགས་པས་ཉམས་མྱོང་ཆེར་མི་གསུང༌། ཡབ་ར་ཚག་དུ་ཇོ་མོ་མཁའ་སྤྱོད་མའི་དྲུང་དུ་མཆོད་པ་མཛད་པ་ན་ཨོ་ཌྱན་དངོས་ཡིན་པར་གཟིགས་ཤིང་རང་ཉིད་དང་བཅོམ་ལྡན་འདས་མ་ཐ་མི་དད་པར་མཁྱེན། ཡང་མཁའ་འགྲོ་མ་མང་པོའི་(པ༦༤བ)


PTT001_Page_0996
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་འདྲེན་བྱུང་བ་ལ་སྒྲོལ་མ་ཅུང་ཟད་ཁྲོས་པས་ཟློག་པ་དང༌། ཡང་བྱང་སེམས་ཆེན་པོ་རྡོ་རྗེ་འཆང་དུ་མཛད་ནས་བཟློག་སྟེ་སྐུ་ཚེའི་བར་ཆད་བསལ། སངས་རྒྱས་དཔག་དུ་མེད་པའི་གཙོ་བོ་ཆོས་རྗེ་རིན་པོ་ཆེས་མཛད་པར་གཟིགས། སངས་རྒྱས་ཀྱི་ཞིང་མཐའ་ཡས་མངོན་སུམ་དུ་མཛད། གཞན་སེམས་ཤེས་པའི་མངོན་པར་ཤེས་པས་གདུལ་བྱའི་ལོག་རྟོག་ལྡོག་དེ་ལ་སོགས་པའི་ཡོན་ཏན་མཐའ་ཡས་པའོ། །རྗེ་དུས་མཁྱེན་གྱི་སློབ་མ་གྲུབ་ཐོབ་ཆུ་སྒོམ་མ་བསམ་གཏན་རྒྱན་གྱི་སྒྲུབ་གནས་རྟ་ཕུག་མཁའ་འགྲོ་གླིང་དུ་བཞུགས་ཚེ་ཆུ་སྒོམ་མ་ན་མཁའ་ལ་བྱོན་ནས་ས་ཕ་གིར་དགོན་པ་ཅིག་བཏབ་ན་འགྲོ་དོན་ཆེན་པོ་འོང༌། ཁོ་མོ་སྐྱེ་བ་དམའ་བས་མ་ཐེབས་པས་མིང་པོས་ཐོབ་ཅེས་བྱུང༌། ས་དཔྱད་ལེགས་པར་གཟིགས་སྟེ་སོ་དགུ་པ་ལྕགས་བྱ་ལ་གནས་ནང་བཏབ། བེར་ནག་ཅན་གིས་ཁལ་རྣམས་དེར་ཕོག་པར་གཟིགས་སྟེ་གཟིམས་ཁང་འོག་མ་མཛད། ཟླ་བ་ཕྱེད་དང་གཉིས་ན་དགོན་པ་ཐེབས་སྟེ་དགེ་འདུན་བརྒྱ་ལྷག་ཚོགས། ཐམས་ཅད་ཆོས་དྲུག་གི་ཡོན་ཏན་རྫོགས་པ་ཁོ་ན་བྱུང༌། འདིར་མི་རབས་གསུམ་དུ་སྒྲུབ་པ་པོ་མང་དུ་འབྱུང་དེ་ནས་ཐོང་གཤོལ་འཛིན་པ་འོང་གསུངས། འགྲོ་དོན་ཡུན་རིང་དུ་མཛད། སྟོན་པ་གདན་སར་བསྐོས་སྟེ་གཟིམས་ཁང་ཡང་དབེན་དུ་སྒྲུབ་པ་ལོ་གཅིག་དུ་མཛད། ཆོས་རྗེ་རིན་པོ་ཆེས་ཕོ་བྲང་ནས་བཀའ་ཤོག་དང་ཞྭ་དམར་གནང་བ་ཕེབས་པས་བདེ་ཆེན་དུ་བཞུགས་སྟེ་གཟིམས་ཁང་བརྩིགས། ཡོས་ལོ་བདེ་ཆེན་དུ་བཞུགས་ཚེ་ཆོས་རྗེ་རིན་པོ་ཆེ་ཕོ་བྲང་དུ་སྐུ་ཡལ་བ་གཟིགས། དགུང་ལོ་རེ་གཅིག་ལ་ཅུང་ཟད་བསྙུང་བ་ན་སྒྲོལ་མ་རྒྱན་བཟང་བ་ཞིག་གཟིགས་པས་དྭངས། རེ་དྲུག་པ་ས་བྱི་ལ་ཅུང་ཟད་བསྙུང་བ་ན་རྗེ་བཙུན་མ་ལྷན་ཅིག་སྐྱེས་མ་གྲལ་རིམ་དུ་བཞུགས་པའི་བར་བར་ན་བུ་མོ་མང་པོ་ཤོན་རྩེ་བ་གཟིགས་པས་དངས། མདོར་ན་སྒྲུབ་རྒྱུད་ཀྱི་བསྟན་པའི་རྒྱལ་མཚན་བཟུང་སྟེ་ཉམས་རྟོགས་(པ༦༥ན)


PTT001_Page_0997
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་དུ་འཁྱོལ་བའི་རྟོགས་ལྡན་གྱི་སློབ་མ་བགྲང་ལས་འདས་པ་བྱུང་ངོ༌། །དགུང་ལོ་རེ་བདུན་པ་གླང་གི་ལོའི་དཔྱིད་ཟླ་ཐ་ཆུང་ལ་བསྙུང་བར་བསྟན་སྟེ་འཇའ་ལུས་སུ་ཡལ་བ་ཞིག་བྱ་བསམ་ནའང་གཞན་དོན་གྱིས་གཡེངས་ནས་མ་གྲུབ་བར་དོར་མཆོག་ཐོབ་པར་འདུག །ལུས་འདི་ཆས་གོས་དམར་པོ་དང་རུས་རྒྱན་གྱིས་གཡོགས་ལ་དངུལ་གྱི་མཆོད་རྟེན་དཀར་སང་ངེ་བ་ཞིག་དུ་ཁ་ཤར་དུ་སྟོན་ལ་ཞོག་འབྲེལ་ཚད་ལ་ངན་སོང་མེད་ཏོ། །ཁྱེད་རྣམས་སྡུག་བསྔལ་མ་བྱེད་བླ་མ་ལ་གསོལ་བ་ཐོབ་སྐྱེས་མེད་ཀྱི་ངང་ལ་འགག་མེད་ཀྱི་རྩལ་སྦྱོངས་གསུངས་སྟེ་ཚེས་བཅུ་དགུའི་སྔ་དྲོ་འཁོར་ལོ་བདེ་མཆོག་སོགས་དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱི་བསུ་བའི་བཀོད་པས་མཁའ་སྤྱོད་དུ་གཤེགས་སོ། །མེ་ཏོག་གི་ཆར་ཆེན་པོ་བབ་པའི་ཚེ་སྔོན་གྱི་རྟེན་འབྲེལ་གྱིས་སྟག་ལུང་དུ་ཡང་བབ་སྐད། བུ་ཆེན་ཡང་རྟོགས་ལྡན་མགོན་རྒྱལ་བ་དང་གཡག་སྡེ་པཎ་ཆེན་སོགས་རྗེ་རང་བྱུང་བ་དང་དཔོན་སློབ་ཐུན་མོང་གི་སློབ་མ་ནི་ཆེས་མང་ལ་གནས་ནང་གི་གདན་སར་བཞུགས་ནས་ཁྲིད་ཀྱིས་འགྲོ་དོན་མཛད་པ་ནི་མཁས་གྲུབ་དར་རྒྱལ་བ་སྟེ་ཐང་ལྷའི་ཉེ་ལོགས་སུ་ཡུམ་གྱི་རྨི་ལམ་དུ་རྒྱ་གར་གྱི་རྣལ་འབྱོར་པ་མཁའ་འགྲོ་མ་ལྔས་བསྐོར་བ་ཞིག་གིས་དབང་བསྐུར་འཁོར་རྣམས་གཙོ་བོ་དང་དེ་སྨིན་མཚམས་སུ་ཐིམ་པ་རྨིས་ཚེ་ལྷུམས་སུ་ཞུགས་སྟེ་ཞག་བདུན་དུ་ཟས་སྐོམ་མ་དགོས་པའི་ཏིང་ངེ་འཛིན་བྱུང༌། འཁྲུངས་འཕྲལ་ནས་རིགས་སད་པའི་སྤྱོད་པ་བྱེད། རྩེ་མོ་བྱས་པས་ལུས་གནད་པའི་སྡུག་བསྔལ་གྱིས་སྐྱབས་འགྲོའི་བློ་དྲག་པོ་སྐྱེས། ཚེ་རབས་དྲན་སྟེ་གླུ་མང་པོ་བླངས། ཉེ་བར་རྗེ་རང་བྱུང་རྡོ་རྗེ་དང་མཇལ་བས་སྤྱན་རས་གཟིགས་སུ་མཐོང་དད་པས་ཕྱག་ཕྱིར་ཕྱིན་སྟེ་བདེ་ཆེན་དུ་ཆོས་རྗེས་མཁན་པོ་དང་གཞོན་བྱང་བས་ལས་སློབ་མཛད་སྟེ་ལོ་བཅུ་དགུ་ལ་ཆིག་རྫོགས་མཛད། ཁྲིད་བསྐྱངས་ཤིང་དཀའ་ཐུབ་ཀྱིས་སྒྲུབ་པ་གཙོ་བོ་མཛད། བླ་མ་དུ་མ་བསྟེན། ཁྱད་པར་ཕུག་མོ་(པ༦༥བ)


PTT001_Page_0998
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་རྗེ་གྲགས་སེང་བའི་དྲུང་དུ་གདམས་ངག་ཐམས་ཅད་ཀྱི་སྒྲོ་འདོགས་བཅད། དབུ་སྔས་ལ་མི་འཇོག་རྒྱབ་རྟེན་ལ་མི་སྙེ། ཆུ་དང་རྡོའི་དཀའ་ཐུབ་རླུང་སྦྱོར་ཟབ་མོ་རྣམས་ལ་གནད་དུ་བསྣུན་ཤིག་དྲག་པོ་ལོ་གསུམ། ཐུགས་རླུང་ལོ་གཉིས། འཛག་གེགས་ལོ་གཅིག་རྣམས་བྱུང་བ་མཚན་མར་མ་བཟུང་བས་ལམ་དུ་ལྷོངས་སྟེ་གེགས་སྐྱོན་ལས་འགྲོལ། ཉམས་རྟོགས་ཚད་དུ་འཁྱོལ། རྨི་ལམ་འོད་གསལ་འབྱོངས་སྟེ་ནུབ་རེ་ལ་ཨོ་ཌྱན་ལན་བཅུ་གསུམ་རེ་འཁོར། ཡི་དམ་གྱི་ལྷར་དངོས་སུ་སྟོན་ནུས། རྒྱུད་འཛིན་གྱིས་སྲས་སུ་གཟིགས་ནས་གནས་ནང་གི་གདན་སར་བསྐོས། གཞན་དོན་རྒྱ་ཆེར་མཛད། བདེ་བ་ཅན་དུ་ཐོགས་མེད་དུ་འགྲོ་གསུངས་ནས་གཤེགས་སོ། །དེ་ལ་ཞྭ་དམར་ཅོད་པན་འཛིན་པ་གཉིས་པ་ནི་དཔལ་མཁའ་སྤྱོད་དབང་པོ་སྟེ་བྱང་གནམ་གཞུང་གི་བྱེད་མ་ལུང་ན་ཁ་བར་པ་བྱ་བ་ཡབ་ལྷ་རྒྱལ་དང་ཡུམ་འབྲོག་མོའི་སྲས་སུ་ལྕགས་ཕོ་སྟག་ལོ་ལ་བལྟམས། ཟླ་བ་བདུན་ལོན་པ་ན་རྗེ་རང་བྱུང་རྡོ་རྗེ་མེ་ཏོག་ཁ་མ་བྱེ་བ་འཛིན་པས། མེ་ཏོག་རྣམ་པར་སྨིན་ཡང་ཁ་མ་བྱེད། །དལ་འབྱོར་སྙིང་པོ་ཐོབ་ཀྱང་སྟོབས་མ་རྒྱས། །རང་གི་ངོ་བོ་མཐོང་ཡང་ཐ་མལ་པ། །ང་ནི་རྟག་དུ་མཐོང་བ་བསྟན་བྱ་བུ། །ཞེས་གསུང་བ་ན་དད་པས་ལུས་འཕར་ཞིང་མཆི་མའི་རྒྱུན་བྱུང་བས་ཡབ་ཡུམ་སོགས་འཇིགས་སྔངས་དང་ངོ་མཚར་དུ་གྱུར། ཡང་ཞག་བདུན་ཕྲག་གཅིག་ན་བླ་མས་སེ་གོལ་ལན་གསུམ་མཛད་པ་མཐོང་བས་སྐྱེ་བ་སྔ་མ་གསུམ་གསལ་བར་དྲན་སྟེ་ཅུང་ཟད་གསུངས་པས་དད་ལྡན་གྱི་སྐྱེ་བོ་དག་འདུས་ཤིང་བཀུར། ཟླ་བ་བཅུ་བཞི་ཙམ་ལོན་པ་ན་རྗེ་རོལ་པའི་རྡོ་རྗེ་ཕེབས་སྟེ་སྐྱེ་བོ་མང་པོས་མཆོད་པ་ན་རིའི་སྒང་ཞིག་ན་ཡུམ་གྱི་དྲུང་ན་གནས་པས་མཐོང་སྟེ་དངོས་སུ་མཆི་བར་མ་ནུས་པས་ཕྱག་འཚོལ་ཞིང་སྔོན་གསུང་བའི་ཚིག་གི་མཐར། ཀྱེ་མ་ད་ནི་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་བཤུམས་ཤིང་གསོལ་བ་བཏབ་པས་དབུ་གདུགས་ཀྱི་སྟེང་དུ་དྲུང་གི་སྐུ་(པ༦༦ན)


PTT001_Page_0999
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་རབ་ཏུ་འབར་བ་ཡུན་རིང་དུ་གཟིགས། ཡང་རྗེ་དུས་མཁྱེན་སྔོན་གྱི་གནས་སུ་སྡིགས་མཛུབ་མཛད་པ་མཐོང་བས་ན་མཁའ་འོད་ཀྱི་སྐྱེ་བ་གསལ་བར་དྲན། སྔོན་གཟིགས་པའི་སྒྲུབ་ཆེན་བརྒྱད་བཅུ་ཡང་མི་གསལ་ཙམ་དུ་གཟིགས་སྟེ་དེའི་ཚུལ་གསུངས་པས་དད་པར་མཛད། དགུང་ལོ་གསུམ་པ་ནས་སྐྱེ་བོའི་ཚོགས་ལ་ཆོས་གསུངས་པ་དང༌། སྔོན་གནས་རྗེ་དྲན་དང་གཞན་སེམས་ཤེས་པའི་མངོན་ཤེས་དུ་མ་གསུངས་པས་གཞན་གྱི་ལོག་རྟོག་བསལ། དེ་ལྟ་བུས་རྟོགས་ལྡན་རིན་པོ་ཆེའི་སྐུ་སྐྱེར་མཆོག་དམན་ཀུན་ཡིད་འཆེས་སྟེ་དགུང་ལོ་དྲུག་པ་ལ་མཁས་གྲུབ་དར་རྒྱལ་བས་གདན་འདྲེན་ལ་བྱོན། མནལ་ལམ་བརྟགས་པས་ཀྱང་སེང་གེའི་ཕྲུ་གུ་ཤིན་དུ་ལེགས་པ་ཅིག་ལྷའི་བུས་ཕྱག་དུ་གཏད་པར་གཟིགས། མཇལ་བ་ཙམ་གྱིས་ཡིན་མིན་གྱི་སྒྲོ་འདོགས་ཆོད་སྟེ་གུས་པས་སྤྱན་དྲངས། ལམ་བྱེ་ལུང་གི་ཆུ་མདོར་ཆུ་ཆེས་པའི་རབ་འཁོར་ནས་དཔོན་སློབ་མང་པོ་ཆུ་དབུས་སུ་ལྷུང་བ་ན་རྗེ་བཙུན་མ་སྒྲོལ་མ་ན་མཁར་གཟིགས་པའི་མོད་ལ་བདེ་བར་ཐོན། མཚུར་ཕུ་དང་གནས་ནང་དུ་བྱོན། དགེ་སློང་དར་མ་ཚུལ་ཁྲིམས་ལ་ན་མཁའ་འོད་ཀྱི་སྐྱེས་རབས་རྒྱས་པར་གསུངས། དགུང་ལོ་བདུན་པ་ལ་རྗེ་རོལ་བའི་རྡོ་རྗེ་དང་མཚོ་སྨད་དུ་མཇལ་དགེ་བསྙེན་ཀྱི་སྡོམ་པ་མནོས་བྱང་ཆུབ་ཏུ་ཐུགས་བསྐྱེད། དབང་གིས་སྨིན་པར་མཛད་སྟེ་ཕྱག་ཆེན་ཆོས་དྲུག་གི་ཁྲིད་བསྐྱངས། ཆོས་རྗེ་དང་མ་མཇལ་ཙམ་ནས་རྗེའི་སྐུ་ན་མཁའ་ལ་དལ་བུས་གཤེགས་པ་ཅིག་གིས་བུ་བསྟན་པར་བྱ་ཡིས་བལྟོས་ཅིག་གསུངས་ནས་གར་མཛད་ནས་སྐད་ཅིག་གིས་རྡོ་རྗེ་འཆང་དུ་གྱུར་སྤྲུལ་པ་དུ་མ་སྤྲོ་བ་གཟིགས་པས་ཉིད་ཀྱང་བཟོད་མེད་དུ་གར་དུ་མ་མཛད་ཅིང༌། དཔལ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །རྗེ་མཁྱེན་པས་གཟིགས་ལ་བྱིན་གྱིས་རློབས། །ཅེས་གསོལ་བ་བཏབ་ཅིང་སེམས་ཉིད་སྒྲིབ་བྲལ་དུ་གཟིགས། མཇལ་ནས་ཞག་འགའ་ན་རྗེ་ན་རིམ་བཞི་པོ་ཕྱག་ན་བུམ་པ་བསྣམས་(པ༦༦བ)


PTT001_Page_1000
[མ་དཔེ་གཟིགས་ན་འདིར་གནོན།]

མཐའི་བདུད་རྩི་དབུས་མར་བསྡུས་ནས་དབང་རིམ་པ་གསུམ་རེ་མོས་སུ་བསྐུར་སྟེ། སྐུ་དྲུག་དབང་དྲུག་ཐིག་ལེ་དྲུག །སྦྱོར་དྲུག་གསང་བ་ཡེ་ཤེས་མཛོད། །ཅེས་གསུང་བ་གཟིགས། བླ་མས་དབུ་ལ་འཚམས་པའི་ཅོད་པན་དམར་པོ་བཅིངས་པ་ན། རྗེ་དུས་མཁྱེན་དང་ཌཱ་ཀི་མ་བདུན་གྱིས་ཤིས་པ་བརྗོད་ཅིང་གུར་གུམ་དང་མུ་ཏིག་བསྲེས་པའི་ཆར་འབེབས་པར་གཟིགས། དེ་བཞིན་དུ་རྗེ་བླ་མ་མན་ཤེལ་དག་པའི་སྐུ་ཅན་གྱིས་མཚན་བསྩལ་བ་དང༌། གྲུབ་ཐོབ་མང་པོའི་དབུས་ན་བཞུགས་པས་དེ་ཁོ་ན་ཉིད་བསྟན་པ་དང༌། ཅོད་པན་ལན་དགུར་བཅིངས་པར་གཟིགས་པ་དང༌། ཕྱག་གིས་སྤྱི་བོར་བྱུགས་ཤིང་ལྗགས་མཆིལ་བཏབ་པས་གསེར་འགྱུར་གྱི་རྩིས་ལྕགས་ལ་རེག་པ་ལྟར་གྱུར་སྟེ་རྟེན་འབྲེལ་གྱི་སྒོ་དུ་མ་གཟིགས། ཟླ་བའི་གདན་དང་རྒྱབ་ཡོལ་ཅན་གྱི་བླ་མ་ལས་ཤེས་རབ་བཞི་སྦྱོར་གྱི་མན་ངག་གསན། རྟ་མཆོག་གྱི་ཁྲི་ལ་བཞུགས་པས་ཀྱང་ན་བཟས་གཡོགས་སྟེ་བུ་ཞེས་དགྱེས་པར་མཛད་པ་གཟིགས། ཡང་བླ་མའི་སྐུ་ཉི་མ་ལྟར་འབར་བས་ཉི་མའི་དཀྱིལ་འཁོར་བདུན་སྡིགས་མཛུབ་ཀྱིས་རྩེ་ཞིང༌། མ་ཤར་ཉི་མ་གང་དུ་ནུབ་པར་གྱུར། །མི་གཡོ་སྡིགས་མཛུབ་འདི་ནི་གར་བྱེད་སྟེ། །ཡེ་ཤེས་ཉི་བདུན་གསང་བའི་རོལ་མོ་དང༌། །ལྷ་མོའི་འོག་པག་ནོར་བུའི་རང་བཞིན་ལྡན། །ཅེས་གསུང་བ་གསན། སྤོས་ཀྱི་གླང་ཆེན་ལ་བཞུགས་པའི་འོད་ཟེར་རྣམ་པར་བཀོད་པའི་ཏིང་ངེ་འཛིན་གྱི་སྒོ་སྟོན་པར་གཟིགས་སྟེ། ཀུན་ནས་འགག་མེད་ན་མཁའི་སྒོ། །གང་དུའང་མ་བཅད་མ་ཕྱེ་བ། །མི་ཤེས་རང་གིས་རྣམ་པར་བཅད། །ཤེས་པ་རྣམ་པར་གྲོལ་བ་ཉིད། །འོན་ཀྱང་འགོག་སྣང་དེ་ལྟ་ན། །སྒོ་གླེགས་མཉམ་པར་བཞག་པ་ཉིད། །སུས་ཀྱང་བསྡམས་དགྲོལ་མེད་པ་ལ། །ཁྱོད་གཡེངས་མ་བྱས་ཙམ་གྱིས་སོ། །ཕྱི་དང་ནང་དང་བར་དག་ལས། །ཇི་ལྟར་འོང་འདི་བྱུང་སོང་གནས། །བརྟགས་ཀྱང་མེད་ཏོ་དེ་བས་ན། །འོད་འདི་སྟོང་ཉིད་འོད་པོ་ཆེ། །(པ༦༧ན)


PTT001_Page_1001
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཇི་ལྟ་བ་དེ་ལྟ་བུར། །ཆོས་རྣམས་ཐམས་ཅད་རྣམ་པར་ལྟོས། །ཏིང་ངེ་འཛིན་གྱི་རྒྱལ་པོ་མཆོག །འདི་ནི་རྣམ་པར་འཕྲུལ་བའི་སྒོ། །ཞེས་གསུང་པ་གསན། རྗེ་དུས་མཁྱེན་པདྨ་རཱ་གའི་མདོག་ཅན་གྱིས་ཤེལ་གྱི་ཟ་མ་ཏོག་གནང་སྟེ་སངས་རྒྱས་རབས་བདུན་གྱི་སྐུ་གདུང་ཟུང་ཞིག་ཞེས་བསྩལ་བ་གཟིགས། ཞིང་དང་སྐུ་མཐའ་ཡས་པའི་བཀོད་པ་དང་ལྡན་པ་ལས་ཀུན་སྦྱོར་སུམ་དྲིལ་གྱི་མན་ངག་གསན། བླ་མའི་སྐུའི་བཀོད་པ་དགའ་ལྡན་ན་བཞུག་པ་རྒྱལ་བ་དྲི་མ་མེད་པས་རྗེས་སུ་བཟུང་བ་དང༌། འཇིག་རྟེན་གྱི་ཁམས་གཞན་ན་སངས་རྒྱས་འོད་དྲི་མེད་དུ་བཞུགས་པ་གཟིགས། ཨོ་ཌྱན་དུ་ཁྲིད་སྟེ་འཁོར་ལོའི་འདུ་བ་ལས་རྡོ་རྗེ་ཐེག་པའི་ངེས་པ་བསྩལ། ཡིད་བཞིན་གྱི་ནོར་བུ་བདུན་བསྩལ་སྟེ་གསང་བའི་འཇུག་ངོགས་བསྟན། ཌོམྦྷི་པའི་རྡོར་དྲིལ་གཏད་སྟེ་འཁོར་ལོ་ལམ་གསང་གི་སྒོ་ཕྱེ། རིན་པོ་ཆེའི་བང་མཛོད་དུ་མ་བྱིན་སྟེ་མན་ངག་སོ་གསུམ་པ་བསྟན། ཤེལ་གི་པེ་ཝང་རེག་པ་ཙམ་གྱིས་སྙན་པའི་སྒྲ་འབྱུང་བ་ལས་མི་ཤིགས་རྒྱན་དྲུག་གི་ཆོས་སྒྲ་གསན། རི་བོ་ཆེན་པོ་དངོས་སྒྲུབ་འཛིན་དུ་རྒྱལ་བ་ཉིད་ལྷན་ཅིག་སྐྱེས་པའི་སྐུར་བཞུགས་པ་ལས་ལུས་སེམས་འཆི་མེད་ཀྱི་ངེས་པ་རྙེད་པ་སོགས་བཤེས་གཉེན་བྱིན་རླབས་ཀྱི་རྣམ་ཐར་བརྗོད་ཀྱིས་མི་ལང་བ་མངའ། འཁྲུངས་མ་ཐག་མཁའ་འགྲོ་མ་སུ་ཁ་སིདྡྷི་གཟིགས་སྟེ་གནད་ཀྱི་མེ་ལོང་གསུངས། དེ་མ་ཐག་སྤྱན་རས་གཟིགས་གསལ་བར་གཟིགས་སྟེ་དེ་ཁོ་ན་ལྟར་གཞན་ལ་སྒོམ་བཟླས་གསུང་བ་ལས་ཚིག་ཐུགས་ལ་བཟུང་མ་དགོས། ནམ་སྐྲག་པ་ན་སྒྲོལ་མ་བྱོན་སྟེ་དབུགས་འབྱིན། རྗེ་རི་ཁྲོད་པ་ལས་བདེ་མཆོག་གི་དབང་གསན་ཚེ་བདེ་མཆོག་གི་ལྷ་ཚོགས་ཇི་ལྟ་བར་གཟིགས། ཡང་ཨུ་ཏྤལ་ལ་བཞུགས་པའི་སྒྲོལ་མ་མུ་ཏིག་གི་རྒྱན་ཅན་དང༌། རྟ་མཆོག་གསེར་གྱི་རྡོ་རྗེ་ན་མཁར་གསོར་ཞི་བཞད་པའི་སྒྲས་ས་གཡོ་བ་དང༌། བདེ་མཆོག་དཀར་(པ༦༧བ)


PTT001_Page_1002
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཤེལ་བུམ་འཛིན་པ་དང༌། དམར་པོ་དྲུག་བཅུ་རྩ་གཉིས་པ་ཀུན་ནས་ཆགས་པ་དང༌། དགྱེས་རྡོར་སེར་པོ་ཞལ་ཕྱག་མཐའ་ཡས་པ་སོགས་གཟིགས། སྤྱན་རས་གཟིགས་གསེར་མདོག་མཉམ་པའི་སྟབས་ཅན་ཕྱག་གཉིས་པ་ཡུམ་དཀར་མོ་ཅན་གཟིགས་ཤིང༌། བདེ་བའི་དབང་ཕྱུག་པདྨ་འཛིན། །རྒྱལ་བ་རྒྱ་མཚོ་སྐྱེད་པའི་ཡབ། །རིགས་དྲུག་འཁོར་ལོས་བསྒྱུར་བའི་སྐུ། །རྣམ་དག་ཡེ་ཤེས་རོལ་པ་ཆེ། །ཞེས་པའི་སྒྲ་གསན། རྡོ་རྗེ་རྣལ་འབྱོར་མ་ཞལ་བཞི་ཕྱག་བཅུ་གཉིས་མ་ཡབ་སྔོ་བསངས་ཕྱག་གཉིས་པ་ཅན་འཁོར་བཅས་ཀྱི་འདུ་བའི་འཁོར་ལོ་གཟིགས་དེ་དག་སྐད་ཅིག་གིས་རྒྱལ་པོ་ཨིནྡྲ་བྷུ་ཏི་འཁོར་བཅས་སུ་གྱུར་པར་གཟིགས་ཤིང་རྡོ་རྗེ་མདུད་འགྲོལ་གྱི་གནད་གསང་གཟིགས། བདག་མེད་མ་དཀར་མོ་ལྷ་མོ་བཅོ་ལྔ་ལ་སོགས་པར་གར་བསྒྱུར་ཞིང༌། སྒྱུ་འཕྲུལ་ཆེན་མོར་རབ་ཏུ་དག་ཞེས་སྒྲོག་པ་གསན། ཤེར་ཕྱིན་དཀར་མོ་ལ་ཕྱོགས་བཅུའི་རྒྱལ་བས་བསྟོད་པ་དང་མོད་དེ་ཉིད་ལ་དམ་པའི་སྐུ་ཆེ་ཆུང་སྣ་ཚོགས་པས་འཇིག་རྟེན་ཁྱབ་ཅིང་མན་ངག་གི་གསང་དུ་མ་གསན། སྣང་མཐའ་ཡུམ་བཅས་དང་སློབ་དཔོན་པདྨ་ཡེ་ཤེས་ཀྱི་མཁའ་འགྲོས་མཆོད་པའི་ཆོ་འཕྲུལ་དང་ལྡན་པ་གཟིགས། སངས་རྒྱས་ཀུན་གཟིགས་ཆོས་འཆད་ཅན་དང་དེའི་ཞིང་མཐའ་ཡས་པའི་བཀོད་པ་དང༌། སངས་རྒྱས་མི་འཁྲུགས་པ་ཞིང་དང་བཅས་པ་གཟིགས་ཤིང་དེ་དག་གི་ཞིང་སྦྱོང་དང་སྨོན་ལམ་མཛད། དེ་ལ་སོགས་པ་ཡི་དམ་ཞལ་མཐོང་གི་རྣམ་པར་ཐར་པ་ནི་ན་མཁའི་མཐས་གཞལ་བར་མི་ནུས་སོ། །བདེ་ཆེན་དུ་གནས་བརྟན་ཆེན་པོ་དོན་གྲུབ་དཔལ་གྱིས་མཁན་པོ་དང་ཆོས་རྗེ་རིན་པོ་ཆོས་ལས་ཀྱི་སློབ་དཔོན་མཛད་སྟེ་རབ་ཏུ་བྱུང༌། མཚན་དྲི་མེད་དཔལ་ཡེ་ཤེས་སུ་གསོལ། ཕྱིས་དགུང་ལོ་བཅོ་བརྒྱད་ན་མཁན་པོ་དེ་ཉིད་དང་སློབ་དཔོན་འཇམ་དབྱངས་ཆོས་རྡོར་བ་གསངས་སྟོན་གཞོན་ནུ་དཔལ་དང་བཅས་པའི་དགེ་འདུན་ལས་བསྙེན་པར་རྫོགས། (པ༦༨ན)


PTT001_Page_1003
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཚེ་ན་མཁའ་ལ་ཉི་མ་བཞི་ཤར་བ་དང་རང་ཉིད་ཆོས་གོས་གསུམ་གྱིས་གཡོགས་སྟེ་ལྷ་མི་དུ་མ་ལ་ཆོས་སྟོན་པ་སོགས་རྨང་ལམ་དུ་གཟིགས། བདེ་བ་ཅན་པ་ནམ་རིན་ལ་བྱམས་ཆོས་ལྔ་དང་ཚད་མ་རྣམ་ངེས་འདུལ་བ་མདོ་རྩ་སོགས་གསན། རྒྱལ་བ་གཡུང་ལ་སྒྲོལ་དཀར་དང༌། རྗེ་རང་བྱུང་བའི་སློབ་མ་མཁན་ཆེན་ཀུན་དགའ་འོད་ཟེར་བ་ལ་རྡོ་རྗེ་ཕྲེང་བ་སོགས་དབང་བསྐུར་དུ་མ་དང་མཁན་ཆེན་འོད་ཟེར་རྒྱ་མཚོ་ལ་སྙིང་ཐིག་གི་སྐོར། འོད་ཟེར་དཔལ་བ་ལ་རྙིང་མའི་རྒྱུད་འགྲེལ་དང་གཏེར་ཁ་གོང་འོག་གི་ཆོས་སོགས་སྔ་འགྱུར་དང་གཡའ་བཟང་པ་བསོད་ནམས་འོད་ལ་ཁྲིད་དུ་མ་གསན། རི་ཁྲོད་པ་མཁས་གྲུབ་དར་རྒྱལ་བ་ལ་དབང་ལུང་མན་ངག་བཞུགས་སོ་འཚལ་གསན། ལྷ་སར་མནལ་ལམ་དུ་རྗེ་རང་བྱུང་བ་ལས་སེམས་བསྐྱེད་གསན་ཞིང་མི་ཕམ་དཔལ་ལྡན་དུ་མཚན་གསོལ་བར་སྣང༌། ལྷག་པའི་ལྷ་དང་ཡེ་ཤེས་ཀྱི་མཁའ་འགྲོས་ཙཎྜི་པ་དང་མཁའ་སྤྱོད་དབང་པོར་མཚན་གསོལ། ར་ཚག་ཇོ་མོའི་སྨིན་མཚམས་ནས་གཡུང་དྲུང་དམར་པོ་བྱུང་སྟེ་སྐུ་ལུས་ལ་ཕོག་པས་ལྷན་ཅིག་སྐྱེས་དགའ་ཤར། སྐུ་གཞོན་དུས་ཕལ་ཆེར་སྐུ་མཚམས་དམ་པའི་སྒྲུབ་པ་རྩེ་གཅིག་པར་མཛད་པས་གནས་ནང་གི་སྒོམ་ཆེན་ཐམས་ཅད་ཅི་བྱེད་གཟིགས་སྟེ་ཚར་གཅོད་རྗེས་འཛིན་གྱི་ཞལ་ཏ་མཛད་པས་ཐམས་ཅད་ངོ་མཚར་དུ་གྱུར་སྟེ་སུས་ཀྱང་བག་མེད་ཀྱི་སྤྱོད་པ་མི་ནུས། བྱང་གི་འདམ་དང་སོག་ལས་བརྒྱུད་སྟེ་རེ་ཤོད་ཀྱི་བར་དུ་བྱོན། ལོངས་སྤྱོད་ཟད་མི་ཤེས་པ་རྣམས་གནས་ནང་དུ་སྒྲུབ་རྒྱགས་སུ་གནང༌། རི་ཁྲོད་པ་གཤེགས་རྗེས་གྲྭ་པ་རྨུ་རྒོད་རྣམས་ལ་ཐུགས་སྐྱོ་ནས་བླ་མ་བསོད་ནམས་འབུམ་ལ་གདན་ས་གཏད་སྟེ་གནས་ནང་གི་རྒྱབ་རི་སོགས་ལ་རི་ཁྲོ་ཁོ་ན་མཛད། རྩོད་པ་ཅུང་ཞིག་བྱུང་བས། ཀྱེ་མ་ཆོས་དང་མི་མཐུན་པའི། །ཆོས་པའི་གཟུགས་ཀྱིས་ཅི་ཞིག་བྱ། །ཞེས་བྱང་ཆུབ་ལམ་གླུ་གསུངས་ནས་དཔོན་སློབ་(པ༦༨བ)


PTT001_Page_1004
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་ཙམ་ཞིག་དབུར་སྟོད་ནས་ལམ་ཕྱུང་ཉང་བོ་རྒྱ་མདར་རྗེ་དུས་མཁྱེན་གྱིས་ལུང་སྟོན་པ་གཟིགས། ཀོང་པོའི་གནས་ཅི་རིགས་པར་དབེན་པ་མཛད། ཁྱད་པར་ཙཱ་རི་སར་མའི་བྱིན་ལེགས་སུ་བཞུགས་ཤིང་ཆོས་རྗེའི་བཀས་བ་ཡུ་རི་དགོན་བསྐྱངས། ཙཱ་རི་མ་ཆེན་གྱི་བྲག་དཀར་མོར་ལོ་གསུམ་བཞུགས་ཤིང་བྲག་ལོགས་ལ་ཞབས་རྗེས་གསལ་བར་ཡོད། རི་སྐེད་དང་ཕན་ཚུན་འཕུར་ནས་ཉི་མ་ལ་བཞུགས་པར་གྲགས། དཔའ་བོ་མཁའ་འགྲོའི་བཀོད་པ་དུ་མ་གཟིགས་ཤིང་རྡོ་རྗེའི་གླུ་གསན། ཙཱ་རི་སར་མར་བཞུགས་དུས་ཆོས་རྗེ་རིན་པོ་ཆེ་གཤེགས་པ་གཟིགས་ནས་གདུང་དབྱངས་མཛད། ཉེར་དགུ་པ་ས་རྟ་ལ་སྟག་རྩེ་རྣམ་རྒྱལ་སྒང་བཏབ། སོ་བརྒྱད་པ་མེ་ཡོས་ལ་རྗེ་དེ་བཞིན་གཤེགས་པ་དགུང་ལོ་བཞི་བཞེས་པ་སྟག་རྩེ་སྤྱན་དྲངས་ཆོས་དང་ཟང་ཟིང་གིས་མཆོད་སྟེ་རྗེ་དེས་ཀྱང་ཡོངས་འཛིན་གཅིག་པུ་པར་བཀུར། སོ་བདུན་པ་ཤིང་སྟག་ལ་དགའ་ལྡན་མ་མོ་བཏབ། སྤྱིར་སྒོམ་ཆེན་པ་གཙང་མ་སུམ་བརྒྱ་ལས་མི་ཉུང་བ་རྣམ་དབྱར་དགུན་ལ་ཟླ་བ་གསུམ་རེ་མཚམས་གཅོད་ཅིང་ཁྲིད་ཀྱི་འཕྲིན་ལས་ཁོར་ཡུག་དུ་མཛད་པས་རྟོགས་ལྡན་རྣལ་འབྱོར་གྱི་དབང་ཕྱུག་གྲངས་ལས་འདས་པ་བྱུང༌། ཀོང་རལ་གསུམ་ལ་ཆོས་རྒྱ་དཀར་པོ་ལོ་དུ་མ་མཛད། རྗེ་དེ་བཞིན་གཤེགས་པ་དང་དཔོན་སློབ་ལྷན་ཅིག་པར་དབུས་སུ་བྱོན་སྟེ་མཚུར་ཕུ་ལ་སོགས་པར་འཕྲིན་ལས་རྒྱ་ཆེན་མཛད། སླར་ཀོང་པོར་འཕྲིན་ལས་བསྐྱངས་ཤིང་ཆོས་གསུངས་བ་ན་རྒྱང་གྲགས་གཉིས་ཙམ་ནས་གསུང་མ་ཉམས་པར་ཐོས་སྐད་སྟེ་སྔོན་རྗེ་གྲགས་པ་སེང་གེ་གསུང་མི་བཟང་བས་སྐྱེ་བ་ཕྱི་མ་ལ་སྐད་ཀྱི་རྟེན་འབྲེལ་སྒྲིག་གསུངས་ནས་དུང་དཀར་བཟང་བ་ཞིག་བཙལ་སྟེ་རྗེ་རང་བྱུང་རྡོ་རྗེ་ལ་ཕུལ་བའི་རྟེན་འབྲེལ་གྱིས་རྗེ་མཁའ་སྤྱོད་པ་ཚངས་པའི་གསུང་ལྟ་བུ་ཡོད་པར་སྣང༌། དུང་འདི་ལ་ཕྱིས་གན་ནས་གསེར་ལྗང་བརྡུངས་ཀྱི་གཤོག་པ་ཕུལ་སྟེ་རྡོ་རྗེ་གདན་གྱི་ཚོགས་དུང་དང་ལྷན་གཅིག་གཎྜོ་ལའི་མཆོད་རྫས་ལ་ད་ལྟའང་(པ༦༩ན)


PTT001_Page_1005
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ཏོ། །མི་མ་ཡིན་གདུག་པ་ཅན་མང་པོ་དགེ་བསྙེན་ལ་བཀོད། ཁྲིད་ཡིག་ཉམས་མགུར་སོགས་ངོ་མཚར་བའི་བསྟན་བཅོས་མང་དུ་མཛད་པ་འདི་རྣམས་ནི་བསྟན་པ་ལ་མཛད་པ་ཤིན་དུ་ཆེའོ། །གཉིད་འོད་གསལ་དུ་ཚུད་ཅིང་རྨི་ལམ་སྒྱུ་ལུས་སུ་དག་པའི་ཡེ་ཤེས་ཀྱི་གཟིགས་སྣང་ལ་ཡང་གསེར་གྱི་ར་བས་བསྐོར་བའི་ཕོ་བྲང་དུ་རྒྱལ་པོ་ཡོན་ཏན་རྨད་བྱུང་གི་བུ་གཞོན་ནུར་གྱུར་པས་གསེར་རིའི་རྩེར་ཤེལ་གྱི་མཆོད་རྟེན་ལ་བསྐོར་བ་ན་རིན་ཆེན་བདུན་གིས་དབང་བསྐུར་ཞིང་ཤེལ་གི་མཆོད་རྟེན་སྣ་ཚོགས་པའི་ཆར་བབས་པ་དང༌། གསེར་གཡུ་འབའ་ཞིག་གི་རི་བོའི་ཕུག་རྣམས་སུ་གྲུབ་པའི་སློབ་དཔོན་བསྟན་པ་འཛིན་པ་དང་གཟི་བརྗིད་བློ་གྲོས་དང་མུན་པ་རྣམ་སེལ་དང་བློ་གྲོས་རྣམ་ངེས་དང་གྲགས་པའི་ཅོད་པན་དང་སེང་གེ་བརྟན་དང་ལྷུན་པོའི་རྒྱལ་མཚན་དང་ཉི་ཟླ་བརྩེགས་པ་དང་ན་མཁའི་ཏོག་དང་ཡེ་ཤེས་དབང་པོ་དང་རྒྱ་མཚོ་རྣམ་རྒྱལ་དང་ཡིད་བཞིན་ཀུན་འབྱུང་ཞེས་བྱ་བའི་སྐུའི་ཆ་བྱད་སྣ་ཚོགས་པ་རྣམས་ཀྱི་མན་ངག་བསྟན་པ་དང༌། མཛེས་པའི་པུཎྜ་རི་ལས་སིངྒྷ་རཀྵའི་མན་ངག་རྙེད་པ་དང༌། ལྷའི་ཚོགས་དུ་མས་མངོན་པར་དབང་བསྐུར་བའི་ཡོ་བྱད་རྒྱལ་ཆེན་བཞིས་འཛིན་པ་དང༌། རིན་པོ་ཆེའི་རྒྱལ་མཚན་ན་མཁའི་དབྱིངས་གང་བའི་ཏོག་ནོར་བུ་ཉི་མ་ལྟར་འབར་བ་ཅན་ལས་བ་དན་དཀར་པོ་ན་མཁའ་ཁྱབ་པར་སྤྲོ་བ་ཕྱག་གིས་འཛིན་པ་དང༌། པདྨ་རཱ་གའི་ཅང་སྟེ་རང་སྒྲ་འབྱུང་བ་འཛིན་པས་གར་མཛད་པ་ན་ཌཱ་ཀི་མའི་ཚོགས་ཀྱི་ཀ་པཱ་ལ་བདུད་རྩི་ཅན་ཕུལ་བ་དང༌། འཁོར་ལོས་བསྒྱུར་རྒྱལ་གྱི་སྲས་ཐུ་བོར་གྱུར་པ་ལྷ་མོའི་ཚོགས་ཀྱིས་མཆོད་པར་སྣང་བ་ན་ཡིད་འོང་བདེ་ལྡན་གྱི་བཀོད་པ་དྲན་པ་དང༌། ལུས་ཐམས་ཅད་གཡུ་འོད་འབར་བས་བྱུགས་པའི་མཁའ་འགྲོ་མའི་ཚོགས་ཀྱིས་ཟབ་མོའི་དོན་གྱི་གླུ་དང་གར་བྱས་པས་དགའ་བཞི་ལུགས་འབྱུང་དུ་འཕེལ་བ་དང༌། ནམ་མཁའ་རྟེན་མེད་པར་བཞུགས་སྟེ་ཕྱག་གཡས་ཀྱི་མཐིལ་ཉི་མ་ལས་(པ༦༩བ)


PTT001_Page_1006
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པའི་འོད་ཀྱིས་འཇིག་རྟེན་སྣང་བར་མཛད་པ་དང༌། གསེར་གྱི་ཁང་པ་ཡངས་པར་གསེར་གྱི་རྔ་བོ་ཆེ་བདུན་སྒྲིགས་སུ་སྣང་བའི་གཅིག་བརྡུངས་པས་ཀུན་ལས་སྒྲ་བྱུང་སྟེ། ཟབ་ཅིང་རྒྱ་ཆེན་ན་མཁའི་རྔ་བོ་ཆེ། །ན་མཁའི་ཡིད་ཅན་སུ་ཞིག་རྡུང་བར་རྟོག །མ་བརྡུངས་པ་ཡང་མཁའ་ཁྱབ་ཆོས་ཀྱི་སྒྲ། །མི་ཆུང་མི་ཟད་ན་མཁའ་མཉམ་པར་གྲག །ཕྱི་དང་ནང་གཞན་དབྱེ་བ་མེད་པའི་སྒྲ། །དབྱངས་གསལ་རྡོ་རྗེ་གསེར་གྱི་རྔ་ཆེན་འདི། །བྱུང་གནས་འཇིགས་པ་མེད་ཅིང་འགྱུར་བས་དབེན། །འདི་ནི་ལྷུན་གྲུབ་རྟག་དངོས་ཡིད་བཞིན་བདེ། །ཞེས་གྲག་པ་གསན། རིའི་ཚད་ཙམ་གྱི་སྐྱེས་བུ་རྟ་མཆོག་ལ་གནས་པས་དཔག་ཚད་ཙམ་གྱི་གསེར་གྱི་རལ་གྲི་གདེངས་བས་རྔ་བོ་ཆེ་ལྟ་བུའི་སྒྲ་གྲག་པར་གཟིགས། རྣལ་འབྱོར་མ་དར་ཡོལ་ཞིག་གིས་འདུལ་བ་གསུང་བ་གསན། རིན་པོ་ཆེའི་མཆོད་རྟེན་སྒོ་བྱེ་བ་ཅན་གྱི་ནང་དུ་བྱོན་པས་བདེ་བར་གཤེགས་པ་རྒྱ་མཚོ་མཐའ་ཡས་པའི་བཀོད་པ་གཟིགས། རི་བྲག་མེ་ཏོག་དང་མཆོད་རྟེན་གྱིས་གང་བར་དཔའ་བོ་དང་རྣལ་འབྱོར་མ་ལང་ལོང་དུ་གཟིགས་ཤིང་མན་ངག་གི་གནད་གྱིས་ཚིམ། ན་མཁའ་ལ་ཌཱ་ཀི་མ་ཁ་དོག་སྣ་ཚོགས་པ་མངོན་པར་དགའ་བར་འཁོར་ལོ་འདུ་བ་ལ་འགྲོའོ་ཞེས་ཟེར་ཞིང་ཁྱེད་ཅག་ཀྱང་འདོང་ངོ་ཟེར་བ་ན། ཁོ་བོ་མི་འགྲོ་སྟེ་འཁོར་ལོ་འདུ་བ་འདི་ཉིད་དུ་འབྱུང་ངོ༌། །འོ་ན་འཁོར་ལོ་འདུ་བ་རྒྱན་གྱི་ཏིང་ངེ་འཛིན་སྟོན་ཞིག་ཟེར་བ་ན་སྐད་ཅིག་དེ་ཉིད་དུ་རྣམ་འཕྲུལ་དྲན་རྫོགས་སུ་བཀོད་པས་རབ་ཏུ་ཚིམ། པདྨ་རཱ་གའི་མེ་ཏོག་རྒྱང་གྲགས་ཙམ་གྱིས་ཁེབས་པར་ཏིང་ངེ་འཛིན་མཛད་པ་ན་ན་མཁའ་ཐམས་ཅད་ཉི་ཟླ་དཔེལ་མས་གང་བ་ལས་དངུལ་གྱི་མེ་ཏོག་གི་ཆར་རེག་ན་བདེ་བ་འབབ་ཅིང་ལྷའི་བུ་མོ་མཐའ་ཡས་པས་རྡོ་རྗེའི་གླུ་བླངས་པ་ལས་ཟབ་མོ་རྡོ་རྗེ་ཐེག་པའི་ངེས་པ་རྙེད། གླང་པོ་ཆེ་ཤིན་དུ་ཆེ་བའི་རོ་གྲོགས་གཅིག་དང་གཉིས་ཀྱིས་བཤུས་པ་ལས་ཤ་རུས་ཐམས་ཅད་རིང་སྲེལ་འབའ་ཞིག་དུ་གྱུར་སྟེ་དེ་དག་(པ༧༠ན)


PTT001_Page_1007
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་སྒྲ་སྒྲོགས་ཅིང་ལྡིང་བ་དང་རྒྱལ་བའི་སྐུ་མང་དུ་འཕྲོ་བར་གཟིགས། ཤེལ་གྱི་རལ་གྲི་འདོམ་གང་བའི་རྩེ་ལ་མེ་འབར་ཞིང་ཡུ་བ་ལས་བདུད་རྩི་འབབ་བ་ཅིག་རྙེད་དེ་དེས་རང་ལུས་གྲངས་མེད་དུ་བསིལ་བས་རལ་གྲི་དང་མཉམ་པའི་ལུས་རྫོགས་པ་དེ་སྙེད་དུ་སྣང༌། ཡང་བཅོམ་ལྡན་འདས་མ་ལྷན་ཅིག་སྐྱེས་མའི་སྐུ་སྣང་བ་ན་སྒྱུ་འཕྲུལ་གྱི་བཀོད་པས་གྲྀ་ཧ་དེ་ཝ་ན་བཞུགས་སྟེ་ཛཱ་ལན་དྷ་ར་ནས་བྱུང་ཞིང་སླར་ཡང་ཧི་མ་ལ་ཡ་དང་ར་མི་ཤྭ་རའི་གནས་སོགས་ན་བཞུགས་ཤིང་ཆོས་ཀྱི་འཁོར་ལོ་རབ་ཏུ་བརྟན་པ་ལ་སོགས་པའི་རོལ་པ་དུ་མ་མཛད་སྟེ་མདོར་ན་གསལ་སྣང་ཕྲན་ཚེགས་གྱི་རྣམ་ཐར་ལས་ཅུང་ཟད་བྱུང་བ་སྨོས་པར་ཟད་སྟེ་ཡེ་ཤེས་ཅན་རྣམས་ཀྱི་མཉམ་བཞག །ཐུན་གཅིག་གི་གཟིགས་པ་ཡང་བསྐལ་བ་བརྒྱས་བརྗོད་པར་ག་ལ་ནུས། མ་འོངས་པའི་ཚུལ་ཡང་ཤར་གྱི་ཕྱོགས་ཆུ་ཀླུང་ཆེན་པོ་དང་གླང་པོ་སྣ་ལྗགས་བརྐྱངས་པ་ལྟ་བུའི་རི་དང་ཉེ་བར་བསམ་གཏན་བྱེད་ཏོ་ཅེས་བྱ་བ་དང༌། སྔོན་གྱི་འཕེན་པའི་ལྷག་མས་བྱང་ཕྱོགས་ཀྱི་རྒྱུད་བླ་མའི་གནས་སུ་སྤྱོད་ཅིང་དེའི་འཕྲིན་ལས་སྒྲུབ་པར་བྱེད་ཏོ་ཅེས་དང༌། རྗེ་བཙུན་བཛྲཱ་རཱ་ཛཱའི་དགོངས་པ་སྒྲུབ་པར་དགའ་བས་དེའི་གནས་དང་ཉེ་བར་ཀུན་དུ་རྒྱུའི་སྤྱོད་པས་འཇུག་གོ་ཞེས་པ་དང༌། མཐར་སྤྱོད་པའི་ནོར་འཛིན་གྱི་བུ་གཞོན་ནུར་བྱས་སྟེ་རྫས་ཀྱི་ནུས་པ་མི་ཟད་པའི་གསང་འཚོལ་བར་བྱེད་ཏོ་ཅེས་པ་དང༌། གནས་དང་ཉེ་བའི་གནས་བགྲོད་ཅིང་བདུད་རྩི་འཐུང་བར་དགའ་བས་ལན་བཞིར་བརྒྱུད་མ་ཁོ་ནར་རྩེ་ཞིང་ཕྱོགས་ཐམས་ཅད་འགྲོའོ་ཞེས་བྱ་བ་དང༌། ཨོ་ཌྱན་དང་ཁ་ཆེའི་བར་དུ་སློབ་དཔོན་ལ་བ་པའི་མན་ངག་འཛིན་པ་འགྱུར་རོ་ཞེས་བྱ་བ་དང༌། རྒྱ་ནག་སྟོང་ཀུན་ལ་ཉེ་བར་རྫོགས་པ་ཆེན་པོ་ལ་མཆོག་དུ་སྤྱོད་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་ངེས་པ་དུ་མ་མཐོང་ཡང་བྲིས་ཤིང་བརྗོད་པས་མཐའ་གཏུགས་པར་མ་མཐོང་སྟེ་འདི་ནི་མ་འོངས་ཞིང་སྦྱོང་གི་རྣམ་པར་ཐར་པའོ་ཞེས་བྱུང་ལ། འདི་ལ་ཤར་(པ༧༠བ)


PTT001_Page_1008
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཆུ་ཀླུང་ཆེན་པོ་གླང་པོ་སྣ་ལྗགས་བརྐྱངས་པ་ལྟ་བུའི་རི་དང་བཅས་པ་ནི་རྩེ་ལྷ་སྒང་དུ་རྗེ་ཆོས་དཔལ་ཡེ་ཤེས་ཀྱིས་ཞི་བའི་ཚུལ་གྱིས་འགྲོ་དོན་མཛད་པ་དེ་ཡིན་ལ་སྔོན་གྱི་བླ་མའི་གནས་ནི་བྱང་སྟག་ལུང་དུ་ཆོས་རྗེ་བྱང་ཆུབ་རྒྱ་མཚོར་གྱུར་པ་སྟེ་དུས་མཉམ་དུ་སྐུའི་བཀོད་པ་གཉིས་བསྟན་པ་ཡིན་ལ་གཉི་གའི་ཞབས་ལ་ཧོར་ཡིག་སར་གྱི་ཡི་གེ་རྒྱལ་ཞེས་པ་ཡོད་པ་མཚུངས་སྐད། ཞྭ་དམར་ཅོད་པན་འཛིན་པ་བཞི་པས་རྣམ་ཐར་འདི་ལ་འགྲེལ་པ་མཛད་པར་ཡང་དེ་ལྟར་གསུངས་ཤིང་རྗེ་བཙུན་བཛྲ་རཱ་ཛཱའི་སོགས་ནི་བདག་གིས་བདེ་གཤེགས་རྡོ་རྗེ་རྒྱལ་པོའི་གདན་སར་བྱ་བ་ཅུང་ཟད་བྱས་པ་འདུ་ཡིན་སྙམ་ལ་མ་འོངས་པ་རྣམས་ཀྱང་རིམ་པར་ཤེས་པར་བྱའོ་ཞེས་བྱུང་ངོ༌། །དེ་བཞིན་དུ་ཁོ་བོའི་མཚུངས་མེད་བླ་མ་འདི་སྤྱན་རས་གཟིགས་ཀྱི་ངོ་བོར་གྲུབ་ལ་དེ་ནི་འོད་དཔག་མེད་དང་ཐ་མི་དད་པར་བདེ་བ་ཅན་དུ་འཇུག་པ་ལ་ཚེགས་མེད་པ་དང༌། རིགས་གསུམ་མགོན་པོ་ནི་ཐ་མི་དད་པས་ཀུན་གཟིགས་ཀྱི་ཞིང་སྦྱོང་བ་ལ་དཀའ་བ་མེད་པ་དང༌། དགའ་ལྡན་ན་ལྷ་སྲས་དྲི་མེད་དུ་བཞུགས་པས་བྱམས་པ་དང་མཇལ་བར་སླ་བ་དང༌། ས་ར་ཧ་ཉིད་ཡིན་པས་དཔལ་གྱི་རི་བོ་བགྲོད་སླ་བ་དང༌། ཨིནྡྲ་བྷུ་ཏི་ཉིད་ཡིན་ཞིང་འཁོར་ལོ་སྡོམ་པར་ངེས་པས་ཨོ་ཌྱན་སོགས་ལག་ན་འདུག་པ་ལྟ་བུ་ཡིན་པའི་ཚུལ་རྒྱ་ཆེར་གསུངས་སོ། །རྗེ་དེ་བཞིན་གཤེགས་པ་རྒྱ་ཡུལ་ནས་ཕེབས་པ་དང་ཞལ་མཇལ་སྟེ་རྩེ་ལྷ་སྒང་སོགས་སུ་ཆོས་མང་དུ་ཕུལ་ཞེས་དེབ་སྔོན་ན་སྣང་ཡང་མཆོད་ཡོན་མཇལ་བའི་ཡི་གེར་མེ་ཕོ་ཁྱི་ལོའི་མཇུག་དང་མེ་མོ་ཕག་ལོའི་སྟོད་ལ་མཆོད་ཡོན་མཇལ་བར་བཤད་ཅིང་ཤིང་བྱ་ལ་དཔལ་མཁའ་སྤྱོད་པ་གཤེགས་ནས་མེ་ཁྱི་ལ་སྤྲུལ་སྐུ་འཁྲུངས་པ་ཡིན་པས་ཅུང་ཟད་མ་དག་པ་སྙམ་མོ། །དགུང་ལོ་ང་དྲུག་ལ་བབ་ཚེ་དགའ་ལྡན་མ་མོར་ཕེབས་ནས་ཕྱག་དཔེ་རྣམས་ཕྱག་རྟགས་ཀྱིས་མནན་ཞིང་ཕྱོགས་འདིར་མྱུར་དུ་སླེབས་པ་འདུག་གསུངས། ཁམས་པའི་གྲ་སློབ་ཀྱིས་ནན་གྱིས་སྤྱན་འདྲེན་ཞུས་པ་ལ་(པ༧༡ན)


PTT001_Page_1009
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དུ་རྟེན་འབྲེལ་མི་འགྲིག་པ་འདུག་གསུངས་ཀྱང་ནན་ཞུས་ཀྱིས་ཆུ་ཉིལ་བར་བྱོན་དེར་སྒར་ཕེབས་མ་ཐག་ཆོས་འཕྲོ་རྣམས་ཚར་བ་མཛད་སྟེ་ཅུང་ཟད་བསྙུང་བའི་ཚུལ་གྱིས་ཤིང་མོ་བྱ་ལོ་ཟླ་བ་བདུན་པའི་ཉེར་དགུ་ལ་གཤེགས་པར་བསྟན། སྐུ་གདུང་རིན་པོ་ཆེ་མདོ་ལི་ལ་སྤྱན་དྲངས་སྟེ་དགའ་ལྡན་མ་མོ་གསེར་འབུམ་གྱི་བུམ་པར་བཞུགས་སུ་གསོལ་བ་སོགས་དགེ་སློང་དབོན་གྲགས་པ་དང་བ་ཡོ་ཆོས་བཟང་པས་བསྒྲུབས་སོ། །བུ་སློབ་ནི་གཙོ་བོར་རྗེ་དེ་བཞིན་གཤེགས་པ་སྟེ་ཕག་མོའི་སྐྱེད་རྫོགས་དང་རྒྱལ་བ་རྒྱ་མཚོའི་ལྷ་ཁྲིད་སོགས་གསུང་གི་ཟིན་བྲིས་ཀྱང་དུ་མ་མཛད། སོགས་དབོན་རིགས་རལ་གྱིས་ཀྱང་ཆོས་གསན་པའི་རྒྱ་དཔལ་མཁའ་སྤྱོད་པ་ཁོ་ན་ཆེ། གཞན་ཡང་རྫ་དགོན་པ་ཆོས་ཀྱི་ཡེ་ཤེས། ཟུར་དགོན་བཀའ་བཞི་བ་རིན་ཆེན་དཔལ། རི་མི་འབབས་པ་བསོད་ནམས་རིན་ཆེན། ཆབ་ཁ་བ་ཤེས་རབ་དཔལ་སོགས་གཞན་དོན་ནུས་པ་མང་དུ་བྱུང་ཞིང་བུམ་འབོར་སྒང་ཆུང་དུ་འཁྲུངས་པའི་འགེར་ཉག་རྟོགས་ལྡན་ཆོས་དཔལ་ཡེ་ཤེས་བྱ་བ་འཕྲིན་ལས་ཅན་སློབ་མའང་དྲི་མེད་པ་ས་ཐམ་རྒྱལ་པོའི་ཏི་ཤྲི་མཛད་པ་དང༌། སྲི་དཀར་སངས་ཤེས་ཅེས་པས་ས་གསེར་དགོན་བཏབ་པ་སོགས་དུ་མ་བྱུང༌། ལྷ་གཟིགས་རིན་ཆེན་རྒྱལ་མཚན་གྱི་རིང་དུ་བསྟེན་སྟེ་ཕག་མོའི་སྐྱེད་རྫོགས་རྣམས་ལ་ཟིན་བྲིས་མཛད་ཅིང་མང་དུ་འཕེལ། འཁྲུལ་ཞིག་བསོད་ནམས་འབུམ་ནི་གནས་ནང་དང་ཉེ་བའི་གཡུ་མར་འཁྲུངས་སྟེ་སློབ་མའི་དམ་པར་གྱུར་ནས་གནས་ནང་གི་གདན་ས་མཛད་ཅིང་ལྕགས་རྡོ་བླ་མ་རྒྱལ་མཚན་ལ་སོགས་པའི་སློབ་མ་བྱུང༌། བ་ཡོ་ཆོས་བཟང་པ་ནི་འཁྲུངས་ཡུལ་ནགས་ཤོད་པ་ཡིན། སྲས་ཀྱི་ཐུ་བོར་མཛད། བ་ཡོ་དང་སྟག་རྩེའི་གདན་ས་མཛད། དགེ་སློང་དཔོན་གྲགས་པ་ནི་དྭགས་པོ་སྐུ་རབ་པའི་ཞལ་ངོ་ཡིན་པར་ཐོས། རྩེ་ལྷ་སྒང་གི་གཟིམས་ཁང་དང་དགའ་ལྡན་མ་མོ་སོགས་འདེབས་པའི་ཕྱག་ལེན་(པ༧༡བ)


PTT001_Page_1010
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པས་ཀར་བསྟན་ལ་ཕྱག་རྗེས་ཤིན་དུ་ཆེ། བླ་མ་རིན་བཟང་དཀར་པོ་ཡང་འཁྲུངས་ཡུལ་ནགས་ཤོད་པ་དགོན་པ་གྲིབ་གདོང་བཏབ། འདི་རྣམ་རེ་རེ་ཞིང་འཕྲིན་ལས་ཆེའོ། །དཔལ་ཀརྨ་པ་ན་རིམ་ལྔ་པ་ནི་རྗེ་དེ་བཞིན་གཤེགས་པ་སྟེ། དེ་ཡང་སྔོན་རྗེ་རོལ་པའི་རྡོ་རྗེ་བྱང་དུ་སྐུ་གཤེགས་པའི་དུས་གདུལ་བྱ་རྣམས་ལ་སོ་སོར་སྣང་བ་དུ་མ་བྱུང་སྟེ། ལྷ་སར་ཇོ་བོའི་དྲུང་དུ་དཔོན་སློབ་བདུན་མཛད་སྟེ་དངུལ་སྡེར་གསེར་གྱིས་བཀང་བ་འཐོར་ཞིང་བསྐོར་བ་མཛད་ནས་ན་མཁའ་ལ་འཇའ་ཚོན་དུ་ཡལ་བ་དང༌། མཚུར་ཕུར་ན་མཁའ་ལ་བྱོན་ནས་ཁོ་བོ་དགའ་ལྡན་དུ་འགྲོ་སྐྱེ་བ་མྱུར་དུ་འོང་གསུངས་ནས་ཤར་གྱི་ན་མཁའ་ལ་གཤེགས་སྟེ་རྣམ་པར་མདོར་འཇའ་འོད་དུ་ཡལ་བ་མང་པོས་མཐོང༌། མོན་ཡུལ་ནས་བྱ་བྲལ་བ་བྱུང་བ་ན་རེ་ཆོས་རྗེ་དཔོན་སློབ་བརྒྱད་བཅུ་ཙམ་བྱོན་མོན་གྱི་རྒྱལ་པོ་གསུམ་རབ་ཏུ་ཕྱུང་ན་རོ་ནི་གུའི་ཆོས་དྲུག་གསུང་ཞིང་ཡོད་ཟེར། ས་ལེའི་བར་དུ་ཨ་ཙ་ར་དང་ཚོང་པ་ལམ་ནོར་བ་ལ་མདུན་དུ་བྱོན་ནས་རིན་པོ་ཆེ་མང་པོ་གནང་ལམ་བསྟན་ནས་ངེད་འདིར་མི་འདུག་གསུངས་ནས་སེང་གེ་ལ་ཆིབས་སྟེ་གཤེགས་པར་མཐོང༌། སློབ་དཔོན་ཆེན་པོ་སོགས་སྒར་པ་རྣམས་དབུས་ན་ཕེབས་ཚེ་སྟེང་གི་ན་མཁར་བཞུགས་པ་སྒར་པ་བྱིན་གྱིས་མཐོང༌། ཞོ་ཁར་ཕེབས་ལ་ཁད་པ་ཆིབས་མགོ་ནག་སྟེང་ན་བཞུགས་པ་ཐམས་ཅད་ཀྱིས་ཡུད་ཙམ་མཐོང༌། རྩེ་ལྷ་སྒང་དུ་ཕེབས་ཚེ་དཔོན་སློབ་བཅོ་ལྔ་ཙམ་བྱོན་ནས་གྲུ་ཁྱེར་ཤོག་གསུང་བ་མཐོང༌། གྲུ་ཁྱེར་ཚེ་ཆུའི་སྟེང་གི་ན་མཁའ་ལ་བྱོན་ནས་གཟིམས་ཁང་དུ་བྱོན་པར་མཐོང༌། ཟླ་བ་བཞི་པའི་ཚེས་བཅུ་བཞི་ལ་འཇའ་འོད་ཀྱི་སྟེང་ན་བཞུགས་པ་ཀོང་པོའི་ཁྲོམ་ཕལ་ཆེར་གིས་མཐོང༌། སྒོམ་ཆེན་པ་འགས་རྒྱ་ལའི་སེང་འདམ་དུ་མཇལ་སྟེ་ཆོས་ཐོབ་ནས་འཇའ་ཚོན་དུ་ཡལ་བར་སྣང༌། ཁྱད་པར་དུ་མྱང་འདམ་གྱི་སྟོད་དུ་བླ་མ་ཞིག་ཕྱི་དྲོ་ཉི་མ་ལ་འདུག་པ་ན་དྲུང་ཉིད་སེང་གེ་ལ་ཆིབས་འཇའ་འོད་ཀྱི་དབུས་སུ་མུ་ཏིག་གི་ཁང་པར་(པ༧༢ན)


PTT001_Page_1011
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ་ཞིག་ན་མཁའ་ལ་བྱོན་སྟེ་མྱང་འདམ་དུ་བཞུད་པར་མཐོང་བས་ཆོས་རྗེ་ཀརྨ་པ་དེ་སེང་གེ་ལ་བཅིབས་འཇའ་འོད་དང་ཁང་བཟང་དུ་བཞུགས་པ་ཅིག་བྱོན་སྟེ་ཐལ་སྐུ་ཁམས་མ་བཟང་བ་ཡིན་ནམ་ཟེར་ནས་དད་པས་ངུས། ཀུན་གྱིས་མཐོང་བར་ཡང་མྱང་འདམ་གྱི་སར་འཇའ་ཚོན་འཁྲིགས་མེ་ཏོག་གི་ཆར་འབབ་པ་ཉིན་རེ་བཞིན་རྟག་དུ་བྱུང་ཞིང་དྲི་བཟང་གིས་ཡུལ་ཐམས་ཅད་ཁྱབ། འཁྲུངས་སའི་ཁང་པ་ལ་འཇའ་རྟག་དུ་ཟུག །ཡུལ་མི་མང་པོ་ལ་ཡང་ཉི་ཟླ་ཤར་བ་སོགས་དང་ཆོས་རྗེ་རིན་པོ་ཆེ་ཕེབས་པ་སོགས་རྨི་ལམ་བཟང་པོ་རྨིས་སྟེ་སྔོན་ལུང་བསྟན་པ་དང་ལྷས་བསྐུལ་བས་ཐམས་ཅད་ཀྱང་ཆོས་རྗེ་རིན་པོ་ཆེ་ནི་ངེད་རང་གི་ཡུལ་འདིར་འཁྲུངས་པ་གདོན་མི་ཟའོ་ཟེར་ནས་མགྲིན་གཅིག་དུ་སྒྲོག །སངས་རྒྱས་ཐམས་ཅད་ཀྱིས་གཞན་དོན་ལ་མངོན་པར་བསྐུལ་བ་དང༌། བོད་ཡུལ་རྒྱ་དམག་གི་འཇིགས་པ་ལས་སྐྱོབ་པའི་དུས་སུ་མཁྱེན་ནས་ཀོང་རལ་གསུམ་ལས་ཉང་པོའི་ཡུལ་མྱང་འདམ་གྱིས་སར་གདུང་སྣ་ནམ་ཞང་ཡབ་སྔགས་པ་གུ་རུ་རིན་ཆེན་ཡུམ་ལྷ་མོ་སྐྱིད་ལ་གཟིགས་པར་མཛད་སྟེ་ལྷུམས་སུ་འཇུག་པར་བསྟན། དེའི་ཚེ་ཡུམ་གྱི་རྨི་ལམ་དུ་བྱང་ཕྱོགས་ནས་སྐྱ་མི་ཆས་བཟང་བ་མང་དུ་བྱུང་བའི་ནང་ནས་གསུམ་བཞི་ཙམ་སྔུན་དུ་འོངས་ནས་གཙོ་བོ་དེས་གནས་མལ་གཡར་ཟེར་ནས་ལུས་ལ་ཐིམ་ཞིང་གཞན་རྣམས་ཀྱིས་བསྐོར་བ་བྱེད་པ་དང༌། ཁང་སྟག་གི་ཞིང་ཆེན་པོ་ཅིག་དུང་དཀར་གྱིས་གང་འདུག་པ་ལས་ཐུ་བ་གང་བསྡུས། ཆེ་བ་ཅིག་འབུད་པར་བརྩམས་ཚེ་གཉིད་སད། ན་མཁའ་ལ་ཉི་ཟླ་ཤར་བའི་འོད་ཀྱིས་ཐམས་ཅད་གང་བ་དང་གསེར་གྱི་མེ་ཏོག་འཐུ་བ་སོགས་རྟག་དུ་ངོ་མཚར་འབའ་ཞིག་རྨི། ལུས་ཡང་ཞིང་བདེ་ལ་ཟས་ཀྱི་སྲེད་པ་མེད། སྐབས་སུ་ལྷུམས་ནང་ནས་ཡིག་དྲུག་དང་ཨཱ་ལི་ཀཱ་ལི་དང་ཨོཾ་ཨཱཿཧཱུྃ་ཡང་ཡང་གསུང༌། བུད་མེད་དུ་མ་དང་ལྷན་ཅིག་ཡུར་མ་བྱེད་པ་ན་དེ་ལྟར་གསུང་བ་ཐམས་ཅད་ཀྱིས་ཐོས་སྟེ་གང་(པ༧༢བ)


PTT001_Page_1012
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གྲག་གཡས་གཡོན་དུ་ལྟ་ཞིང་ཐེ་ཚོམ་དུ་གྱུར། ངོ་ཚ་བ་དང་གཞན་ལ་མི་སྒྲགས་པའི་ཕྱིར་ཕ་ཚད་དུ་གཅིག་པུར་ཡུར་མ་བྱས་པས་གསུང་ཆེ་བར་གྲག་པ་ཐམས་ཅད་ཀྱིས་ཐོས་ནས་སངས་རྒྱས་ཀྱི་རྣམ་ཕྲུལ་ངོ་མཚར་ཅན་ཟེར་ཞིང་ཕྱག་འཚལ་ཁྱོད་ཀྱིས་ཅི་ཐོད་བྱེད་མི་ཉན་ཟེར། ཡབ་ཀྱི་རྨི་ལམ་དུའང་དཀྱིལ་འཁོར་རབ་ཏུ་བཀྲ་བའི་དབུས་སུ་བུམ་པ་བཟང་པོ་འདུག་པ་ལ་ཕྱག་མཆོད་བྱས་གསོལ་བ་བཏབ་པ་རྨིས། བསོད་ནམས་སྟོབས་ཀྱི་རྟོགས་བརྗོད་ལས་འབྱུང་བ་ལྟར་བདག་ཉིད་ཆེན་པོ་འདི་དག་གི་བསོད་ནམས་ཀྱི་ཚོགས་ནི་གཞལ་བར་དཀའ་བས་དེའི་མཐུས་སྔར་ཡབ་ཀྱིས་ལུས་ལ་ནད་གཞི་ཞིག་ཡོད་པ་ཡང་སངས། སྔར་ཡོ་བྱད་ཀྱིས་ཕོངས་པ་ཅིག་ཡོད་པ་དེ་ཕྱིན་ཅི་དགོས་བྱུང༌། གསང་ཕུར་སྒོམ་ཆེན་བཟང་བ་ཞིག་གིས་ཀྱང་རྨི་བལྟས་ལས་གསལ་བར་མཐོང་སྟེ་དར་ཅོག་མང་པོ་བཙུགས་ནས་གནས་འདི་འདྲར་སྤྲུལ་སྐུ་མྱུར་དུ་འབྱོན་ནོ་ཞེས་བསྒྲགས། ཡོན་བདག་མོ་མགོན་རྒྱས་བྱ་བས་དེའི་སྟེང་གི་ན་མཁར་ཉི་ཟླ་ཟུང་གི་བར་དུ་དཀྱིལ་འཁོར་གྱི་དབུས་ན་ཆོས་རྗེ་རིན་པོ་ཆེ་བཞུགས་པར་མཐོང༌། ཡོན་བདག་མོ་སངས་རྒྱས་བྱ་བས་ཀྱང་ཡུལ་དེར་ཆོས་རྗེ་ཡང་ཡང་ཕེབས་པ་སོགས་ཀྱི་རྨི་ལམ་མཐོང་ཞིང་ཡུལ་ཕྱོགས་དེ་དག་གི་ནད་དང་འཁྲུག་པ་ཆད་སྟེ་ལོ་ལེགས། ཁྱིམ་དེ་ལ་རྟག་དུ་འཇའ་འོད་དང་མེ་ཏོག་འབྱུང་བས་ཁྱིམ་དེ་ཉིད་དུ་འཁྲུངས་པར་ཡང་ཐམས་ཅད་ཀྱིས་ཤེས། ཡབ་ལ་འགྲན་སེམས་ཡོད་པའི་སྔགས་པ་གཅིག་གཉིས་ཕྲག་དོག་དང་ཟུར་ཟ་བྱེད། དེ་ལྟར་ལྷུམས་ན་གནས་པའི་མཛད་པས་སྐྱེ་འགྲོ་མགུ་བར་བྱས་སྟེ་ཤིང་ཕོ་བྱི་བའི་ལོ་ཟླ་བ་དྲུག་པའི་ཚེས་བཅོ་བརྒྱད་ཀྱི་ཉི་ཤར་ལ་བལྟམས། ས་ཅུང་ཟད་གཡོ་བ་དང་མེ་ཏོག་གི་ཆར་དང་འཇའ་འོད་དང་དྲི་བཟང་ཡུལ་ཁམས་ཁྱབ་པ་བྱུང༌། སྔགས་པ་ཕྲག་དོག་བྱེད་པ་དེའི་བུད་མེད་ཀྱི་རྨི་ལམ་དུ་བུད་མེད་རྒྱན་ཅན་མང་པོས་གཟིམས་ཁང་ལ་ཕྱག་བསྐོར་བྱེད་པ་དང་ཁྱད་པར་རྒྱན་ཤིན་དུ་བཟང་བ་བཞིས་(པ༧༣ན)


PTT001_Page_1013
[མ་དཔེ་གཟིགས་ན་འདིར་གནོན།]

མར་མེ་ཐོགས་སྟེ་བསྐོར་བ་བྱེད་པ་ཡང་ཡང་རྨིས་པས་ཕྱིན་ཆད་དད་གུས་དང་ཞབས་ཏོག་བྱས་སོ། །འཁྲུངས་ལོ་ལ་ཉེ་གནས་ཤཱཀ་འོད་ཀྱིས་བསྒྲིགས་པའི་རྣམ་ཐར་ལས་ཁྲག་མིག་གླང་གི་ལོ་ལ་ཞེས་པ་སྣང་ཡང་ཁྲག་་མི་ནི་མིག་དམར་གྱི་འགྱུར་ཁྱད་ཡིན་པས་དེ་ནི་མེ་ཡོས་དང་རབ་བྱུང་སྦྱོར་བའི་ཚེ་ཤིང་བྱི་ཡིན་པས་གླང་མ་ཡིན་ལ། རྗེ་སྙག་ཕུ་པས། ཕག་གི་ལོ་ལ་ཁོ་བོ་འཆི་ཚུལ་སྟོན། །བྱི་བའི་ལོ་ལ་མྱང་འདམ་ཕྱོགས་སུ་སྐྱེ། །འབྲུག་གི་ལོ་ལ་གཞན་དོན་བྱེད་ཏོ་ཅེས། །ཇི་སྐད་གསུངས་བཞིན་བྱོན་ལ་གུས་ཕྱག་མཚལ། །ཞེས་པ་ཚད་མར་བྱས་སོ། །དེ་ལྟར་ལྷུམས་ན་བཞུགས་པ་ཉིད་ནས་ཆོས་རྗེ་རིན་པོ་ཆེ་ཉིད་སྐུ་དངོས་སུ་བྱོན་པར་ཐམས་ཅད་ཀྱིས་ཡིད་ཆེས་ཤིང་རྩོད་མེད་དུ་བཀུར་བ་ལས་བལྟམས་མ་ཐག་དུ་ཡུལ་གྱི་སྐྱེ་བོ་དག་གིས་བཀུར་སྟི་མཐའ་ཡས་པས་མཆོད་ཅིང་བལྟམས་ནས་ཟླ་ཕྱེད་ན་སློབ་དཔོན་ཆེན་པོ་ཀུའི་གུང་པས་ཇ་འདྲེན་དུ་ཕྱིས་མཁན་ཆེན་མགོན་བློན་པར་གྲགས་པ་དབོན་པོ་བློ་གྲོས་རྒྱལ་མཚན་པ་དཔོན་གཡོག་བཏང་སྟེ་ཕྱེ་མར་ན་བཟའ་ལ་སོགས་པ་མང་དུ་ཕུལ་ཡུམ་གྱི་པང་ན་བཞུགས་པ་ལས་དབོན་པོ་ལ་ཞལ་འཛུམ་དང་མཉེས་པའི་རྣམ་འགྱུར་མང་དུ་མཛད། དབོན་པོའི་མཛུབ་མོ་ལ་འཇུས་ནས་པང་དུ་བྱོན་མཉེས་པར་མཛད་པས་ཐེ་ཚོམ་དང་བྲལ་བར་ཡིད་འཆེས། དེ་ནས་རིང་པོ་མ་ལོན་པར་སློབ་དཔོན་ཆེན་པོ་ཉིད་ཀྱིས་དྲུང་གོང་མའི་དངུལ་འབུམ་ཆེན་མོ་ཀོང་པོར་བཞེངས་པ་མཚུར་ཕུར་སྤྱན་འདྲེན་པ་དང་ལྷན་ཅིག་དུ་བྱོན་སྟེ་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་གཅིག་ལ་མཇལ། འཁྲུངས་ནས་ཟླ་བ་དྲུག་ལོན་པ་ཙམ་ཡིན་ཡང་ཇ་ཞལ་ཞུས་པ་ལ་ཕྱག་གིས་རེག །མདུན་དུ་བུར་རམ་དྲངས་པ་ན་བཅབ་ནས་གསོལ། བཞད་ཅིང་མཉེས་པར་མཛད། དེར་དབུ་ཞྭ་ན་བཟའ་གསེར་དངུལ་གྱི་གསོལ་ཞལ་སྡེར་བཞུགས་སྟན་སོགས་ཕུལ་ནས་བླ་མ་ཤཱཀ་འོད་པ་དཔོན་གཡོག་སྐུའི་རིམ་གྲོ་བར་(པ༧༣བ)


PTT001_Page_1014
[མ་དཔེ་གཟིགས་ན་འདིར་གནོན།]

བཞག །ཁོང་རྣམས་ཀྱིས་སྐུ་རིམ་དུ་ཟླ་བ་རེ་ལ་ཡུམ་རྒྱས་འབྲིང་བསྡུས་གསུམ་བསྐལ་བཟང་ལ་སོགས་པའི་གསུང་སྒྲོག །གཙུག་ཏོར་སྟོང་བཟློག་རྣམ་འཇོམས་ཚེ་ཆོག་སོགས་མ་ཆག་པར་འབད་ཅིང༌། ཟླ་བ་དགུར་སྐུ་མཚམས་དམ་པར་བཅད་སྟེ་མཇལ་མི་རྣམས་ལ་གསོལ་རས་དང་ན་བཟའི་བྱིན་རླབས་ཙམ་ལས་མ་གནང༌། འདི་དག་གི་ཚེ་སྟན་ལ་སྐྱིལ་ཀྲུང་བརྟན་པོར་བཞུགས་ཀྱི་གོག་པོ་ཡེ་མི་མཛད། གླང་ལོའི་ཟླ་བ་དང་པོའི་ཡར་ཚེས་ཀྱི་སྔ་དྲོ་ཅིག་དྲུང་ན་ཡོད་པ་རྣམས་ཡེངས་པའི་བར་ལ་ཇི་ལྟར་བཞེངས་མ་མཐོང་བ་ལ་ཕར་ཆམ་ཚུར་ཆམ་མཛད་ནས་བཞད་ཅིང་འདུག་པ་ལ་གོག་མ་དགོས་པར་འབྱོན་ཐུབ་པ་ལགས་སམ་ཞུས་པས་འགྲོ་ཐུབ་གསུངས། རྣམ་ཐར་ཤཱཀ་འོད་མ་ན་འདི་ལ་སྟག་ལོ་ཟེར་བ་འདུག་ཡང་གོང་གི་ལོ་མིང་འཕྱུགས་སྣང་བ་དེས་ལན་པས་འདི་འཁྲུངས་ནས་ཟླ་བ་བདུན་སོང་བའི་སྐབས་ཡིན། ཡང་ཁང་པའི་ཀ་སྒྲོག་གསེག་མའི་བར་ལག་པ་ཐར་ཙམ་གྱི་ཟང་ཟིང་ཅན་ཞིག་ཡོད་པ་ལ་སྐུ་རྩེད་ཀྱིས་ཕར་ཐལ་ཚུར་ཐལ་དུ་འབྱོན་ཞིང་གདའ་བས་ཤཱཀ་འོད་ཀྱིས་དེ་ལྟར་མ་མཛད་སྐུ་བསྣད་འོང་ཞུས་པས། བླ་མ་བ་དེ་འདྲའི་ཐུགས་ཁྲལ་མི་འཚལ་ང་རང་བདེ་མོར་འགྲོ་འཕྲོ་ཡོད་པ་གསུངས། ཡང་གནམ་གཡོས་ནས་སེར་བ་ཕྲུམ་ཕྲུམ་བྱུང་བ་ལ་གཟིགས་ནས་སྡིགས་མཛུབ་དང་ཕུ་མཛད་པས་སེར་རྐང་སྐད་ཅིག་གིས་ཡུལ་གཞན་དུ་འགྱུར་སྟེ་འདི་ལྟ་བུ་ལན་མང་དུ་མཛད། ཉིན་གཅིག་ཤཱཀ་འོད་ལ་སློབ་དཔོན་ཆེན་པོ་བོད་ནས་འོང་ཡོད་ཇ་འདྲེན་ལ་སོང་གསུངས་སྟེ་དེ་མ་ཐག་ཕྱིན་པས་ཉི་ཟླ་ཐང་དུ་མཇལ། སློབ་དཔོན་ཆེན་པོས་དྲུང་དུ་མཇལ་སྟེ་དབུས་གཙང་གི་འབྲི་གདན་ཚལ་པ་སོགས་ཡོན་བདག་བུ་སློབ་སོ་སོ་ནས་ཇ་འདྲེན་འབུལ་བ་རྣམས་ཕུལ་སྟེ་རྩེ་ལྷ་སྒང་དུ་བྱོན། དྲུང་ཉིད་དེ་ཀར་བཞུགས་མཚུར་ཕུ་ཀརྨ་ནགས་ཕུ་སོགས་ཕྱོགས་འདི་དང་འདི་ན་ཡོད། དེ་རྣམས་ཀྱི་ཚུལ་འདི་ལྟར་ཡོད་ཅེས་ངེས་པ་དང་བཅས་སྟེ་གསུངས། (པ༧༤ན)


PTT001_Page_1015
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ཆེན་པོ་སླར་བྱོན་པར་ཐོས་པ་ནས་བླ་མ་ཡབ་སོགས་ཇ་འདྲེན་ལ་སོང་བ་ཞག་མང་དུ་འགོར་བ་ལ་ད་ནམ་འོང་ཞུས་པས། ཕྱག་མཛུབ་གཉིས་བརྐྱངས་སྟེ་ཞག་འདི་ན་འོང་གསུང་བ་དེ་བཞིན་བྱུང༌། ཟླ་བ་བཞི་བཞེས་ཚེ་དྲུང་ན་རིམ་བཞིའི་མཚན་སྨོས་སྟེ་དེ་རྣམས་གང་ན་བཞུགས་ཞུས་པས་ཐུགས་ཀར་ཕྱག་མཛུབ་གཏད་སྟེ་འདི་ན་གསུངས། ཁྱེད་ལགས་སམ་ཞུས་པས་ཡིན་ཡིན་གསུངས་ནས་བཞད། ཡོན་བདག་ཐེབ་གྲོལ་ལ་སོགས་པ་ནད་ཀྱིས་གཟིར་བ་དུ་མ་ལ་བྱིན་རླབས་མཛད་སྟེ་འདི་ཙམ་ན་ཕན་པར་འགྱུར་རོ་ཞེས་གསུང་པ་བཞིན་སོ་སོར་བྱུང༌། སྒང་པ་ཉང་པོར་བྱོན་པ་ཡུན་རིང་དུ་སོང༌། ད་ཉེ་བར་བྱོན་ནམ་ཟེར་ནས་ཇ་འདྲེན་ལ་འགྲོ་ཞུས་པས་འགྲོ་མ་རན་གསུངས། ཟླ་ཕྱེད་ཙམ་ན་ཤཱཀ་འོད་ལ་ད་སོང་དང་ཁྱེད་ལ་གསེར་ཞིག་ཡང་སྟེར་བར་འདུག་གསུངས་སྟེ་ཅི་གར་མཇལ་ཞིང་དེ་བཞིན་དུ་བྱུང༌། སློབ་དཔོན་ཆེན་པོ་སོགས་ཕེབས་ནས་མཇལ། བཞུགས་པའི་ཁྲི་ཆུང་ཅིག་ཡོད་པ་དེ་མཐོ་བར་གྱིས་གསུངས་ནས་སླར་ཡང་བརྩིགས། ཐམས་ཅད་ལ་ཕྱག་ཚོལ་གསུང་ཞིང་ཕྱག་དབང་ཡང་ཡང་དུ་མཛད་ཅིང་བཞད། རྟ་བར་རྒྱལ་འཛིན་ནས་དྲུང་གོང་མ་གཉིས་ལ་རྟ་བརྒྱ་འབུལ་དུ་མ་བྱས་པའི་ཡོན་བདག་ཆེན་པོ་རྒན་མོ་བློ་བདེའི་བུ་རྒྱུད་ཨ་དཔལ་སོགས་ཀྱིས་རྟ་བརྒྱ་འབུལ་བྱེད་པས་ཕེབས་པར་ཞུ་ཞུ་བར་ཡོང་བ་ལ་གཟིགས་མ་ཐག་ཡོན་བདག་དཔྱལ་པ་ཕྱིན་འདུག་ཨང་གསུངས་སྟེ་དེ་ལྟ་བུ་ནི་བགྲང་གིས་མི་ལང༌། སྤྱིར་ཡང་བུས་བ་ཆུང་ངུ་ལ་མས་སྨྲ་བ་སློབ་པ་ལྟར་རང་གི་ཚུལ་སྦས་ནས་དེ་དང་མཐུན་པར་མ་བསྟན་ན་ཧ་ཅང་སྤྱོད་ཡུལ་མ་མཚུངས་པའི་ཕྱིར་རྙིགས་དུས་ཀྱི་འགྲོ་བ་འདུལ་མི་ནུས་པས་འཇིག་རྟེན་མཐུན་འཇུག་འདི་ལྟ་བུ་སྟོན་པར་ཟད་ཀྱི་བདག་ཉིད་ཆེན་པོ་འདི་དག་གི་རང་བཞིན་ལ་བལྟོས་ན་ཉི་མའི་དཀྱིལ་འཁོར་ལ་མེ་ཁྱེར་གྱི་འོད་ཙམ་དུ་མཐོང་ནས་བསྔགས་པ་ལྟར་ཟད་ཏོ། །རྟོགས་ལྡན་རིན་པོ་ཆེ་མཁའ་(པ༧༤བ)


PTT001_Page_1016
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པས་སྤྲུལ་སྐུ་འཇལ་བར་བྱོན་སྟེ་འབུལ་བ་མང་པོ་དང་སྔོན་གྱི་དབུ་ཞྭ་ཕུལ་བ་ན་ཕྱག་གིས་བླངས་སྟེ་དབུ་ལ་བསྣབས་པ་ན་དབུ་ལ་ཡངས་དོག་གི་སྐྱིན་མེད་པར་འཚམས་པས་ཐམས་ཅད་ངོ་མཚར་དུ་གྱུར། ཙཱ་རི་ནགས་ཕུ་ལྐོག་ཕྲེང་རྩེ་ལྷ་སྒང་པ་རྣམས་སོ་སོས་སྤྱན་འདྲེན་ནན་ཏན་ཞུས་པ་ན་ཉིད་ཀྱིས་ཐོག་མར་ཉང་པོ་དང་ནགས་ཕུར་འགྲོ་གསུངས་ཞིང་གཞན་ཡང་དད་ལྡན་སོ་སོས་ཉེ་ལམ་དུ་སྤྱན་དྲངས་ཤིང་བསོད་ནམས་ཀྱི་ཚོགས་རྒྱ་ཆེར་སྤེལ། ལམ་རྣམས་སུ་ལུང་དམར་ཆེན་པོ་བྱུང་བ་ན་ཕྱག་མཛུབ་བསྟན་པས་གཞན་དུ་བྱོལ་སྟེ་འགྲོ། སློབ་དཔོན་ཆེན་པོས་གཙོས་པའི་སྒང་པ་རྣམས་ཀྱང་ཨེ་ཐང་དུ་ཕེབས། དེར་སེང་གེའི་ཁྲི་ལ་སྤྱན་དྲངས་སྟེ་རིམ་པས་ནགས་ཕུ་ལ་སོགས་པར་བྱོན་ཞིང་སོ་སོར་སྔོན་ཚུལ་མང་དུ་གསུང་ཅིང་གདུལ་བྱ་རྣམས་ངེས་པ་འདྲོངས། ཤཱཀ་འོད་རྟ་རྦབ་ཀྱིས་རྩིབ་མ་ཆག་པ་ལ་ཕྱག་རེག་པ་ཙམ་གྱིས་ནད་ཟུག་ཞི་སྟེ་དེ་མ་ཐག་སོས། དགུན་གངས་ལ་ཆེན་པོ་ཞིག་ལ་ན་བཟའ་སྲབ་མོ་རྐྱང་པ་ཅིག་བསྣབས་ནས་གཤེགས་ཤིང་སྐུ་གཟི་འོད་དུ་འབར། ཚད་རོང་དྲོ་སར་དབྱར་སོས་ན་བཟའ་མང་དུ་བརྩེགས་ནས་སྐུ་བསེར་བསེར་ལྟར་མཛད། ལོང་པོ་ལྕགས་མཁར་དང་ཉེ་བའི་ཐང་དུ་བཞུགས་པ་ན་ཞབས་འཆག་པར་བྱོན་ནས་ལམ་ལས་མི་རིང་བ་ན་ཕ་བོང་ཆེན་པོ་ཞིག་ལ་སྐུ་རྩེད་དུ་ཕྱག་ལྕག་ཕྱོགས་དུ་མ་ནས་བཙུགས་པས་ཕུར་བུའི་ཤུལ་ལྟ་བུ་བྱུང་སྟེ་བར་བྱེ་བ་གསེས་ཅིག་གསུངས། བསེས་པའི་བར་ནས་སྲོག་ཆགས་གློ་བ་འདྲ་བ་ཁྲུ་གང་ཙམ་ལ་ཕྱི་སྲོག་ཆག་ནག་པོ་དང་ནང་དཀར་པོ་ཏིལ་འབྲུ་ཙམ་གྱིས་ཐེམ་བེར་དུ་གང་བ་བྱུང་སྟེ་ལྗགས་མཆིལ་བཏབ། ཏིང་འཛིན་གཏད་པས་མོད་ལ་ཤི་ནས་འཇའ་ཟུག་མེ་ཏོག་གི་ཆར་བྱུང༌། རོ་དེ་བསྲེག་སྦྱང་མཛད། དེའི་རྒྱུ་ཞུས་པས་སྔོན་རོལ་པའི་རྡོ་རྗེའི་དུས་ཡུལ་འདིའི་གཤིན་གསོན་གི་དཀོར་ཟ་བའི་བླ་མ་ཞིག་གིས་ངན་སོང་ལས་འདྲེན་པར་ཞུས་ནས་ཁས་བླངས་པ་ཡིན། དེའི་(པ༧༥ན)


PTT001_Page_1017
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ཆགས་ནག་པོ་རྣམས་ཁོས་གཤིན་ཟས་ཟོས་པའི་གཤིན་པོ་རྣམ་དང་དཀར་པོ་རྣམས་གསོན་དཀོར་ཟོས་པ་རྣམས་ལན་ཆགས་སྙག་པའི་ཕྱིར་ལུས་ལ་ཟ་བ་ཡིན། དེ་ཐམས་ཅད་ངས་ཁས་བླངས་ལྟར་བདེ་བ་ཅན་དུ་དྲངས་པ་ཡིན་ཞེས་གསུངས་ཞིང་དེའི་ཕ་བོང་ཕྱེད་བཤགས་ཀྱི་ནང་ཕན་ཚུན་ལ་སྲོག་ཆགས་དེའི་ཤུལ་གསལ་པོར་ཡོད་པ་ཅིག་ད་ལྟ་མངོན་སུམ་དུ་ཡོད་ཏོ། །འདི་ཁ་ཅིག་རྗེ་རང་བྱུང་བའི་དུས་སུ་སྲོག་ཆགས་དེ་དྲངས་པ་དང་སྡིགས་པའི་ཤུལ་སྣང་ཞེས་ཀྱང་ཐོས་ལ་རྣམ་ཐར་རྣམས་ལ་མི་སྣང་ངོ༌། །ཞོ་ཁར་འཕན་ཆེན་མཇལ་ཞིང་བཀུར་སྟི་མཛད། གནས་གཞིར་བཞུགས་ཚེ་རྟོགས་ལྡན་རིན་པོ་ཆེ་དེ་རིང་ཕེབས་ཟེར་ནས་སྒར་པས་གྲབས་བྱས། ཁྱད་པར་དགེ་བཤེས་ཤཱཀ་རྡོར་བྱ་བས་དྲུངས་དུ་ཡང་ཡང་ཞུས་པས་མཐར་དེ་རིང་མི་འབྱོན། སང་ངེད་དང་ལམ་ན་འཕྲད་གསུངས་སྟེ་དེ་ཁོ་ན་ལྟར་བྱུང་ནས་སང་ཉིན་ཁོང་ལ་གཟིགས་སྟེ་ང་ཨེ་བདེན་པར་འདུག་གསུངས་སྟེ་དེ་ཕྱིན་ཞུ་མི་སྤོབས་པར་གྱུར། ཡང་ཤཱཀ་འོད་ལ་ཁྱེད་ཀྱིས་འདི་སྐད་གྱིས་གསུང་སྟེ། །འགྲོ་བའི་དོན་ལ་བསམས་བཞིན་དུ། །དགེ་བའི་ཕྱོགས་ལ་འགོད་པ་ཡིན། །ཞེས་གསུངས་སྟེ་དེ་ཕྱིན་ཡུལ་གྲུ་ཐམས་ཅད་དུ་རིམ་པར་བྱོན། གར་ཕེབས་ཐམས་ཅད་དུ་རི་རྒྱ་ཀླུང་རྒྱ། ཆོས་རྒྱ་དཀར་པོས་ཐམས་ཅད་བདེ་ལེགས་དང་ལྡན་པ་སྲོང་བཙན་གྱི་འཕྲིན་ལས་ལྟར་མཛད། རྟ་བར་རྒྱལ་འཛིན་དུ་ཡོན་བདག་གིས་རྟ་བཟང་པོ་བརྒྱ་འབུལ་དང༌། སྐྱེ་བོ་ཁྲི་ཕྲག་མང་པོ་ལ་སྡིག་དང་མ་འདྲེས་པའི་སྟོན་མོ་བྱས་པའི་ཉིན་ན་མཁའ་ལ་ཉི་ཟླ་སྐར་གསུམ་འཛོམས་པ་ལ་མེ་ཏོག་གི་ཆར་ཁ་བ་ལྟར་བབ། སྙེ་བོར་སྤྱན་དྲངས་པ་ན་ཞབས་རྗེས་དུ་མ་བྱོན། གཡང་ཁ་སྟེང་དུ་ཕེབས་པ་ན་ཆོས་སྐྱོང་རྣམས་ཀྱིས་བསུ་བའི་ཚུལ་གཟིགས་སྟེ་དེའི་ཚུལ་ཡང་མཛད། དད་ཅན་གྱི་ལོངས་སྤྱོད་རྒྱ་མཚོ་ལྟར་འགྱུར། དེའི་ཚེ་སློབ་དཔོན་ཆེན་པོ་ལ་འདི་སྐད་ཟློས་ཅིག་གསུངས་སྟེ། འགྲོ་རྣམས་དགེ་བའི་ཕྱོགས་ལ་འགོད་པའི་ཕྱིར། །ཐམས་ཅད་ཆོས་ཀྱི་ཕྱོགས་སུ་གཏོང་བ་ཡིན། །གྱིས་གསུངས་བ་ན་(པ༧༥བ)


PTT001_Page_1018
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ཆེན་པོས་ཀྱང་དགོངས་པ་མཁྱེན་སྟེ་ཕྱི་ནང་ཐམས་ཅད་དུ་སྐུ་རིམ་ལ་ཡོ་བྱད་ཐམས་ཅད་བཀྱེ་སྟེ་དོན་ལྡན་དུ་མཛད། སངས་རྒྱས་བྱང་སེམས་ཀྱི་གཟིགས་པ་གྲངས་ལས་འདས་མོད་ཀྱང་ཅུང་ཟད་རེ་བཀའ་བསྩལ་ཞིང་དེ་དག་གི་རྣམ་འགྱུར་ལ་སོགས་པ་གསུངས། ཨ་མ་ཡུམ་སླེབས་བྱུང་སྒོ་ཕྱེ་ཞེས་ལན་ཁ་ཅིག་གསུངས་པའི་མཐར་བསྔོ་བ་མཛད་ཅིང་སྣང་བ་དང་དུས་མཚུངས་ཡུམ་གཤེགས་པར་སྣང༌། ཐན་པ་བྱུང་བ་ན་བཀའ་ཤོག་དང་བདེན་ཚིག་སོགས་ཀྱིས་དེ་མ་ཐག་ཆར་ཆེན་བྱུང་བ་ཆེས་མང༌། སྦྲུལ་ལོ་དགུང་ལོ་དྲུག་བཞེས་པ་ལྐོག་ཕྲེང་ན་བཞུགས་ཚེ་ཤཱཀ་འོད་ལ་ཀརྨ་ཕྱོགས་ནས་མི་མང་པོ་ཡོང་གི་འདུག་གསུང་ནས་ཞག་འགའ་ན་སིདྷུ་བ་འབྱོན་པའི་སྐད་བྱུང༌། ཇ་འདྲེན་ལ་མྱུར་དུ་སོང་གསུང་བ་ན་འོ་ཐང་གྲུ་ཁར་ཕེབས་པ་དང་འགྲིག །དེ་ནས་དྲུང་དུ་མཇལ་ཞིང་མཆོད་སྤྲིན་ཆེར་མཛད། དེ་མ་ཐག་འབྲི་གདན་ཚལ་པ་སོགས་དབུས་གཙང་གི་བདག་པོ་ཐམས་ཅད་ཀྱིས་གདན་འདྲེན་འབུལ་བ་སོ་སོ་དང་མཚུར་ཕུ་གོའི་ཤྲི་བཟང་པོ་རིན་ཆེན་སོགས་བྱོན། གོང་ནས་རྒྱའི་རྒྱལ་པོའི་ཇ་འདྲེན་དབུ་ཞྭ་དང་ཆོས་ཧྱིང་གི་ཕྲེང་བ་སོགས་འབུལ་ནོད་རྒྱ་ཆེན་བླ་མ་ལོ་ཙཱ་བས་ཕུལ་སོ་སོ་ནས་གདན་འདྲེན་གྱི་ཞུ་བ་དྲག་པར་ཕུལ་བའི་ཚེ། སྤྱན་འདྲེན་པ་ཀུན་འཛོམས་སར་ངེད་སྔོན་ལ་ཀརྨར་འགྲོ་བ་ཡིན་གསུངས་པས་དཔོན་པོ་བཟང་པོ་རིན་སྒྲུབ་པས་སྔོན་ལ་མཚུར་ཕུར་འབྱོན་དགོས་ཞལ་བཞེས་མཛོད། མི་མཛད་ན་ངས་ཁྲི་ཐོག་དུ་སྡོད་པ་ཡིན་ཟེར་ནས་ཞུ་ཕོད་བྱས་པས། ཁྱེད་ཀྱིས་ཅང་མི་ཤེས་ངེད་གར་འགྲོ་ངེད་རང་མཁས་གསུངས་ནས་བཀའ་བཀྱོན་དང་ཕྱག་འཇུག་མཛད་པས་ཐམས་ཅད་ཞུམ་ཞིང་དྲུང་ཉིད་ཇི་ལྟར་དགོངས་པ་ལས་ཞུས་སྟབས་སུ་མི་འགྲོ་བར་གོ །འདི་ཕྱིན་ནས་སྐྱེ་བོའི་ཚོགས་མཐའ་ཡས་ལ་པས་ཆོས་གང་འདོད་ཐོགས་པ་མེད་པར་གསུངས། ཐོག་མར་སློབ་དཔོན་ཆེན་པོ་ལ་ཕྱག་ཆེན་ཆོས་དྲུག་སྦྱོར་དྲུག་ལ་སོགས་པའི་ཁྲིད་ལུང་དབང་མན་ངག་མཐའ་(པ༧༦ན)


PTT001_Page_1019
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་པ་གསན། རྟོགས་ལྡན་རིན་པོ་ཆེ་ལ་ནག་རྒྱལ་ཕག་གསུམ་སོགས་བརྒྱུད་པའི་ཟབ་ཆོས་མཐའ་དག་གསན་ཞིང་ཐུགས་ཉམས་སུ་བཞེས་པས་སྤངས་རྟོགས་ཡོངས་སུ་རྫོགས་པར་མཛད། བ་ཡོ་དང་དགོན་སར་གྱི་བར་དུ་བྱོན་སྟེ་གཞན་དོན་རྒྱ་ཆེར་མཛད། དྲུང་གོང་མའི་རྩ་བའི་སློབ་མ་དང་སྒར་དཔོན་ཡིན་ཞིང་བ་ཡོ་སོགས་ཀྱི་གཞི་བ་ཡང་མཛད་རྩེ་ལྷ་སྒང་དུ་ཁྱམས་ལ་རྗེ་དུས་མཁྱེན་གྱི་རྣམ་ཐར་བརྒྱ་རྩ་མའི་རི་མོ་དང་བ་ཡོར་དྲུང་གོང་མའི་སྐུ་ཡང་ཁོ་རང་གིས་ཕྱག་གཟོ་མཛད་པ་གཏེར་བཏོན་སངས་རྒྱས་གླིང་པས་སྤྱན་དྲངས། ཕྱག་གི་གསེར་གྱི་པ་ཏྲ་དང་རྒྱལ་བ་རྒྱ་མཚོའི་སྦ་ལྕག་ཁོང་གི་ཕྱག་ན་ཡོད་པ་ལ། ཁྱེད་ལ་ངའི་པ་ཏྲ་དང་སྦ་ལྕག་ཡོད་པ་ཁྱེར་ཤོག་ཅེས་གསུངས་ནས་ཕུལ། ཁྱོད་ཀྱིས་སྦ་ལྕག་ནས་བཅད་འདུག་ཨང་གསུངས་པས་ཞབས་ལ་གཏུགས་ཤིང་བཤུམས། དགུང་ལོ་བདུན་པ་ལྕགས་རྟ་ཟླ་བ་དང་པོའི་ཚེས་གཅིག་ལ་རྩེ་ལྷ་སྒང་དུ་ཚོགས་དགེ་འདུན་སྒང་པ་ཕེབས་སྟེ་མཁན་པོ་སྙག་ཕུ་བ་བསོད་ནམས་བཟང་པོ་དང་ལས་སློབ་དགྲ་བཅོམ་པ་ཡོན་ཏན་བློ་གྲོས་སོགས་མཁས་བཙུན་གྱི་དགེ་འདུན་འདུས་པར་རབ་བྱུང་དང་དགེ་ཚུལ་བཞེས་སྟེ་མཚན་ཆོས་དཔལ་བཟང་པོར་གསོལ་ཞིང་ཕྱིས་དགུང་ལོ་བཅུ་དགུ་བཞེས་པའི་ཆུ་རྟ་ལ་གནས་དེ་ཉིད་དུ་མཁན་སློབ་དེ་ཉིད་དང་དད་པའི་དགེ་སློང་སྡོམ་བརྩོན་སྡེ་སྣོད་འཛིན་པ་བརྒྱད་བཅུའི་དབུས་སུ་བསྙེན་པར་རྫོགས་པར་དགེ་སློང་གི་དངོས་པོ་བཞེས། བོད་དུ་དགེ་སློང་གི་ལས་གྲལ་བྱུང་བ་ལ་བཟང་ཞིང་མང་བར་གྲགས། སོ་སོའི་ཕྱག་གི་ཚེ་བར་བར་དུས་འཇའ་ལི་ལ་སྐུ་བརྟེན་པའི་ངལ་གསོ་མཛད་དགོས་པ་བྱུང་སྐད། འཇའ་འོད་དང་མེ་ཏོག་གི་ཆར་བྱུང༌། སྙག་ཕུ་བ་ཆེན་པོ་འདི་ནི་ཉིད་ཀྱིས་འཕགས་པའི་གནས་བརྟན་བ་ཀུ་ལར་ཞལ་གྱིས་བཞེས། རྗེ་རོལ་བའི་རྡོ་རྗེ་ལ་ཆོས་དུ་མ་གསན་ཞིང་རྗེ་དེ་བཞིན་གཤེགས་པའི་བླ་མ་ཡིན་ཡང་ཐུགས་དད་སློབ་མ་གཞན་ལས་ཆེ་སྟེ་ལྷག་བསམ་མའི་བསྟོད་(པ༧༦བ)


PTT001_Page_1020
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཛད། སྔ་ཕྱིར་མཁན་སློབ་ལས་འདུལ་བའི་ཕྱོགས་མཐའ་དག་དང་ཇོ་གདན་གྱི་ཆོས་སྐོར་མཐའ་དག་དང་གཞུང་ལུགས་ཆེན་པོ་དུ་མ་གསན། སློབ་དཔོན་བཀའ་བཞི་བ་ལས་ཀྱང་གཞུང་ལུགས་མཐའ་དག་སྦྱང་བའི་ཚུལ་མཛད། དགུང་ལོ་བཅུ་དགུ་པ་ཆུ་སྤྲེ་ཟླ་བ་བརྒྱད་པའི་བཅོ་ལྔ་ལ་ཞོ་ཁ་ནས་ཕྱག་བཏེག་སྟེ་བྲ་ཤོད་རི་བོ་ཆེ་ངོམ་རྣམས་སུ་མཆོག་དམན་རྣམས་སྨིན་གྲོལ་ལ་བཀོད། བྱ་ལོ་ཟླ་བ་དང་པོ་ལ་ཀརྨར་ཕེབས། སྐྱེ་འགྲོ་མཐའ་ཡས་པ་ཆོས་ཀྱིས་བཏུལ། རྐེ་རགས་པ། རྒ་ཨ་ཉན་པ་ཤར་ཀའི་དཔོན་ཆེན་ཁྲོ་བོ་རྒྱལ། ཁྲི་དཔོན་ད་ར་ཁ་ཆེ། གོ་འགྱོ་དཔོན་ཆེན་ན་མཁའ་འོད་ཟེར་སོགས་ལྷ་སྡེ་མི་སྡེའི་གཙོ་བོ་ཐམས་ཅད་ཀྱིས་སྤྱན་དྲངས། མི་ཕྱེད་པའི་དད་པ་ཐོབ། སོ་སོར་ངོ་མཚར་གྱིས་ལྟས་མཐའ་ཡས། འབོམ་དུ་བྱོན་པའི་ལམ་ཞིག་དུ་མཇལ་མི་འགའ་ས་དྲུང་གི་རྣམ་ཐར་ཞིག་ཞུ་ཞུས་པས། སྐྱེ་འཆི་མེད་པར་སེམས་ལ་དབང་ཐོབ་ཀྱང༌། །དབང་མེད་འཁོར་བའི་འགྲོ་བ་སྒྲོལ་སླད་དུ། །སྙིང་རྗེའི་དབང་གི་སྲིད་པར་ཉིང་མཚམས་སྦྱོར། །སྲིད་དང་ཞི་བའི་མཛད་པ་རྒྱུན་མི་ཆད། །དེ་ལ་གྱིས་གསུངས། འབོམ་མཚོ་ཕྱུག་མོའི་འགྲམ་དུ་བདེན་ཚིག་གིས་ཆར་ཕབ་ཅིང་གཞན་ཕན་ཆེར་མཛད། གོ་འགྱོའི་ཡུལ་དུ་ཆ་ག་པའི་དམག་གིས་གནོད་པ་ཆེན་པོ་བྱུང་བ་བཀའ་ཤོག་བསྒྲགས་པས་ཆད། པུ་འབོར་བའི་སྤྱན་འདྲེན་ནན་ཏན་སླེབས་པ་ལ་ཕྱིས་ཀྱི་ཞལ་བཞེས་མཛད་སྟེ་སླར་ཀོང་པོར་ཕེབས་ནས་བསྙེན་རྫོགས་དང་འགྲོ་དོན་མཛད། སྔར་ཧོར་གྱི་རྒྱལ་པོ་ཐོ་གན་ཐི་མུར་གྱིས་ལོ་སོ་ལྔ་རྒྱལ་ས་མཛད། རྗེ་རོལ་བའི་རྡོ་རྗེ་བོད་ལ་ཕེབས་ནས་ལོ་ལྔ་ན་རྒྱའི་ངོ་ལོག་བྱུང་བས་གོང་མ་ཧོར་ཡུལ་ལ་བྱོན་སྟེ་རྒྱ་ནག་གི་རྒྱལ་པོ་ཐའི་ཇུས་རྒྱལ་ས་ཅུང་ཟད་དང༌། དེ་ནས་ཏའི་མིང་རྒྱལ་པོ་ཆེན་པོས་རྒྱ་ཧོར་མི་ཉག་ཐམས་ཅད་ཀྱི་རྒྱལ་པོ་མཛད། རྒྱལ་ཁམས་ཐམས་ཅད་བདེ། ཆོས་རྗེ་རིན་པོ་ཆེའི་སྙན་པས་ཐུགས་ཕྲོགས་སྟེ་སྤྱན་འདྲེན་ཡང་ཡང་དུ་བཏང་(པ༧༧ན)


PTT001_Page_1021
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཁྱད་པར་དུ། བླ་མ་ཁྱེད་ཀྱིས་དེ་བཞིན་གཤེགས་པའི་ཆོས་ཟབ་མོ་མཁྱེན་པའི་དོན་ལ་ནུབ་ཕྱོགས་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་ཀུན་གྱིས་སྐྱབས་སུ་འགྲོ་བ་དང་གུས་པར་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ལྟ་བུའི། ཁྱེད་ཐབས་ཤེས་རབ་ཡོན་ཏན་འཕྲིན་ལས་མཆོག་གི་དངོས་གྲུབ་མ་ཐོབ་ན་དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཕན་པ་རྒྱ་ཆེན་པོ་ག་ལ་འབྱུང༌། ངེད་སྔར་བྱང་ཕྱོགས་སུ་ཡོད་པའི་དུས་སུ། ཁྱེད་ཀྱི་མཚན་བཟང་པོ་ཐོས་ནས་ལན་གཅིག་མཇལ་བསམ་པའི་སེམས་བཞིན་ད་ལྟ་གོ་ས་ཆེན་པོ་ལ་བཞུགས། ཡུལ་དབུས་ཀྱི་རྒྱལ་ཁམས་ཀུན་བདེ་བར་འདུག །ཡུན་རིང་དུ་བསམས་པ་ལ་མུན་པ་བསལ་བ་ལྟ་བུ་དྲིན་མཉམ་པ་ཉིད་ཕན་ཡོན་ཐུན་མོང་དུ་མཛད་དགོས། སྔར་ཤཱཀྱ་ཐུབ་པས་ཐུགས་རྗེས་བཟུང་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད། ཐུབ་པའི་ཆོས་ཀྱི་དངོས་གྲུབ་ཟབ་མོ་ཐོབ་པའི་དོན་ལ། ཁྱེད་ཐུབ་པའི་ཐུགས་དང་གཉིས་སུ་མེད་པར་འདུག་པས་ཡུལ་དབུས་འདིར་བྱོན་ནས་སངས་རྒྱས་ཀྱི་བསྟན་པ་དར་བ་དང་རྒྱལ་ཁམས་ཀྱི་ཕན་བདེ་ལ་དགོངས་ནས་ངེད་ཀྱིས་སྔར་བསམས་པ་བཞིན་རྗེས་སུ་འབྲེངས་ནས། བླ་མ་ཁྱེད་ཅིས་ཀྱང་འབྱོན་པར་མཛོད། སྔར་གྱི་རྒྱལ་པོས་ཡུལ་དབུས་ཀྱི་རྒྱལ་ཁམས་བདེ་བའི་སྒོ་ནས་བཅོས་པ་ཡིན། སངས་རྒྱས་ཀྱི་བསྟན་པ་ལ་ཡང་དད་པ་སྔོན་དུ་འགྲོ་བ། ངེད་ཀྱི་ཡབ་ཐའི་རྒྱལ་པོ་ཧུ་ཧང་དང་དད་པ་ཅན་གྱི་བཙུན་མོ་ཧུ་ཧཱང་བུ་གནམ་ལ་གཤེགས་ནས་ཡུན་རིང༌། དྲིན་གསབ་དགོས་པ་ཐབས་གང་ཡང་མ་རྙེད། བླ་མ་ཁྱེད་ཐབས་ཤེས་འཕྲིན་ལས་ཀྱི་སྒོ་ནས་མཆོག་གི་དངོས་སྒྲུབ་ཐོབ་པའི་དོན་གྱིས། སངས་རྒྱས་ཀྱི་ངོ་བོ་ཉིད་ཡིན་པར་འདུག་ཅེས་ཀྱང་མྱུར་བར་བྱོན་ནས་འདས་པ་རྣམས་ལ་སྒྲོལ་པའི་ཆོ་ག་སྒྲུབ་པའི་དོན་ལ་ད་ལྟའི་ལི་སྐྱམ། ཤའུ་སྐྱམ། ཧུའུ་རྐྱེན་ལ་སོགས་པ་མངགས་ནས་ཡི་(པ༧༧བ)


PTT001_Page_1022
[མ་དཔེ་གཟིགས་ན་འདིར་གནོན།]

གེའི་རྟེན་བསྐུར་གདན་འདྲེན་སོང་ཡོད། བླ་མས་ཐུགས་རྗེས་བཟུང་ལ་མཉེས་པར་མཛོད་ལ་མྱུར་དུ་འབྱོན་པ་ཞུ། ཡི་གེའི་རྟེན་གྱི་དངུལ་བྲེ་ཆེན་གསུམ་ལ་སྲང་བརྒྱ་དང་ལྔ་བཅུ། གོས་ཡུག་མདོག་མི་འདྲ་བ་ཕྱི་བཅུ། ནང་དར་མདོག་མི་འདྲ་བ་བཅུ། ཙནྡན་དུམ་ཅིག་སྤོས་དཀར་རྒྱ་མ་བཅུ། ཟུའུ་ཧང་སྤོས་རྒྱ་མ་གང༌། དཀར་རྒྱ་མ་བརྒྱ་དང་ལྔ་བཅུ། སྣ་དྲུག་ཡུན་ལོ་ཟླ་བ་གཉིས་པའི་ཚེས་བཅོ་བརྒྱད་ལ་ཕོ་བྲང་ཆེན་པོ་ནས་བྲིས། ཅེས་པའི་ལུང་གདན་དྲངས་པའི་གསེར་ཡིག་པ་རྣམས་ཀྱི་སྔ་འཕར་བྱུང་བས་དབུས་སུ་ཕེབས། འབྲི་གདན་དང་སྣེའུ་པས་ཞབས་ཏོག་ཆེར་བྱས། ལྷ་ས་དང་མཚུར་ཕུར་ཕེབས། རིམ་པས་བྱང་ལམ་བརྒྱུད་ནས་འགྲོ་དོན་རྒྱུན་མི་ཆད་པར་དགུང་ལོ་ཉེར་གསུམ་པ་མེ་ཁྱི་ཟླ་བ་བདུན་པའི་ཚེས་གསུམ་ལ་ལྷ་སྟེང་དང་ཚེས་བརྒྱད་ལ་ཀརྨར་ཕེབས་སྟེ་དེར་རྒྱའི་མི་ཆེན་རྣམས་ཀྱིས་མཇལ་ལུང་དང་འབུལ་བ་བཞེས། ཚེས་བཅོ་བརྒྱད་ལ་བཏེག་སྟེ་རྐེ་སྟོང་དང་ཀེར་རྒྱང་དུ་ཞག་ཉེར་ལྔ་ཙམ་བཞུགས་སྟེ་དག་པོ་ཆེན་པོ་ཀོན་ཏིང་གོའི་ཤྲི་དང་ཆའུ་ཐོབ་པ་སོགས་མི་ཆེན་དང་སྨར་ཁམས་ཀྱི་དགེ་འདུན་མཐའ་ཡས་པ་ཐམས་ཅད་དད་པར་མཛད། ཤར་ཁའི་སྐྱེ་བོ་མཐའ་ཡས་པས་མཇལ། དེ་ནས་ཚུགས་དྲུག་གིས་འབྲི་ཆུའི་ཀློང་ཐང་གི་གྲུ་བརྒལ། གླིང་ཚང་གི་འབུལ་བ་མཐའ་ཡས། ར་རྒྱ་གྲུ་སོའི་བར་ལ་ཚུགས་བཅུ། ཁྲོམ་བུ་རོང་བར་དུ་ཚུགས་བཅུ་དྲུག །ཁྲོམ་བུ་བ་རྣམས་ཀྱིས་རྟ་ལྔ་བརྒྱ་དུས་གཅིག་དུ་ཕུལ། དེ་ནས་ཚུགས་གཅིག་ན་ཏའི་ཞིང་ཆེན་པོ་གདན་འདྲེན་ལ་སླེབས། ཚུགས་གཉིས་ཀྱིས་ག་ཆུར་བྱོན། ཟླ་བ་བཅུ་གཉིས་པའི་ཚེས་གསུམ་ལ་ག་ཆུ་ནས་བཏེག་སྟེ་འཇམ་ཚུགས་ན་གསུམ་ཉི་མ་ན་གཉིས་ཀྱིས་ཤིང་ཀུན་དུ་ཕེབས། ཚུགས་གཉིས་ཀྱིས་ཆུ་མ་མཁར། དེ་ནས་འཇམ་ཚུགས་བཅུ་དགུ་ན་ཟམ་ཤིང་རྒྱལ་བུས་མཇལ། འཇམ་ཚུགས་ཉི་ཤུ་ན་པན་ཡང་རྒྱལ་(པ༧༨ན)


PTT001_Page_1023
[མ་དཔེ་གཟིགས་ན་འདིར་གནོན།]

བུས་མཇལ། འདི་ཐམས་ཅད་དུ་འབུལ་བ་ཞབས་ཏོག་དད་གུས་མཐའ་ཡས་ཤིང་ཐམས་ཅད་དུ་ཟླ་ལམ་ལྷག་པའི་སྐྱེ་བོ་འདུས། འཇམ་ཚུགས་བཅུ་བཞི་ན་ཧུང་མང་དུ་དགེ་འདུན་མཐའ་ཡས་པས་མཆོད་པའི་སྤྲིན་སྤྲོས། འཇམ་ཚུགས་གསུམ་ན་ཆུ་གུན་ཕོ་བྲང་གི་རྒྱལ་བུ་གཉིས་ཀྱིས་མཇལ། འཇམ་ཚུགས་གསུམ་ནས་ཕོ་བྲང་གི་མདུན་ན་ཆུ་ཆེན་སྣང་བའི་གྲུ་ཁ་རེ་ན་ཤན་སྟོང་ཕྲག་གསུམ་རེ་འདུག །གོམ་པ་སུམ་བརྒྱ་དྲུག་བཅུ་ས་ལེ་བར་རེར་རྩེ་གྲུའི་ནང་དུ་ཁང་བཟང་རྒྱན་ཅན་ཡོད་པར་བཞུགས་སྟེ་ས་ལེ་བར་སུམ་བརྒྱ་བརྒྱད་བཅུའི་ཚོད་ལ་གྲུའི་བཞོན་པས་བྱོན། ཆུའི་ཕར་ཁ་ནས་གླང་པོ་ཆེན་སུམ་བཅུ་ཙམ་ལ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་དང་དགེ་འདུན་ཁྲི་ཚོ་ཙམ་གྱིས་བསུ་བ་བྱས། ན་མཁའ་དྭངས་པ་ལ་འཇའ་ཚོན་བྱུང་བ་ཀུན་གྱིས་མཐོང༌། ཚེས་གྲངས་མེ་མོ་ཕག་ལོ་ཟླ་བ་དང་པོའི་ཉི་ཤུ་གཅིག་ཡིན། དེའི་ཉིན་གོང་མ་ཕོ་བྲང་ནས་ཕྱིའི་ལྕགས་རི་ནང་དུ་བྱོན། དྲུང་དུ་གསེར་གྱི་འཁོར་ལོ་རྩིབས་སྟོང་ཡོད་པ་ཅིག་ཕུལ། ཇ་ཞལ་ཁོང་རང་བཞེངས་ནས་མཛད་ཅིང་དཔོན་སློབ་ཀུན་ལ་ཆབ་ཚ་གནང༌། མཆོད་ཡོན་མཇལ་བའི་ཡི་གེར་འདི་ཙམ་སྣང་ལ་ད་ལྟ་གསུང་རྒྱུན་ལ་གོང་མས་མངོན་མཁྱེན་ཡོད་ན་མཇལ་དར་གཅིག་པ་བསྣམས་ཡོད་དགོངས་ནས་ཕྱག་ཤུབས་ཀྱི་ནང་དུ་དུང་དཀར་གཡས་འཁྱིལ་ཅིག་བཅུག་ནས་ཐོག་མར་ཕུར། ཆོས་རྗེས་ཀྱང་མཁྱེན་སྟེ་དེ་མ་ཐག་སྐུ་ཕག་ནས་དུང་དཀར་གཡས་འཁྱིལ་ཞིག་བཏོན་ནས་གནང་བས་ཐུགས་ལྷག་པར་དད། ཕྱིས་གཉི་ག་ལ་གསེར་གཤོག་རེ་སྦྲན་ནས་ཕུལ་བར་ད་ལྟ་ག་ཎྜོ་ལའི་མཆོད་རྫས་ཀྱི་གཡས་འཁྱིལ་མཁྱིད་གང་ཙམ་པ་གཉིས་པོ་འདི་ཡིན་གསུངས། མཇལ་ཁང་སར་དུ་བྱས་པར་དེ་ནུབ་བཞུགས། སང་ཐོ་རངས་ནས་ཕྱག་ཕྱི་བ་ཐམས་ཅད་ལ་གོས་བཞི་བཞི་རེ་ལྷམ་རེ་མི་དྲག་པ་རྣམས་ལ་ཞྭ་ཐེབ་རེ་གནང༌། གོང་མ་ཕུགས་ནས་(པ༧༨བ)


PTT001_Page_1024
[མ་དཔེ་གཟིགས་ན་འདིར་གནོན།]

ཚུར་བཞུགས། རྒྱའི་ལུགས་གཡོན་ཆེ་བར་བྱེད་པས་དྲུང་གཡོན་ནས་ཚུར་བཞུགས། གཞན་རྣམས་མདུན་གཡོན་གཡས་སུ་བཞུགས་སྟེ་བཀུར་སྟི་མཛད། དེ་ནས་གོང་མ་ཕོ་བྲང་དུ་བྱོན། དཔོན་སློབ་རྣམས་མཇལ་ཁང་དུ་བཞུགས། ཉི་ཤུ་གཉིས་ཀྱི་ཕྱི་ནང་སྔ་མོ་ནས་ཕོ་བྲང་དུ་བྱོན་སྟེ་བསུ་བ་ལ་རྒྱན་ཆས་མཐའ་ཡས་པ་ཅན་གྱི་ལག་ན་གོས་དར་གྱིས་ཁང་བཟང་དང་གསེར་གཡུའི་ཁང་བཟང་དང་གདུགས་རྒྱལ་མཚན་འཕན་བ་དན་ཕུར་མ་ལ་སོགས་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་གླང་པོ་ཆེ་དཀར་པོ་གཅིག་གཞན་གཉིས་དང་གསུམ་ལ་གསེར་གྱི་རྒྱན་ཆ་ཐེག་ཚད་ཀྱིས་སྤྲས་པ་དང༌། གཞན་གླང་པོ་ཆེ་སུམ་བརྒྱ་ཙམ་ལ་རྒྱན་ཆས་སྣ་ཚོགས་བཀལ་བ་དང༌། དགེ་འདུན་སྣམ་སྦྱར་ཅན་ཁྲི་ཚོ་ལྔ་ཙམ་གྱིས་ལག་དུ་མེ་ཏོག་དང་རོལ་མོའི་བྱེ་བྲག་སྣ་ཚོགས་པ་བཟུང་བ་དང༌། རྒྱལ་བུ་ཆེན་པོ་དགུ་ཏའི་ཞིང་སྟོང་ཚོ་གསུམ་གྱིས་མགོ་བྱས་ལས་ཀ་ཅན་གྱི་མི་ཆེན་འབུམ་ཚོ་གཅིག་ལ་དམག་མི་འབུམ་ཚོ་བཅུ་གཉིས་ཀྱིས་བསྐོར་བའི་ལ་ལས་ཁྲབ་གྱོན་ལ་ལས་ཕུབ་ཁུར་ཕལ་ཆེར་གྱིས་མདུང་བཟུང་བ་དང༌། གསེར་གྱི་ཐོ་བ་སྟ་གྲི་ཡོབ་ཆེན་རྩེ་གསུམ་རལ་གྲི་སོགས་རེ་རེའང་བཟུང་བ་བརྒྱ་རེ་དང༌། གསེར་དངུལ་གོས་དར་ལས་བྱས་པའི་ཉི་ཟླའི་གཟུགས་བཟུང་བ་བཞི་སྟོང་ཙམ་འདུག །དེ་ནས་ཕོ་བྲང་གི་སྒོར་གོང་མ་ཆེན་པོ་ཉིད་བསུ་བ་ལ་བྱོན། ཕྱི་ན་གསུ་བའི་བཀོད་པ་ཅི་འདུག་ནང་ན་ཡང་འདུག་ཞིང་ཁྱད་པར་གསེར་གྱི་ཁྲབ་རྨོག་ཁོ་ན་གྱོན་པ་ཉིས་བརྒྱ་ཙམ་འདུག །མཇལ་འཛོམ་གྱི་ཁང་པ་དེའི་སྒོ་ལྷོར་ལྟ་བ་རིམ་པ་ལྔའི་ནང་མ་གསེར་འབའ་ཞིག་ལས་བྱས་པ་གསེར་ཐོག་གསེར་ཀ་ཅན་བོད་ཀྱི་ཀ་བ་སོ་གཉིས་ཀྱི་མལ་ལ་ཕྱོགས་བཞི་ཀར་སྒོ་སུམ་རལ་རེ་འདུག །མཆོད་ཡོན་བཞུགས་ལུགས་སྔར་ལྟར་མཛད། དྲུང་གི་མ་ཚད་དུ་བླ་མ་རྣམ་གསུམ་གྲ་པ་རྣམས་གཡོན་ཕྱོགས་སུ་བཞག་སྒོ་བཞིར་གསེར་ཁྲབ་གྱོན་པ་ལྔ་བཅུ་རེ། གོང་མའི་གཡས་གཡོན་དུ་(པ༧༩ན)


PTT001_Page_1025
[མ་དཔེ་གཟིགས་ན་འདིར་གནོན།]

ཕུབ་ཁུར་མདའ་གཞུ་བཏགས་པ་བཞི་བཅུ་ཙམ་རེ་འདུག །ཟས་སྣ་མཐའ་ཡས་པའི་གུང་ཚིགས་གནང༌། དེ་ནས་གོང་མའི་མདུན་དུ་རྩེད་སྣ་རྣམས་མུས་ཀྱིས་ཡོང་འདུག །འབྱོན་དུས་གོང་མ་མཆོད་ཡོན་སྒོ་དབུས་མ་ལ་བྱོན་ངེད་རྣམས་གཡོན་ལ་འགྲོ་བ་བཅོལ། གོང་མས་ཕོ་བྲང་གི་སྒོའི་བར་དུ་བསྐྱལ། སྔར་གྱི་བསུ་བ་རྣམས་ཀྱིས་དགོན་གྱིས་བར་བསྐྱལ། སྤྱིར་ཧོར་དུས་ནས་ཕོ་བྲང་ན་ཀར་སྡེ་མང་དུ་ཡོད་མོད་ཀྱང་ཁྱད་པར་དུ་རྒྱ་ལུགས་ཀྱི་བཀོད་པ་ཅན་གྱི་ལྕགས་རི་ཕྱིར་ལིང་གུ་སིའི་སྡེ་དང་ནང་དུ་ཏཱ་ཏུ་ཀར་སྡེ་སར་ཏུ་བཏབ་པ་ལ་བཞུགས་གནས་མཛད། འདི་གཉིས་དང་རི་བོ་རྩེ་ལྔའི་ཀར་སྡེ་རྣམས་ལ་བླ་མའི་སྐོ་བཞག་སྒར་ནས་ཕྱི་མོའི་བར་མཛད་བཞིན་དུ་ཡོད་འདུག་ཞིང་གཙུག་ལག་ཁང་བླ་བྲང་དང་བཅས་པའི་དབ་རྩེ་ལྷ་སྒང་ན་འདུག་པ་ཡང་བདག་གིས་མཐོང༌། ཕྱི་ཉིན་ཉི་ཤར་ཙམ་ལ་གོང་མ་དགོན་དུ་ཚུར་བྱོན། དྲུང་གིས་གཟིམས་ཁང་གི་ནང་སྒོ་དང་བླ་མ་རྣམས་ཀྱིས་བར་སྒོ་ནས་བསུས། འབུལ་བ་ལ་རྟ་དཀར་པོ་གསུམ་ལ་ཆིབས་སྒ་བསྟད་པ། གཞན་རྟ་དཀར་པོ་བཅོ་བརྒྱད། འདི་ལ་རྒྱ་ནག་ན་རྟ་དཀར་པོ་མཆོག་དུ་བྱེད་ལ་སྔོན་པོ་རྒས་པའི་དཀར་པོ་མིན་པར་ཐོག་མ་ནས་དཀར་པོ་ཡིན། གསེར་བྲེ་བདུན། དངུལ་བྲེ་སུམ་བཅུ་རྩ་བདུན། གོས་ཡུག་བརྒྱ་ལྷག །ཇ་སར་སིག་སུམ་བཅུ། གསེར་གྱི་རྡོར་དྲིལ་བཅོ་ལྔ། གསེར་གྱི་བུམ་པ་གཉིས། དངུལ་གྱི་བུམ་པ་ལྔ༌། གསེར་དངུལ་གྱི་ཏིང་མནྟྲི་ཆ། གསེར་དངུལ་གྱི་པད་སྡེར་ལྔ་རེ། གཞན་ཡང་མཆོད་ཆ་སྲིད་ཚད། གསེར་དངུལ་གྱི་གསོལ་ཞལ་སྡེར་དཔག་མེད་ཕུལ་བ་གཎ་དྷོ་ལའི་འབུལ་བ་ཡིན་པའི་ལུང་བྱུང༌། ཉི་ཤུ་གསུམ་གྱི་ནང་པར་ཡིན། ཉེར་བཞི་ལ་བླ་མ་རྣམ་གསུམ་གྱིས་མགོ་བྱས་པའི་ཕྱག་ཕྱི་བ་རྣམས་ཕོ་བྲང་དུ་ཤོག་གསུངས་སྟེ་ཕོ་བྲང་གི་ཁྱམས་སུ་མཇལ་ཁ་བཏང༌། ཕྱག་རེ་རེ་ལས་མི་དགོས་པའི་ལུང་བྱུང༌། འབྲོང་བུ་གོའི་(པ༧༩བ)


PTT001_Page_1026
[མ་དཔེ་གཟིགས་ན་འདིར་གནོན།]

ཤི་བ། སློབ་དཔོན་དཀར་བཞི་བ་རིན་ཆེན་དཔལ། མཁན་ཆེན་མགོན་བློན་པ་སྟེ་བླ་མ་རྣམ་གསུམ་ལ་དངུལ་བྲེ་ཕྱེད་གསུམ་པ་རེ། གསེར་གྱི་མཆོད་ཆ་རྒྱས་པ་རེ། འཕྱར་དར་རེ། གཏོར་ཆ་རེ། གོས་སྦྱོར་རེ། གསོལ་ཞལ་སྡེར་རེ། གོས་ཕྱི་ནང་བཅུ་གཉིས་རེ། ཆའུ་ཉིས་སྟོང་རེ། རྡོ་དྲིལ་ཆ་བཞི་རེ། ཕྲེང་དཀར་རེ་རྣམས་གནང༌། གྲ་པ་སྤྱི་ལ་རབ་རྣམས་ལ་དངུལ་བྲེ་ཆེན་རེ། ཆའུ་བརྒྱད་བརྒྱ་རེ། གོས་ཡུག་དྲུག་རེ། དར་ཡུག་དྲུག་རེ་གནང༌། འབྲིང་རྣམས་ལ་དངུལ་བྲེ་སུམ་གཉིས་རེ། གོས་དར་ཡུག་དྲུག་རེ། ཆའུ་བཞི་བརྒྱ་རེ། ཐ་མ་རྣམས་ལ་དངུལ་བྲེ་ཕྱེད་རེ། གོས་དར་ཡུག་བཞི་རེ། ཆའུ་སུམ་བརྒྱ་རེ། ཐམས་ཅད་ལ་ཕྲེང་དཀར་རེ། གོས་སྦྱོར་རེ། རྡོར་དྲིལ་ཆ་གཉིས་རེ་གནང༌། ཉེར་བདུན་གྱི་ནང་པར་གོང་མ་དྲུང་གི་གཟིམས་ཁང་དུ་བྱོན་སྟེ་ཙནྡ་དཀར་པོ་ལས་བཞེངས་པའི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་བརྐྱངས་ཁྲུ་དོ་ཡོད་པ་ཅིག་དང་དེའི་མཆོད་ཆ་དངུལ་ཀོང་སོགས་དངུལ་སྤྱད་དང་ཤེལ་གི་མཆོད་ཆ་མཐའ་ཡས་པར་ཕུལ། དེ་ནས་ཟླ་བ་ཕྱི་མའི་ཡར་ཚེས་གཅིག་ལ་ལོ་སར་བྱས་པ་ལ། འདི་ལྟར་ན་ཧོར་ཟླ་གཉིས་པ་ལ་དེང་སང་གི་རྒྱའི་ཟླ་བ་དང་པོ་བྱེད་ཡོད་པར་སྣང༌། དྲུང་ནས་དབུ་མཛད་དཔོན་སློབ་ཐམས་ཅད་ཐོ་རེངས་ནས་ཕོ་བྲང་གྱི་ཤར་སྒོ་ནས་ཡར་བྱོན་ནས་ཁྱམས་ཅིག་དུ་བཞུགས། གོང་མ་དེར་དྲུང་དུ་བྱོན་ནས་ཇ་ཞལ་མཛད། ནམ་ནངས་པ་དང་ཕོ་བྲང་གྱི་ཕྱོགས་བཞི་ག་ནས་ཁྱམས་ཀྱི་དབེན་ཆེན་པོ་ཡོད་པའི་ནང་དུ་གོང་མ་ལ་ལས་ཀ་ཅན་གྱི་མི་ཆེན་འབུམ་ཕྲག་ལྔ་ཙམ་གྱིས་ཕྱག་འབུལ་འདུག །སྟག་གཉིས། བསེ་ལྔ། གཡི་དཀར་གཉིས། གླང་པོ་ཆེ་བརྒྱ་ཙམ་དང་ལག་ཆ་སྔར་བསུ་བ་བ་ལ་བྱུང་རྣམས་རེ་རེའང་སྟོང་སྟོང་འདུག །མདུང་བཟུང་ཁྲབ་གྱོན་པ་འབུམ་ཚོ་རེ་རེ་འདུག །གར་པ་ཉིས་བརྒྱ་ཙམ་གྱིས་མགོ་བྱས་རྩེ་སྣ་མི་གཅིག་པ་སྟོང་ཙམ་འདུག །དེ་རྣམས་ལ་མཆོད་ཡོན་གྱིས་ཡུད་ཙམ་གཟིགས་ནས་ཕོ་བྲང་དུ་བྱོན་སྟེ་སྔར་(པ༨༠ན)


PTT001_Page_1027
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བཞུགས། སྟོན་མོ་བཟང་པོ་གནང༌། དེ་ཕྱིན་གྲྭ་པ་རྣམས་ཀྱིས་ཕྱག་མི་དགོས་པའི་ལུང་བྱུང༌། རྩེ་མོ་བ་ཐམས་ཅད་རིམ་པ་ལྟར་མཆོད་ཡོན་གྱི་མདུན་དུ་འོང་བཅུག་ནས་རྩེད་མོ་དང་གླུ་གར་རོལ་མོ་རྣམས་བྱེད་ཅིང་རིམ་པས་ཕྱིར་སོང༌། དགོང་མོ་ཕྱིར་བྱོན་པ་ལ་གོང་མས་སྒོ་གསུམ་བར་དུ་བསྐྱལ། རྒྱལ་བུ་རྣམས་ཀྱིས་དགོན་པར་བསྐྱལ། གོང་མས་མི་ཆེན་དེ་ཐམས་ཅད་ལ་སྟོན་མོ་གནང༌། ཡང་བཅོ་ལྔའི་ནང་པར་དཔོན་སློབ་ཉི་ཤུ་སྤྱན་དྲངས་སྟེ་རྩེད་མོ་སྟོན་མོ་རྣམས་སྔར་བཞིན་འདུག །དེ་ནུབ་ཕོ་བྲང་གྱི་ཁྱམས་ཆེན་པོ་དེར་མེའི་མེ་ཏོག་དང་བཀྲ་ཤིས་རྟགས་བརྒྱད་སོགས་མེ་རྩེད་ཀྱི་རིགས་མང་པོ་དང་རྩེ་མོའི་རིགས་འབུམ་ཕྲག་ཙམ་འདུག་པ་ལ་གཟིགས། སྲོད་ཙམ་ན་དགོན་པར་ཕེབས། གཟིམས་ཁང་གི་སྒོར་ཡང་དེ་དང་འདྲ་བའི་མཆོད་པ་དང་རྩེད་སྣ་སྣ་ཚོགས་པ་འདུག །དེ་ནས་ཉི་མ་ཐམས་ཅད་ལ་གོང་མ་ལ་ཆོས་རིམ་པར་གསུངས། ཉི་ཤུ་ལྔ་ལ་དཔོན་སློབ་ཐམས་ཅད་ཕོ་བྲང་དུ་སྤྱན་དྲངས་ཤར་སྒོ་ནས་གསེར་ཁང་དུ་དང་པོར་བྱོན། དེ་ནས་སྔར་གྱི་མཇལ་འཕྲད་བྱས་སར་བྱོན་སྤྱན་གཟིགས་དྲངས། དྲུང་དུ་དངུལ་སྲང་སྟོང་ལ་དངུལ་བྲེ་ལྔ་བྱས་པ་དང་འབུལ་བ་མང་དུ་མཛད། རྩེ་མོ་དང་སྔར་གྱི་རྣམས་ཕལ་ཆེར་འདུག །ཁྱད་པར་སྤྲེ་ནག་ཀང་ཐང་དང་སྤྲེ་དཀར་རྟ་བཞོན་སོགས་འདུག་པ་ལ་ནུབ་སྒོ་ནས་གཟིགས་མོ་མཛད། ཟླ་བ་ཕྱི་མའི་ཚེས་ལྔ་ནས་དཀྱིལ་འཁོར་ཕྱི་ནང་རྣམས་ཀྱི་ཐིག་བཏབ་པ་ལ་དྲུང་གིས་རྒྱལ་བ་རྒྱ་མཚོ། རིན་པོ་ཆེས་ཕུར་པ། བཀའ་བཞི་བས་གསང་འདུས། དཔོན་པོ་བས་མི་ཏྲ། གཞན་རྣམས་ཀྱིས་རྡོར་དབྱིངས་ཆོས་དབྱིངས་གསུང་དབང༌། དགྱེས་རྡོར། རྗེ་བཙུན་མ། ཀུན་རིག་སྨན་བླ། སྒྲོལ་ཆོག་ཐུགས་རྗེ་ཆེན་པོའི་གཟུངས་སྒྲུབས་སོགས་དཀྱིལ་འཁོར་བཅུ་གཉིས་བཞེངས། དབུ་འཛུགས་ལ་གོང་མ་བྱོན་ནས་དྲུང་དུ་རྣམ་གསུམ་ཚང་མའི་འབུལ་བ་དང༌། (པ༨༠བ)


PTT001_Page_1028
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་རྣམས་ལ་གོས་ཕྱི་ནང་བཞི་རེ། གཞན་དཀྱིལ་འཁོར་རེ་ལ་གོས་ཕྱི་ནང་རེ། གོང་མའི་ཕྱག་གིས་བླངས་ནས་གནང༌། ཚེས་བཅོ་བརྒྱད་ཀྱི་བར་དུ་ཆོ་ག་མཛད་པ་ལ་ཉིན་གཅིག་བཞིན་གོང་མ་ཡབ་ཡུམ་བྱོན་པ་ལ་དྲུང་གིས་དབང་བསྐུར་རེ་མཛད། གཞན་རྣམས་ཀྱིས་སྒྲོལ་ཆོག་མཛད། ཚེས་བཅུ་བཞི་ལ་འཇའི་གུར་ཕུབ། གོང་མ་མཆོད་ཡོན་གྱིས་གནས་བརྟན་བཅུ་དྲུག་གི་ཞལ་གཟིགས་ཤིང་རྒྱའི་མི་དཔོན་གསུམ་གྱིས་ཀྱང་མཐོང༌། ཤིང་སྡོང་པོ་གཅིག་གི་མགོ་ལ་བདུད་རྩི་བབ། ཤུག་པ་གཅིག་གི་མགོ་ལ་གསེར་གྱི་མེ་ཏོག་སྐྱེས། སྤྱིར་ཆོ་གའི་དབུ་ཚུགས་ནས་མ་ཐོན་གྱིས་བར་དུ་འཇའ་འོད་སྣ་ཚོགས་འཁྲུག་པ་དང་མེ་ཏོག་གི་ཆར་ཉིན་གཅིག་བཞིན་བབ་པ་སྐྱེ་བོ་ཐམས་ཅད་ཀྱིས་མཐོང་ངོ༌། །བཅུ་དགུའི་མཚན་མོ་གོང་མའི་ཡུམ་གྱི་མཚན་བྱང་དྲུང་གིས་བཞུ། གཞན་རྣམས་ཀྱིས་རྡུལ་ཚོན་རྒྱ་མཚོར་སྐྱེལ་བའི་ཚེ་གླང་པོ་ཆེ་ལ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་དང་དགེ་འདུན་བསམ་གྱིས་མི་ཁྱབ་པ་དང་བཅས་པས་བསྐྱལ། སླར་དྲུང་གིས་གོང་མ་ལ་བཀྲ་ཤིས་བརྗོད། དྲུང་དུ་འབུལ་བ་ལ་གསེར་བྲེ་དགུ་དངུལ་བྲེ་བཅོ་བརྒྱད་ལ་སོགས་རྒྱ་ཆེར་ཕུལ། བླ་མ་རྣམ་གསུམ་ལ་གོས་ཕྱི་ནང་ཆ་དགུ་རེ་དངུལ་བྲེལ་ཆེན་གསུམ་རེ་ཆུའུ་སྟོང་རེ་རྟ་གསུམ་རེ་དར་ཁང་ལ་གོས་ཡུག་བརྒྱད་རེ་དར་ཡུག་ལྔ་བཅུ་རེ། ཆོས་དབྱིངས་པ་རྡོར་དབྱིངས་པ་གཉིས་ལ་དར་ཁང་ལ་དར་ཡུག་བདུན་བཅུ་རེ། ཀུན་རིག་པ་སོགས་གཞན་རྣམས་ལ་དར་ཡུག་ལྔ་བཅུ་རེ། ཆོ་ག་བ་གྲ་པ་རེ་རེ་ལ་དངུལ་སྲང་བཅུ་གསུམ་རེ། གོས་ཡུག་བཞི་རེ་ཆའུ་ཕྱེད་དང་བཞི་བརྒྱ་རེ་གནང༌། ཡང་ཚེས་ཉི་ཤུ་ནས་ཕོ་བྲང་དུ་སྤྱན་དྲངས་སྟེ་དཀྱིལ་འཁོར་བཞེངས་ནས་ཚེ་དཔག་མེད་ཀྱི་དབང་གོང་མ་ལ་མཛད། ཟླ་བ་ཕྱི་མའི་ཡར་ཚེས་བརྒྱད་ལ་ཆོས་དྲུག་གི་ཁྲིད་དབུ་བཙུགས་ནས་གོང་མས་ཉམས་ལེན་མཛད། ཕྱག་དཔེ་བསྒྱུར་ནས་ཕུལ། ཟླ་བ་དེའི་ནང་དུ་དྲུང་དེ་བཞིན་གཤེགས་(པ༨༡ན)


PTT001_Page_1029
[མ་དཔེ་གཟིགས་ན་འདིར་གནོན།]

པ་རིན་པོ་ཆེ་ཆོས་ཀྱི་རྒྱལ་པོ་ནུབ་ཕྱོགས་ཀྱི་བྱམས་པ་ཆེན་པོ་ཞི་བ་དབང་ཕྱུག་གི་སངས་རྒྱས། ཅེས་པའི་མཚན་གསོལ། གསེར་སྲང་བརྒྱ་ལས་བརྡུངས་པའི་འཇའ་ས་དང་ཤེལ་གྱི་ཕྱག་ཐམ་ཡིད་བཞིན་ནོར་བུ་ཕུལ། བླ་མ་རྣམ་གསུམ་ལ་གོའི་ཤྲི་ཆེན་པོའི་ལས་ཀ་གསེར་གྱི་ཐམ་ཀ་ཤལ་གྱི་ཐོ་ཤུ་གནང༌། རྒྱ་བན་སྟོང་ཙམ་གྱིས་ཉེས་པ་བྱས་པའི་དོན་ལ་བཙོན་དུ་བཟུང་ནས་ཤི་བའི་ཉེན་འདུག་པ་ཞལ་ཏ་མཛད་སྟེ་སྲོག་བསྐྱབས། གཞན་ཡང་སྔ་རྟིང་དུ་རྒྱལ་ཁམས་ཆེན་པོར་ཡོད་པའི་ནག་ཅན་བཙོན་དུ་གང་ཡོད་ལ་ནན་ཆེར་ཞལ་ཏ་མཛད་པའི་དོན་དུ་སྔ་རྟིང་གསུམ་དུ་ཡངས་པའི་ལུངས་ཤེས་བྱེད་བན་བོན་ཟིན་ཤིང་སོགས་ཆོས་ལུགས་སོ་སོ་ཐམས་ཅད་རང་རང་གི་ལུགས་ཚུལ་བཞིན་དུ་གྱིས་གནམ་མཆོད་འདི་ཐམས་ཅད་ལ་སུས་ཀྱང་བཙེར་བ་མ་བྱེད། བྱས་ན་སོ་སོའི་རྒན་པས་ངེད་ལ་འཕྲལ་དུ་གཏུགས་ཁྲིམས་ལུགས་ཇི་ལྟར་བྱེད་པ་ངེད་ཀྱིས་ཤེས་ཅེས་སོགས་བསྟན་པ་ཤེད་སྐྱེད་ཀྱི་ལུང་འཇའ་ས་རྒྱལ་ཁམས་ཐམས་ཅད་དུ་གནང༌། ཕག་གྲུབ་པ་ལ་དབང་གི་ལས་ཀ་དང་གསེར་གྱི་ཐམ་ཀ་སྔོན་དུ་སོང༌། གླིང་དང་གོན་གྱོ་ལ་དབང་གི་ལས་ཀ་དང་ཐམ་ཀ་གནང༌། ཟླ་བ་བཞི་པའི་ནང་དུ་དུང་གིས་རྩེ་ལྔར་དབྱར་བཞུགས་མཛད་སྟེ་དེ་ནས་གོང་མ་ཡབ་སྲས་ཀྱིས་རྒྱ་མཚོའི་འགྲམ་བར་སྐྱེལ་མ་མཛད་སྟེ་སླར་བོད་དུ་བྱོན་ནོ་ཞེས་མཆོད་ཡོན་མཇལ་བའི་ཡི་གེ་ན་འདི་ཙམ་ལས་མ་བྲིས་སྣང་ལ། སྤྱིར་ཐའི་ཛུ་རྒྱལ་པོ་བསོད་ནམས་བསམ་གྱིས་མི་ཁྱབ་པ་དེས་ཏའི་ཞིང་ཆེན་པོ་མངགས་ནས་དང་པོར་བིརྺ་པ་སྤྱན་དྲངས། དིང་ཕོན་བཟང་པོ་ཆུང་ཚང་དབུ་ཆིངས་དང་ཤམ་ཐབས་ཆུང་ངུར་ཕུལ། དེ་ནས་གནས་བརྟན་བཅུ་དྲུག་སྤྱན་དྲངས་པ་ལ་དིང་ཕོན་ཆེ་བ་བླ་གོས་དང་མཐང་གོས་སུ་ཕུལ། ཕྱིས་རྗེ་དེ་བཞིན་གཤེགས་པ་སྤྱན་འདྲེན་པར་བཞེད་པའི་ཚེ་སྐུ་གཤེགས་པས་དེའི་སྲས་ཏའི་མིང་རྒྱལ་པོ་ཆེན་པོས་(པ༨༡བ)


PTT001_Page_1030
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་གྱི་ཐུགས་དགོངས་རྫོགས་དགོས་པར་ཡང་དགོངས་ཁྱད་པར་རྒྱལ་པོ་འདི་འཇམ་དཔལ་གྱིས་སྐུའི་བཀོད་པ་ཡིན་ཡང༌། ལྷག་པར་བཙུན་མོ་དམ་པ་སྒྲོལ་མའི་སྤྲུལ་པ་དེས་དགེ་བའི་བཤེས་གཉེན་གྱི་བྱ་བ་བྱས་པ་སྟེ། རྒྱལ་པོའི་བགྱི་བ་ཆེན་པོས་གཡེངས། དམ་པའི་ཆོས་ལས་རེ་ཞིག་གཡེལ་བར་གྱུར་ཚེ་མནལ་ལམ་དུ་པོ་ཊ་ལར་སྤྱན་རས་གཟིགས་མཇལ་དུ་འགྲོ་བར་བརྩམས་ནས་རི་ལ་འཛེགས་པས་ངལ་སྟེ་ལྡོག་པར་འདོད་ཚེ་ཨུཏྤལ་སྔོན་པོ་ཆེ་ཞིང་མཐོ་བ་རྒྱས་པ་ཅིག་འདུག་པ་ལ་བཟང་པོའི་སྟབས་ཀྱིས་ངལ་བསོས་ནས་སླར་ཕྱིན་པ་ན་རི་རྩེར་ཐུགས་རྗེ་ཆེན་པོ་དང་མཇལ་བྱིན་གྱིས་རླབས་པའི་སྣང་བ་བྱུང༌། དེ་ནས་བཙུན་མོ་དམ་པ་དེས་དམ་པའི་ཆོས་ལ་བསྐུལ། ཆོས་ཀྱི་རྗེ་སྤྱན་འདྲེན་པ་ཡང་མཉེལ་བསོས་པས་གོང་མས་ཀྱང་ངའི་དགེ་བའི་བཤེས་གཉེན་ནི་བཙུན་མོ་འདི་ཡིན་ཞེས་རྟག་དུ་བསྔགས་པ་མཛད་སྐད། ཆོ་ག་མཛད་པའི་ཚེས་སོ་སོ་ལ་འཇའ་སྤྲིན་གླང་པོ་ཆེ་དང་སེང་གེ་སོགས་སྣ་ཚོགས་པའི་གཟུགས་དང༌། བས་ཧའོ་ཞེས་བྱ་ཚེ་རིང་བྱུང་བ་དང༌། མེ་ཏོག་གི་ཆར་ཐ་དད་བབ་པ་དང༌། རབ་ཏུ་བྱུང་བ་སྔོན་མ་མཐོང་བ་དུ་མ་དཀྱིལ་འཁོར་ཁང་པ་ལ་བསྐོར་བ་བྱེད་ཅིང་དེ་མ་ཐག་སྤྲིན་གྱིས་སྟེང་ན་སྣང་བ་སོགས་དགྲ་བཅོམ་པ་མང་དུ་མཐོང་བ་དང༌། སྤྲིན་གསེབ་ཏུ་སངས་རྒྱས་བྱང་སེམས་སྣང་བ་དང༌། ལྷས་མཆོད་པ་མངོན་སུམ་དུ་མཐོང་བ་སོགས་དང༌། ཁྱད་པར་ཐ་མའི་ཉིན་ནུབ་ཕྱོགས་ནས་གསེར་གྱི་འོད་ཆེན་པོ་བྱུང་བས་རྒྱ་ནག་གི་རྒྱལ་ཁམས་ཐམས་ཅད་ཁྱབ་པར་བདེ་བ་ཅན་ནས་ཚེ་དཔག་མེད་ཀྱི་འོད་ཟེར་དུ་གཟིགས་པ་སོགས་ངོ་མཚར་མཐའ་ཡས་པ་བྱུང་བ་རྣམས་ཉིན་སོ་སོའི་ལིང་ཙེ་བཀོད། བོད་རྒྱ་ཡུ་གུར་སོགས་ཡིག་རིགས་དུ་མའི་ཞལ་ཡིག་དང་བཅས་པ་དར་ཡུག་ཆེན་པོ་གཅིག་གི་དཀྱུས་ཙམ་པའི་ངོ་མཚར་འཇའ་ས་ཞེས་གསི་ཐང་ཡུག་དྲིན་དུ་མ་ད་ལྟ་ཡོད་པར་ལྟ། ཡབ་ཡུམ་གྱི་མཆོད་རྟེན་གྱི་རྒྱུ་རྐྱེན་འབྲས་བུ་རྣམས་རབ་ཏུ་གནས་པར་མཛད། དེ་རེ་རེ་ལ་(པ༨༢ན)


PTT001_Page_1031
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་མཚར་མང་དུ་བྱུང་བ་དང་ཁྱད་པར་ཆོས་ཀྱི་རྗེ་ཕོ་བྲང་ནས་ཐེགས་སྟེ་རྩེ་ལྔར་བཞུགས་དུས་ཉིན་རེ་ཞིང་མཆོད་རྟེན་གྱི་གྲིབ་མ་ལ་འཇའ་འོད་འཁྲུག་ཞིང་འཇའ་འོད་ལས་སྐུ་གཟུགས་ཀྱི་རྣམ་པ་སོགས་ངོ་མཚར་མང་དུ་བྱུང་བ་རྣམས་གོང་མས་ལུང་གི་ཞུ་ཡིག་འཕྲལ་འཕྲལ་དུ་ཕུལ་སྟེ་འདི་ཁོ་ནའི་ལུང་ཡང་བཅུ་ལྷག་ཅིག་སྣང་བ་སོ་སོ་ནས་ངོ་མཚར་བརྗོད་ཀྱིས་མི་ལང་བ་འདུག །དེ་སྐབས་ཅིག་གོང་མས་དེ་བཞིན་གཤེགས་པའི་སྐུ་མཐོ་གང་ཙམ་པ་ཉི་མ་ལྟར་འབར་བ་གཟིགས། ཟླ་བ་ཕྱི་མའི་ཚེས་དེའི་ཉིན་སྟོན་པའི་ཚེམས་མཆེ་བ་རྒྱ་གར་གྱི་ཡུལ་གྲུ་ཆུང་ངུ་ཞིག་ན་བཞུགས་པ་དེ་གོང་མའི་ཕྱག་དུ་བྱུང་བས་ཆོས་རྗེ་རིན་པོ་ཆེའི་ཐུགས་རྗེར་མཁྱེན་སྟེ་གསེར་གང་བླུགས་ཀྱི་སྟོན་པའི་སྐུ་ཇི་ལྟར་གཟིགས་པ་དེ་ཙམ་པ་བྱས་ནས་རྒྱུ་མཚན་དེ་དག་གི་ཞུ་བའི་ལུང་དང་བཅས་སྟེ་ཕྱག་དུ་ཕུལ། སྤྱིར་གོང་མ་ཉིད་ཀྱི་དགོངས་པས་དམག་གི་སྒོ་ནས་ཧོར་དུས་ལྟར་བོད་ཁྲིམས་ཞབས་སུ་འཇུག །ས་ཧོར་ལྟར་མཆོད་ཡོན་སྲིད་ཅིག་པས་རྒྱལ་ཁམས་གནོན་པར་དགོངས་ཀྱང་ཆོས་རྗེ་རིན་པོ་ཆེས་ཆོས་ཆོས་བཞིན་དུ་བསྟན་པས་རྒྱ་དམག་མཛད་མ་བདེ། མཐར་གོང་མས་བོད་ཡུལ་དེ་ན་ཆོས་རྒྱུད་མི་གཅིག་པ་སྣ་ཚོགས་པ་ཡོད་པར་འདུག་པས་དེ་རྣམས་རྩོད་པ་འོང༌། དམག་དངོས་བཏང་ན་ཆོས་ཀྱི་རྗེ་མི་མཉེས་པར་འདུག་པས་གསེར་ཐོག་གི་གྱོ་མོ་ག་ཆུར་ལུས་པ་རྣམས་སྐྱེལ་བ་དང་སྦྲགས་ངའི་རྟ་པ་ཐོར་ཙམ་ཞིག་གཏོང༌། དེ་ཚོས་རྟའི་རྔ་ཤ་ལ་གྱོ་མོ་རེ་ཁྱེར་བས་བདེ་བར་འདྲོངས་འགྲོ། ཆོས་རྒྱུད་ཐམས་ཅད་ཁྱེད་རང་གི་ལུགས་སུ་འདྲིལ། ལོ་ལོ་བཞིན་མདོ་ཁམས་རྣམ་རབ་སྒང་དང་དབུས་གཙང་རྣམས་ལྷ་སར་ཆོས་འཁོར་ཆེན་པོ་སྐོར་བ་བྱེད་པས་གནང་བ་ཞུ་ཞུས་ཀྱང༌། ཆོས་རྒྱུད་ཅིག་ཁོ་ནས་སེམས་ཅན་མི་ཐུལ་སོ་སོས་མོས་པ་བཞིན་སངས་རྒྱས་ཀྱི་ཐུགས་རྗེ་འཇུག་པ་ཡིན། སོ་སོ་རང་རང་གི་ལུགས་ཀྱི་ཆོས་ཚུལ་བཞིན་དུ་བྱས་ན་དེས་ཆོག་(པ༨༢བ)


PTT001_Page_1032
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་གསུང་ནས་མ་གནང༌། ཕྱིས་ཀྱང་གོང་མའི་གསེར་ཡིག་པ་བོད་དུ་ཡོང་བ་འབྲི་ཁུང་གི་རྒྱབ་སེ་རུ་རོང་དུ་བཅོམ་པ་དང་བོད་ནས་སྙན་ཕྲ་ཞུ་མི་ཡང་དུ་མ་བྱུང་ནས་རྒྱ་དམག་ཡོངས་ལ་ཁད་བྱུང་བའི་ཚེ་ཕག་མོ་གྲུ་པའི་དབང་གྲགས་པ་རྒྱལ་མཚན་གྱིས་ཆོས་ཀྱི་རྗེའི་དྲུང་དུ་མགོན་མེད་སྐྱབས་མེད་ཀྱིས་སྨྲེ་སྔགས་མགོ་འབུལ་ལུས་འབུལ་གྱི་ཞུ་ཡིག་སུམ་སྦྲེངས་དངོས་སུ་མཐོང༌། དེ་དག་གི་ཚེའང་ཐུགས་བྱམས་པ་ཆེན་པོས་ནི་ཁྱབ། ཁེ་གྲགས་དང་དབང་ཆེ་འདོད་པའི་རྣམ་པར་རྟོག་པ་ནི་མི་མངའ། ཐམས་ཅད་ལ་ཕན་བདེ་འབའ་ཞིག་དགོངས་པས་བཀའ་རིན་པོ་ཆེ་ཡང་ཡང་དུ་བསྩལ་བས་རྒྱལ་པོ་ཆེན་པོ་དེས་ཀྱང་བླ་མའི་གསུང་གི་ཅོད་པན་སྤྱི་བོའི་གཙུག་དུ་བཀོད་པས་རྒྱ་རྣམས་ཕྱི་མའི་སྡུག་བསྔལ་ལས་བསྐྱབས། བོད་རྣམས་ཚེ་འདིའི་སྡུག་བསྔལ་ལས་བསྐྱབས། མདོར་ན་བོད་ཡུལ་རྒྱ་དམག་གི་འཇིགས་པ་ལས་བསྐྱབས་པའི་བཀའ་དྲིན་གཞལ་དུ་མེད་ཀྱང་བོད་ཡུལ་དུ་བཀའ་དྲིན་དུ་གོ་བ་ནི་སུ་ཡང་མི་སྣང་ཞིང་ཅུང་ཟད་བདེ་བར་བསྡད་ཆོག་པ་འདི་རང་རང་གི་ཕོ་རྒོད་དུ་རློམ་མོད། འདི་འདྲ་བ་ཁོ་ན་ལས་ན་རྒྱུ་འབྲས་མི་ཤེས་པ་འདི་དག་སྙིང་རྗེའི་གནས་ཁོ་ནའོ། །དེས་ན་མཁན་ཆེན་བསོད་ནམས་བཟང་པོས། དེ་ཉིད་ཕྱི་མར་སྐྱེ་འགྲོ་དཔག་མེད་ཀྱི། །འཇིགས་སྐྱོབ་དགེ་ལེགས་འགྲུབ་པའི་དུས་མཁྱེན་ནས། །བསམས་བཞིན་སྐྱེ་བ་བཞེས་པའི་ཀརྨ་པ། །དེ་བཞིན་གཤེགས་པའི་ཞབས་ལ་གུས་ཕྱག་འཚལ། །ཞེས་གསུངས་པ་ཡིན་ཞིང་དྲུང་རོལ་པའི་རྡོ་རྗེས་རི་འདིའི་རྩེར་དགེ་སློང་གཙང་མ་ཞིག་གི་གདུང་སྦྱངས་ན་བོད་ལ་རྒྱ་དམག་གི་འཇིགས་པ་མི་འབྱུང་ཞེས་རྟེན་འབྲེལ་གྱི་གནད་ཀྱིས་ཀྱང་བྱིན་གྱིས་བརླབས་སྟེ་སྐུ་སྐྱེ་བ་ཕྱི་མར་དངོས་སུ་ཟློག་པ་ཡིན་ནོ། །དེ་ལྟར་བོད་ཡུལ་བ་འཇིགས་པ་ལས་བསྐྱབས་པར་མ་ཟད་དྲུང་འདིའི་བཀའ་དྲིན་ལས། ཕག་མོ་གྲུ་པ་ལ་ཆེན་ཧ་ཝང་བོད་སྐད་དུ་སྤྲུལ་པ་དཔེལ་བའི་རྒྱལ་བུ་ཞེས་བྱ་བའི་ལུང་ལས་ཀ་འབྲི་ཁུང་པ་(པ༨༣ན)


PTT001_Page_1033
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཀྱའུ་ཝང་བསྟན་པ་དཔེལ་བའི་རྒྱལ་བུ། གཙང་སྟག་ཚང་པ་ཧུ་ཀྱའུ་ཝང་བསྟན་པ་སྐྱོང་བའི་རྒྱལ་བུ། གླིང་ཚང་པ་ཙེན་ཤེན་ཝང་དགེ་ལ་རྟོན་པའི་རྒྱལ་བུ། གོན་གྱོ་ཧུ་ཀྱའུ་ཝང་བསྟན་པ་སྲུང་བའི་རྒྱལ་བུ་ཞེས་སོགས་ཀྱི་ལུང་ལས་ཀ་དུ་མ་གནང་བོད་ཡུལ་བདེ་བར་མཛད་ཏོ། །སྤྱིར་མཆོག་གསུམ་ག་སྤྱན་དྲངས་པ་ནི་ཡབ་སྲས་འདིའི་དུས་སུ་སྣང་ལ་གནས་བརྟན་བཅུ་དྲུག་ནི་སྔོན་ཡང་བྱོན་པ་དང༌། བིརྺ་པ་ཕྱིས་ཡེ་དབང་གི་དུས་སུའང་བྱོན་སྣང་ངོ༌། །རི་བོ་རྩེ་ལྔའི་ཀར་སྡེར་བཞུགས་ཚེ་རྩེ་ལྔའི་རི་རེ་རེ་ལ་འཇམ་དཔལ་སྐུ་མདོག་ཕྱག་མཚན་ཐ་དད་པ་རེ་གཟིགས་ཤིང་དམ་པའི་ཆོས་ཀྱི་འགྲོ་བ་ཡུན་རིང་དུ་མཛད། དངོས་གྲུབ་ཀྱི་ཆུ་མིག་ཆེར་འཕེལ་ཞིང་སར་པ་དུ་མ་བརྡོལ། དེ་ལྟར་རྒྱ་ནག་ཧོར་ཡུ་གུར་མི་ཉག་མདོ་སྟོད་སྨད་ཀྱི་བར་གྱི་སྐྱེ་བོ་མཐའ་ཡས་པ་མངོན་མཐོ་དང་ངེས་ལེགས་ལ་སྦྱར་འབྲེལ་ཚད་དོན་ལྡན་དུ་མཛད་ནས་བོད་ཆུང་ངུའི་ཕྱོགས་ལ་ཆིབས་ཁ་བསྒྱུར་འདམ་ཅོག་ཙེ་ལར་ཕེབས་ཚེ་དཔལ་ལྡན་ས་སྐྱ་པའི་ཞལ་ངོ༌། འབྲི་གདན་སྟ་གསུམ་སོགས་རྒྱ་ནག་གི་མངའ་ཐང་ལ་བལྟོས་ན་དབུས་གཙང་ལྷོ་བྱང་ཀུན་བསྡོམས་ཀྱང་རྒྱའི་མི་དཔོན་ཆུང་ངུའི་ཆུང་ངུ་གཅིག་གི་འབྱོར་པ་ལ་མི་དོ་བར་སྣང་མོད། འོན་ཀྱང་སངས་རྒྱས་ཀྱི་བསྟན་པས་ཆེ་བའི་ཕྱིར་བོད་ཡུལ་སོ་སོ་ན་ལུགས་གཉིས་ཀྱི་བདག་པོ་བསམ་གྱི་མི་ཁྱབ་པར་བསྐུར་ཞིང་བསྙེམས་པ་རྣམས་ཀྱིས་ཇ་འདྲེན་འབུལ་ནོད་སྔུན་བསུ་དང༌། རྗེ་ཙོང་ཁ་པ་ཆེན་པོས། ཇོ་བོའི་ཐུགས་དམ་ར་སྒྲེང་གི་རྟེན་ཁྱད་པར་ཅན་མེ་བརྡུགས་མ་རྒྱལ་བ་བྱམས་པའི་སྐུ་ལི་དམར་རྐང་གང་ཙམ་གྱིས་གཙོས་པའི་འབུལ་བ། སངས་རྒྱས་ཉིད་དུ་བསྟོད་བསྔགས་མཛད་པའི་ཞུ་ཡིག་ཞབས་ལ་ཕྱག་དགྱིད་པར་སྤྲོ་ཡང་ལོ་གསུམ་གྱིས་མཚམས་ཀྱི་བཅད་རྒྱ་ཞིག་བྱས་ཡོད་པ་འདིས་སྒྲུབ་པར་མ་ནུས་ཞུ་བ་སོགས་དང༌། འདི་ཚེ་དགེ་ལྡན་བཏབ་ནས་ལོ་ལྔ་དྲུག་སོང་བ་ཙམ་དུ་འདུག །ཀུན་མཁྱེན་རོང་སྟོན་ཤེས་བྱ་ཀུན་རིག་སོགས་(པ༨༣བ)


PTT001_Page_1034
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་བཤེས་གཉེན་ཆེན་པོ་བཞུགས་སོ་འཚལ་གྱིས་སངས་རྒྱས་འཇིག་རྟེན་དུ་བྱོན་པར་ངེས་པ་འདྲོངས་པའི་ཞུ་ཡིག་སོ་སོ་ནས་འདུག་པ་མང་དུ་བདག་གིས་ཀྱང་མཐོང༌། འདམ་གཞུང་ལ་ཆིབས་རགས་ཐེགས་བཞིན་པ་ལ་ས་གཡོས་ཆེན་པོ་བྱུང་ནས་རི་བོའང་རྒྱུག་པར་ཆ་བའི་ཚེ་ཞལ་སྔ་ནས་རྟེན་གཎྜོ་ལ་མྱུར་དུ་ཕོབ་ཅིག་གསུངས་སྟེ་སར་བཞུགས་སུ་གསོལ་དྲུང་གི་ཆིབས་གཞོལ་སྟེ་ཐུབ་པ་བདུད་འདུལ་མའི་ཚུལ་དུ་བཞུགས་མ་ཐག་ཞི་སྟེ་ས་གཡོ་བའི་འཇིགས་པ་ལས་སྐྱེ་འགྲོ་སྐྱོབ་པར་མཛད། དཔལ་ལྡན་མཚུར་ཕུ་དང་ལྷ་ལྡན་གྱི་ལྗོངས་སུ་ཕྱག་ཕེབས། ཇོ་བོ་རིན་པོ་ཆེ་ལ་མུ་ཏིག་གི་སྣམ་སྦྱར་རིན་ཐང་མེད་པར་གསོལ། དབུས་གཙང་གི་དགོན་གནས་བནྡྷེ་ལྔ་ཡོད་པ་ཡན་ཐམས་ཅད་ལ་རིས་མེད་དུ་མང་ཇ་གནང་སྦྱིན་བཟང་པོ་དང་གཙུག་ལག་ཁང་ཐམས་ཅད་དུ་མཆོད་རྫས་རྒྱ་ཆེར་གནང༌། སྔར་དྲུང་རང་བྱུང་བའི་དུས་ནས་ཚལ་པས་ཕུལ་བའི་གཡོར་པོ་དོལ་གྱི་མཆོད་གཞིས་རྣམས་རྗེ་ཉིད་ཀྱི་མཁན་པོའི་སྙག་ཕུ་པ་ལ་ལྷ་འབངས་སུ་གནང་སྟེ་དེས་ཚལ་མིན་གྱི་གཙུག་ལག་ཁང་ཆེན་པོའི་སྡེ་མཛད། སྐྱི་འཕན་གྱི་བདག་པོ་གཞིས་ཀ་སྣེའུ་པས་ལྷ་ས་པོ་ཏ་ལ་ཕུལ་ནས་གཟིམས་ཁང་མཛད་ནས་བཞུགས། འདིར་ཏིང་ངེ་འཛིན་ཤིན་དུ་འཕེལ། རིང་པོར་མ་ཐོགས་པར་གཞན་དོན་རྒྱ་ཆེན་པོ་གཞན་ཞིག་ཡོང་བར་འདུག་གསུངས་ནས་མཐའ་མའི་མཛད་པ་ལུང་དུ་བསྟན། བོད་གངས་ཅན་གྱི་སྐྱེ་བོ་མཆོག་དམན་སྐྱ་སེར་ཐམས་ཅད་རྒྱུན་མི་ཆད་པར་འདུས་སྟེ་ཤཱཀྱའི་དབང་པོ་དང་སྤྱན་རས་གཟིགས་ལྷན་ཅིག་པའི་ཞལ་ལྟ། ཆོས་ཀྱི་འཁོར་ལོ་ནི་གངྒཱ་ལྟར་རྒྱུན་མི་ཆད། ཉིན་གཅིག་གིས་འགྲོ་བ་སྨིན་གྲོལ་དུ་མཛད་པ་ཡང་སུས་བགྲང་པར་ནུས། གོང་མའི་འབུལ་ཆེན་ཡང་ལན་གསུམ་དུ་སླེབས་པའི་གཅིག་ལ་ཀར་གངས་འབྲུག་སྡེར་ལྔ་མ་འཁྱིལ་བདུན་རེའམ་ལྔ་རེ་ལོགས་ལ་ཡོད་པ། མཐིལ་དུ་གོང་མའི་མཚན་གྱི་རྒྱ་ནག་གི་ཡི་གེ་སྔོ་ཁྲ་བཞི་ཡོད་པ་ཤུབས་བཅས་ཁོ་ན་མི་རེས་ལག་པ་སོ་(པ༨༤ན)


PTT001_Page_1035
[མ་དཔེ་གཟིགས་ན་འདིར་གནོན།]

སོར་རེ་རེ་བཟུང་བ་ལྷ་སའི་ཕྱི་སྐོར་ཆེན་མོ་ལ་སྦྲེངས་ཤིང་དེ་ནས་པོ་ཊ་ལར་བཞུགས་ཁྲིའི་དྲུང་གི་བར་སྦྲེངས་པ་ཕུལ་བར་གྲགས། སྤྱིར་ཡང་ཕོ་བྲང་དུ་ཕེབས་དུས་གསོལ་དཀར་དུ་མེ་ཏོག་གན་དཀར་ཞེས་གྲགས་པ་ཕྱི་ནང་ཅུང་ཟད་ཀྱང་མི་སྒྲིབ་པ་དར་ལས་ཀྱང་སྲབ་པ་ཕུལ་བ་ཕྱིས་གསོལ་ཇ་བས་ཕྱི་བ་ཤེད་ཆེས་པས་འཐོར་སྟེ་དེ་བས་ཅུང་ཟད་ཐུག་དུ་བཏང་བའི་ཁྱད་དཀར་དུ་མ་ཕུལ་ཞིང་དེ་དག་གི་འོག་ནས་ཁྱད་དཀར་འདི་མཆོག་དུ་གྱུར་པ་སྟེ་བདག་གིས་གཞོན་དུས་ཀྱང་འགའ་ཟུང་མཐོང་ལ་ད་ནི་ཆེར་མི་སྣང་མོད། འདི་ལ་བལྟོས་ན་དེང་སང་གི་ཀར་གངས་སྣང་བ་འདི་རྣམས་རྙིགས་མ་ལྟར་སྣང་ངོ༌། །ཇ་ཡང་བཞེས་ཇ་ལ་པདྨའི་གེ་སར་ཁྱད་པར་ཅན་དང་རྒྱ་མཚོའི་ཕ་རིའི་ཇ་ཞེས་སོགས་ཕུལ་བར་གྲགས་སོ། །གན་དྲིལ་ཡང་གསེར་དམར་པོ་ལས་རྫ་མ་དང་གསེར་སེར་པོ་ལས་མགོ་རྡོར་བླུག་པ་རྡོ་རྗེ་ཕ་ལམ་གྱིས་རྭའི་རྩེ་དང་རྭའི་ལོགས་རྣམས་སུ་ཕྲ་བྱས་པ་དང༌། ཟི་ཁྲིམ་ལས་དྲིལ་བུ་བྱས་པ་དེ་འདྲ་བ་སོགས་མང་དུ་ཕུལ་བ་ད་ལྟའང་ཕྱག་ན་དུམ་བཞུགས་སྟེ་ཁྱད་དྲིལ་དངོས་ནི་འདི་ཡིན་ལ་རྡོར་དྲིལ་འདི་ནི་གོང་མ་འདིའི་དུས་མ་གཏོགས་རྒྱ་ནག་སྔ་མ་མི་ཉག་ཧོར་གང་གི་དུས་སུའང་མ་བྱུང་སྣང་ངོ༌། །ཁྱད་དྲིལ་དུ་གྲགས་པ་རྭ་ལོག་ཅན་གཞན་ལས་ལེགས་པ་འདི་རྣམས་ནི་བླ་མ་རྣམས་གསུམ་ལ་གནང་བའི་ཚན་ནོ། །དེའི་ཚེ་མདོ་སྟོད་སྨད་ཀྱི་མི་ཆེན་ལྷ་སྡེ་མི་སྡེ་ཐམས་ཅད་ཀྱིས་སྤྱན་འདྲེན་ཡང་ཡང་དུ་བཏང༌། ཁྱད་པར་རྗེ་ཉིད་ཀྱི་གསུང་ལས་སྐྱེས་པའི་སློབ་མའི་ཐུ་བོ་མི་ཉག་རབ་སྒང་གི་རྨ་སེའི་འདྲེན་པ། མཁས་པ་མི་ལྔར་གྲགས་པའི་དགེ་བཤེས་ཁི་ཕྲག་བརྒྱད་དགུའི་ནང་ན་འགྲན་ཟླ་དང་བྲལ་བ་མཁས་པ་དང་གྲུབ་པའི་ཡོན་ཏན་གཞལ་བར་མི་ནུས་པ་རབ་སྒང་ཉིད་ཀྱི་མཁས་པ་མི་ཉག་འཇམ་དབྱངས་གྲགས་པ་ཅེས་ཉི་ཟླ་ལྟར་གྲགས་པ་དེ་ལ་སྤྱན་འདྲེན་དུ་ཁྱེད་བྱོན་ན་ཅིས་ཀྱང་སྤྱན་འདྲོངས་སྟེ་ཡོང་བས་འབྱོན་དགོས་ཅེས་ཐམས་ཅད་ཀྱིས་ཞུས་པས་ཆོས་ཀྱི་རྗེ་རིན་པོ་ཆེ་སྤྱན་ཨེ་འདྲོངས་(པ༨༤བ)


PTT001_Page_1036
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཤེས་འོན་ཡང་ཁྱེད་ཚོ་བསྐུལ་པས་ཞལ་ལྟར་འགྲོ་གསུངས་ནས་འབུལ་ནོད་མཐའ་ཡས་པ་དང་བཅས་སྟེ་བྱོན། ཁོང་གིས་དབུས་གཙང་འདི་ན་སྒྲ་མི་སྙན་ན་བསྟན་པ་མེད་ཟེར་ཡོད་འདུག་པ་དེར་བསྟན་པ་ཡོད་པར་ཐལ། དེར་བསྟན་འཛིན་གྱི་སྐྱེས་བུ་སྡེར་ལོངས་པ་ཡོད་པའི་ཕྱིར་སྟེ། དེར་གནས་བརྟན་བཌྷུ་ལ་འཁོར་བཅས་བཞུགས་པའི་ཕྱིར། འདི་ལ་ལན་ཐོབ་ཅིག་ཅེས་སོགས་མང་དུ་བཀོད་པའི་ཤོག་དྲིལ་རིང་མོ་རྡོ་རིང་དང་ཁྱམས་ཁྲའི་སྒོ་ལ་སྦྱར། གྲ་ས་སོ་སོར་བསྲིངས་པ་ན་སུས་ཀྱང་ལན་འདེབས་མི་མ་བྱུང་སྣང་བས་རབ་དགེ་གཅིག་གིས་དབུས་དགེ་དེ་ཙམ་ཟིལ་གྱིས་མནན་སྣང་སྟེ་ལན་མ་ཐེབས་པ་ནི་རྩོད་ཀྱང་རུང་མ་རྩོད་ཀྱང་རུང་ཕམ་པའི་ཚད་དུ་བཤད་པ་ཡིན་ནོ། །དེ་བཞིན་དུ་ཀརྨའི་སིདྷུ་དྲུང་རིན་པོ་ཆེས་གདན་འདྲེན་ལ་བྱོན། མཇལ་དར་ལ་ཁ་བཏགས་ཉིན་མོ་བདེ་ལེགས་མ་ཆེ་བ་ཞིག་ཕུལ་བས་ཕྱག་གིས་བཞེས་སྟེ་དེ་གར་ཕྱག་བདུད་གནང་ནས་ཕྱག་གིས་གཏད་སྟེ་སིདྷུ་པ་འདི་མ་ཉམས་པར་ཟུང་ཞིག་གསུངས་པས་དད་རྟེན་སྒམ་དུ་བཞག །མདོར་ན་གྲུབ་ཐོབ་ཆེན་པོ་ཉིད་རྒྱལ་པོ་མོ་གོར་གན་ཁོ་ནའི་དོན་དུ་བྱོན་པ་ལྟར་རྗེ་འདི་ཡང་འཇམ་པའི་དབྱངས་དང་བཀའ་འགྲོས་པའི་འཕྲིན་ལས་ཀྱིས་གོང་མ་རྒྱལ་པོའི་དོན་དང་བོད་རྒྱ་དམག་ལས་སྐྱོབ་པའི་དོན་ཁོ་ནར་བྱོན་པ་ཡིན་ཡང་གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་དུ་ཞར་གྱིས་མཛད། སྔོན་དགུང་ལོ་བཅུ་བདུན་པའི་དུས་སུ་སློབ་མ་ཞིག་ལ་ཁྲིད་མཛད་པས་ཁོས་མ་བསྒོམས་པར་ཉལ་བསྡད་པས་ཁོའི་ཁང་ཐོག་ནས་དབུ་རིབ་ཙམ་སྐུ་སྟོད་རིབ་ཙམ་ཡང་ཡང་གཟིགས་ཕྱིས་ཁོ་དྲུང་དུ་བྱུང་དུས་ཞལ་འཛུམ་འཛུམ་མང་དུ་མཛད་པས་སྐྲག་སྟེ་ཚུལ་བཞིན་དུ་བསྒོམས་པས་སྒོམ་ཆེན་ཆེས་བཟང་བ་ཞིག་བྱུང༌། དེ་ལྟ་བུའི་ཐབས་མཁས་དང་ཐུགས་རྗེ་ཕུན་སུམ་ཚོགས་པས་འགྲོ་བའི་དོན་མཛད་པ་ལས་སློབ་མ་རྟོགས་ལྡན་གཞན་དོན་ནུས་པ་ཐོན་པ་ནི་རྗེ་འདི་ཁོ་ན་མང་བར་གྲགས་ལ་(པ༨༥ན)


PTT001_Page_1037
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་གཞན་ལས་རྨད་དུ་བྱུང་བ་ངོ་མཚར་གྱི་མཛད་པ་བརྒྱ་རྩ་བརྒྱད་བསྟན་པར་གྲགས་སོ། །དེ་ལྟར་སྐུ་དངོས་ཀྱི་གདུལ་བྱ་རྣམས་འདུལ་བར་མཛད་ནས་སྒར་པ་ཁ་ཅིག་གིས་མི་སྲུན་པའི་སྤྱོད་པ་བྱུང་བ་ན་རྨ་སེ་རྟོགས་ལྡན་གྱིས་འདི་པ་ལ་དྲག་པོའི་བཀའ་བཀྱོན་རེ་ཙམ་ཞུ་ཞུས་པས་ཁོ་བོ་ལ་ཞེ་སྡང་སྐྱེ་མ་མྱོང་བས་ཁྲོ་མི་ཤེས་པར་འདུག །འོན་ཡང་ཁྱེད་ཀྱི་བསམ་པ་གང་བ་ཞིག་མྱུར་དུ་བྱའོ་ཞེས་གསུང་བ་འདིས་སྐུ་ཚེའི་འཕེན་པ་བཏང་བར་ངག་སྒྲོས་ལས་འཆད། མདོར་ན་མཁས་པ་ཐམས་ཅད་ཀྱི་ཐེ་ཚོམ་བསལ། བསམ་གཏན་པ་ཐམས་ཅད་ཡང་དག་པའི་ལྟ་སྒོམ་ལ་བཀོད། དབང་གྲགས་པ་རྒྱལ་མཚན་ལ་སོགས་པའི་མི་ཆེན་ཐམས་ཅད་ལ་ཕྱག་གིས་དབང་བསྐུར་ཞིང་ཆོས་ཀྱིས་ཚིམ་པར་མཛད། མཐོང་ཐོས་དྲན་རེག་ལ་ཐར་པའི་ས་བོན་བཞག་སྟེ་མདོ་ཁམས་ཀྱི་སྤྱན་འདྲེན་པ་རྣམས་ལ་ཡང་མྱུར་དུ་འཕྲད་པར་བྱའོ་ཞེས་ཞལ་གྱིས་བཞེས་ནས་དགུང་ལོ་སོ་གཉིས་པ་ཤིང་མོ་ལུགས་གི་ལོ་ཟླ་བ་བརྒྱད་པའི་ཡར་ངོ་ལ་བསྙུན་དྲག་པོ་ཅིག་བྱུང་བ་ན་བརྟན་བཞུགས་ཕུལ་བས་རྟེན་འབྲེལ་ཞིག་གིས་མདོ་ཁམས་ཀརྨའི་ཉེ་ལོགས་སུ་འདུན་པ་བཏང་ཟིན་དེར་གསོལ་བ་ཐོབ་ཐུགས་རྗེས་འཛིན་པ་ཡིན་གསུང་བ་དང༌། གཟིམས་དཔོན་ལ་དཔེ་ཆ་ལྷ་རྟེན་རྣམས་མ་འཐོར་བ་གྱིས་བདག་པོ་ཅིག་འོང་བ་ཡིན་གསུངས་སྟེ་ཟླ་བ་བརྒྱད་པའི་བཅོ་ལྔའི་ཉིན་དགོངས་པ་ཆོས་ཀྱི་དབྱིངས་སུ་སྡུ་བར་མཛད་ཅིང་མཁན་ཆེན་རིན་པོ་ཆེ་བསོད་བཟང་པོ་སོགས་ཕེབས་སྟེ་མཆོད་པའི་བྱ་བ་མཛད། སྐུ་གདུང་རིན་པོ་ཆེ་ཞུགས་ལ་བཞེན་པ་ན་ཡང་རིང་སྲེལ་ལས་གྲུབ་པའི་བདེ་དགྱེས་ཀྱི་སྐུ་སོགས་དཔག་མེད་བྱོན་ལ་ལྷ་སའི་སྐོར་གྱི་ན་མཁའ་མཐའ་དག་ཟླ་བ་དུ་མའི་བར་དུ་འཇའ་འོད་དང་མེ་ཏོག་གི་ཆར་རྒྱུན་མ་ཆད། མཆོད་སྦྱིན་གྱི་དགེ་རྩ་དཔེལ་བའང་ཀརྨར་ཅུང་རྒྱས་པ་དང་དེ་འོག་མཚུར་ཕུ་དེ་འོག་དགེ་འདུན་སྒང་པ་དཔོན་སློབ་སོགས་དང་ལྷ་སར་མཆོད་སྦྱིན་ཇི་ལྟར་མཛད་ཚུལ་ཡི་གེ་ཅུང་ཟད་ཙམ་སྣང་ཞིང་དངུལ་གྱི་གདུང་(པ༨༥བ)


PTT001_Page_1038
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་དང་སྐུ་འདྲ་རིན་པོ་ཆེ་མཚུར་ཕུར་བཞུགས་ཤིང་ཞལ་བཞུགས་དུས་ཀྱི་ཐུགས་དམ་བཀའ་བསྟན་འགྱུར་གསེར་ལས་བསྒྲུབས་པ་ཤིན་དུ་ལེགས་ཤིང་དག་པ་དེའི་བཀའ་འགྱུར་མཚུར་ཕུ་དང་གཞན་ཀརྨ་ན་བཞུགས་སོ། །ཁྱད་པར་གདུང་སྐལ་གོང་མ་རྒྱལ་པོའི་མཆོད་གནས་སུ་ཕུལ་བ་རྣམས་ལ་ངོ་མཚར་གྱི་ལྟས་ལྷག་པར་རྒྱ་ཆེ་བ་དང་མཆོད་པའི་རྟེན་ཁྱད་པར་བར་བཞུགས་སྟེ་མཆོད་སྤྲིན་གཞལ་དུ་མེད་པ་བྱུང་བར་སྣང་ངོ༌། །སློབ་མའི་གཙོ་བོའང་གོའི་ཤྲི་སངས་རྒྱས་རིན་ཆེན། གོའི་ཤྲི་བློ་གྲོས་རྒྱལ་མཚན། གོའི་ཤྲི་རིན་ཆེན་དཔལ། གོའི་ཤྲི་དོན་གྲུབ་འོད་ཟེར། གོའི་ཤྲི་ཆོས་ཀྱི་རྒྱལ་མཚན། གོའི་ཤྲི་ཤཱཀྱ་བཟང་པོ། བཀའ་བཞི་པ་རིན་ཆེན་བཟང་པོ། སྤྲུལ་སྐུ་ཆོས་དཔལ་ཡེ་ཤེས། དོམ་པ་བྱ་བྲལ། རྨ་སེ་རྟོགས་ལྡན། མི་ཉག་རྟོགས་ལྡན་ལ་སོགས་པ་སྐྱེས་བུ་དམ་པ་བགྲང་གིས་མི་ལང་བ་རྒྱ་བོད་ཧོར་མི་ཉག་ཐམས་ཅད་དུ་བྱུང་ངོ༌། །དེ་ལས་གོའི་ཤྲི་བློ་གྲོས་རྒྱལ་མཚན་པ་ནི་དྲུང་གོང་མའི་དུས་ནས་མཁན་ཆེན་གུའི་གུང་པའི་ཕྱག་ཕྱིར་ལུགས་གཉིས་ཀྱི་བྱ་བ་མཛད། གུའི་གུང་པ་གཤེགས་རྗེས་དྲུང་འདིའི་གུའི་གུང་པའི་ལས་ཀ་བཞེས་སྟེ་ལུགས་གཉིས་ཀྱི་བྱ་བ་ཆེན་པོ་རྣམས་མཛད། ཕྱིས་མཆོག་གི་སྤྲུལ་པའི་སྐུ་སེང་གེའི་ཁྲིར་སྤྱན་དྲངས། གུའི་གུང་པ་རེ་ཞིག་མཛད་སྟེ་རྩེ་ལྷ་སྒང་དུ་གཤེགས་ནས་སྐུ་འབུམ་ཡང་བཞུགས་སོ། །འཇམ་དབྱངས་ཆེན་པོ་དོན་གྲུབ་འོད་ཟེར་བ་ནི་གྲུབ་ཐོབ་ཆེན་པོ་ཀརྨ་པག་ཤིའི་མཆེད་ཡ་གཙུག་ཏོར་སྐྱབས་ཀྱི་བརྒྱུད་པ་བསོད་ནམས་རྒྱ་མཚོའི་སྲས་ཆེ་བ་ཡིན། ཆོས་རྗེ་རིན་པོ་ཆེ་ལས་གདམས་པ་མཐའ་དག་གསན་ཞིང་ཐུགས་དམ་གྱི་རྩལ་རྫོགས། གཟིགས་རྒྱ་དང་མཁྱེན་པ་ཆེ་བས་འཇམ་དབྱངས་ཆེན་པོར་མཚན་གསོལ། ཆོས་རྗེའི་བཀའ་དྲིན་ལས་གསེར་གྱི་ཐམ་ག་ཀོན་ཏིང་ཏའི་གོའི་ཤྲིའི་ལས་ཀ་ཀ་བོ་མིང་དང་བཅས་པ་གནང༌། མཚུར་ཕུའི་གདན་ས་ལོ་བཞི་བཅུ་ཞེ་གསུམ་མཛད། ཆོས་ཀྱི་གནད་ཁྱད་པར་བ་མང་པོ་གསུངས་པས་གཞན་རྣམས་ཀྱི་བློར་མ་ཆུད། (པ༨༦ན)


PTT001_Page_1039
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཁྱེན་རོང་པོས་ལུང་པ་འདིའི་ཕུ་ན་གཞན་མི་ཟེར་བ་མང་པོ་ཟེར་བ་ཞིག་ཡོད་འདུག་པ་ལྟར་འགྲོ་གསུངས་ནས་བྱོན་སྟེ་མཇལ། ཆོས་ཀྱི་བགྲོ་བས་དད་སྟེ་འཇམ་དབྱངས་ཆེན་པོ་ལ་ཆོས་གསན། ཕྱིས་ལོ་ཙཱ་བ་ཆེན་པོ་བསོད་ནམས་རྒྱ་མཚོས་ཀྱང་ཁམས་སུ་འབུལ་སྡུད་ལ་འགྲོ་ལ་ཀརྨ་པ་མང་བས་དེའི་ཆོས་བཤད་རྒྱུན་ཙམ་རེ་དགོས་པར་འདུག་དགོངས་ནས་མཇལ་དུ་བྱོན་པས་སྟན་ལས་བཞེངས་ནས་གོམ་པ་དུ་མས་བསུས། ཕྱག་ལན་རྩེ་སྤྲོད་མཛད། བཞུགས་སྟན་མཉམ་པར་བཤམས། སྟོན་མོ་བཟང་པོ་མཛད་ཅིང་ཆོས་ཡེ་མ་གསུངས། ཉིན་རེ་ཞིང་ཆོས་ཀྱི་འབེལ་གཏམ་བྱུང་བ་ལ་ནི་ཚད་གཞལ་བར་མ་ནུས་ནས་མཁྱེན་པའི་ཐུགས་རྒྱལ་ཞི། བློས་ཇེ་མི་དཔོགས་སུ་སོང༌། ཐུགས་ནི་རིངས་པར་ཡོད་ཀྱང་དེ་ལྟའི་ངང་དུ་ཟླ་གཅིག་ཙམ་སོང་ཚེ་མཚན་མོ་ཞིག་ཐུགས་མཐོང་འདི་འདྲ་མཛད་ཅིང་ཆོས་ཡེ་མི་གནང་བ་ཅི་ཡིན་སྙམ། ག་རེ་ཆོས་ཆོས་བཞིན་དུ་ཉན་དགོས་པ་ལ་ངེད་རང་ང་རྒྱལ་ཆེས་ལྟ་བ་མཐོས་ཆོས་ལ་ཡང་ནོར་འཚོལ་བའི་ཡོན་གྱི་འདུ་ཤེས་ལས་དད་པས་མ་ཉན། དགེ་བའི་བཤེས་གཉེན་ལ་སངས་རྒྱས་ཀྱི་འདུ་ཤེས་མ་སྐྱེས་པར་འཕྲལ་འགྲོགས་དང་སོ་སྐྱེའི་འདུ་ཤེས་ལས་མ་བྱུང་བས་ཆོས་ཀྱི་སྣོད་མ་ཡིན་པར་འདུག་སྙམ་ནས་རང་ལ་ཐུགས་སྐྱོ་སྟེ་སྤྱན་ཆབ་མང་དུ་བྱུང༌། འཇམ་དབྱངས་ཆེན་པོ་རང་ལ་སངས་རྒྱས་ཀྱི་འདུ་ཤེས་ཀྱིས་གསོལ་བ་དྲག་དུ་བཏབ་པས་ནང་ཞོགས་གཞན་ལས་སྔ་བར་གདན་འདྲེན་བྱུང༌། བྱོན་པ་ལ་བླ་མ་ཉིད་ཁྲི་ལ་བཞུགས། ལྡང་བ་དང་ཕྱག་ཡང་མི་མཛད། བྱིན་རླབས་ཀྱང་ཕྱག་གིས་མཛད་མདུན་ན་བྲུམ་ཟེ་ཅིག་བཏིང་འདུག་པ་ལ་དེར་བཞུགས་གསུངས་ནས་འོ་ཆོས་འདོད་པ་བྱ་བ་དེ་ལྟར་བྱེད་དགོས་པ་ཡིན་གསུངས་ནས་དེ་མ་ཐག་ཟབ་མོ་ནང་དོན་གྱི་དབུ་བཙུགས་མཐའ་དྲུག་ཚུལ་བཞི་དང་སྦྱར་བའི་བཤད་པ་རྒྱུད་ལུགས་སུ་མཛད་པ་ལ་ཁོང་གིས་ཟིན་བྲིས་མཛད་སྣང་བ་ནང་དོན་གྱི་ཊཱིཀ་བྱེད་སོག་འགྲེལ་སོགས་ཕྱི་མ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པར་སྣང་ཞིང་ཐུགས་རིངས་པ་བཞག་(པ༨༦བ)


PTT001_Page_1040
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་གདམས་ངག་ཉམས་ཁྲིད་དུ་གསན། ཐུན་མོང་མ་ཡིན་པའི་དད་པ་ཡང་སྐྱེས། ཡང་པཎ་ཆེན་ནགས་ཀྱི་རིན་ཆེན། ཀུན་མཁྱེན་བཀྲས་རྣམ་པ། རྔོག་བྱང་ཆུབ་དཔལ་བ། རྗེ་འདི་རྣམས་རྩ་བའི་བླ་མ་གང་ལ་འཆོལ་ལམ་སྙམ་པ་ན་འཇམ་དབྱངས་ཆེན་པོས་ཁྱེད་རང་དང་ལས་འབྲེལ་ཡོད་པ་པཎ་ཆེན་ནགས་རིན་ཡིན་པས་རྩ་བའི་བླ་མར་ཟུང་གསུང་བ་དང་བརྟག་པ་ཡང་དེ་ལྟར་དུ་ཤར་ནས་ཕྱིས་པཎ་ཆེན་གྱི་བརྒྱུད་པ་འཛིན་པ་མ་གཏོགས་རྩ་བའི་དད་པ་འདིར་ཐོབ་པ་ཡིན་ནོ། །བསྟན་བཅོས་ཀྱང་དུ་མ་མཛད་སྟེ་དེང་སང་མཚུར་ལུགས་སུ་གྲགས་པ་རྣམས་འཇམ་དབྱངས་པའི་མཛད་བྱང་ཅན་ཡིན་ནོ། །འོན་ཀྱང་དེའི་ཚེ་ལས་ཚན་རྣམས་མང་ཞིང་རགས་པས་ནང་སོ་ཚང་མཛད་དཀའ་ཅུང་ཟད་ཡོད་པས་ལས་ཚན་རྣམས་ལ་ཁ་གནོན་གྱི་རྟེན་འབྲེལ་མང་དུ་མཛད་སྣང་བ་ནི་ཅུང་ཕྱི་ནང་གཉིས་ཀར་དུ་ནོན་ཆེས་པའི་མཚན་མ་སྣང་ངོ༌། །གདན་ས་ལོ་བཞི་བཅུ་ཞེ་གསུམ་མཛད། རྗེ་མཐོང་བ་དོན་ལྡན་མྱ་ངན་ལས་འདས་རྗེས་གོའི་ཤྲི་ཆེན་པོ་དཔལ་འབྱོར་དོན་གྲུབ་ཀྱིས་དགོངས་རྫོགས་སུ་གསེར་ཐོག་གི་བྱ་མདབ་ཆུང་བ་གཉིས་བསྐྱོན་པར་ཕེབས་ཚེ་འདི་ངེད་ལ་གནོད་པས་རེ་ཞིག་ཞོག་གསུངས་ཀྱང་མ་གསན། མཛོད་ནག་ཆེན་མོའང༌། དུས་ངན་བྱུང་ན་ཡུལ་ངན་སྐྱིད་པ་ཡིན་གསུངས་ནས་རྩེ་ལྷ་སྒང་དུ་དྲངས་པ་ལའང་ཐུགས་ཅུང་མ་རངས། སྒར་པའི་གསེར་ཐོག་འགྲུབ་པར་འདུག་སྟེ་ཁོ་བོའང་འདེགས་དགོས་པར་འདུག །མཆོག་གི་སྤྲུལ་སྐུའི་ཞལ་མི་མཐོང་བར་འདུག་གསུངས་ནས་གཤེགས། ཞག་བདུན་དུ་པུར་ལ་མ་རེག་གསུངས་ཀྱང་ཞག་བདུན་པ་ལ་རེག་པས་ཐུགས་ཀར་དྲོད་ཚ་ཆིལ་ཆིལ་བ་འདུག་པ་དེ་མ་ཐག་དུ་ཡལ་གྱིས་སོང༌། འདི་ཀུན་མཁྱེན་རོང་པོས་གསན་པས་མཚུར་ཕུ་བ་ལ་མི་མེད་པར་འདུག །ཞུ་བ་གླུས་བསྐུལ་བྱས་ན་བཞེངས་པར་འདུག་པ་ལ་གསུངས་སྐད། དྲུང་ན་རིམ་མ་གཏོགས་པའི་མཚུར་ཕུའི་གདན་རབས་ལ་མཁྱེན་རབ་དང་འཕྲིན་ལས་འདི་ཆེ་བར་ཁུམས། མི་ཉག་རྟོགས་ལྡན་གྲགས་པ་རིན་ཆེན་ནི་གཙོ་བོར་སྒྱུ་ལུས་དང་(པ༨༧ན)


PTT001_Page_1041
[མ་དཔེ་གཟིགས་ན་འདིར་གནོན།]

རྨི་ལམ་འབྱོངས་པ་སྟེ། ཁོང་རང་གིས་སྒྱུ་ལུས་འབྱོངས་པའི་རྟགས་འགའ་གསལ་བར་བྱུང༌། ཞེས་པ་ལྟར་མཚུར་ཕུར་གཟིམས་ཆུང་འོག་གི་མཛོད་ཅིག་དུ་ཁོང་མུན་མཚམས་ལ་ཡོད་སྟེང་ན་ཆོས་རྗེ་རིན་པོ་ཆེ་བཞུགས་པའི་ཚེ་མོས་གུས་ཀྱི་ཉམས་ཀྱིས་སྐུ་མདུན་གྱི་ཞལ་བའི་ཁྲོད་ན་ཡར་སྤྱི་བོ་ནས་བརྩམས་སྟེ་རིམ་པས་ཐོན་སྐྱིལ་ཀྲུང་དུ་ལམ་བྱུང་བ་དང༌། མཚུར་ཕུའི་སྐུངས་ཕྱོགས་ཀྱི་ཕུག་པ་ཅིག་དུ་ཐུགས་དམ་ལ་བཞུགས་ཚེ་སྒྱུ་མ་རང་ཤར་བྱུང་སྟེ་ཕུག་པའི་བྲག་ལ་ཐོགས་མེད་དུ་སོང༌། རི་དེའི་ནུབ་ཕྱོགས་གཞུའི་ནང་དེའི་ཐད་ཀྱི་ཕུག་པ་ཅིག་ན་སྒོམ་ཆེན་ཞིག་བསྡད་ཡོད་པའི་རྒྱབ་ཀྱི་ཕུག་པ་ནས་ལུས་རིམ་པས་ཡེར་གྱིས་ཐོན་བྱུང་བ་ན་སྒོམ་ཆེན་དེ་སྐྲག་ནས་བྲོས་སྐད། འདི་འདྲ་བ་མང་དུ་བྱུང་ཞིང་མི་ཏྲ་ཛོ་གིས་ལུང་བསྟན་པ་ལྟར། རྒྱ་གར་གྱི་པཎ་ཆེན་ཤྲཱི་པུ་ཏྲ་ཡང་རྨི་ལམ་སྒྱུ་ལུས་ཀྱི་ནུབ་པ་ལ་ངོ་མཚར་སྐྱེས་ནས་མི་ཏྲ་ཁྲིད་དྲུག་གི་གདམས་ངག་བྱིན་པ་དེ་ལྟ་བུའི་སྐྱེས་བུ་དམ་པ་དང༌། ཁྱད་པར་འཕྲིན་ལས་ཆེ་བ་རྨ་སེ་རྟོགས་ལྡན་ནི་མི་ཉག་གི་ཚང་དུ་འཁྲུངས། དྲུང་དེ་བཞིན་གཤེགས་པ་ཡུལ་ཕྱོགས་དེར་ཕེབས་པས་ཤིན་དུ་དད་ནས་མཇལ། ཤིན་དུ་ཕྱུག་པར་ཡོད་པས་འབུལ་ཞབས་ཆེར་བྱས། དཔོན་ཆེ་ཆུང་རྣམས་དང་ཡང་ལོངས་སྤྱོད་ཀྱིས་ཤིན་དུ་འདྲིས་པར་བྱས། ཆོས་གདམས་ངག་གསན་ཞིང་ཉམས་ལེན་མཛད། སྒར་པ་དབུས་ན་བཞུགས་དུས་ལྷ་སར་མཇལ་དུ་བྱོན། དང་པོ་ཞལ་འདྲིས་པའི་བསྙེམས་ཀྱིས་སྐུ་དྲུང་དུ་བྱོན་པས་དཔོན་བཀྲ་ཤིས་འབྱུང་གནས་པས་མདོར་བཏོན། གུར་སྒོ་ནས་ཕྱག་བཙལ་བས་རལ་པ་རྡོག་པས་བརྫིས་ནས་བརྡུངས། དེ་ནས་རིམ་གྱིས་མཚུར་ཕུར་སྐུ་བདུན་དུ་ཚུད། དགེ་འདུན་སྒང་པ་ལས་རབ་ཏུ་བྱུང༌། ཆོས་རྗེས་ཐུགས་ལ་ཤིན་དུ་བཏགས་སྟེ་སྐུ་མདུན་དུ་ནམ་འདོད་འབྱོན། ཟབ་ཆོས་གཞན་ལ་མ་གནང་བ་དུ་མ་གནང་སྟེ་དེང་སང་ཟུར་མང་སྙན་བརྒྱུད་དུ་གྲགས། ཐུགས་དམ་རྟོགས་པ་མཐོ་ཞིང་ཉམས་མྱོང་བཟང་བས་ཁྱོད་ཀྱིས་གཞན་དོན་ནུས་པས་ཕ་ཡུལ་དུ་སོང་(པ༨༧བ)


PTT001_Page_1042
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དགོན་པ་ཐོབ་འགྲོ་དོན་གྱིས་ཅིག་པར་ལུང་བསྟན། ཆབ་ལ་ཁ་སོགས་སུ་གཞན་དོན་བསྐྱངས། དགོན་པ་མཛད་བཞེད་ནས་ཡབ་ཚན་ལ་ས་སློངས་པ་སྟེར་མ་ཉན་པས་ཉིན་ཅིག་རྨོན་པ་དོར་གཅིག་བཤམས། དེའི་ཐོང་ཁོང་རང་གིས་བཟུང་ནས་ས་རྒྱ་ཆེ་བ་ཞིག་རོལ་གྱིས་བསྐོར་སྟེ་འདི་ང་དབང་ངོ་གསུངས་པས་ཡབ་ཚན་གྱིས་རྒོལ་མ་ནུས། དེར་དགོན་པ་བཏབ་པ་བཀྲ་ཤིས་ཟུར་མང་དུ་གྲགས་སྟེ་མདོ་ཁམས་ཀྱི་དགོན་པ་ཅིག་ལ་ཆེ་ཞིང་དངོས་གཙང༌། གླིང་ན་སྡོད་པ་དང་རི་ཁྲོད་འཛིན་པའི་གྲ་གཉིས་བྱུང་ཞིང་རི་ཁྲོད་སོ་སོ་འཛིན་པ་ནི་མཐའ་ཡས། སློབ་མ་མཆོག་ཀྱང་རྟོགས་ལྡན་ཡ་བརྒྱད། འཇའ་མོ་མི་གསུམ་སོགས་བྱུང༌། དེའི་ཀུན་རྒྱལ་ཆེ་ཆུང་གིས་འདན་སྟོད་དུ་དགོན་པ་བཏབ། བསོད་ཡེས་པས་ཟུར་མང་དུ་ཟུར་ཆོས་པ་མཛད་པས་སློབ་མ་མང་དུ་ཐོན། ཆུ་གསོལ་འོད་ཟེར་བཟང་པོ་དང་ཁུ་དྲོ་རྟོགས་ལྡན་གཉིས་ཀྱིས་ཀྱང་སོ་སོར་དགོན་པ་བཏབ། ཟུར་མང་བཀའ་རྒྱུད་འདི་དེང་སང་དུའང་དར་རྒྱས་དང་འཕྲིན་ལས་ཆེའོ། །ངོམ་པ་བྱ་བྲལ་བ་ལྡོང་ན་མཁའ་རྒྱལ་མཚན་ནི་དང་པོ་གཞོན་དུས་ལིངས་ལ་ཕྱིན་སྟེ་ཤ་བ་ཕ་རི་ན་འདུག་པ་ལ་ཚུ་རི་ནས་ཕ་བོང་ལ་པུས་མོ་གཏད་ནས་མདས་བསྣུན་པས་ཕ་བོང་ལ་ཞབས་རྗེས་བྱུང་བར་གྲགས། རྟོགས་པ་ཤིན་དུ་མཐོ། ཆོས་རྗེ་མྱ་ངན་ལས་འདས་ནས་མཆོག་གི་སྤྲུལ་པའི་སྐུའི་ཞབས་ཏོག་པའི་ཐོག་མ་ཡུན་རིང་བར་མཛད། ཕྱིས་འདག་ཆར་ལ་ཡུན་རིང་དུ་བཞུགས་པ་ལས་ནམ་ཞིག་ན་ཟག་བཅས་ཀྱི་ཕུང་པོ་ཤུལ་དུ་མ་བཞག་པར་མཁའ་སྤྱོད་དུ་གཤེགས་སྟེ་དེ་ནས་མཚན་ལྡོང་མཁའ་སྤྱོད་པར་ཡང་གྲགས། གོང་མ་ཡེ་དབང་གིས་བིརྺ་པ་སྤྱན་དྲངས་པའི་ཚེ་བིརྺ་པའི་ཕྱག་ཕྱིར་ཡང་བྱོན་ཟེར། དེ་ལ་སོགས་པའི་སྐྱེས་ཆེན་གཞལ་གྱིས་མི་ལང་བར་བྱོན། དེ་ལས་བཀའ་རྒྱུད་ཀྱི་གྲལ་ལ་བཞུགས་པ་ནི་སོག་དཔོན་རིན་ཆེན་བཟང་པོ་སྟེ་སོག་ཟམ་ཁར་འབྲོང་བུ་གོའི་ཤྲི་ཆེན་པོའི་གདུང་རིགས་སུ་འཁྲུངས། རྣམ་ཐར་རྒྱས་པ་ཅིག་མ་མཐོང༌། རྗེ་དོན་ལྡན་ཞབས་ཀྱིས་ཐང་སྐུ་མཛད་ཕྱིར་(པ༨༨ན)


PTT001_Page_1043
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་རྐང་བརྒྱ་རྩ་བརྒྱད་པ་ཅིག་མཛད་པ་ཡོད་པའང་ད་ལྟར་དཔེ་ཆ་མ་རྙེད་ན་དེ་ཉིད་འབྲི་བར་བྱའོ། །དཔལ་ལྡན་གསང་ཕུར་སྡེ་སྣོད་ལ་སྦྱངས་སྟེ་ཐོག་མར་བཀའ་བཞིའི་གྲ་སྐོར་མཛད་པས་མཚན་དེ་གྲགས། སྤྱིར་མདོ་སྔགས་ཀྱི་གཞུང་ལུགས་མཐའ་དག་གི་འཆད་རྩོད་རྩོམ་པ་ལ་འགྲན་ཟླ་དང་བྲལ་སྟེ་མཚན་རིགས་པའི་རལ་གྲིར་གསོལ། རྗེ་དེ་བཞིན་གཤེགས་པའི་བྱིན་རླབས་མཐའ་དག་ཞུགས་སྟེ་སྤངས་རྟོགས་ཀྱི་ཡོན་ཏན་རྫོགས། ཕྱིས་མཆོག་གི་སྤྲུལ་པའི་སྐུའི་ཡོངས་སུ་འཛིན་པ་མཛད་ཚེ། གནས་ལུགས་མཆོག་གི་དོན་རྟོགས་ཤིང༌། །ཉོན་མོངས་གཡུལ་ལས་རྒྱལ་བ་ཡི། །རཏྣ་བྷ་དྲ་ལ་གསོལ་བ་འདེབས། །ཅེས་གསོལ་འདེབས་མཛད་སྟེ་ཟུང་འཇུག་མའི་རྒྱུད་རིམ་བཀའ་རྒྱུད་ཀྱི་གྲལ་ལ་བཞུགས་པ་ཡིན་ནོ། །སྤྲུལ་སྐུ་ཆོས་དཔལ་ཡེ་ཤེས་ནི་ཞྭ་དམར་ཅོད་པན་འཛིན་པ་གསུམ་པ་སྟེ། ཕྱི་དུས་སྔགས་སྤྱོད་རྣལ་འབྱོར་ཀུན་དུ་རྒྱུ། །ཞེས་ལུང་བསྟན་པ་ལྟར་ཉང་པོའི་ཡུལ་ཁེ་བྲག་མདོར་གདུང་རུས་ཁུ་ཡབ་བསམ་གྲུབ་དང་ཡུམ་བར་ཟ་ལས་མེ་ཁྱི་དབྱར་རའི་བཅུ་བཞི་རྒྱལ་དང་ལྡན་པའི་ཉི་ཤར་ལ་བལྟམས། ཡུམ་ལ་རྨི་ལྟས་བཟང་ཞིང་ལྷུམས་ནས་ཡིག་དྲུག་གི་སྒྲ་གྲག་པ་གཞན་གྱིས་ཐོས་པ་དང་མཁར་དེ་ལ་ཕྱོགས་བཞིར་འཇའ་ཚོན་གྱི་ཀ་བ་དང་ལོགས་སུ་དར་འཕྱར་བ་འདྲ་བའི་འཇའ་ཚོན་ཡང་ཡང་མཐོང་ནས་ངོ་མཚར་གྱི་གྲགས་པ་ཆེར་བྱུང༌། སྐུ་མཛེས་ཤིང་ཞབས་ལ་ཧོར་ཡིག་སར་གྱི་རྒྱལ་གྱི་ཡི་གེས་མཚན་པ་ཅིག་བྱོན། ཟླ་བ་ལྔ་ཙམ་བཞེས་པ་ནས་ཀུན་ལ་བྱིན་རླབས་མཛད། སྔོན་གྱི་གྲ་སློབ་དུ་མ་ལ་ངེས་པ་སྐྱེད་སྟེ་སྲིད་ཞུ་བྱས། སྤྱན་དྲང་བར་ཅུང་དཀའ་ནས་དགེ་སློང་དཔོན་གྲགས་པ་སོགས་ཀྱིས་སྐུ་ཁྲུས་ལ་གཤེགས་པའི་ཚུལ་གྱིས་ཉང་ཆུའི་གཞུང་ཀོ་ལ་ཐབས་མཁས་པོས་སྤྱན་དྲངས་སྟེ་སྟག་རྩེར་སྐུ་སྐྱེད་བསྲིངས། བྲག་གི་བྱ་སྐྱིབས་ཤིན་དུ་མཐོ་བ་བྱ་རྒོད་ཀྱི་གནས་སུ་རུང་བར་སྐད་ཅིག་གིས་བྱིན་སྟེ་བཞུགས་པ་དང༌། ཡང་དེ་མ་ཐག་གཟིམས་ཁང་ན་བཞུགས་པ་དང༌། རྩིག་པ་(པ༨༨བ)


PTT001_Page_1044
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐོགས་མེད་དུ་གཤེགས་པ་ལན་དུ་མར་བསྟན། གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་ལོག་རྟོག་སེལ་བ་དང༌། སྔོན་གནས་རྗེས་དྲན་གྱི་མངོན་པར་ཤེས་པས་མར་སྟེང་དང་དགའ་ལྡན་མ་མོ་ལ་སོགས་པར་སྔོན་གྱི་རབས་དུ་མ་དང༌། ཁྱད་པར་རྗེ་མཁའ་སྤྱོད་པ་ཐེགས་ཀར་ཞལ་ཆེམས་ཀྱི་ཤོག་དྲིལ་སྦས་པ་བྱུང་ནས་ཐེ་ཚོམ་བསལ། བ་ཡུ་ཆོས་བཟང་པ་ལ་ནག་རྒྱལ་ཕག་གསུམ་ཕྱག་ཆེན་ཆོས་དྲུག་རྒྱུད་འབུམ་སོགས་གསན་ཞིང༌། རྒོད་ཚང་པའི་སྐུའི་བཀོད་པར་གཟིགས། དགེ་སློང་དཔོན་གྲགས་པ་ལ་སྙིང་ཐིག་གཉིས་དང་རྒྱུད་བཅུ་བདུན་སོགས་གསན། པོ་བོའི་ཡེ་གོང་ལ་སོགས་པར་བྱོན། དགུང་ལོ་བརྒྱད་པ་ཆུ་སྤྲུལ་ཟླ་བ་བཅུ་པའི་ཚེས་གསུམ་ལ་ཀོང་དབུས་ཀྱི་མཚམས་པད་མདོར་ཆོས་ཀྱི་རྗེ་རིན་པོ་ཆེ་དང་མཇལ་སྟེ་དེ་མ་ཐག་ཡོངས་རྫོགས་ཀྱི་དགེ་བསྙེན་གནང་ཞིང་ཤིན་དུ་མཉེས་པའི་བསྔགས་པ་མཛད། དེའི་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་ལ་སྟག་རྩེའི་གཟིམས་ཁང་དུ་མཁན་པོ་ཆོས་ཀྱི་རྗེ་དང་ལས་སློབ་མགོན་བློན་པས་མཛད་སྟེ་རབ་བྱུང་དང་དགེ་ཚུལ་མཛད། ཆོས་ཀྱི་དཔལ་ཡེ་ཤེས་སུ་མཚན་གསོལ། རྡོ་རྗེ་རྣལ་འབྱོར་མའི་སྐྱེད་རྫོགས་རྨི་ལམ་འབྲེལ་བ་གསུམ་ལྡན་རླུང་སེམས་གནད་ཀྱི་ལྡེ་མིག་སོགས་ཐུན་མོང་མ་ཡིན་པའི་ཟབ་ཆོས་ཀུན་དང༌། ན་རོ་ནེ་གུའི་ཆོས་སྐོར། རས་ཆུང་པ་དང༌། ཨོ་ཌྱན་པའི་བསྙེན་སྒྲུབ། སྦྱོར་དྲུག་རྫོགས་ཆེན། ལམ་འབྲས་ལ་སོགས་གདམས་ངག་ཆེ་ཆུང་མང་དུ་གསན་ཞིང་དེ་རྣམས་ཀྱི་དོན་མངོན་དུ་མཛད། ཟླ་དགོན་ཀུན་སྤངས་པ་ལའང་ཆོས་དུ་མ་གསན། ཏའི་མིང་རྒྱལ་པོས་ཀྱང་བསྟོད་བསྔགས་དང་གནང་སྦྱིན་བཟང་པོ་བྱུང༌། ཀོང་པོའི་དགོན་གནས་རྣམས་སྐྱོང་བར་བཀས་བསྐོས་སྟེ་བ་ཡུ་ལ་སོགས་པར་བཞུགས། དགུང་ལོ་བཅུ་བཞེས་པ་ན་ཆོས་རྗེ་རིན་པོ་ཆེ་མྱ་ངན་ལས་འདས། སྙེ་བོ་ལ་སོགས་པར་བྱོན་ཞིང་འགྲོ་དོན་མཛད། ཙཱ་རིར་ཚེ་དཔག་མེད་ཀྱི་སྒྲུབ་པ་མཛད་པས་ཞལ་གཟིགས་དང་ལུང་བསྟན་བྱུང༌། རྗེ་མཐོང་བ་དོན་ལྡན་སྐུ་གཞོན་ནུ་(པ༨༩ན)


PTT001_Page_1045
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཀོང་པོར་ཕེབས་པ་ལ་ཆོས་དང་ཟང་ཟིང་གི་མཆོད་པ་རྒྱ་ཆེར་མཛད། ཆོས་ཀྱི་རྗེས་དགུང་ལོ་བརྒྱད་བཞེས་པའི་ཡོས་ལོ་ལ་དཔོན་སློབ་ལྷན་དུ་དྭགས་པོ་བརྒྱུད་སྟེ་འོལ་ཁ་བཀྲ་ཤིས་ཐང་དུ་ཕེབས། འཕགས་པའི་གནས་བརྟན་བསོད་ནམས་བཟང་པོ་མདོ་ལི་ལ་སྤྱན་དྲངས་སྟེ་ཆོས་ཀྱི་རྗེས་དགེ་ཚུལ་མཛད་པའི་སྐབས་སུ་རྗེ་འདིས་བསྙེན་པར་རྫོགས། དབང་གྲགས་པ་རྒྱལ་མཚན་དང་ཕག་གྲུ་སྤྱན་སྔ་ལ་སོགས་པས་ཇ་འདྲེན་ཕུལ། སླར་ཀོང་པོ་དགོན་སར་དུ་དཔོན་སློབ་ལྷན་ཅིག་པས་སོག་དབོན་པ་ལ་བྱམས་ཆོས་དབུ་མ་ལ་སོགས་པའི་གཞུང་བཤད་ལུང་གདམས་ངག་མང་དུ་གསན། ཡང་སྤྲུལ་སྐུའི་ཞབས་ཕྱིར་གླང་ལོ་ནས། ཉང་ལུང་པ་ནས་བྲག་གསུམ་གྱེན་ལ་བརྒྱུད། འཇམ་ནེ་སྨར་ཚ་ཐུང༌། རྔོད་སོགས་དང་སྒོམ་སྡེ་དང་ཨ་རིག་གི་བར་དུ་བྱོན་སྟེ་དཔོན་སློབ་ཐུན་མོང་གིས་འགྲོ་དོན་མཛད། ནགས་ཤོད་དུ་དཀར་པོ་རིན་བཟང་པས་སྤྱན་དྲངས་སྟེ་ཁོང་ལ་ཆོས་ཀྱང་དུ་མ་གསན། སྤྲུལ་པའི་སྐུ་མདོ་ཁམས་སུ་ཐེགས། རྗེ་འདི་བྱང་ལམ་ནས་མཚུར་ཕུར་བྱོན། གངས་པ་དབང་ཕྱུག་རྒྱལ་མཚན་ལ་ཆོས་ཀྱང་གསན། གཞན་དོན་མཛད་ཅིང་སྣེའུ་གདོང་པས་སྤྱི་བོར་བསྐུར། སླར་ཀོང་པོར་ཕེབས། མཚུར་སྟོན་ཆོས་རིན་ལ་དགའ་ལྡན་མ་མོར་ཆོས་མང་དུ་གསན། ཆོས་རྗེ་རིན་པོ་ཆེ་སྤྱན་དྲངས་སྟེ་སྟག་རྩེར་འབུལ་ཞབས་མཐའ་ཡས་པ་དང་སྐྱེ་བོ་ཐམས་ཅད་ཀྱང་སྦྱིན་པས་ཚིམ་པར་མཛད། ས་ཕྱོགས་དེ་རྡོ་དཀོན་པ་ལ་རྡོའི་གཏེར་ཆེན་པོ་ཕྱུང་ནས་དགའ་ལྡན་མ་མོའི་ལྷ་ཁང་མཛད། སྟག་ལུང་ཀུན་སྤངས་པ་བྱང་ཆུབ་རྒྱ་མཚོ་ཕེབས་པ་ན་མཁྱེན་བཞིན་པས་མཇལ་སྟེ་གཅིག་ལ་གཅིག་ཆོས་གསན་པ་ལྟར་མཛད། མ་ར་སྟེང་དུ་ནོར་རྫས་མང་དུ་སྤུངས་སྟེ་སོ་སོར་གནང་ནས་ཉིན་ལམ་བཅུ་གཉིས་ཀྱི་བར་འཁྲུག་རྩོད་ཐམས་ཅད་བཟླུམས། ཆོས་རྒྱ་དཀར་པོ་བཙུགས་སྟེ་ཐམས་ཅད་བདེ་འཇམ་དུ་མཛད། རེ་རེ་ཙམ་གྱིས་རྒྱ་ལས་འགོངས་པ་བྱུང་བ་ལ་ཆོས་སྐྱོང་བསྐུལ་བས་གཙང་པོ་གྲོང་ལ་འགྱུར་(པ༨༩བ)


PTT001_Page_1046
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། དར་ནག་འཛིན་མཁན་མེད་པར་འགྲེངས་པ་དང༌། ནད་ཡམས་ཀྱིས་གྲོང་བརླག་པ་སོགས་ཆོ་འཕྲུལ་དཔག་མེད་ཀྱིས་ཚར་བཅད། སྤྱིར་ཡང་དྲག་པོའི་ལས་ལ་མངའ་བརྙེས་པས་ཆོས་སྐྱོང་བྲན་བཞིན་དུ་ཉན། ལྷ་བཟོའི་རྗེས་འབྲེང་གི་འགེགས་བསྐྲད་པས་སྐད་ངན་སྣ་ཚོགས་པ་འདོན་ཞིང་བྲོས་པ་མང་པོས་ཐོས། གདོན་གནོད་པ་རྣམས་ལ་གཟིམས་པ་ཙམ་གྱིས་ཞི་བ་ཆེས་མང་ངོ༌། །ཁྱད་པར་ཆོས་ཀྱི་རྗེ་ཀརྨར་སྐུ་ཤིན་དུ་བསྙུང་བ་ན་ཀོང་པོ་ནས་མྱུར་བར་སྐྱོད། ངོམ་ཆུ་འགྲམ་དུ་ཙོང་ཀྱང་གོའི་ཤི་གུའི་གུང་པ་སོགས་སྒར་དཔོན་རྣམས་ཀྱིས་བསུ་བ་མཛད་སྟེ་དཔོན་སློབ་མཇལ། སྐུ་རིམ་མཛད་སྟེ་གདུག་པ་ཅན་བཏུལ་པས་སྐུ་ཁམས་དྭངས། ཆོས་རྗེ་རིན་པོ་ཆེ་ཕེབས་པར་གསོལ་བ་བཏབ་སྟེ་སྒོམ་སྡེ་ཁྱུང་པོ་ལྷོ་སྟོད་བརྒྱུད་ནས་སྔོན་དུ་ཀོང་པོར་ཕེབས། ཆོས་ཀྱི་རྗེ་ཕྱི་ནས་ཕེབས་སྟེ་འབུལ་ཞབས་རྒྱ་ཆེར་མཛད་ནས་སྐུ་ཚེ་འདིའི་བཞེད་དོན་གྲུབ་པའི་གསུང་བྱོན། བཞི་བཅུ་རྩ་བདུན་ཞེས་པ་ཆུ་ཕོ་སྤྲེའུའི་ལོ་སྟོན་ཟླ་ར་བ་ལ་དགའ་ལྡན་མ་མོར་སྐུ་ཅུང་ཟད་བསྙུན་པར་བསྟན། དུས་ངན་རྙིགས་མ་ལྔ་བདོའི་དུས། །གོས་སེར་མོ་བྱོན་ཡང་ཐ་མལ་པ། །བློ་ཆོས་དང་འདྲེས་པ་མི་འདུག་པ། །འགྲོ་དྲུག་རྣམས་ལ་ཐུག་རྗེས་ཟུངས། །ནོར་ཟང་ཟིང་བསགས་ནས་སྡོད་ཚིས་བྱེད། །འཆི་བ་དྲན་པ་མི་འདུག་པ། །ཕ་བླ་མའི་མཛད་སྤྱོད་རྣམ་ཐར་ལ། །ལོག་རྟོག་སྒོམ་པ་མ་གཏོགས་པར། །དད་གུས་བྱེད་པ་མི་འདུག་པ། །རྩ་ཐིག་རླུང་གསུམ་མན་ངག་ལ། །ཉམས་ལེན་བྱེད་པ་མི་འདུག་པ། །ཆོས་ཟབ་མོ་མང་དུ་བཤད་ན་ཡང༌། །དམ་ཚིག་རྩི་མི་མི་འདུག་པ། །རྗེ་བཙུན་བླ་མ་རིན་ཆེན་ལ། །གསོལ་བ་འདེབས་པ་མི་འདུག་པ། །སེམས་ཉིན་ནོར་བུ་རིན་ཆེན་ལ། །ལྟ་རྟོག་བྱེད་མི་མི་འདུག་པ། །གང་ཤར་ཆོས་སྐུའི་རོལ་པ་ལ། །དགག་སྒྲུབ་བྱེད་པས་གང་འདུག་པ། །དལ་འབྱོར་མི་ལུས་ད་རེས་ལ། །སྟོང་ལོག་བྱེད་མཁན་མང་འདུག་པ། །འགྲོ་དྲུག་རྣམས་ལ་ཐུགས་རྗེས་ཟུངས། །ཞེས་རྙིགས་དུས་ཀྱི་ཚུལ་(པ༩༠ན)


PTT001_Page_1047
[མ་དཔེ་གཟིགས་ན་འདིར་གནོན།]

མགུར་དུ་མཛད་སྟེ་ཡར་ཚེས་བཞིའི་ཉི་ཤར་ན་མཁའ་དག་པ་ལ་མེ་ཏོག་གི་ཆར་ལང་ལོང་དུ་བྱུང་བའི་ཚེ་རྗེ་བཙུན་སྒྲོལ་མ་དང་ཆོས་རྗེ་རིན་པོ་ཆེ་དེ་བཞིན་གཤེགས་པ་བྱོན་མཆོད་པ་ཤོམས་ཅིག་གསུང་ཞིང་ཞལ་ཏ་ཡང་མཛད་སྟེ་སེང་གེའི་གཟིམས་སྟབས་ཀྱིས་མྱ་ངན་ལས་འདས། གདུང་མཆོད་ཀྱི་ཚེ་ཌཱ་མ་རུའི་སྒྲ་མང་དུ་གྲག །སྐུ་གདུང་རིན་པོ་ཆེ་བྱང་ཆེན་མཆོད་རྟེན་དུ་བཞུགས་སུ་གསོལ་ལོ། །བུ་སློབ་ཀྱང་ཆོས་ཀྱི་རྗེ་མཐོང་བ་དོན་ལྡན་གྱི་བུ་ཆེན་ཕལ་ཆེར་ཡང་དཔོན་སློབ་ཐུན་མོང་གི་སློབ་མ་ཡིན་ལ། ཆོས་རྗེ་ཡིད་བཟང་རྩེ་པ་དང་ཆོས་རྗེ་ནམ་པ་སོགས་ཀྱིས་ཀྱང་རྩ་བའི་བླ་མར་འཛིན་ནོ། །ན་རིམ་དྲུག་པ་རྗེ་མཐོང་བ་དོན་ལྡན་ནི། སྔོན་ཆོས་ཀྱི་རྗེས་མདོ་ཁམས་ཀརྨའི་ཉེ་ལོགས་སུ་འདུན་པ་བཏང་ཟིན་གསུང་བ་དང༌། ཁམས་ཀྱི་སྤྱན་འདྲེན་པ་རྣམས་ལ་མདོ་ཁམས་ཉིད་དུ་མྱུར་དུ་འཕྲད་པར་བྱའོ་ཞེས་བཀའ་བསྩལ་བ་ལྟར་ཀརྨ་དང་ཉེ་བ་ངོམ་གྱིས་སར་ཡབ་སྔགས་འཆང་ནུས་པ་ཆེ་བ་ཞིག་དང་ཡུམ་རང་བཞིན་གྱི་རྣལ་འབྱོར་མ་ཞིག་ལས་སྤྲེ་ལོ་ཟླ་གཉིས་པའི་ཚེས་བརྒྱད་ལ་བལྟམས། དེ་མ་ཐག་ཙོག་པུར་བཞུགས་སྟེ་ཡུམ་ལ་གཟིགས་ཤིང་བཞད། དྲི་བཟང་གིས་ཡུལ་ཁྱབ། ངོམ་པ་བྱ་བྲལ་བ་ལ་ཡང་སྤྲུལ་སྐུ་བྱོན་པའི་ལྟས་བྱུང་ནས་གང་ན་བཞུགས་བརྟག་པའི་ཕྱིར་སློང་མོ་བར་བརྫུས་སྟེ་བཙལ་བས་བལྟམས་ནས་ཟླ་གཅིག་ཞག་བཞི་སོང་བ་ཅིག་དང་མཇལ་མ་ཐག་དགྱེས་པའི་རྣམ་འགྱུར་མཛད། ཨཱ་ལི་ཀཱ་ལི་གསུངས། ལྐོག་དུ་ཁྱེད་སུ་ཡིན་བྱས་པས་ཁོང་གི་མཛུབ་མོ་ལ་འཇུས་སྟེ་བཞེངས་ནས། ང་ནི་སྐྱེ་མེད་བརྗོད་པ་ཀུན་དང་བྲལ། །གནས་མེད་གནས་བྲལ་འཁོར་བའི་འགྲོ་བ་རྣམས། །མ་ལུས་ཐར་པའི་གནས་སུ་འདྲེན་པའི་ཕྱིར། །སྐྱེ་འགྲོ་ཀུན་གྱི་དཔལ་དུ་བདག་གྱུར་སྟེ། །ན་མ་ཚར་བར་ཡུལ་གཞན་མི་སྤོ་འདུག །ཞེས་བཀའ་བསྩལ་ནས་རེ་ཞིག་སོངས་ཅིག་གསུངས་པས་དད་པ་ཐོབ་སྟེ་དེ་ཕྱིན་ཞབས་ཏོག་པ་མཛད་ཏོ། །ལྐོག་གྱུར་གྱི་གནས་དང་མ་འོངས་པ་མཁྱེན་པ་དུ་མ་བཀའ་བསྩལ། ཟླ་བ་བདུན་བཞེས་(པ༩༠བ)


PTT001_Page_1048
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནས་ཁྲི་ཐོག་དུ་བཞུགས་ཤིང་བྱིན་རླབས་མཛད། སངས་རྒྱས་ཀྱི་མཚན་མང་དུ་སྒྲོག་ཅིང་ཡིག་དྲུག་གི་སྒོམ་ལུང་མཛད། ཉ་ཁང་དུ་སྤྱན་དྲངས་པས་རྟེན་རྣམས་ལ་གཟིགས་ཁྱད་པར་ཞྭ་ནག་ཅན་ལ་གཟིགས་ཤིང་བཞད། འདི་སུ་ཡིན་ཞུས་པ་ཐུགས་ཀར་ཕྱག་འཛུམ་བཙུགས་ནས་ང་ཡིན་ཞེས་བསྐྱར་ནས་གསུངས། ཡབ་ཀྱི་པང་དུ་བཞུགས་པ་ལ་ངོམ་པ་བྱ་བྲལ་བས་བློ་བུར་དུ་ཕྱག་ལ་འཇུས་ནས་ཁྱོད་སུ་ཡིན་གསུངས་པས་ང་དེ་བཞིན་གཤེགས་པ་ཡིན་ཤེས་སམ་གསུངས། རེ་ནེ་དགོན་མ་ཞུས་པར་མཁྱེན་དེར་དབུ་ཞྭ་ཞྭ་ནག་གཟིགས་པ་ན་ང་རང་གི་ཡིན་གསུངས་སྟེ་བསྣམས། བླ་མ་གཅོད་དིག་པ་ལ་དག་སྣང་མང་དུ་ཤར་བས་དད་པ་ཐོབ་སྟེ་ཐམས་ཅད་ལ་སྤྲུལ་པའི་སྐུ་བྱོན་པར་བསྒྲགས། ཀརྨ་ནས་གཉེར་པ་ཇ་འདྲེན་ལ་འོངས་པའི་མིང་ནས་བོས། ཀརྨར་ཕེབས་ཕྱག་ནས་འཐོར་བས་འབྲུམ་པའི་ནད་ཡམས་ཆད། སྔོན་ཚུལ་དུ་མ་བཀའ་བསྩལ་བས་ཡིད་ཆེས་བསྐྱེད། ཐང་སྐུ་ཞིག་ལ་རབ་གནས་མཛད་པས་འབྲུ་བདུན་ན་མཁར་ཆགས། ཡི་གེར་མ་བཀོད་སྣང་ཡང་གསུང་རྒྱུན་ལ། ཀརྨ་དྲུང་རིན་པོ་ཆེས་ཐོག་མར་མཇལ་མ་ཐག་དུ་ངས་ཕྱག་མདུད་བྱིན་པ་དེ་ཡོད་ཏམ་གསུངས། དེ་བླངས་ནས་ཕུལ་བས་ཧར་གྱིས་བཞེངས་སྟེ་སྐུ་ལ་ཚད་པ་ན་སྐུ་བོངས་དང་མཉམ་ཁད་ཀྱིས་བྱུང་བས་སྔོན་ཀྱི་ལུང་བསྟན་དུ་དགོངས་ནས་སྤྱན་ཆབ་མང་དུ་བསིལ་ཞིང་ཞབས་ལ་བཏུགས། དེ་དུས་ཀརྨར་དགེ་ལུགས་ཀྱི་སྔགས་ཆོག་མང་དུ་བཙུགས་ནས་སྒྲུབ་མཆོད་བྱེད་པའི་གྲལ་དབུ་ལ་བྱོན་པ་ན་དྲུང་རིན་པོ་ཆེ་ལ་བཀའ་བཀྱོན། དེར་འདི་འདྲ་ཞིག་དགོས་འདུག་པ་ལ་ངེད་རང་གི་ཡིག་ཆ་མི་འདུག་པས་ལན་པ་ཡིན་ཞུས་པས་ཡིག་ཆ་ངས་བརྩམས་པས་ཆོག་གསུངས་ནས་རྡོར་དབྱིངས་ལ་སོགས་པའི་མངོན་དཀྱིལ་རྒྱས་ཅིང་ལེགས་པ་བཀའ་འབུམ་ན་བཞུགས་པ་རྣམས་རྩོམ་པར་མཛད་ཅེས་གསུང་ངོ༌། །མཁན་ཆེན་མགོན་བློན་པ་དབུས་ན་བཞུགས་པ་ལ་ཡང་མནལ་ལམ་དུ་ཐུགས་རྗེ་ཆེན་པོས་ལུང་བསྟན་བྱུང་བས་སྒར་པ་རྣམས་ལ་དར་(པ༩༡ན)


PTT001_Page_1049
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཁ་རེ་བཀྱེ། ངའི་བླ་མ་ཁམས་ན་བྱོན་ཡོད་འཁྲུངས་ས་དང་ཡབ་ཡུམ་གྱི་ཤ་རྟགས་ཀྱང་འདི་འདྲ་ཡོད། ངའི་བླ་མ་ཐུགས་ཆད་ཡོངས་ང་འགྲོ་གསུངས་ནས་བྱོན་ཞིང་སྤྲུལ་པའི་སྐུས་ཀྱང་མཁན་ཆེན་པའི་ལད་མོ་མཛད་ཅིང་ངེད་རང་གི་ཕྱི་གཞིས་སླེབས་ཀྱི་འདུག་གསུངས། ཀརྨའི་ཡང་དགོན་དུ་མཇལ། ཆད་ཇའི་གྲལ་དུ་ཀརྨ་ཀུན་སྤངས་པས་ཁྱེད་རང་གི་ཐུགས་ལ་བཏགས་པ་ཅིག་ལ་གསོལ་རས་གནང་བ་ཞུ་ཞུས་པས་སྟོན་པ་གསུངས་ནས་གནང༌། ཚུར་མཐོང་རྣམས་ཀྱང་ཡིད་འཆེས་ཤིང་གདོང་མཆི་མའི་རླབས་ཅན་དུ་གྱུར། ཡུམ་འདའ་བ་ན་ཨ་མ་དང་དགའ་ལྡན་ན་འཕྲད་ཏོ་གསུངས། ལྷ་སྟེང་དུ་ཟླ་བ་གཟས་བཟུང་བ་ན་རྒྱ་ནག་གི་རྒྱལ་པོའི་ཞལ་རས་འདྲ་གསུང་ཞིང་དེའི་ཚུལ་རྒྱས་པར་གསུངས། ཡི་དམ་ཆོས་སྐྱོང་གི་ཞལ་གཟིགས་པ་ནི་བགྲང་བ་ལས་འདས། གོན་གྱོ་བདག་པོས་ཞྭ་ནག་ལ་བལྟས་པ་ན་འདི་ཧོར་དུས་ཀྱི་ཡིན་རྒྱའི་མིན་ཞེས་ཁྱད་པར་སྔོན་མ་ཐོས་པ་དུ་མ་གསུངས། དགུང་ལོ་གསུམ་མ་རྫོགས་ཙམ་ཡིན་ཡང་སྐྱ་སེར་ཁྲི་ཕྲག་མང་པོ་ལ་ཆོས་འབྲེལ་ཐོགས་མེད་དུ་གསུང་བ་ཁྲོམ་ཐམས་ཅད་ཀྱིས་འཚམས་པར་ཐོས། གཞན་ལ་ཀུ་རེ་ཅོ་འདྲི་ལྟ་བུའི་ཚུལ་གྱིས་ཆོས་ཀྱི་ཚིགས་བཅད་ཐོགས་མེད་དུ་གསུང་ཞིང་སུས་ཀྱང་གསུང་གི་ལན་ལྡོན་པར་མི་སྤོབས། ཐན་པས་ཉེན་པའི་ཚེ་རེས་ཆུ་རྩེད་ཀྱི་རྣམ་པ་མཛད། རེས་བདེན་སྟོབས་མཛད། རེས་བཀའ་ལུང་བསྒྲུབས་པ་ཙམ་གྱིས་ཆར་གང་འདོད་བབ་པ་ཙམ་ནི་ཆེས་མང༌། དགའ་ལྡན་ལ་སོགས་པ་དག་པའི་ཞིང་མཐའ་ཡས་པའི་བཀོད་པ་གསུངས། སོག་དཔོན་བཀའ་བཞི་བ་ལས་ལུང་བཤད་པ་དབང་སྒྲུབ་ཐབས་སོགས་མཐའ་དག་གསན། རིམ་པས་ཀོང་པོར་ཕེབས་སྟེ་སྤྲུལ་སྐུ་ཆོས་དཔལ་ཡེ་ཤེས་ལས་གཙོ་བོར་ཡི་དམ་ཆོས་སྐྱོང་གི་སྐོར་གསན་ཞིང་གཞན་ཕན་རྒྱ་ཆེར་མཛད། དགུང་ལོ་བརྒྱད་པ་ལ་འོལ་ཁ་བཀྲ་ཤིས་ཐང་དུ་གནས་བརྟན་ཆེན་པོ་གསོད་ནམས་བཟང་པོ་མདོ་ལི་ལ་སྤྱན་དྲངས་སྟེ་རབ་བྱུང་དགེ་ཚུལ་མཛད། ཆོས་གྲགས་དཔལ་བཟང་པོར་མཚན་གསོལ། མཁན་(པ༩༡བ)


PTT001_Page_1050
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མགོན་བློན་པས་སྤྲུལ་པའི་སྐུ་འདིའི་བསྙེན་རྫོགས་ཀྱི་མཁན་པོ་ཡང་རྗེས་ཉིད་ལ་ཞུ་བས་དེ་སྲིད་ཞབས་བརྟན་པར་བཞུགས་སུ་གསོལ་ཞུས་པས་ཞལ་གྱིས་བཞེས། ཕྱིས་དགུང་ལོའི་ཚིགས་ཚང་དུ་ཉེ་བ་ན་ཀརྨ་པ་བསྙེན་རྫོགས་ལ་ཡར་འབྱོན་གྱི་འདུག་གམ་ཞེས་ཐམས་ཅད་ལ་འདྲི་བ་མཛད། སྒར་དཔོན་ཞིག་དབུས་གཙང་ལ་གསེར་ཡིག་ལ་ཡོང་པ་ཚལ་མིན་དུ་ཕྱིན། ཉེ་གནས་པ་དང་མ་མཐུན་པར་ཁ་འཐབ་ཅིག་བྱུང་བས་ཉེ་གནས་དེས་ཁོང་བསྙེན་རྫོགས་མཛད་ཚར་ཡོད་འདུག་པ་ཞེས་རྫུན་ཞུས་པས་དེ་བདེན་ནམ་གསུངས་ཞལ་ངོ་ནག་ལོག་སོང་སྟེ་ཞག་གསུམ་ན་གཤེགས་པར་སྣང༌། ཀུན་མཁྱེན་རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་གིས་མཇལ་བར་བྱོན་ཆོས་འབྲེལ་གསན། ཐུགས་ཤིན་དུ་དད་པས། སྟེང་ནས་ལྷ་ཡིས་གདུགས་དཀར་ལེགས་བཟུང་ཞིང༌། །འོག་ནས་ཀླུ་ཡིས་མཆོད་སྤྲིན་རྒྱ་མཚོས་མཆོད། །མདུན་ནས་མི་ཡིས་བསྟོད་དབྱངས་སྙན་སྒྲོག་པ། །ལྷ་མའི་ཡོན་གནས་དམ་པར་གྱུར་ལ་འདུད། །ཅེས་སོགས་རང་གི་གཟིགས་སྣང་དང་བསྟུན་པ་སངས་རྒྱས་ཉིད་དུ་བསྔགས་པའི་བསྟོད་པ་མཛད། སྤྲུལ་པའི་སྐུས་ཀྱང་གཞུང་ལུགས་དང་མན་ངག་དུ་མ་གསན་པས་ང་ལ་སངས་རྒྱས་སློབ་མར་ཡོད་པ་ཡིན་ཞེས་སེང་གེའི་སྒྲ་ཆེན་པོ་སྒྲོག་པར་མཛད་སྐད། སྔོན་རྨ་སེ་རྟོགས་ལྡན་གྱི་ཞུ་བའི་རྟེན་འབྲེལ་ལས་དྲུང་འདི་ནི་གཙོ་བོར་སྐུ་དྲག་པོའི་རྣམ་པར་བྱོན་སྟེ་ལས་འགྲིག་གི་མན་ངག་ཡེ་ཤེས་མེའི་རལ་གྲི་སོགས་མཛད་སྟེ་གདུག་པ་ཅན་རྣམས་བཏུལ། སྐུ་འཁོར་རྣམས་ཀྱང་རྡོ་རྗེ་ཐེག་པའི་ལམ་གྱིས་སྐྱེད་རྫོགས་ལ་བཀོད། གར་འཆམས་དབྱངས་ཐིག་སོགས་ལག་ལེན་ཀྱང་གཟུགས་བརྙན་ཙམ་ཡིན་པར་རྡོ་རྗེ་ཐེག་པའི་བསྟན་པ་དངོས་ནི་དེའི་དུས་དར་ཞིང་རྒྱས། དྭགས་ཀོང་མདོ་དབུས་རྣམས་སུ་སྐལ་ལྡན་གྱི་གདུལ་བྱ་སྨིན་གྲོལ་དུ་མཛད་པ་ནི་བགྲང་གིས་མི་ལང༌། ཙཱ་རིར་བཞུགས་པའི་དུས་རྔ་ཡབ་གླིང་ནས་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝས་གྲུབ་ཆེན་ལ་བ་པ་ཕོ་ཉར་མངགས་སྟེ་ཚེ་དཔག་མེད་ཕྱི་ནང་(པ༩༢ན)


PTT001_Page_1051
[མ་དཔེ་གཟིགས་ན་འདིར་གནོན།]

གསང་གསུམ་གྱི་སྒྲུབ་ཐབས་ཕུལ། དེ་ལ་སོགས་པ་སྣོད་ལྡན་གྱི་གདུལ་བྱ་ལ་རྒྱལ་བ་རྡོ་རྗེ་འཆང་ཉིད་ཀྱི་འཕྲིན་ལས་མཛད་སྟེ་དགུང་ལོ་སོ་བདུན་པ་ཆུ་ཕོ་སྤྲེའུའི་ལོ་ལ་རྩེ་ལྷ་སྒང་ན་བཞུགས་ཚེ་མོ་མ་རྨི་ལྟས་པ་རྣམས་སྐུ་ལ་ཤིན་ཏུ་རྩུབ་ཟེར་བ་ལ་སློབ་དཔོན་སངས་རྒྱས་སེང་གེ་བས་བརྟན་བཞུགས་ཕུལ་བ་ན་ད་ལོ་ངེད་ལ་སྐྱོན་མི་འོང་ཟླ་བ་དགུ་ངེད་རང་གིས་ཁག་འཁུར་བ་ཡིན་གསུངས། དེ་ནས་གསང་ཕུ་བདེ་མཆོག་གི་ཕོ་བྲང་དུ་ཕེབས་ནས་རྟེན་ཐམས་ཅད་ལ་ན་བཟའ་དང་མཆོད་པ་ཕུལ། སོ་སོའི་རྟེན་སྒམ་དུ་གཞག་ནས་ཕྱག་ཐམ་གྱིས་མནན། དབུ་ཞྭ་དང་སྲེ་འཕོའི་ཞལ་གདམས་ཀྱི་ཕྱག་དཔེ་སོགས་གོ་ཤྲི་རིན་པོ་ཆེ་ལ་གཏད་སྟེ་ལུང་བསྟན་བཀའ་རྒྱ་ཅན་མཛད། ངེད་མ་སླེབས་ཀྱི་བར་དུ་རྟེན་འདི་རྣམས་རྒྱ་མ་ཉམས་པར་གྱིས། ཤམྦྷ་ལ་པ་དང་མ་ཁ་བ་རྩོད་པར་ཡོད་པས་ཁོ་བོ་རིགས་ལྡན་གྱི་གྲོགས་ལ་འགྲོ་དགོས་པར་ཡོད་གསུངས། བརྟན་བཞུགས་ཀྱི་གསོལ་བ་བཏབ་ཀྱང་མ་གནང༌། མགུར་དུ་མ་མཛད་ཅིང་ཁྱད་པར་ཀ་བཞི་སེང་ཆེན་མ་བྱང་ནས་དབུ་ཚུགས་གསུང་སྟེ་ཡང་ཡང་བཞེངས། ས་ཡང་ཡང་གཡོས། ཉི་ཟླ་ལ་འོད་མེད་པ་དང༌། འདབ་ཆགས་ཆེ་ཆུང་ཐམས་ཅད་སོ་སོ་སྡེ་ཚན་དུ་འདུས་ནས་མི་བཟོད་པའི་ཅ་ཅོ་དང་འཕུར་ལྡིང་བྱེད། སྔར་བཀའ་ལུང་གནང་བ་ནས་ཟླ་བ་དགུ་ཞག་གཅིག་གི་ལྷག་ཆད་ཀྱང་མེད་པ་ཚང་བ་བྱ་ལོ་ཟླ་བ་དང་པོའི་ཚེས་བརྒྱད་ཀྱི་སྔ་དྲོ། ད་ནི་ཁོ་བོ་ཡང་བཀའ་རྒྱུད་ཀྱི་གྲལ་ལ་སྡོད་པ་ཡིན་པས། སངས་རྒྱས་ཐམས་ཅད་འདུས་པའི་རིན་པོ་ཆེ། །ཐུགས་རྗེ་བདག་ཉིད་མཐོང་བ་དོན་ལྡན་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་དུ་གསོལ། །ཞེས་གསོལ་བ་ཐོབ་ཅིག་གསུངས་སྟེ་མྱང་ངན་ལས་འདའ་བར་བསྟན། སློབ་མའི་གཙོ་བོ་ནི་གོའི་ཤྲི་རིན་པོ་ཆེ་དཔལ་འབྱོར་དོན་གྲུབ་དང་ཀུན་མཁྱེན་འཇམ་དཔལ་བཟང་པོ་ཡིན་ལ། གོའི་ཤྲི་རིན་པོ་(པ༩༢བ)


PTT001_Page_1052
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་ནི་སྙེ་བོར་འཁྲུངས། སྐུ་སྐྱེ་བ་ཕྱི་མའི་འདྲེན་པར་དགོངས་ནས་སྐྱེས་ཆེན་མང་པོ་ལ་དམ་པའི་ཆོས་གསན་པར་མངགས་བཀའ་བསྟན་འགྱུར་གཉི་གའི་ལུང་གིས་ཐོག་དྲངས་བོད་ན་བཞུགས་པའི་ཆོས་མ་གསན་པ་མེད་པར་གྲགས། བྱིན་རླབས་ཀྱི་བཀའ་བབས་གུའི་གུང་པར་མངའ་གསོལ་སྟེ་ལུགས་གཉིས་ཀྱི་བསྟན་པའི་བདག་པོར་བསྐོས། སློབ་དཔོན་པདྨའི་སློབ་མ་འོད་བྲན་དཔལ་གྱི་དབང་ཕྱུག་དང་རས་པ་ཞི་བ་འོད་ཀྱི་སྤྲུལ་པའི་སྐུར་ལུང་བསྟན། ཆོས་བཞུགས་སོ་འཚལ་མཆོག་གི་སྤྲུལ་པའི་སྐུ་ལ་ཕུར། ཐུགས་ཀྱི་བཞེད་པ་ཡོངས་སུ་རྫོགས་པས་སྤྲུལ་པའི་སྐུ་དགུང་ལོ་ཉེར་ལྔ་བཞེས་པའི་ཚེ་མཚུར་ཕུར་མྱ་ངན་ལས་འདས་སྟེ་མེ་ཏོག་གི་ཆར་ཆེར་བབ་པའི་མེ་ཏོག་དཀར་སྔོ་ཡུ་བ་དང་བཅས་པ་ད་ལྟ་ཕྱག་སྒམ་ན་སྣང་ངོ༌། །ཀུན་མཁྱེན་འཇམ་དཔལ་བཟང་པོ་ནི་གྲུབ་ཐོབ་སྙེ་མོ་རྫོང་པའི་གདུང་བརྒྱུད་ཞལ་ངོ་ཡིན་ཕྱིན་རྟེན་རིང་སྲེལ་ངོ་མཚར་ཅན་འབྱུང་བར་གྲགས་ཤིང་དྲུང་ན་རིམ་གྱི་བླ་མ་མཛད་པའང་བརྒྱུད་པ་ལ་ལྔ་ཙམ་བྱུང་བར་གྲགས་པའི་བན་སྒར་དུ་འཁྲུངས། ཀུན་མཁྱེན་རོང་པོ་ལ་སོགས་པའི་དྲུང་དུ་སྡེ་སྣོད་མཐའ་དག་ལ་མཁས་པར་སྦྱངས། ཁྱད་པར་རྗེ་དོན་ལྡན་ཞབས་རྩ་བའི་བླ་མར་བསྟེན་སྟེ་བཀའ་ཇི་ལྟ་བར་བསྒྲུབས། ཐུགས་དམ་རྩེ་གཅིག་དུ་གནད་དུ་བསྣུན་པའི་བྱིན་རླབས་ཞུགས་སྟེ་དྭགས་པོ་བཀའ་རྒྱུད་ཀྱི་སྒོམ་ཆེན་ཙམ་ལ་མཁས་པ་དང་བཙུན་པ་དང་བཟང་བ་དང་གྲུབ་པའི་མཆོག་དུ་གྱུར་སྟེ་མཆོག་གི་སྤྲུལ་པའི་སྐུ་ཡང་ཐུགས་དམ་ཉམས་ཁྲིད་ཁོ་ན་ལ་སྦྱོར་བར་མཛད། སྐུ་ཚེ་ཡང་མཐར་ཕྱིན་པར་བཞུགས་ནས་བསམ་པ་མ་རྫོགས་པར་བྱས་པ་མཆོག་གི་སྤྲུལ་སྐུ་འདི་ལ་བསྙེན་རྫོགས་འབུལ་མ་གྲུབ་པ་ཙམ་ལས་མེད་གསུངས་ནས་ངོ་མཚར་གྱི་ལྟས་དང་བཅས་བྱང་གི་ཕྱོགས་སུ་མྱ་ངན་ལས་འདའ་བར་བསྟན། སློབ་མའང་རྗེ་བཙུན་སྐྱ་སེ་སོགས་རང་གཞན་གྱི་དོན་ནུས་པ་མང་དུ་བྱོན་ནོ།། །།དེ་ལ་སྤྲུལ་པའི་སྐུ་བདུན་པ་ཇི་ལྟར་བྱོན་པའི་ཚུལ་ནི། སྔོན་(པ༩༣ན)


PTT001_Page_1053
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་རྗེ་མཐོང་བ་དོན་ལྡན་གྱིས་སྤྲེ་ལོ་ཟླ་བ་བཅུ་གཉིས་པའི་ཡར་ཚེས་ལ་གོའི་ཤྲི་རིན་པོ་ཆེ་ལ་ཞལ་ཆེམས་བཀའ་རྒྱ་བཅུ་གསུམ་དང་བཅས་པ་གནང་བྱང་ཕྱོགས་སྤྱི་ལྷ་ཞེས་བྱ་བར་སྤྲུལ་སྐུ་འབྱོན་པར་ཡབ་ཡུམ་ཡུལ་བཅས་ལུང་བསྟན་སྟེ་ཆུ་བྱ་ཟླ་བ་དང་པོའི་ཚེས་བརྒྱད་ལ་གཟུགས་སྐུ་བསྡུས། བར་དོའི་རྣམ་ཐར་ནི་ཕྱིས་ཉིད་ཀྱི་གསུང་ལས། བཀའ་རྒྱུད་རྣམས་དང་སངས་རྒྱས་བྱང་ཆུབ་སེམས། །རྒྱལ་བ་རྣམས་ཀྱི་རྣམ་འཕྲུལ་ཆོས་ཀྱི་རྗེ། །འདས་ནས་བདག་ཅག་མ་སྐྱེས་པར། །རྣམ་ཐར་བསྡུས་པ་བརྗོད་པར་བྱ། །བྱ་ལོ་ཟླ་བ་དང་པོའི་ཚེས་བརྒྱད་ལ། །གཟུགས་སྐུ་བདེ་བ་ཆེན་པོར་བསྡུས་པ་ཡིན། །འོད་གསལ་ངང་ལ་མཉམ་པར་བཞག །གདུང་བཞུས་མཉམ་དུ་འོག་མིན་དུ། །ཕྱིན་པས་རྡོ་རྗེ་འཆང་ཆེན་དང༌། །ཐུབ་པ་ལོངས་སྐུའི་ཆ་ལུགས་འདུག་པ་མཐོང༌། །གཞན་ཡང་ལོངས་སྐུ་བསམ་མི་ཁྱབ། །ལྷག་པའི་ལྷ་ཡང་མང་པོ་སྣང༌། །དེ་རྣམས་ཐམས་ཅད་དང་ནི་མཇལ། །རྡོ་རྗེ་འཆང་གི་གསུང་ལས་ཀྱང༌། །ཁྱེད་ཀྱི་ཕ་ནི་གྲུབ་པ་ཆེས་བྱ་བ། །མ་ནི་སངས་རྒྱས་ཁོང་ནས་གྲུབ་པས་སྐྱིད། །སེམས་ཅན་རྣམས་ལ་ཕན་པ་འབྱུང་བ་ཡིན། །ཞེས་གསུང་པ་ལྟར་ལོངས་སྐུའི་ཞིང་སྦྱངས་སྟེ་དགའ་ལྡན་དུ་བྱམས་པས་ཁྱོད་ཀྱིས་འགྲོ་དོན་དཔག་དུ་མེད་པ་གྱིས་ཅིག་གསུངས། མངོན་དགར་མི་འཁྲུགས་པས་ཁྱོད་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ལ་དགེ་བསྙེན་དང་དགེ་ཚུལ་དང་དགེ་སློང་དང་རྡོ་རྗེ་ཐེག་པས་གཞན་ཕན་གྱིས་གསུངས། ལྷོ་ཕྱོགས་སུ་རིན་ཆེན་འབྱུང་ལྡན་གྱིས་ཁྱོད་ཀྱི་སྔོན་འགྲོ་དོན་དཔག་མེད་བྱུང༌། ད་ཡང་ཛམ་གླིང་གི་གདུལ་བྱ་ལ་སོམས་ལ་འགྲོ་དོན་གྱིས་ཅིག་གསུངས། བདེ་བ་ཅན་དུ་འོད་དཔག་མེད་ཀྱིས་ཁྱོད་ཀྱིས་སྔོན་སེམས་ཅན་ལ་ཕན་ཐོགས་སམ་གསུངས། ཐོགས་ཞུས་པས་ད་ཡང་ཕ་རོལ་དུ་ཕྱིན་པ་དྲུག་གིས་སེམས་ཅན་ལ་ཕན་ཐོགས་ཅིག་གསུངས། ཨོ་ཌྱན་དུ་མཁའ་(པ༩༣བ)


PTT001_Page_1054
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའི་ཚོགས་གྲལ་དུ་བྱོན་པས་ཁྱོད་སུ་ཡིན་གསུངས། ང་ནི་སྔོན་ཆད་དུས་གསུམ་མཁྱེན་པ་དང༌། །ཀརྨ་པག་ཤི་རང་བྱུང་རྡོ་རྗེ་དང༌། །རོལ་པའི་རྡོ་རྗེ་དེ་བཞིན་གཤེགས་པ་ཡི། །སྐྱེ་བ་རྣམ་དག་མཐོང་བ་དོན་ལྡན་ཡིན། །ཞེས་གསུངས་པས་འོ་ན་ཚོགས་ཀྱི་སློབ་དཔོན་ཞུས་གསུངས་སྟེ་རྡོ་རྗེའི་སློབ་དཔོན་མཛད། མཁའ་འགྲོ་ཐམས་ཅད་ཀྱིས་འཕྲིན་ལས་སྒྲུབ་པར་དམ་བཅས། བྱང་ཕྱོགས་སུ་དོན་ཡོད་གྲུབ་པས་ཁྱོད་ཛམྦུའི་གླིང་དུ་ཕ་གྲགས་པ་དཔལ་གྲུབ་དང་མ་ལྷ་མོ་སྐྱིད་ལས་སྐྱེ་བར་འགྱུར་རོ་གསུང་ཅེས་ཕྱིས་སྤྲུལ་སྐུ་ཉིད་ཀྱིས་བཀའ་བསྩལ། མཚུར་ཕུ་འཇམ་དབྱངས་ཆེན་པོས་ཀྱང་བྱ་ལོ་ཟླ་བ་བདུན་པའི་སྐབས་ཤིག་ཇ་གྲལ་བ་མང་དུ་ཡོད་པ་ཅིག་ལ་ངའི་རྨི་ལམ་ལྟར་ན་ད་རེས་སྤྲུལ་སྐུའི་ཡབ་ལ་དཔལ་གྲུབ་བྱ་བ་ཞིག་ཡོང་བ་འདུག་གསུངས། ཀུན་མཁྱེན་བན་སྒར་བས་ཀྱང་མཚུར་ཕུ་ནས་ཤར་ཕྱོགས་དྲང་པོར་སྤྲུལ་སྐུ་འབྱོན་ཞེས་ལུང་བསྟན། སྐུ་བལྟམས་པའི་ཡུལ་དེར་དྲི་བཟང་གི་ངད་མེ་ཏོག་གི་ཆར་སྐྱ་སེར་ཐམས་ཅད་ལ་རྨི་ལམ་ཁྱད་པར་ཅན་མང་དུ་བྱུང་བས་ཅི་ལྟ་ཞིག་ཞེས་གླེང༌། དེ་ལྟར་གདུལ་བའི་དུས་མཁྱེན་ཞིང་སྔོན་ལུང་བསྟན་པའི་ཡབ་ཡུམ་ཡུལ་དང་བཅས་པ་ལ་གཟིགས་སྟེ་ཐོག་མར་ཨོ་ཌྱན་རི་ཁྲོད་བྱ་བར་ཡབ་སྔགས་སྤྱོད་ཀྱི་གྲུབ་ཐོབ་གྲགས་པ་དཔལ་གྲུབ་དང་ཡུམ་རང་བཞིན་གྱི་རྣལ་འབྱོར་མ་ཇོ་དར་བཟའ་ལྷ་མོ་སྐྱིད་ཅེས་བྱ་བ་གཉི་ག་སྦས་པའི་རྣལ་འབྱོར་དབང་ཕྱུག་དུ་བཞུགས་པ་ན་རྣལ་འབྱོར་གྱི་རྒྱུད་ལྟར་སྒོ་དྲུག་གི་མཛད་པས་འགྲོ་བ་ཐམས་ཅད་རྣམ་སྣང་དུ་བཀོད་ཅིང་རྣལ་འབྱོར་བླ་ན་མེད་པའི་མངོན་པར་བྱང་ཆུབ་པའི་ཡེ་ཤེས་རྣམ་པ་ལྔ་ལས་ཡུམ་གྱི་ལྷུམས་ཕོ་བྲང་དག་པ་རྣམ་སྣང་གི་ངོ་བོར་རིགས་ཐམས་ཅད་པའི་གཟུགས་སྐུའི་གཙོ་བོར་བཞེངས་སྟེ་སྐལ་ལྡན་རྣལ་འབྱོར་གི་དབང་ཕྱུག་རི་རབ་ཀྱི་རྡུལ་སྙེད་སྨིན་གྲོལ་དུ་མཛད་ལ་ཚུ་རོལ་མཐོང་བ་པ་སྐལ་པ་ཅུང་ཟད་དགེ་བ་རྣམས་ཀྱི་ངོར་ནི་ཡུམ་གྱི་ལྷུམས་སུ་ཞུགས་པ་དང་ཡུམ་གྱི་ཁ་དོག་(པ༩༤ན)


PTT001_Page_1055
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྤྱོད་ཚུལ་སོགས་ཀྱང་སྔོན་ལས་ཆེས་འཕགས་པར་སྣང་བ་ཞིག་གོ །དེའི་ཚེ་ཡུམ་གྱི་ས་ཅུང་ཟད་གཡོ་ཞིང་ལུས་འཇའ་ཚོན་གྱིས་རྟག་པར་འཁོར། བདེ་དྲོད་འབར་འོད་གསལ་རྩོལ་མེད་དུ་ཟིན། རྨི་ལམ་དུའང་རྗེ་མཐོང་བ་དོན་ལྡན་དང་ཡང་ཡང་མཇལ། རྒྱབ་རི་ལ་བྲག་ལྷ་མགོན་པོ་རང་བྱོན་འདུག་པ་ཁོང་རང་གི་དངོས་གྲུབ་ཡིན་ཟེར་བ་དང༌། རིང་སྲེལ་གྱི་རྡོ་རྗེ་འཆང་གི་སྐུ་དང་གསེར་གྱི་རྡོ་རྗེ་དང་ཤེལ་གྱི་མཆོད་རྟེན་རྙེད་པ་པུང་ཁུག་དུ་བཅུག་པ་དང༌། ཉི་ཟླ་མང་དུ་ཤར་བ་སོགས་དག་སྣང་འབའ་ཞིག་རྨིས། ཟླ་ངོ་གསུམ་པའི་ཚེས་བརྒྱད་ལ་ན་མཁར་རོལ་མོའི་སྒྲ་མང་པོ་ལན་གསུམ་དུ་གྲག །ལྷུམས་སུ་འཕྲུལ་འཁོར་ལན་གསུམ་མཛད་པས་ཡུམ་གྱིས་སྐུ་གཡོས། ཟླ་ངོ་དྲུག་གི་ཉི་ཤུ་བརྒྱད་ལ་ཡིག་དྲུག་གསུང་བ་ཡུམ་གྱིས་གསལ་པོར་ཐོས། དེ་ཕྱིན་དུས་བཟང་ཐམས་ཅད་ལ་ཨཱ་ལི་ཀཱ་ལི་དང་ཡིག་དྲུག་གསུང་བ་ཉེ་འཁོར་བ་ཀུན་གྱིས་ཐོས། ཡུམ་ཤིང་འཐུ་བ་ན་བརྡབས་ཕོགས་པས་ཨ་ན་ན་ཅི་བྱེད་པ་ཡིན་གསུང༌། ཡུམ་བཏུང་བ་འཐུང་ཚེ་འཁྲུལ་འཁོར་མཛད་པས་བཏུང་བ་བོ། བུ་མོ་ཞིག་གིས་ཞྭ་ནག་བྱིན་ཞིང་རྡོ་རྗེ་རྣལ་འབྱོར་མས་ཁྱོད་ཀྱི་ལུས་ལ་ཀརྨ་པ་འཁྲུང་རྒྱུ་ཡོད་ཟེར་ཐུགས་ཀ་སྟོང་པའི་ནང་ན་སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་པ་སྐུ་མདོག་དཀར་པོ་ཅིག་འདུག་པར་སྣང༌། ཕྱག་གཡས་པའི་གུང་མཛུབ་ཀྱི་ཚིགས་གསུམ་རིགས་གསུམ་མགོན་པོར་སྣང་བ་ལ་སྤྱན་རས་གཟིགས་ཤིན་དུ་གསལ་ཞིང་གཞན་གཉིས་ཅུང་མི་གསལ་བར་གཟིགས། དེ་སོགས་དག་པའི་སྣང་བའི་དངོས་ཉམས་རྨི་ལམ་གྱི་སྣང་བ་ནི་མཐའ་ཡས། མི་དཀར་པོ་ཅིག་གིས་དུང་ཆེན་པོ་ཞིག་འབུད་ཅིང་འདི་ཕྱོགས་ཐམས་ཅད་དུ་གྲག་པར་འགྱུར་རོ། །ཁྱོད་འདིར་མི་འདུག་རྔོད་ཨ་ལ་ན་སོང་ཞིག་ཟེར། ཡབ་དེ་སྔོན་ལྷོ་སྨད་ན་སྒྲུབ་པ་ལ་བཞུགས་པའི་ཚེ་རྨི་ལམ་ན་བླ་མས་ལུང་བསྟན་སྟེ་ཨོ་ཌྱན་རི་ཁྲོད་(པ༩༤བ)


PTT001_Page_1056
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སོང་ཞིག་འགྲོ་དོན་མཐའ་ཡས་པ་འབྱུང་ངོ་ཞེས་བྱུང་བས་དེ་མ་ཐག་བྱོན་པ་ན་ཡུམ་ལ་ཡང་ལུང་བསྟན་བྱུང་སྟེ་དེར་བྱོན་ཚེ་དྲི་བཟང་གི་ངད་ཀྱིས་ཕྱོགས་ཐམས་ཅད་ཁྱབ། རྨི་ལམ་དུ་བུ་ཤ་རྩ་དཀར་བ་ཞིག་འདུག་པས་ཆོས་རྗེ་ཀརྨ་པ་ཡིན་ཟེར་བ་དང༌། དག་སྣང་མཐའ་ཡས་ཤིང་དུས་རྟག་པར་རྗེ་ཀརྨ་པ་དང་མི་འབྲལ་བའི་སྣང་བ་ཤར། རྔོད་སྤྱི་མདར་སོང་ཞིག་པར་ཡང་ཡང་ལུང་བསྟན་པ་བྱུང༌། ཕྱིས་སྐུ་བལྟམས་པའི་ས་དེར་ཉི་ཟླ་ཟུང་ཅིག་འདུག་པ་དང་གསེར་སྦྲམ་རྙེད་པ་སོགས་གཉི་ག་ལ་རྨིས་སྟེ་རྔོད་དུ་བྱོན་རྨི་ལམ་དུ་བྱུང་བའི་གནས་དེ་སྤྱི་མདའི་མཁར་ཡིན་པར་ཤེས་ནས་དེར་བཞུགས། དེའི་ཚེ་འབྲི་ཁུང་པའི་སྒོམ་ཆེན་དེར་ཡོད་པ་ཅིག་གིས་སྤྱི་མདའ་མཁར་ནང་གི་བྱ་བྲལ་ཕོ་མོ་གཉིས་ལས་ཆོས་རྗེ་ཀརྨ་པ་སྐུ་འཁྲུང་བར་ཡོད་ཟེར་བ་རྨིས། དེ་སྐོར་གྱི་སྐྱ་སེར་ཕལ་ཆེར་ལ་ཆོས་རྗེ་ཕེབས་པ་སོགས་རྨི་ལྟས་མཐའ་ཡས། ལུང་པ་དྲི་བཟང་གིས་ཁྱབ་ཅིང་མཁར་དེ་ལ་འཇའ་འོད་དང་མེ་ཏོག་གི་ཆར་རྟག་དུ་བྱུང་བས་ཐམས་ཅད་ཀྱིས་ཆོས་རྗེ་རིན་པོ་ཆེ་དེར་འབྱོན་པར་ཤེས་ཤིང་ཕྱག་དང་བསྐོར་བ་བྱེད། གནས་འདི་ཡང་གྲུབ་པའི་གནས་མཁའ་འགྲོའི་སྦས་ཡུལ་ཞིག་སྟེ་གཞི་བདག་སྤྱི་ལྷ་ཞེས་བྱ་བ་སྔོན་རྗེ་རང་བྱུང་རྡོ་རྗེ་ལ་མཚུར་ཕུར་དགེ་བསྙེན་ཞུས། ཡུལ་དེར་ཕེབས་པར་ཞུས་སྟེ་ཞབས་ཀྱིས་བཅགས། མ་འོངས་པ་སྤྲུལ་སྐུ་འབྱོན་པའི་ཞིང་དུ་བྱིན་གྱིས་བརླབས། དེ་ཡང་ལུང་པ་རིན་པོ་ཆེའི་གཏེར་མཛོད་ཁ་ཕྱེ་བ་འདྲ་བ། རྒྱབ་རི་རྒྱལ་པོ་གདན་ལ་བཞུགས་པ་དང་དར་དཀར་གྱི་ཐོད་བཅིངས་པ་ལྟ་བུའི་གངས་ཀྱི་རྩེ་བྲན་ཅན། སྤྱི་ལྷ་ལ་སོགས་པའི་ནགས་རི་དང་སྤང་རི་དབྱིབས་སྣ་ཚོགས་པས་འབངས་འདུག་པ་ལྟར་བསྐོར་བ། དེ་དག་ལ་ཞྭ་ནག་རང་བྱོན་སོགས་རང་བྱོན་མང་དུ་ཡོད་པ། མདུན་ན་སྤང་ལྗོངས་གཡུའི་མཎྜལ་ལྟ་བུ་ལ་རི་ཆུང་རིན་པོ་ཆེ་སྣ་ཚོགས་དང་ནེ་ལེའི་རྐྱལ་པ་ལྟ་བུ་བརྒྱ་རྩ་བརྒྱད་དང་དེའི་བར་བར་དུ་ཨ་རིག་ཐང་ལ་སོགས་ཐང་བརྒྱ་རྩ་བརྒྱད་ས་མཚོ་ཁྲ་རིང་སོགས་(པ༩༥ན)


PTT001_Page_1057
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་བརྒྱ་རྩ་བརྒྱད་དང་ནགས་ཚལ་འབྲས་བུ་ཅན་གྱིས་གང་ཞིང་བྱ་དང་རི་དྭགས་སྣ་ཚོགས་པས་མཛེས་པ། ཤར་དུ་ཤ་ཝ་ར་མགོ་ལྷོར་བརྐྱང་ལྷ་ནུབ་ཏུ་སོ་བ་སྟག་རྩེ་བྱང་དུ་ཛམ་བུ་ལུག་རུ་སྟེ་སྒོ་སྲུང་གི་ལྷ་བཞི་གནས་པ་དེ་ལྟ་བུའི་གནས་ཆེན་སྤྱི་ནང་འདི་ན་དྲུང་གོང་མ་ཞི་བར་གཤེགས་པའི་གནས་གསའ་ཕུའི་བྱང་དྲང་པོར་ཡོད་པའི་སྔོན་ཀ་བཞི་སེང་ཆེན་མ་བྱང་ནས་དབུ་ཚུགས་གསུང་བར་སྣང་ཞིང་བླ་མ་དབང་བརྒྱ་བའི་ལུང་བསྟན་ལྟར་མཚུར་ཕུའི་ཤར་དྲང་པོར་ཡོད། དེར་དངོས་པོ་ཞེས་བྱ་བ་ཤིང་ཕོ་ཁྱིའི་ལོ་ཧོར་ཟླ་དང་པོའི་ཚེས་བཅོ་ལྔ་སྐར་མ་མཆུ་ལ་ཟླ་བས་ལོངས་སྤྱོད་པའི་སྔ་དྲོ་ན་མཁའ་ཡོངས་སུ་དྭངས་པ་ལ་འཇའ་འོད་ཁ་དོག་ལྔའི་རི་མོ་ཅུང་ཟད་སྣང་ཞིང་མེ་ཏོག་གི་ཆར་ཁ་བ་ལྟར་འབབ། འབྲུག་གི་སྒྲ་ལྟ་བུ་གར་ཡོད་མི་མངོན་པ་ཡང་ཡང་གྲག་པའི་ཚེ་ཡུམ་ལ་ཟུག་རྔུ་མེད་པར་སྐུ་བལྟམས། དེ་མ་ཐག་ཞལ་ནས་ཨ་ལ་ལ་གསུང་ཞིང་བཞད། སྐུ་ལ་མེ་ཏོག་གི་རྣམ་པ་མང་པོ་དང་དབུ་ལྟག་དུ་རྡོ་རྗེ་འཆང་གི་སྐུ་ཐུགས་ཀར་རྩ་རིས་ཀྱི་ཨ་ཡིག་གསང་གནས་སུ་ཆོས་འབྱུང་དང་འཁོར་ལོ་ཞབས་ལ་འཁོར་ལོ་སྟེ་སྐུ་ལ་རང་བྱོན་དྲུག་གསལ་བར་སྣང༌། གསང་ཆབ་འོ་མར་འབབ་ཅིང་དྲི་བཟང་གི་ངད་ཀྱིས་ཐམས་ཅད་ཁྱབ། ཡབ་ཡུམ་གྱིས་ཀྱང་དད་པས་འདུད་ཅིང་དེ་མ་ཐག་ཡབ་ཀྱིས་གསོལ་བ་འདེབས་པའི་སླད་དུ་མཚན་མི་ཕམ་མགོན་པོ་དང་ཡུམ་གྱིས་སྐུ་ཚེ་བརྟན་པའི་སླད་དུ་མཚོ་སྐྱེས་རྡོ་རྗེར་མཚན་གསོལ། ཞག་བདུན་ན་གསུང་མང་དུ་བྱོན་པ་ན་ཡབ་ཀྱིས་སྔགས་མང་དུ་གསུང་བར་གོ །ཡུམ་གྱིས་དབྱངས་ཡིག་གསུང་བར་གོ །གཞན་རྣམས་ཀྱིས་མ་ཎི་གསུང་བར་གོ །ཡབ་ཡུམ་གྱིས་གསང་བར་བྱས་ཀྱང་སྤྱི་ནང་དུ་བྱ་བྲལ་ཕོ་མོ་གཉིས་ལས་ཆོས་ཀྱི་རྗེ་སྐུ་འཁྲུངས་འདུག་ཟེར་ནས་ཕྱོགས་ཐམས་ཅད་དུ་རླུང་ལྟར་ཁྱབ། ཉིན་ལམ་གསུམ་གྱི་ལྷ་དཔོན་མི་དཔོན་སྐྱ་སེར་ཐམས་ཅད་འདུས་སྟེ་གསང་མ་ཐུབ། སྙེ་བོ་ད་ར་སྟེང་གི་(པ༩༥བ)


PTT001_Page_1058
[མ་དཔེ་གཟིགས་ན་འདིར་གནོན།]

གདན་ས་པ་ཆོས་དཔལ་འབྱོར་གྱིས་ཐོས་ནས་མཇལ་དུ་འགྲོ་བསམ་པ་ན་རྨི་ལམ་དུ་ཡུམ་གྱི་པང་ན་བཞུགས་འདུག་པ་ལ་དབུ་ཞྭ་ནག་པོ་ཕུལ་བ་རྨིས་པས་བླ་མ་སྒྲེས་པོ་ལ་ཁ་སྐད་འདི་འདྲ་འདུག་ཞེས་བཟླས་པས་ངའི་རྨི་ལམ་ན་སྤྱི་ལྷའི་ལ་ཁར་ཉི་ཟླ་གཉིས་ཤར་བ་མལ་གཅིག་དུ་འདུས་སོང་བ་རྨིས་པས་ཐེ་ཚོམ་མི་དགོས་དྲུང་གོང་མའི་དབུ་ཞྭ་ན་བཟའ་ཕྱགས་རྣམས་ཁྱེར་ལ་སོང་གསུངས་སྟེ་ཕྱིན་པས་སྐུ་འཁྲུངས་ནས་ཞག་བཅོ་ལྔ་སོང་བའི་ཐོག་དུ་སླེབས། ཁོང་གཟིགས་པས་བཞད་ཅིང་དགྱེས་པར་མཛད། དྲུང་གོང་མའི་ན་བཟའ་དང་དབུ་ཞྭ་དང་དྲུང་རྟོགས་ལྡན་པའི་ན་བཟའ་དབུ་ཞྭ་རྣམས་ཕུལ་བས་དྲུང་གོང་མའི་རྣམས་ཕྱག་གིས་བཞེས་སྟེ་གཞན་མ་བཞེས། ཁྱེད་ཐམས་ཅད་མཁྱེན་པ་མཐོང་བ་དོན་ལྡན་ཡིན་ན་ང་ལ་བྱིན་རླབས་མཛད་དགོས་ཞུས་པས་ཕྱག་གཉིས་ཀ་སྤྱི་བོར་བཀོད་སྟེ་བྱིན་རླབས་ཡང་ཡང་མཛད་པས་ཐེ་ཚོམ་ཆོད། དེ་ཡང་སྤྲེ་ལོ་ལ་སྤྲུལ་སྐུ་ཆོས་དཔལ་ཡེ་ཤེས་གཤེགས། བྱ་ལོ་སར་མ་ཐག་དྲུང་མཐོང་བ་དོན་ལྡན་གཤེགས། སྤྲུལ་སྐུ་ཡང་བྱ་ལོ་ལ་ཀྲེ་ཁང་དམར་དུ་རྗེ་ཞྭ་དམར་བ་བཞི་པ་བལྟམས། ངོ་མཚར་གྱི་ལྟས་མང་དུ་བྱུང་ཞིང་འཁྲུངས་འཕྲལ་ཀརྨ་པ་གསུང་བས་ཀརྨ་པ་ཡིན་གསུང་བར་གོ་ནས་རེ་ཞིག་རྗེ་བདུན་པ་ཡིན་པར་ཡང་གྲགས། ཕྱིས་སྐུ་དངོས་བལྟམས་པ་ན་ཡང་ཞལ་རྣམ་པ་གཉིས་གང་གི་སྤྲུལ་སྐུ་ཡིན་ཐེ་ཚོམ་ཅུང་ཟད་བྱུང་བ་འདིས་ཆོད། ཀྲེའི་སྤྲུལ་སྐུ་ཡང་སྤྲུལ་པའི་སྐུ་འདི་ཉིད་ཀྱིས་ཞྭ་དམར་ཅོད་པན་འཛིན་པར་ངོས་འཛིན་མཛད་པ་ཡིན་ནོ། །ད་ར་གདན་ས་པས་དེ་ཕྱིན་ཞབས་ཕྱིར་བཞུགས་སྟེ་སྐུ་རིམ་ཞབས་ཏོག་མཛད། ཟླ་ངོ་གཉིས་བཞེས་པ་ན་རྔོད་པའི་ལྷ་སྡེ་མི་སྡེ་ཐམས་ཅད་ཀྱིས་ཨ་རིག་ཐང་དུ་གདན་དྲངས་དྲུང་གོང་མའི་ཆོས་ཁྲི་ལ་བཞུགས་ནས་ཁྲོམ་ཆེན་པོ་ལ་ཞལ་བསྟན་ཚེ་ཕྱག་རྟེན་རྣམས་ཕྱག་གིས་རིམ་པར་བཞེས། བྱིན་རླབས་གནང་ནས་ཁྲོམ་རྣམས་ལ་དལ་བུས་གཟིགས་སྟེ་ཕྱག་གཡས་ཀྱི་ཞལ་གྱི་དཀྱིལ་(པ༩༦ན)


PTT001_Page_1059
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལན་གསུམ་དལ་གིས་ཕྱིས་ནས་མཉམ་བཞག་དང་ལྟ་སྟངས་མཛད་སྟེ་སྐུ་གཟི་བརྗིད་དང་ལྡན་པར་བཞུགས་པས་ཟིལ་གྱིས་ནོན་ཞིང་དད་པ་ཐོབ། གདན་ས་བས་ཀྱང་དབུས་དང་ཀརྨ་སོགས་སུ་གཏམ་སྙན་སྐྱེལ་མི་བཏང་དྲུང་གོའི་ཤྲི་པས་དབུ་མཛད་པའི་སྒར་པ་དབུས་སུ་དགོངས་རྫོགས་ཀྱི་གསེར་ཐོག་སྒྲུབ་པའི་ཚེ་གཏམ་སྙན་སླེབ་པ་ཉི་མ་ཤར་བ་ལོ་དེའི་ཁུ་བྱུག་གི་སྐད་ཐོག་མ་གྲག་པ་དང་འབྲུག་སྒྲ་གྲག་པ་རྣམས་དུས་མཚུངས་པས་ཤིན་དུ་མཉེས། དྲུང་འཇམ་དབྱངས་ཆེན་པོ་ལ་ཞུས་པས་ཡབ་ཡུམ་གྱི་མིང་འཁྲུངས་པའི་ཡུལ་རྣམས་རྨི་ལམ་དང་མཐུན་པར་འདུག་གསུངས་ནས་གོའི་ཤྲི་རྣམ་པ་གཉིས་ཀྱིས་རྩོད་མེད་དུ་ཐུགས་ཐག་བཅད། གསོལ་གཟིམས་གཉིས་ཇ་འདྲེན་ལ་བཏང༌། མཇལ་བ་ན་ཤིན་དུ་མཉེས་པར་མཛད་ཀརྨར་གཏམ་སྙན་ཟླ་བ་གསུམ་པའི་ཡར་ཚེས་ལ་སླེབས། དེ་དུས་མདོ་ཁམས་སུ་ཐན་པ་ཆེར་བྱུང་བ་ལ་དེའི་ནུབ་མོ་ནས་ཁ་བ་ཆེན་པོ་བབ། འབྲུག་གྲག་བླ་མ་ཚོགས་ཆེན་པ་བསོད་ནམས་རྡོ་རྗེ་སོགས་མང་པོའི་རྨི་ལམ་དུ་བདུན་རིའི་རྩེ་མོ་ནས་བཀྲ་ཤིས་དར་ཆེན་ཐེན་ནས་བྱུང་བ་དང་རི་གླིང་གི་ཁང་ཐོག་ཐམས་ཅད་དུ་དར་འཕྱར་དུང་འབུད་པ་སོགས་རྨིས་པས་ཐམས་ཅད་ཀྱང་ཐེ་ཚོམ་ཆོད། ཟླ་ངོ་གསུམ་བཞེས་ཚེ་རྔོད་ཀྱི་བེར་བསྣོལ་དུ་བཞེར་བླས་ཅོ་འདྲི་ཞུས་སྟེ་མི་རྣམས་ཁྱེད་ཀརྨ་པ་མིན་པ་འདྲ་ཟེར། དྲུང་གོང་མ་རྣམས་ཀྱིས་ཟླ་བ་འདི་ལ་གསུང་འདི་བྱོན་སོགས་འདུག །གྲུབ་རྟགས་མང་དུ་བསྟན་འདུག་པ། རང་རེ་མཐོང་བ་དོན་ལྡན་ཡིན་ན་ཡིད་ཆེས་པའི་རྟགས་དང་གསུང་འབྱོན་དགོས་ཞུས་པས། ང་ནི་ཀརྨའི་མིང་ཅན་སྟེ། །ང་ལྟའི་གང་ཟག་དཀོན་པ་ཡིན། །ང་དང་འབྲེལ་བ་གང་ཡོད་པ། །ང་ཡིས་མི་བསླུའི་སྨོན་ལམ་ཡོད། །བཅུ་གསུམ་ཟླ་བ་མ་རྫོགས་པར། །ཚིག་འདི་གསང་ཆེན་རྒྱ་དང་ལྡན། །དེ་ནས་ཁོ་བོ་རྩོད་བྲལ་བའི། །རྟགས་རྣམས་རིམ་གྱི་གསལ་བར་འགྱུར། །ཞེས་གསུངས། དེ་ནས་སྙེ་(པ༩༦བ)


PTT001_Page_1060
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་ཡུལ་དུ་སྤྱན་དྲངས་ད་ར་སྟེང་དུ་བཞུགས་པའི་ཚེ་ཀརྨ་སིདྷུ་བའི་ཞུ་ཡིག་ལྕགས་མོ་དབོན་པོ། གསེར་བྱ་བྲལ་བ་བསོད་ཡེས་སོགས་ཀྱིས་ཕུལ་ནས་ཞུ་ཡིག་ཕྱག་གིས་བཞེས་ཡིག་ཕྲེང་ཕྱག་མཛུབ་ཀྱིས་མནན་ཞིང་རིམ་པས་གཟིགས་ནས་གསུང་མི་གོ་ཙམ་ཆུང་ངུ་འབྱོན་ཞིང་ཀློག་པའི་ཚུལ་མཛད། དཔལ་ལྡན་རྡོ་རྗེ་གསུངས་ནས་ལྕགས་མོའི་པང་པར་བྱོན། བྱ་བྲལ་གི་ལག་པ་ལ་འཇུས་ཤིང་མཉེས་མཉེས་མཛད། སློབ་མ་རྙིང་པ་ཕལ་ཆེར་གྱི་མིང་གསུང་པས་ཐམས་ཅད་དད་ཆེས་སྔོན་གནས་དྲན་པས་དད་པའི་ཡུས་ཀྱིས་ངུ་ཞིང་བརྒྱལ། དེ་ཕྱིན་གསེར་བྱ་བྲལ་བས་ལུས་དང་གྲིབ་མ་ལྟར་ཕྱག་ཕྱི་བསྒྲུབས། ཟླ་ངོ་ལྔ་བཞེས་པ་སྙེ་བོའི་ག་གོར་ཁར་བཞུགས་དུས་ཁ་ཅིག་གིས་སྐུ་དྲུང་དེར་ཐོ་ཅོ་འདྲ་བྱས་པས་ཞལ་ནས། ཨ་ཧཾ་བདེ་སྟོང་སྒྱུར་མའི་རྩལ། །སྣ་ཚོགས་ཡེ་ཤེས་རོལ་པ་ལ། །བྱིས་པ་རྣམས་ཀྱིས་བདེན་པར་མཐོང༌། །ང་ནི་སྐྱེ་འགག་གནས་དང་བྲལ། །གསུངས། ཟླ་ངོ་དགུ་བཞེས་པ་ན་གོའི་ཤྲི་རིན་པོ་ཆེ་དབུས་ནས་ཕེབས་སྟེ་སྙི་བོའི་དགོན་སར་དུ་མཇལ་བ་ན་སྐུ་གཟི་བརྗིད་དང་ལྡན་པས་མཉེས་པར་མཛད་ཅིང་ཕྱག་རྟེན་རྣམས་ཕྱག་དུ་བཞེས། སྒར་དུང་ཕྱག་དུ་བསྣམས་སྟེ་ངའི་ཡིན་གསུང་བ་སོགས་ངོ་མཚར་བསམ་གྱིས་མི་ཁྱབ་པར་དགོངས་སྟེ་རང་བྱུང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོར་མཚན་གསོལ། སྒར་ཆེན་ཛམ་གླིང་གི་རྒྱན་ཆེན་པོར་སེང་གེའི་ཁྲི་ལ་བཞུགས། ཟླ་ངོ་བཅུ་གཅིག་བཞེས་པ་ན་ནགས་ཕུ་བས་སྤྱན་དྲངས་ནགས་མདར་ཁྲོམ་ཆེན་པོ་ལ་ཨཱ་ལི་ཀཱ་ལི་གསུངས། ཕག་ལོ་སར་ནས་མདོ་ཆེན་དུ་བཞུགས་པ་ན་ང་རྡོ་རྗེ་འཆང་ཡིན་གསུངས། ཅིག་གིས་སྔོ་ཡིག་ཕུལ་བས་དགའ་ལྡན་དུ་སྐྱེ་བར་གྱུར་ཅིག་གསུངས། ཡང་གཞན་གྱིས་ཅོ་འདྲི་ཞུས་པ་ན། ཐེ་ཚོམ་མི་དགོས་བཀའ་རྒྱུད་བླ་མ་རྣམས་ཀྱི་ཞལ་ལ་ལྟོས། མཁའ་འགྲོ་ཆོས་སྐྱོང་གིས་འཕྲིན་ལས་སྒྲུབ་ཅིང་ཡོད། ས་ར་ཧ་བིརྺ་པ་ཀུ་ཀུ་རི་གསུམ་ན་མཁར་བཞུགས། (པ༩༧ན)


PTT001_Page_1061
[མ་དཔེ་གཟིགས་ན་འདིར་གནོན།]

འདི་གསུམ་གྱི་རྣམ་ཐར་འཛིན་མི་ང་ཡིན་གསུངས་ནས་ཕྱག་མཛུབ་ན་མཁར་གཏད། ཡུམ་གྱིས་ཀྱང་དེ་རྣམས་ཞི་ཞལ་མཇལ། མདོ་ཚན་གྱི་ཕུ་ན་གཅོད་ལ་འབྱོན་གསུངས། གཅོད་ཇི་ལྟར་བྱེད་ཞུས་པས་སེམས་ཉིད་རྩད་ནས་གཅོད་པ་ཡིན་གསུང༌། རྩད་ནས་ཇི་ལྟར་གཅོད་ཞུས་པས་སྒོམ་གྱིས་གསུངས། མི་ཤེས་ཞུས་པས་ན་མཁར་ཕྱག་མཛུབ་གཏད་སྟེ་མཐའ་དབུས་མེད་པ་ཅིག་ཡིན་གསུངས། ལོང་པོར་སྤྱན་དྲངས་ཐམས་ཅད་མི་ཕྱེད་པའི་དད་པ་ཐོབ། བྱི་བའི་ལོ་ལ་སྡུག་དོ་བོར་བཞུགས་དུས་རྟ་མགྲིན་མཚོན་ཆ་འཁོར་ལོར་སྤྲུལ་པ་ཡུམ་གྱི་གཟིགས། འདི་འདྲ་མཛད་པ་ཅི་ལགས་ཞུས་པས་བགེགས་བཏུལ་པ་ཡིན་སུ་ལའང་མ་བཤད་གསུངས། ཚེས་བཅུའི་དུས་ཅིག་ང་ཀརྨ་པ་ནི་འགྲོ་བ་འདྲེན་གསུངས་ནས་གར་མཛད། དེ་མ་ཐག་སྐུ་ལུས་མི་སྣང་བར་གྱུར་སྟེ་ཡང་ལམ་གྱིས་བྱོན། དགུང་ལོ་ལྔ་པ་སྟག་ལོ་སར་གི་བར་དུ་གསའ་ཕུ་ཆོས་མི་བརྒྱུད་བ་ཡུ་ཙཱ་རི་བཀྲ་ཤིས་ལྗོངས་སུམ་མཁར་རྣམས་སུ་ཕེབས། མི་ལ་སེང་གེ་ལ་ཆིབས་པ་ཤར་ན་སློབ་དཔོན་པདྨ་གཙོ་འཁོར་གསུམ་ལྷོ་ཕྱོགས་ན་ས་ར་ཧ་མདའ་སྲོང་བའི་ཚུལ་ནུབ་ན་མི་ལ་མགུར་མཛད་པ་བྱང་ན་དམ་པ་བལ་ཐུལ་བསྣབས་པ་འདུག་འདི་རྣམས་ཁོ་བོ་ཡིན་གསུངས། འཁྲུལ་འཁོར་མཛད་ཅིང་ཡུམ་ལ་ངས་ཁྱོད་ཀྱི་ལྟོ་བར་འདི་ལྟར་བྱས་པས་ཁྱོད་ཀྱི་ཧུབ་བོ་བ་ཡིན་གསུངས། ཡིག་དྲུག་དང་ཨཱ་ལི་ཀཱ་ལི་གསུང་ཞིང་ཁྱོད་ཀྱིས་ཁོང་ནས་འདི་སྐད་སྨྲས་པ་ཐོས་སམ་གསུངས། ཙཱ་རི་ལ་འགྲོ་ཙཱ་རི་ནི་གང་ཟག་བྱིན་གྱི་རློབ་ནུས་པའི་གནས་ཡིན། གནས་སྒོ་ཕྱེ་རྒྱུ་ཡང་ཡོད་ཙཱ་རིའི་གདུལ་བྱ་ཁོ་བོས་སྐྱོང་ཁོ་བོའི་བར་ཆད་གནས་ཀྱིས་སེལ་གསུངས། བླ་མ་ཡབ་ལ་བཞུགས་ཁྲི་ཤོམས་གསུངས་ནས་ཁྲི་ལ་བཞུགས་དབུ་ཞྭ་དང་ན་བཟའ་བསྣབས་ཇའི་གསོལ་རས་ཡབ་ཡུམ་ལ་གནང་ཞིང་ཕྱག་ཚོལ་ཞལ་ལ་ལྟོས་གསུངས། སྔོན་དགོངས་ཁྲེལ་བྱུང་བའི་ཀུན་དགའ་རྒྱལ་མཚན་བྱ་བས་བློ་བུར་དུ་འོངས་(པ༩༧བ)


PTT001_Page_1062
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ཕྱག་བཙལ་བས་དེ་ཕྱིར་ཕུད་གསུངས་སྟེ་བཀའ་བཀྱོན། སློབ་བུ་ཞིག་མཇལ་མ་ཐག་ཨ་བླ་གསུངས་སྟེ་ངོས་བཟུང༌། དྲུང་མཐོང་བ་དོན་ལྡན་པས་མིང་གནང་བ་ཞིག་ཡོད་ཞུས་པས་བཀྲ་ཤིས་ཡིན་གསུངས། ཡ་གི་གསའ་ཕུ་ཡིན་ཕ་རི་ཤམ་པོའི་རི་ཡིན་གསའ་ཕུ་ན་ཁོ་བོའི་མཆོད་རྟེན་ཡོད་པས་མགྱོགས་པར་འགྲོ་གསུངས་ནས་ཆིབས་ཤར་སྟེ་བྱོན། སྔོན་གྱི་གཟིམས་གུར་དུ་བྱོན་ནས་ངའི་ཡིན་གསུང་ཞིང་གསོལ་ལྕོག་སྟེང་འོག་ཅན་གཞན་གྱིས་མི་ཤེས་པ་ཅིག་ཡོད་པ་དྲུང་དུ་བཞག་པ་ན་སྟེང་མ་དེ་ཡར་ཁྱོག་གསུངས། ཐང་སྐུ་མ་ཎི་མའི་གོང་ཤམ་ཅན་ཞིག་ལ་གཟིགས་ནས་མཐོང་བ་དོན་ལྡན་དང་འོད་དཔག་མེད་དང་སྤྱན་རས་གཟིགས་རྣམས་ང་ཡིན་འདི་སྒྲོལ་མ་འདི་ཕྱག་དྲུག་པར་འདུག་གསུང་ཞིང་ལྗགས་ཀློག་མ་ཕུལ་བའི་སྐབས་ཡིན་རུང་མ་ཎི་རྣམས་ལ་ཕྱག་མཛུབ་བཙུགས་སྟེ་དབྱངས་སྙན་པོས་རིམ་པར་གསུངས། ན་གུ་ལེ་བཟུང་མི་འདི་སུ་ཡིན་གསུང་མི་ཤེས་ཞུས་པས་རྣམ་སྲས་རེད་གསུང༌། རྒྱལ་པོ་ཨ་ཉག་ལ་མིང་ནས་བོས་སྟེ་ཕྱག་ནས་མང་དུ་གནང་བས་ཡིད་འཆེས། རྣམ་ཐོས་རི་བོར་སྒོ་རྣམས་ཕྱེ་གསུངས་ནས་མཛོད་ནག་སོགས་ལ་གཟིགས་རྟོག་མཛད། སྔོན་འདི་ལྟར་ཡིན་སོགས་གཞན་གྱིས་མཐོང་ཐོས་མེད་པ་རྣམས་ཀྱང་གསལ་བར་གསུངས། ཕྱིར་ཐུགས་རྗེ་ཆེན་པོ་རྗེ་མར་མི་གཉིས་རྣམས་ཡང་ཡང་གཟིགས་ཤིང་དེ་གསུམ་ཉིད་ཡིན་པར་ཞལ་གྱིས་བཞེས། རྒན་མོ་བློ་བདེའི་བུ་རྒྱུད་རྣམས་ཇ་འདྲེན་ལ་བྱུང་ཚེ་ཡོན་བདག་ལྷུན་གྲུབ་དང་རྒན་གོག་གཉིས་ལ་མིང་ནས་བོས་ཡར་ཤོག་གསུངས་ནས་གསོལ་རས་གནང་བས་ཤིན་དུ་དད་པ་ཐོབ། མར་མེའི་སྣུམ་ཟད་པ་ལ་ཆུ་ཏིང་ཕོར་གང་ཕྱག་གིས་བླུག་པས་སྔོན་པས་ཆེས་གསལ་ཞིང་ཡུན་རིང་བར་ཐུབ། སྒར་པ་དབུས་ན་ཡོད་པ་རྣམས་ཉང་ཁ་ནས་ཡོང་རྩིས་བྱེད་པ་ལ་དེ་ནས་མི་འོང་དྭགས་པོ་ནས་འོང་གསུངས་སྟེ་སྒར་དཔོན་རྣམས་བ་ཡུར་མཇལ། དགེ་བཤེས་འཇམ་སེང་གསུངས་ནས་གསོལ་རས་(པ༩༨ན)


PTT001_Page_1063
[མ་དཔེ་གཟིགས་ན་འདིར་གནོན།]

གནང་ཞིང་གསོལ་གཟིམས་སོགས་རྙིང་པ་ཕལ་ཆེར་གྱི་མིང་གསུངས། དེ་རྣམས་སུ་ཡི་དམ་ཆོས་སྐྱོང་གི་གཟིགས་སྣང་ཤིན་དུ་མང་ཞིང་དེ་དག་ཉིད་ལ་ཐིམ་པ་དང་ཐང་སྐུ་ལ་ཐིམ་པ་སོགས་མང་དུ་གསུངས། ཁྱད་པར་ཆོ་འཕྲུལ་ཆེན་པོ་ཞིག་བྱུང་བ་སློབ་དཔོན་པདྨ་རྟ་མགྲིན་ནག་པོ་བེར་ནག་ཅན་རྣམས་ཀྱི་བསལ། བཀྲ་ཤིས་ལྗོངས་སུ་ཐོག་མར་གཟིམས་ཁང་དུ་ཕེབས་གྲབས་བྱས་པ་སུས་ཀྱང་མ་ཞུས་པར་ངེད་འདི་ལ་འགྲོ་གསུངས་ནས་དྲུང་གོང་མའི་བཞུགས་ཁྲིའི་ཕྱོགས་སུ་བྱོན་སྟེ་ཁྲི་ལ་བཞུགས་ནས་འདི་ང་རང་གི་ཁྲི་ཡིན་གསུང༌། ཉིན་ཞིག་ཆུ་རོང་ལམ་བགྲོད་དཀའ་བ་ཞིག་ལ་མགྱོགས་པར་བཞུད་པའི་ཞབས་ཕྱིར་བརྒྱུགས་པ་ན་རྟ་མགྲིན་རང་བྱོན་སྐུ་མདོག །ཞལ་ཕྱག་ཐ་དད་པ་རྟ་མགོ་གཉིས་པ་དང་གསུམ་པ་སོགས་ཆེས་མང་བ་རྟ་མགྲིན་གླིང་གི་སྒོ་ཕྱེ། རྟ་མགྲིན་རིགས་བསྡུས་ཀྱི་ལྷ་ཚོགས་ཐམས་ཅད་གཟིགས་ནས་སྔགས་གསུང་ཞིང་ཐམས་ཅད་ཀྱིས་ཐོན་གསུངས། སྔར་དྲུང་གོང་མས་རྟ་མགྲིན་རིགས་ཐམས་ཅད་པའི་སྒྲུབ་ཐབས་མཛད་པའི་རྟེན་འབྲེལ་དུ་འདུག་བྱིན་ལེགས་སུ་མཁའ་འགྲོས་བདུད་རྩི་དྲངས་ཤིང་གནས་སྒོ་དུ་མ་དབྱེར་ཡོད་པར་ལུང་བསྟན། རྩི་མ་ཁར་ཆིབས་ཐོག་དུ་གཟིམས་ཡུར་བ་ན་འཕྲང་ངན་པས་ཆིབས་འདྲེད་མཆི་ཞུས་པས་གཟིམས་སད་ནས་སློབ་དཔོན་པདྨ་གར་ཡོད་གསུངས། མི་ཤེས་འཕྲང་ངན་འདི་འདྲ་ལ་ཐུགས་སྒྲིམས་ཞུས་པས་སློབ་དཔོན་པདྨ་ང་རང་ཡིན་པས་ཆོག །འཕྲང་ངན་ཡང་སྐྱོན་མི་འོང་གསུངས། ཟླ་གཅིག་ཚུན་ལ་འབུལ་བ་དངོས་ཅན་ཅི་འོང་མཁྱེན་ཞིང་འདི་འདྲ་ཞིག་འོང་བར་འདུག་པ་འདི་ལྟར་གྱིས་སོགས་གསུང་བ་རྣམས་ཐོག་དུ་བབ། སུམ་མཁར་རྒྱལ་པོས་རྟ་བརྒྱ་འབུལ་སོགས་འབུལ་ནོད་རླབས་ཆེན་བྱས། སྐྱ་སེར་དཔག་དུ་མེད་པ་མངོན་མཐོ་དང་ངེས་ལེགས་ལ་བཀོད། དགའ་ལྡན་མ་མོར་བཞུགས་ཚེ་དགེ་བཤེས་འཇམ་སེང་དང་ཇོ་བཟང་བསམ་གཏན་གྱིས་ཀྲེ་ཁང་དམར་ན་བཞུགས་པའི་སྤྲུལ་སྐུ་དེ་དྲུང་རྟོགས་ལྡན་པའི་སྐུ་སྐྱེ་ལགས་སམ་(པ༩༨བ)


PTT001_Page_1064
[མ་དཔེ་གཟིགས་ན་འདིར་གནོན།]

གདན་འདྲེན་གཏང་བ་ཨེ་འཐད་ཞུས་པས་རྟོགས་ལྡན་པའི་སྐུ་སྐྱེ་ཡིན། ངེད་ཁམས་ན་མ་ཕེབས་བར་སྤྱན་མི་འདྲོངས་གསུངས། ཡང་ཇ་སྐོལ་ལུང་པའི་ཕུ་ནས་ཇ་མང་པོ་འོང་བ་ཡོད་གསུངས་ཙ་ན་ཕྱི་ནང་ཀར་དབོན་དབུ་གསར་དང་མི་ཉག་བློ་གྲོས་བཟང་པོ་སོགས་ཀྱིས་བ་སོའི་ཐམ་ག་དང་ཇ་གོས་དར་དཔག་མེད་ཕུལ། མི་ཉག་བྱུང་མ་ཐག་བློ་གྲོས་བཟང་པོ་རྒས་འདུག་གསུངས་ནས་གསོལ་རས་གནང༌། ངལ་བྲོག་དགོན་གསུམ་གྱི་འབུལ་ཞབས་ཆེར་བྱས། སྐྱེན་དགོན་སར་གྱི་གཟིམས་ཁང་གཟིགས་མ་ཐག་དྲུང་རང་བྱུང་བའི་གཟིམས་ཁང་ཡིན་གསུངས། ཙཱ་རི་རྙིང་མའི་ཕྱག་ཆེན་པ་ཅིག་གིས་དྲུང་གི་སྐུ་ལན་གཉིས་སུ་ཡལ་ཞིང་ཡང་གསལ་ལམ་ལམ་བྱོན་པས་ལུས་ལ་རྟག་འཛིན་མ་ཆེ་གསུང་བར་འདུག་བསམས་ནས་ཉམས་རྟོགས་བཟང་པོ་སྐྱེས། འདི་དག་དུ་གནས་བཟང་བའི་རྟེན་འབྲེལ་གྱིས་རྟ་མགྲིན་ཉིད་ལ་ཐིམ་པ་སོགས་གཟིགས་སྣང་མཐའ་ཡས་ཅིང་ཞིང་སྐྱོང་སྤྱན་སྔར་བྱུང་བ་བླ་མ་བསམ་གཏན་ལ་བསྟན་པས་ཁོང་གིས་ཀྱང་མཐོང༌། མི་ནག་པོ་རཱ་ཅོ་ཅན་ཞིག་བྱུང་གསུངས་ནས་རྟ་མགྲིན་གྱི་སྐུར་བཞེངས་སྟེ་དྲག་སྔགས་ཀྱིས་ཚར་བཅད། བློ་གྲོས་བཟང་པོ་ལ་སྔོན་གནས་འདི་འདྲར་ངས་གར་དང་ཕྱག་རྒྱ་བསླབས་པ་དེ་གྱིས་དང་གསུངས། སྔོན་རྗེ་གོང་མས་གོའི་ཤྲི་རིན་པོ་ཆེ་ལ་བསྟན་པ་གཏད་པའི་རྟེན་འབྲེལ་གྱིས་ཁྱོད་ཀྱིས་ཆོས་ལུང་ཕུལ་ཞིག་གསུངས། སྔོན་དུ་ཚེ་དཔག་མེད་དང་ཡི་གེ་དྲུག་པ་དགོས་གསུངས་སྟེ་དགུང་ལོ་ལྔ་པ་ས་སྟག་གི་ལོ་ཟླ་བ་གསུམ་པའི་ཡར་ཚེས་རྒྱལ་ཕུར་གྱི་འགྲུབ་སྦྱོར་ཡོད་པའི་ཉིན་ཚེ་དཔག་མེད་ཕྱི་ནང་གསང་གསུམ་གྱི་དབང་དང་གཏོར་མའི་བྱིན་རླབས། ཡིག་དྲུག་ཡི་གེའི་ཕྱི་མོ་རྒྱ་བོད་ཀྱི་དབྱངས་གསལ་ཕུལ་བས། རྡོར་དྲིལ་བུམ་པ་སོགས་འཛིན་ལུགས་དབང་གི་རྣམ་གཞག་དཔག་དཀའ་བ་མང་དུ་གསུངས། རྗེ་དྭགས་པོས་ལུང་བསྟན་ཞིང་དེའི་ཚེམས་ཀྱི་མཆོད་རྟེན་བཞུགས་པ་རི་མི་དགོན་དུ་ཕེབས། ཟླ་བ་བཞི་པའི་ཚེས་གཅིག་(པ༩༩ན)


PTT001_Page_1065
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བདེ་མཆོག་བཅུ་གསུམ་མའི་དབང་ཕུལ་ཚེ་རིན་པོ་ཆེའི་མེ་ཏོག་གི་ཕྲེང་བ་ཤིན་དུ་ལྕི་བ་ཞིག་ཕྱག་དུ་ཕུལ་ཡོད་པ་དཀྱིལ་འཁོར་དང་དྲུང་བཞུགས་སའི་བར་ཐག་རིང་བར་ཡོད་ཀྱང་དེ་ཉིད་ནས་དོར་བ་གཙོ་བོའི་ཚོམ་བུའི་སྟེང་དུ་དལ་བུས་བཞག་པ་ལྟར་གྱུར་སྟེ་ཚོམ་བུ་ལ་ཅུང་ཟད་ཀྱང་མ་གནོད་པའི་ངོ་མཚར་བསྟན། མ་ཧཱ་མཱ་ཡའི་དབང་ཕུལ་ཚེ་དེ་ཉིད་གཟིགས་སྟེ་དེའི་བཞུགས་སྟངས་མཛད་ནས་ཁྱེད་ཚོ་ལ་འདི་མི་སྟོན་གསུངས། རྗེས་གནང་ཞིག་གི་ཚེ་གར་ཞིག་མཛད་དགོས་ཞུས་པས་བཞེངས་ནས་སྟང་སྟབས་དང་པ་སྐོར་ཞིག་མཛད། སྔར་ངས་ཁང་དམར་ཟུར་མང་ཀརྨ་རྣམས་སུ་བྱས་པ་དེ་ཡིན། དེ་དུས་ངེད་ཆེན་པོ་ཡིན། ད་ངེད་ཆུང་ངུ་རེད་ཟིན་པས་མི་ཤེས་གདའོ་གསུངས། དེར་ཐན་པ་བྱུང་བ་ཞུས་པས་དཀོན་མཆོག་གིས་ད་ལྟ་ཆར་ཕོབ་གསུངས་མ་ཐག་ནས་ཆར་ཆེར་བབ་སྟེ་བདེན་པའི་ཚིག་གྲུབ་པར་སྐྱེ་བོ་ཀུན་ཡང་ཡིད་འཆེས། སྒར་འདེགས་དུས་ཆར་ཆེ་ཡང་དེ་རིང་བ་ཡུར་མ་སླེབས་བར་མི་འབབ་པར་བྱེད་གསུངས་པས་དེ་བཞིན་དུ་བྱུང༌། ཀར་དབོན་དབུས་སར་འགྲོ་དུས་སིདྷུ་པ་ལ་ཞལ་ཏ་ཅིག་ཞུ་ཞུས་པས་ཁོང་ལ་གོ་ཆོད་པར་གྱིས་སྨྲོས་ཞལ་ཏ་དེ་ཡིན་གསུངས། ཨ་འཚོ་གསོལ་ཇ་བས་སྔར་ཆིབས་ནོར་ལྷ་ཟེར་བ་ཞིག་ཕུལ་ཞུས་པས་ངེད་ཀྱིས་ཀྱང་རྟ་བྲ་བོ་ཞིག་བྱིན་གསུངས། ཤེས་རབ་བཟང་པོས་སྔར་འཆི་གུ་ཟེར་བ་ཞིག་ཡོད་པ་ད་ག་ན་ཡོད་ཞུས་པས་ཁྱོད་རང་ཡིན་མོད་གསུང༌། སྟག་ལོ་ཟླ་བ་དྲུག་པའི་ཚེ་བྱ་བྲལ་ཟུར་མང་བ་ཞྭ་ཁྲ་ཅན་ཨག་ཚོམས་དམར་པོ་ཡོད་པ་དེ་ཀརྨ་པ་མཁྱེན་ཟེར་ནས་འཆི་བ་དེ་སྨོན་ལམ་བྱེད་གསུངས་ཞིང་བསྔོ་བ་མཛད། ཕྱིས་ཟླ་བ་བཅུ་པ་ལ་དེའི་བསྔོ་རྟེན་འབུལ་མི་བྱུང་བ་ཇི་སྐད་གསུང་བའི་དུས་དེར་ལྷོ་ལམ་ཁྲ་སྒོའི་སར་ཤི་བར་འདུག །སྔར་བླ་མ་ཧོར་གྱི་རྣམ་ཤེས་གཟིགས་པ་དང་བློ་གྲོས་བཟང་པོའི་མ་བདེ་བ་ཅན་དུ་འཕངས་པ་སོགས་བར་དོའི་དོན་མཛད་པ་ནི་ཆེས་མང༌། ཀརྨ་ནས་འབུལ་བ་སླེབ་ཅིང་འདུག་ཕོར་པ་འདི་འདྲ་གཉིས་ཀྱང་འདུག་གསུངས་ནས་སྒམ་ཚང་གིང་མ་(པ༩༩བ)


PTT001_Page_1066
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ལ་ཕྱག་མཛུབ་བཙུགས་པ་དེ་བཞིན་བྱུང་བ་སོགས་ནི་དེང་སང་རྣམ་ཐར་ན་བྲིས་པ་ཁོ་ན་ཡང་མཐའ་ཡས། ཕྲག་ཡུལ་དུ་བཞུགས། རྗེ་རང་བྱུང་བས་བཏུལ་བའི་ཀླ་ཀློའི་རྒྱལ་བརྒྱུད་སོགས་ཀླ་ཀློ་མང་པོས་སྙན་པ་ཐོས་སྟེ་མཇལ་དུ་འོངས་རང་ཡུལ་གྱི་ཡོ་བྱད་མང་དུ་ཕུལ་ཀརྨ་པ་ཀརྨ་པ་ཟེར་ནས་དད་པ་དབང་མེད་དུ་སྐྱེས་ཤིང་ཇི་ལྟར་ནུས་པའི་དགེ་བ་ལ་བཀོད། གཏེར་བཏོན་རཏྣ་གླིང་པས་གཏེར་ནས་བཏོན་པའི་དམ་རྫས་དྲུང་ཉིད་ཀྱི་ལུང་བསྟན་དང་བཅས་པ་དེར་ཕུལ། ཧོར་སྟོན་ཀ་བཞི་པ་སེང་གེ་རྒྱལ་མཚན་དང་རབ་སྒང་གི་ཀ་བཞི་རྨ་སེ་སོགས་མཁས་པ་མི་དྲུག་གི་ལྷ་སྡེ་མི་སྡེ་ཐམས་ཅད་ཀྱི་སྤྱན་འདྲེན་པའི་ཇ་འདྲེན་གསེར་དངུལ་གྱི་མཎྜལ་རྒྱན་ཅན་དུ་མ་དང་བླ་རེ་སྣ་ཚོགས། ཇ་དཀར་སིག་ཆེན་བརྒྱ་ཕྲག་སོགས་ཕུལ་སྟེ་ཕེབས་པར་ཞལ་གྱིས་བཞེས་ཤིང་བསྔོ་བ་སྨོན་ལམ་མཛད། ཀོང་བཙུན་དེ་མོས་ཇ་འདྲེན་ཕུལ་ཞིང་སྤྱན་འདྲེན་པར་གཟིགས་སྟེ་ཆིབས་ཁ་བསྐྱོད། གུང་དཀར་དུ་ཡོན་བདག་པདྨ་རྒྱལ་མཚན་བྱ་བ་ནད་དྲག་པོས་ཐེབས་འཆི་བར་ཐག་བཅད་པ་ལ་བྱིན་རླབས་མཛད་པས་དེ་མ་ཐག་སོས། ཀོང་བཙུན་དེ་མོའི་ཐང་དུ་ཡོས་ལོའི་ལོ་སར་མཛད། རྟ་བར་རྒྱལ་འཛིན་དུ་ཡོན་བདག་གི་རྟ་བརྒྱ་འབུལ་སོགས་བཞེས་ཤིང་གྲོང་དང་ཞིང་ལ་ཆུས་འཇིག་པར་བརྩམས་འདུག་པ་གྲུ་ཁ་ཅུང་ཟད་འགྱུར་འོད་ཆུ་ཟློག་པས་ཆོག་གསུངས་སྟེ་ཕྱག་ནས་གནང་བས་རྟ་བར་གྱི་སྟོད་རྒྱང་རིང་པོ་ནས་ཆུ་ལྷོ་ཕྱོགས་སུ་འགྱུར། སྟག་ཁྲོམ་རི་ཁྲོད་དུ་བཞུགས་ཚེ་ཁོ་བོ་ལ་སྤྲུལ་པ་པུ་རངས་སུ་ཤཱཀྱ། ཤམྦྷ་ལར་རྒྱལ་པོ་ཁ་ཆེ་ཁྲི་བརྟན་དུ་ཉ་པ་སོགས་འགྲོ་དོན་བྱེད་པ་རྒྱ་བོད་ཀུན་ན་མང་དུ་ཡོད་གསུངས། ཟུར་མང་བ་བཀྲ་ཤིས་རྡོ་རྗེས་བཞུགས་སྟན་ཕུལ་ན་ཁོང་གི་མིང་རུས་གསུངས་ཡིད་ལ་བསམས་པ་ཐམས་ཅད་ལ་ལན་གནང༌། མ་འོངས་པ་དུ་མ་ལུང་དུ་བསྟན་པས་ངེས་ཤེས་ཐོབ། ཡོས་ལོ་ནག་པའི་བཅོ་ལྔ་ལ་དུས་འཁོར་གྱི་དབང་ཡོངས་རྫོགས་ཕུལ། ཉི་ཤུ་ལ་མཁའ་འགྲོ་རྒྱ་མཚོའི་དབང་ཕུལ་ཚེ་རྒྱ་ཤིང་གི་དབྱུག་པ་སྦོམ་རིང་(པ༡༠༠ན)


PTT001_Page_1067
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཕྱག་གིས་འཕངས་པ་དཀྱིལ་འཁོར་གྱི་སྟེང་དུ་འཕྲེད་ཉལ་དུ་ཕོག་ཀྱང་རྡུལ་ཚོན་ལ་ཅུང་ཟད་ཀྱང་མ་གནོད། སྤྱིར་མདའ་འཕེན་སྟངས་མཛད་ནས་ཐབས་ཤེས་ཀྱི་མདའ་གཞུ་ཡིན་ང་ནི་ས་ར་ཧ་པའོ་ཞེས་དང་གྲུབ་ཐོབ་བརྒྱད་བཅུ་ལས་འདི་དང་འདིའི་བཞུགས་སྟངས་སོ་གསུང་ཞིང་དེ་ཐམས་ཅད་དང་ཁོ་བོ་དབྱེར་མེད་གསུངས། རྟ་མགྲིན་ནག་པོ་བྱོན་གསུངས་ནས་རལ་གྲི་འབུལ་ཚུལ་མཛད་པ་དང་སྤྱིར་སྤྱན་རས་གཟིགས་ཞི་ཁྲོའི་རིགས་མང་པོ་ཡཀྵ་མེ་དབལ་གནོད་སྦྱིན་ལྕགས་རལ་ཅན་མོན་པ་བདུན་བེར་ནག་ཅན་སྤྲིན་ལས་དབུ་ཐོན་པ་རྟ་མགྲིན་ནག་པོས་སྡེ་བརྒྱད་ཞབས་ཀྱིས་མནན་པ་དང་པ་དང་རྟ་མགྲིན་འབྲུག་ལ་ཆིབས་པ་སློབ་དཔོན་པདྨ་གཙོ་འཁོར་ལྔ་སོགས་གཟིགས་པ་ནི་ཡི་གེར་འཁོད་པ་ཡང་བགྲང་གིས་མི་ལངས་ན་སྤྱིར་ཡེ་ཤེས་གཟིགས་པ་དག་པའི་མཉམ་བཞག་ཐུན་གཅིག་གི་དག་སྣང་ཡང་ཛམ་གླིང་གི་མི་རྣམས་ཀྱིས་ལོ་བརྒྱར་ཡང་བརྗོད་པར་ག་ལ་ནུས། དེས་ན་གནས་འདི་ནི་མཚན་མའི་སྤྱོད་ཡུལ་མ་ཡིན་ནོ། །ཐུགས་དམ་རྟེན་སྒམ་བཞི་དྲུང་དུ་གདན་དྲངས་པ་ཇོ་བོ་གཎྜོ་ལའི་སྒོ་ཕྱེ་གསུངས། གང་ལགས་ཞུས་པས་ཚམ་ཚོམ་མེད་པར་འདི་ཡིན་གསུངས་སྟེ་ཕྱེ་དེ་ནས་གྲུབ་ཆེན་པག་ཤི་བྱོན་པའི་སྤྱན་རས་གཟིགས་བཅུ་གཅིག་ཞལ་གཟིགས་སུ་ཕུལ་ནས་སུ་ལ་བྱོན་པ་ལགས་ཞུས་པས་ཀརྨ་པ་མིན་པ་འདི་ལྟ་སུ་ལ་འབྱོན་གསུངས། སྙན་ཕུ་པ་བླ་མ་སངས་རྒྱས་དཔལ་ལ་རྫོགས་ཆེན་གྱི་ངོ་སྤྲོད་མཛད་སྟེ་ཕྱག་གཡོན་པས་སེ་ཆལ་གྱི་ལུང་བསྣམས་གཡས་པས་དེའི་མཐའ་བསྐོར་སྟེ་འདི་འཁོར་བ་ཟོ་ཆུན་ལྟར་འཁོར་བའི་དཔེ་ཡིན། ཕན་ཚུན་འོད་འཐབ་པར་མཛད་ནས་ཉམས་ཀྱི་དཔེ་ཡིན། འོད་མེད་པར་མཛད་ནས་ཉམས་ཟད་པ་ཡིན་གསུང་སྟེ་ཤིན་དུ་སྤྲོས་མེད་ཀྱི་གནས་ལུགས་ཀྱི་སྟོང་དུ་ཆོས་ཉིད་ཟད་པའི་སྣང་བ་ངོ་སྤྲད་པས་ངེས་ཤེས་ཁྱད་པར་ཅན་སྐྱེས། གཡང་ཁ་སྟེང་དུ་ཉི་ཞུར་ཕྲ་མོའི་སྟེང་དུ་ཡི་དམ་དཔག་མེད་གཟིགས། མདོར་ན་ཀོང་ལུང་རལ་གསུམ་ཀློ་(པ༡༠༠བ)


PTT001_Page_1068
[མ་དཔེ་གཟིགས་ན་འདིར་གནོན།]

མོན་དང་བཅས་པ་འཐབ་རྩོད་དང་སྡིག་ཟས་ཀྱིས་འཚོ་བ་རྣམས་ལ་གང་འདུལ་གྱི་ཆོས་བསྟན། མཐོང་ཐོས་དྲན་རེག་གི་འགྲོ་དོན་མཛད། མ་ཎི་དུང་ཕྱུར། གཟུངས་སྔགས་འདོན་པ། རི་རྒྱ་ཀླུང་རྒྱ་ལམ་རྒྱ། ཚེ་ཐར་སྲོག་སྡོམ་སོགས་ལ་བཀོད། ཤ་བཙོན་སྡུག་བསྔལ་གྱིས་ཉེན་པ་རྣམས་བཏོན། འཁྲུག་རྩོད་རྣམས་བསྡུམས་སྟེ་གནས་སྐབས་དང་མཐར་ཐུགས་གཉི་གར་དུ་བདེ་བར་མཛད། མང་ཞིག་སྨིན་གྲོལ་ལ་བཀོད་ཏོ། །དེ་ནས་འབྲུག་ལོའི་ལོ་སར་གཡང་ཁ་སྟེང་དུ་མཛད་ནས་མདོ་ཁམས་ཀྱི་གདུལ་བྱ་རྣམས་ཀྱི་སྤྱན་འདྲེན་སྔ་ཕྱིར་མང་བའི་དབང་གིས་ཕྱག་བཏེག་པོ་བོར་ཐོར་ཡམས་ཆེན་པོ་འདུག་ནའང་སྐྱོན་མི་ཡོངས་བར་ཞལ་གྱིས་བཞེས་པ་ལྟར་ཡུལ་གྱི་ཡམས་ནད་ཆད། སྒར་པ་ལ་ཉེས་སྐྱོན་ཅི་ཡང་མེད། གྲུབ་ཐོབ་འགར་དམ་པའི་གདན་ས་ཕུ་ལུང་དགོན་པ་བ་སོགས་ལྷ་སྡེ་མི་སྡེ་ཐམས་ཅད་ཀྱིས་མཆོད། དེ་དག་གི་ཚེ་ཁ་བ་ཉིན་མཚན་བར་མེད་དུ་བབ་པས་ཁྱུང་ཐོའི་ལ་ཆོད་པར་དོགས་ནས་ཞུས་པས་ལ་ལ་བབ་པ་མེད་ལམ་མི་ཆོད་པའི་ཁག་ངེད་རང་གིས་བྱེད་གསུངས་ནས་གཏོར་མ་བཀའ་བསྒོ་གནང༌། པོ་བོའི་ཡུལ་མི་རྣམས་ཀྱིས་ལ་ལ་མི་ཐོན་པར་ཐག་བཅད། ཁྲང་པ་ཕྱོགས་སུ་སྤྱན་འདྲེན་སོགས་ཞབས་ཏོག་གི་འཁོས་ཆེར་བྱས་ཀྱང་མ་གསན་སྟེ་ཐེ་ཚོམ་མེད་པར་བྱོན། ཟླ་བ་གཉིས་པའི་ཚེས་གསུམ་ནས་བཟུང་ལ་མ་རྒལ་གྱི་བར་དབྱར་ཉི་ལྟར་དྲོ་བས་ཁ་བ་ཐམས་ཅད་ཞུ། དེའི་ཉེར་དྲུག་གི་དགོང་ས་ཁྱུང་ཐོ་ལ་ཐོག་དུ་བཞུགས་པའི་ཚེ་ན་མཁའ་གཡའ་དག་ཅིང་ཤིན་དུ་དྲོ། ཁྱུང་ཐོ་དགེ་བསྙེན་གོས་ཆེན་སྣ་ཚོགས་ཀྱི་གོས་གྱོན། ན་བུན་གྱི་གུར་ནང་ནས་རྔ་བརྡུང་ཞིང་བསུ་བར་བྱུང་གསུངས། ཉེར་བདུན་ལ་ལ་བརྒལ། ལམ་ཆེས་བདེ་བས་ཐམས་ཅད་ངོ་མཚར་དུ་བྱེད། ཉེར་བརྒྱད་ནས་ཁ་བས་ལམ་ཆོད་སྟེ་ཕར་འགྲོ་རྣམས་ལ་ལ་མ་ཐོན་པར་ལོག་སྐད། ཧོར་ཟླ་གསུམ་པའི་ཚེས་ལྔ་ལ་རྫོང་སར་དུ་ཕེབས། ལྷོ་རོང་གོའི་ཤྲི་(པ༡༠༡ན)


PTT001_Page_1069
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དགའ་རྒྱལ་མཚན་འབུལ་ཞབས་རྒྱ་མཚོ་ལྟ་བུས་མཆོད། དེ་སྐབས་ཐན་པ་བྱུང་བ་ལ་ཆར་པ་འབེབས་པར་ཞུས་པས་ལ་ལས་ཕོབ་ཟེར་ལ་ལས་ཆོད་ཟེར། མདང་ཞག་གཞི་བདག་ལ་ཆར་མ་གཏང་བྱས་ཡོད་པས་འབབ་པ་མེད། ཐན་པའི་སྐྱོན་ཡང་མི་ཡོང་གསུངས་སྟེ་དེ་ལྟར་བྱུང༌། དེར་རྟོགས་ལྡན་བསམ་གཏན་པ་ཆེས་བསྙུང་བ་འགྲོངས་པར་ཐག་བཅད་སྟེ་སྨོན་ལམ་ཞུས་པས་བསྔོ་བ་མི་དགོས་མི་འཆི་གསུངས་སྟེ་ཕྱག་མདུང་གནང་བ་ནའང་ཐམས་ཅད་ཐེ་ཚོམ་མོད་ཀྱི་མྱུར་དུ་དྭངས། སྔོན་དྲུང་གོང་མ་རྫོང་སར་དུ་ཕེབས་ཚེ་རུ་ཤོད་བླ་མ་བློ་གྲོས་བཟང་པོས་རུ་ཤོད་དུ་ཕེབས་པར་ཞུས་པས་རྟེན་འགའ་ཞིག་ཡང་གནང༌། ཁྱོད་རང་དགོན་པ་དེར་ལྷ་ཁང་ཞིག་གྱིས་དང་རབ་གནས་ལ་སླེབ་པ་བྱེད་གསུངས་པ་ལྟར་ལྷ་ཁང་དེ་ཚར་བ་དང་དུས་མཚུངས་སྟེ་སྤྱན་འདྲེན་དུ་བྱུང་བ་ན་ལམ་ངན་པས་ཕེབས་ཐབས་མེད་པར་ཐམས་ཅད་ཁ་མཐུན་ཡང་དྲུང་གིས་སྔོན་ཁས་བླངས་ཡོད་པས་འགྲོ་གསུངས་སྟེ་ཕྱག་ནས་མཛད་པས་ལྷག་པར་དད། སྦྲུལ་ལོའི་ལོ་སར་ཛོང་སར་དུ་མཛད་ཚེ་བཀའ་རྒྱུད་ཀྱི་བླ་མ་ཀུན་དང་སྤྲིན་གསེབ་ཏུ་སྐུ་སྟོད་ཐོན་པའི་རྟ་མགྲིན་ནག་པོ་ཡེ་ཤེས་ཀྱི་ཁྱུང་ཁ་མདོག་སྣ་ཚོགས་སོགས་གཟིགས། ལྷོའི་དབང་ལྷ་འོད་ཕྲོམ་སྤྲུལ་གྱིས་བརྒྱན་པའི་མགོ་ཐོག་དུ་དྲུང་ན་རིན་མགོའི་གཡས་གཡོན་དུ་པདྨ་དང་རྟ་མགྲིན་མཇུག་མའི་གཡོན་དུ་ཉི་ཟླ་གཡོན་ཟུར་དུ་ཁྱུངས་ཐོ་དགེ་བསྙེན་གནས་པ་རྣམས་ཀྱིས་འཕྲིན་ལས་སྒྲུབ་པར་གཟིགས། རྟ་མགྲིན་དང་ཡཀྵ་མེ་དབལ་སོགས་ཀྱིས་གནོད་བྱེད་རྣམས་བསད་ཅིང་གཏུབ་པར་གཟིགས། སྐབས་ཅིག་རང་བྱུང་པདྨ་ཆུ་ཟླ་བཞིན། །གངས་དཀར་རྩེ་ལ་འགྲན་ཟླ་མེད། །རྣམ་སྣང་དྲི་མེད་ཀུན་དང་བྲལ། །ཆོས་རྣམས་འཇིག་རྟེན་དྲེགས་བྱེད་སྟེ། །རང་བྱུང་དོན་དང་ལྡན་པར་ཤོག །ཞེས་ཐོལ་གྱིས་གསུང་བ་ན་ཅི་ལགས་ཞུས་པས། དང་པོ་གཉིས་ང་ཐམས་ཅད་ཀྱི་གཙོ་བོ་དང་མི་ལ་རས་པ་ཡིན། (པ༡༠༡བ)


PTT001_Page_1070
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གྱི་ཆོས་རྣམས་དྲེགས་པའི་རྒྱུ་ཡིན་སྙིང་པོ་མེད་པས་སྒོམས་བྱ་བ་ཡིན། ཐ་མ་སྨོན་ལམ་ཡིན་གསུངས། དེར་མི་ལའི་གཡས་གཡོན་དུ་མཚོ་སྐྱེས་རྡོ་རྗེ་ལྗང་གུ་དང་དཀར་པོ་གཉིས་གཡོན་ཀ་པཱ་ལ་དང་གཡས་རྡོ་རྗེ་དང་བཅས་པའི་ཐལ་མོ་བརྐྱང་ནས་སྙན་པའི་བསྟོད་དབྱངས་སྒྲོག་པ་དང༌། དགྱེས་རྡོར་དང་ཌོམྦྷི་ཧེ་རུ་ཀ་སོགས་གཟིགས། སྒྲོལ་མ་གཟིགས་པ་ཅིག་ལ། ཁྱོད་ནི་བདུད་རྩི་དམ་པ་སྟེ། །དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཕྱི་ནང་གཞན་གསུམ་འཕགས་མ་ཁྱོད་ཡིན་སྟེ། །གཞན་གྱི་དོན་ལ་སྒྲོལ་མ་ཁྱོད་ཡིན་ནོ། །ནང་གི་དོན་ལ་སྒྲོལ་མ་ཁྱོད་བཞིན་ཤོག །ཅེས་བསྟོད། མི་ལའི་དབུ་ཐོག་དུ་གདུགས་རང་འཁོར་ཞིང་རྡོ་རྗེའི་གུར་ཉི་ཟླས་བརྒྱན་པ་ལཉྩའི་ཡིག་དྲུག་གིས་གཏམས་པ་གཟིགས་སྟེ། བྱར་མེད་ཆོས་སྐུ་ལ་ཕྱག་འཚལ་ལོ། །འགྲོ་ལ་སྐུ་དྲིན་རྡོ་རྗེ་འཆང༌། །མི་ལ་རྡོ་རྗེ་སེམས་དཔའི་རང་བཞིན་སྟེ། །འགྲོ་བའི་མགོན་པོ་ཁྱོད་ལ་ཕྱག་འཚལ་ལོ། །ཅེས་གསུངས། བཀའ་བཞི་པ་རིན་ཆེན་བཟང་པོ་ལ་རས་པ་བཅུས་བསྐོར་བ་གཟིགས། བཀྲ་ཤིས་ཚེ་རིང་མས་བུམ་པ་དང་ཐོད་པ་བདུད་རྩིས་གང་བ་དྲངས། གསེར་ཡིག་ན་མཁའ་གང་བའི་དབུས་སུ་མི་ལ་བཞུགས་པ་སོགས་གཞན་གཟིགས་སྣང་མཐའ་ཡས། དེ་ལྟར་ནང་སོ་གོའི་ཤྲི་ཀུན་དགའ་རྒྱལ་མཚན་པས་ལོ་ཟླ་དུ་མར་མཆོད་སྤྲིན་མཐའ་ཡས་མངའ་ཞབས་ཀྱི་ལྷ་སྡེ་མི་སྡེ་ཐམས་ཅད་ཕན་བདེ་ལ་བཀོད། དེར་བཞུགས་རིང་ཐུགས་དམ་ཆེས་སྨར་གསུང་ཞིང་གཟིགས་སྣང་ཡང་སྔོན་པས་མང༌། སྤྱིར་ལྷོ་རོང་པ་ཞལ་ངོ་སྲབ་པའི་ཚེ་ནང་སོ་ཉིད་འཁོར་བ་ལ་སྙིང་པོ་མེད་པར་དགོངས་ནས་ཆོས་ལ་ཐུགས་གཞོལ། རྒྱལ་སྲིད་ཐམས་ཅད་དྲུང་མཐོང་བ་དོན་ལྡན་པ་ལ་ཕུལ། ཕྱག་ཕྱིར་བྱ་བྲལ་གྱི་སྒོམ་ཆེན་མཛད་པར་དགོངས་པ་ན་སླར་བཀས་གནང་ཕྱག་མཛོད་ཀྱང་བཞག་སྟེ་གོའི་ཤྲི་གནང་ནས་རྒྱལ་པོ་བྱང་ཆུབ་སེམས་དཔའི་སྤྱོད་པ་གྱིས་ཅིག་གཞན་དོན་(པ༡༠༢ན)


PTT001_Page_1071
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འགྱུར་གསུངས་སྟེ་ཁོང་གིས་ཀྱང་བཀའ་བཞིན་བསྒྲུབས། འདི་ཕྲིན་ཡང་ལྷོ་རོང་པས་ཀར་བསྟན་ལ་བྱ་བ་མཛད་པ་མང་བས་འདི་དག་ལ་དགོངས་ནས་བཀའ་བསྐོས་པར་སྣང་ངོ༌། །ཟླ་བ་དྲུག་པ་ནས་གདན་བཏེག་ཏར་ཏིག་སྟག་གཡག་ལ་ཁ་རྫ་སྟོད་དཔལ་འབར་དགོན་སོགས་སུ་བྱོན། གསེར་གྱི་པདྨ་ལ་ཕག་མོ་ལྷ་ལྔ་བཞུགས་པ་དང་ཁྲག་མཚོའི་པདྨ་དམར་པོ་ལ་ལྷ་མོ་རང་བྱུང་མ་གཙོ་འཁོར་དམར་མོ་ཁོ་ན་ཅན་ཡང་གཟིགས། རྒྱལ་བ་གཡུང་དང་ཚེ་བདག་གཟིགས་པ་ན། སངས་རྒྱས་ཀུན་དངོས་བླ་མ་མཆོག །རང་བྱུང་དོན་རྟོགས་གྲུབ་པ་བརྙེས། །བདེ་ཆེན་དོན་རྟོགས་རྡོ་རྗེ་དཔལ། །སྒྲུབ་པ་མཐར་ཕྱིན་བཀྲ་ཤིས་ཤོག །ཞེས་བསྟོད། དགུ་གཏོར་གྱི་སྐབས་ཅིག་མགོན་པོ་གཟིགས་པ་ན། རྒྱལ་བའི་བཀའ་སྲུང་མགོན་པོ་ཡང་དག་མཆོག །བརྒྱུད་པའི་བཀའ་ཉན་འཕྲིན་ལས་ཚུལ་བཞིན་སྒྲུབ། །བདག་གི་བཀའ་སྲུང་ཡོན་ཏན་འཕྲིན་ལས་མཛད། །འགྲོ་དོན་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད། །ཅེས་བསྟོད་བསྐུལ་གསུངས། པད་སྡོང་དམར་པོ་འདབ་མ་སྔོན་པོ་ཅན་ལ་ཟླ་བའི་དཀྱིལ་འཁོར་གཉིས་བསྒྲིགས། སྒྲོལ་མ་དཀར་ལྗང་སོ་སོར་བཞུགས། གཡས་གཡོན་དུ་དུང་དཀར་གཡས་འཁྱིལ་སྣང་བ་གཟིགས་ཚེ། སྒྲོལ་མ་དབྱིངས་ཉིད་བདེ་ཆེན་རོལ་པའི་མཆོག །འགྲོ་ལ་ཐུགས་བརྩེ་སྐལ་ལྡན་རྗེས་འཛིན་མ། །སྤྲུལ་པ་གྲངས་མེད་བདེ་ཆེན་དབྱིངས་ལ་སྤྱོད། །བདག་དང་འགྲོ་ཀུན་བདེ་ཆེན་དབྱིངས་ཉིད་ཤོག །སྒྲོལ་སྔོན་བདེ་ཆེན་རོལ་པའི་མཆོག །སྲིད་པར་རྒྱལ་བའི་ཡུམ་དག་ཅིང༌། །བདེ་ཆེན་རོལ་པས་འགྲོ་བ་ཁྱབ། །འགྲོ་རྣམས་སྐུ་ལྔ་ཡོངས་རྫོགས་ཤོག །ཞེས་གསུང༌། དཔལ་འབར་དགོན་སྡེ་དགོན་མ་ལག་དང་བཅས་པ་ཕུལ་སྟེ་དེར་གཙུག་ལག་ཁང་གི་ལོགས་བྲིས་ལ་བཀའ་རྒྱུད་ཀྱི་བླ་མ་རྣམས་འབྲི་བ་ན་སོ་སོའི་ཞལ་དབྱིབས་འདི་ལྟར་(པ༡༠༢བ)


PTT001_Page_1072
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཀྱི་འདྲ་འབག་ཞལ་བཀོད་ཞིབ་པར་མཛད། དེ་ལྟར་ལྷོ་སྟོད་ཀྱི་འགྲོ་བ་སྨིན་པར་མཛད་ནས་རྔོད་དུ་ཕེབས། ཨ་རིགས་ཐང་སོགས་སུ་གཟིགས་སྣང་ནི་མཐའ་ཡས། ཚ་རག་ཐང་དུ་ཀརྨ་དང་ལྷ་སྟེང་པའི་ཇ་འདྲེན་པས་མཇལ་མ་ཐག་ཨ་ཁྲོ་བཀྲ་ཤིས་དབང་ཕྱུག་གི་སྒོམ་ཐག་གཟིགས་ནས་འདི་ངེད་ཀྱིས་བྱིན་པ་དེ་ཡིན་པར་འདུག་གསུངས། ཏང་ལར་ས་ར་ཧ་གཟིག་ལྤགས་ལ་བཞུགས་པ་ཅིག་གཟིགས་སྟེ། ཡེ་ཤེས་ལྷུན་གྲུབ་བདེ་ཆེན་རོལ་པའི་དབྱིངས། །རྣམ་པར་སྣང་མཛད་ཡེ་ཤེས་སྒྱུ་མའི་རྩལ། །རྒྱལ་བའི་སྲས་ཟུང་ཐུབ་ཆེན་གསང་བ་འཛིན། །འགྲུབ་པ་བརྙེས་པས་འཁྲུལ་པའི་སྣང་བ་དག །སར་ཧ་ཡི་བཀྲ་ཤིས་ཤོག །ཞེས་གསུངས། བརྒྱད་གཤོང་འཁོར་ཆེན་དུ་གོའི་ཤྲི་རིན་པོ་ཆེ་ལ་གཟིགས་ནས། སྡུག་བསྔལ་ཆོས་ཀྱི་དབྱིངས་སུ་དག །སྟོང་ཉིད་ཡི་ཤེས་དབྱེར་མེད་ལ། །མ་འགགས་སྣ་ཚོགས་རོལ་པའི་རྩལ། །རང་བྱུང་ང་ཡི་རྣམ་ཐར་ཡིན། །ཞེས་དོན་གྱི་རྣམ་པར་ཐར་པ་གསུངས། རེ་རྒྱབ་སྒང་དུ་གསོལ་དཔོན་ཚེའི་དུས་བྱེད་པ་ན། སྙིང་རེ་རྗེ། སྣང་སྲིད་ཐམས་ཅད་བདེ་བའི་རང་བཞིན་སྟེ། །བདེ་སྡུག་ཐམས་ཅད་སེམས་ཀྱི་རོལ་པ་ཡིན། །དེ་ལ་སྐྱེ་འགག་བྱ་བ་ག་ལ་ཡོད། །མ་བཅོས་ངང་དུ་རང་སར་གནས་པར་གྱིས། །ཅེས་ངོ་སྤྲད། འདིར་ཡང་རཏྣ་གླིང་པས་མཇལ་སྟེ་རྟ་མགྲིན་ནག་པོའི་ཤོག་སེར་ནས་བྱུང་བའི་ལུང་བསྟན་ཕུལ། དེར་རྗེ་དུས་མཁྱེན་གྱི་སྐུ་འཁྲིས་སུ་རྗེ་ཉིད་བཞུགས་པའི་དྲུང་ན་ལྷོའི་དབང་ལྷ་འོད་ཕྲོམ་སྲིན་པོའི་གཟུགས་སུ་བྱས་ནས་གཏོར་མ་སློང་བར་གཟིགས་སྟེ་གནང༌། ཁྲ་ཚང་གོང་དུ་རྟ་མགྲིན་གྱིས། །བདག་གིས་ནད་ཡམས་བར་ཆད་ཟློག །ཞེས་རྔམ་རྔམ་གཙིགས་གཙིགས་མཛད་པ་ན་དུས་མཁྱེན་དང་རྡོ་རྗེ་འཆང་ཤིན་དུ་མཉེས་པར་འདུག་གསུངས། ཡེལ་ལུང་དུ་འབྱུང་བོ་སྦལ་སྦྲུལ་སྣ་རིང་ཅན་དུམ་ཆོ་འཕྲུལ་སྟོན་པ་ན་སྐད་ཅིག་ལ་རྗེ་མི་ལ་བྱོན་ཞིང་དཔལ་(པ༡༠༣ན)


PTT001_Page_1073
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན་ཐོག་ལྟར་བབས་པས་དེ་དག་སྒྲོལ་བར་གཟིགས། གཡག་པ་ལྷ་རྗེས་མཇལ་མ་ཐག་སྔོན་སྨན་དཔྱད་ཕུལ་ཚུལ་སོགས་གསུངས་པས་མི་ཕྱེད་པའི་ངེས་ཤེས་སྐྱེས། སྦྲུལ་ལོ་ཟླ་བ་དགུ་པའི་ཉེར་ལྔའི་དུས་མཆོད་ཀྱི་ཚེ་བཀའ་རྒྱུད་ཀྱི་བླ་མ་ཐམས་ཅད་བྱོན་ནས་སྣང་སྲིད་བྱིན་གིས་རློབ་པར་གཟིགས་སྟེ་ཐམས་ཅད་གསོལ་བ་ཐོབ་གསུང་ཞིང་གསོལ་འདེབས་མཛད་པས་བྱིན་རླབས་ཀྱི་ཚན་ཁ་ཆེར་བྱུང༌། མགོན་པོ་ལ། འགྲོ་བའི་མགོན་པོ་རབ་གཏུམ་པ། །ཐུགས་དང་ཤེར་རབ་ཕ་རོལ་ཕྱིན། །དགྲ་བགེགས་ཐམས་ཅད་རབ་ཏུ་གསོལ། །འཕྲིན་ལས་བཀའ་ཡི་ལས་མཛོད་ཅིག །ཅེས་དང༌། ལྷ་མོ་ལ། ཡེ་ཤེས་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །འགྲོ་མགོན་སྐྱོབ་པ་རྣམས་ཀྱི་བཀའ་བཞིན་དུ། །ཕྲིན་ལས་ཚུལ་བཞིན་བསྒྲུབ་པའི་བཀའ་ཉན་མ། །རྫུ་འཕྲུལ་སྟོབས་དང་ལྡན་ཁྱོད་མ་ཐོགས་པར། །ཕྲིན་ལས་སྣ་ཚོགས་སྒྲུབ་པའི་ལས་མཛོད་ཅིག །ཅེས་བསྐུལ། སོག་གི་ཀ་ཆེན་དུ་བཀའ་རྒྱུད་ཀྱི་བླ་མ་ཐམས་ཅད་བྱོན་པ་ན། ཡེ་ཤེས་དབྱིངས་ཀྱི་དཀྱིལ་འཁོར་དུ། །ངོ་བོ་ཉིད་ཀྱིས་ཐམས་ཅད་མཁྱེན། །རྡོ་རྗེ་འཆང་ཆེན་རིན་པོ་ཆེ། །སྐྱེ་རྒ་ན་འཆི་ཟློག་དུ་གསོལ། །འགྲོ་དོན་ལྷུན་གྲུབ་ཕོ་བྲང་དུ། །ཡེ་ཤེས་སྐུ་ནི་ཐམས་ཅད་མཁྱེན། །ཏེ་ལོ་ཏིང་འཛིན་ཕ་རོལ་ཕྱིན། །བཀའ་རྒྱུད་བླ་མའི་བཀྲ་ཤིས་ཤོག །ཞེས་གསུང༌། དེར་རྒྱུད་འབུམ་གྱི་ལུང་ཕུལ་ཚེ། བདག་ནི་སྐྱེ་བ་སྤྲུལ་པས་འགྲོ་དོན་བྱེད། །ཐར་ལམ་བརྙེས་པས་འགྲོ་དོན་ལྷུན་གྱིས་གྲུབ། །ཆོས་ཉིད་སྤྲོས་བྲལ་སེམས་ཅན་དོན་ལ་བརྩོན། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཞེས་གསུང༌། དེར་རྟ་ལོའི་ལོ་སར་མཛད་ནས་ནགས་ཤོད་དུ་བྱོན། ནགས་ཤོད་གླང་ཐང་བཀྲ་ཤིས་སྟེང་སིང་ཐང་གོ་རྫོང་སོགས་སུ་འཕྲིན་ལས་ཆེ། ཞལ་གཟིགས་མང་ཞིང་བསྟོད་པ་དུ་མ་དང་རྟ་མགྲིན་དཔའ་བོ་ལྷ་བཞིའི་མངོན་རྟོགས་མཛད། བཀྲ་ཤིས་(པ༡༠༣བ)


PTT001_Page_1074
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་བླ་མ་རིན་པོ་ཆེ་བན་སྒར་བས་ཐོག་མར་མཇལ། ཚེ་དཔག་མེད་ཀྱི་སྐུ་དང་སློབ་དཔོན་པདྨའི་སྐུ་བྱིན་རླབས་ཅན་ཕྱག་ན་བཞུགས་པའི་གང་འབུལ་དགོངས་ནས་ཚེ་དཔག་མེད་ཀྱི་སྐུ་ཕུལ་བས་སློབ་དཔོན་པདྨའི་སྐུ་དེ་ཡང་ཕུལ་གསུང་བས་ཐུགས་མི་ཕྱེད་པའི་གུས་པ་དང་པོ་ཐོབ། སོག་དུ་ཟམ་ཆེན་དང་ལྕགས་ཟམ་གྱི་ཞལ་བཀོད་མཛད། ཙནྡན་དགོན་གྱི་དགེ་འདུན་གྱི་བཅའ་བ་སོགས་བསྟན་པའི་ཞལ་བཀོད་གནང༌། རྟ་ལོ་ཟླ་བ་ལྔ་བའི་ཡར་ཚེས་ནས་ཀརྨ་ཕྱོགས་སུ་ཆིབས་ཁ་བསྒྱུར། སྟག་ལ་རོང་ཆེན་གྱི་འབྲུག་མདོའི་ཆོས་ཁྲི་ཐང་དུ་བླ་ཆེན་ཟླ་བ་རྡོ་རྗེ་དང་ཞིང་གི་མི་ཆེན་ཟོའུ་ཡི་གྲགས་པ་རྒྱལ་མཚན་ཁུ་དབོན་གྱིས་གཙོས་པའི་མི་ཉག་རབ་སྒང་གི་ལྷ་སྡེ་མི་སྡེ་ཐམས་ཅད་ཀྱི་ཞུ་ཡིག་ཇ་འདྲེན་ཇ་གོས་དར་སོགས་འབུལ་ནོད་མཐའ་ཡས་པ་དགེ་བཤེས་ཆོས་གྲགས་ཀྱིས་ཕུལ་སྟེ་དེར་ཕེབས་པར་གསོལ་བ་བཏབ། འབྲུག་ལྕང་སུམ་མདོར་རྣམ་སྲས་ཡབ་ཡུམ་སྦགས་སྒྲུབ་གཟིགས། སྤྱི་སྟོད་བཞི་མདོར་དྲུང་སི་དྷུ་པ་དཔོན་སློབ་བརྒྱ་ལྷག་ཇ་འདྲེན་ལ་ཕེབས་དུས་བསྟན་པའི་བདག་པོ་གཟིགས། པར་སྟོད་གྲི་གུ་སྟག་སྣར་སྒོམ་སྡེ་ནང་ཡ་གཉིས་ཀྱིས་ཁྲི་རྭ་ཅན་གྱི་འབུལ་བ་བྱས། ཁྲོམ་ཁྲི་ཕྲག་ཚོགས་པ་རྣམས་ཕན་བདེ་ལ་བཀོད། ནང་ཆེན་ཚང་སར་གཉིས་རྩོད་ཡུན་རིངས་པས་ཐམས་ཅད་སྡུག་བསྔལ་བ་ལ་བཀའི་བདུད་རྩི་བསྩལ་བས་གཉི་གའི་ཞལ་ངོ་གདན་ས་པ་ཕྱག་ཕྱིར་འབྲེངས། རྩོད་པ་རང་སར་ཞི་སྒོམ་སྡེ་དཔུན་གཉིས་ཅེས་སྒར་དུ་གྲགས་ཤིང་ཐུགས་མཛའ་བར་གྱུར། མདོ་ཁམས་ཟལ་མོ་སྒང་དུ་བསྟན་པའི་གཙོ་བོར་བཀའ་རྒྱུད་བླ་མས་བསྐོར་བ་རིང་དུ་གཟིགས། ཆས་ལ་ཁ་ལ་སོགས་པར་བྱོན། འཁྲུག་རྩོད་ཆེན་པོ་རྣམས་ཞལ་ཏ་གནང་སྦྱིན་གྱི་སྒོ་ནས་བསྡུམས། ཀརྨར་ཕེབས་ཀར་ཀརྨའི་བཞི་བདག་རྒྱལ་པོ་ཆེན་པོ་དཔལ་ལྡན་ཤེས་རབ་ལ། ཀརྨ་དཔལ་ཤེ་ཁྱོད་ཀྱི་སང་ཉིན་སྒར་པ་ཀརྨར་འགྲོ་བ་ལ་བར་ཆད་མ་གཏོང་གསུངས་སྟེ་བཀའ་བསྒོས། རྟ་ལོ་(པ༡༠༤ན)


PTT001_Page_1075
[མ་དཔེ་གཟིགས་ན་འདིར་གནོན།]

ཧོར་ཟླ་དགུ་པའི་ཚེས་བརྒྱད་ལ་ཀརྨར་ཕེབས། ཟླ་བ་དེའི་ཚེས་བཅུ་བཞི་བྱང་ཆུབ་སྒྲུབ་སྐར་དང་བན་ཆོས་པའི་བླ་སྐར་དུ་གྲགས་པ་ནམ་གྲུ་དང་པ་སངས་ཀྱི་གྲུབ་སྦྱོར་གྱི་ཉིན་ཇོ་བོ་ག་ཎྜཱོ་ལའི་དྲུང་དུ་དབུ་ལོ་དང་གཙུག་ཕུད་ཕུལ་ཞིང་གོའི་ཤྲི་རིན་པོ་ཆེས་དགེ་བསྙེན་ཡོངས་རྫོགས་དང་བྱང་ཆུབ་ཀྱི་མཆོག་དུ་སེམས་བསྐྱེད་འབུལ་བའི་ཚེ་འཇའ་འོད་དང་མེ་ཏོག་གི་ཆར་ཆེར་བྱུང༌། བསྟན་གཙོ་ཞལ་གཟིགས་སྟེ། ཀུན་མཁྱེན་ལྡེམ་བག་ཐོབ་པ་ཡི། །བསྟན་པའི་བདག་པོ་བཅོམ་ལྡན་འདས། །ཤེས་རབ་འཕགས་པས་ཡིད་བཞིན་ལྡན། །ཐོས་བསམ་སྒོམ་ལ་རབ་བརྩོན་པས། །ཡིད་བཞིན་ནོར་བུ་རྙེད་པ་བཞིན། །ཀུན་ལས་རྒྱལ་བའི་མཆོག་ཡིན་སྟེ། །ཐམས་ཅད་འདུས་པའི་སྐུར་གྱུར་པའི། །ཡེ་ཤེས་དབྱིངས་ཀྱིས་མ་ལུས་ཀུན། །ཐོས་བསམ་ཡིད་བཞིན་དོན་དུ་འགྲུབ། །ཅེས་གསུངས། དེའི་ཉིན་མཁས་པའི་དབང་པོ་འཇམ་དཔལ་བཟང་པོ་ལ་ཆོས་འབྲེལ་གྱི་ཐོག་མར་ཚེ་དཔག་མེད་འཆི་མེད་རྔ་སྒྲའི་དབང་གསན་པས་ཞལ་གཟིགས་སྟེ། ཡེ་ཤེས་འགྲོ་བའི་དོན་སྐྱོབ་པ། །འགྲོ་བའི་མགོན་པོར་རྣམ་སྤྲུལ་པའི། །དབང་པོ་རྣམ་པར་རྒྱལ་བའི་འོད། །རྣམ་པར་རྒྱལ་བ་འོད་དཔག་མེད། །རིག་འཛིན་ཚེ་ཡི་དངོས་སྒྲུབ་རྩོལ། །ཤེས་རབ་གོ་འཕང་ཐོབ་པར་ཤོག །ཞེས་གསུངས། གཅོད་སྐོར་རྣམས་ཕུལ་བའི་ཚེ་ལྷོངས་ཚད་ཚར་ཚད་དུ་མ་དང་ཉིད་ཀེང་རུས་སུ་སྣང་བ་དང་སློབ་དཔོན་པདྨས་གཅོད་ཀྱི་མན་ངག་མང་དུ་གསུངས་ནས་དེ་རྣམས་གཏེར་གནས་འདི་འདྲར་ཡོད་གསུང་བ་བྱུང༌། བདེ་བ་ཅན་དང་འོག་མིན་སོགས་གཟིགས་སྟེ། བདེ་བ་ཆེན་པོའི་གནས་མཆོག་དང༌། །འོག་མིན་ཟླ་བ་ལྟ་བུར་གསལ། །ཨུཏྤལ་རབ་དཀར་དྲི་མ་མེད། །རབ་མཛེས་ཉི་ཟླའི་གདན་སྟེང་ན། །པདྨ་ལ་གནས་རྡོ་རྗེ་འཆང༌། །དཔལ་ཆེན་སྟེ་ལོ་ན་རོ་མཐོང༌། །ཞེས་གསུངས། ཡང་སློབ་དཔོན་པདྨས་གཅོད་དང་དཔལ་ཆེན་པོའི་དབང་བསྐུར་བ་གཟིགས་ནས། ཀུན་(པ༡༠༤བ)


PTT001_Page_1076
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་ཐུགས་ལས་རྡོལ་བ་ཡི། །སློབ་དཔོན་པདྨ་ཞེས་བྱར་གྲགས། །ཡེ་ཤེས་ཀུནྡྷའི་སྙིང་པོ་ཅན། །འགྲོ་བའི་མགོན་པོ་དེ་ལ་འདུད། །རབ་དཀར་པདྨའི་ཟེའུ་འབྲུ་དང༌། །གཙུག་གི་ནོར་བུ་བཞིན་དུ་མཛེས། །ཛམྦུའི་ཆུ་བོ་ལྟར་གསལ་བའི། །བླ་མ་ཡི་དམ་མཁའ་འགྲོ་བསྟོད། །ཅེས་དང༌། ཡང༌། ན་མོ་གུ་རུ་བྷྱཿ། ལོངས་སྐུ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །འགྲོ་བ་མར་གྱུར་སྡུག་བསྔལ་ཐར་འདོད་ནས། །སྙིང་རྗེ་ཆེན་པོ་རབ་ཏུ་སྐྱེས་གྱུར་པའི། །མྱུར་དུ་སངས་རྒྱས་འཐོབ་པའི་འཐབ་སླད་དུ། །བདག་གིས་འགྲོ་བ་དེ་དོན་སླད་དུ་ནི། །སྤྲུལ་མང་འགྲོ་དོན་ཕྱིར་ནི་སྤྲུལ་པ་ཡིན། །བཀྲ་ཤིས་དཔལ་འབར་ཛམ་གླིང་རྒྱན་དུ་ཤོག །ཞེས་ཉིད་ཀྱི་རྣམ་ཐར་གསུངས། ལུག་ལོའི་སར་ཀརྨར་མཛད་ནས་ཟུར་མང་དུ་ཕྱག་བཏེག་དེར་སྤྲུལ་སྐུ་ཞྭ་དམར་བ་བཞི་པའི་ཁུ་བོ་དགེ་བཤེས་ཆོས་གྲགས་ཀྱིས་ངེད་ཀྱི་སྤྲུལ་སྐུ་འདིའི་ཡིན་ལུགས་གསུང་སྒྲོས་གསལ་པོ་ཅིག་ཞུ་ཞུས་པ་ལ་སྤྲུལ་སྐུ་ཉིད་ལ་ཞལ་ལྟའི་ཚུལ་དུ་བཀའ་བསྩལ་བ། རྒྱལ་བས་ལུང་བསྟན་དྲུག་པ་སེང་གེ་སྒྲ། །ཡི་དམ་མཁའ་འགྲོའི་བཀའས་བསྐུལ་ཀརྨ་པ། །བདག་གིས་ཡང་ཡང་སློབ་མའི་ཚུལ་བཟུང་བའི། །ཞྭ་དམར་ཅོད་པན་འཛིན་པ་ཁྱོད་ཉིད་ནི། །སྔོན་གྱི་དུས་སུ་ཀུན་དུ་རྒྱུ་ཞེས་གྲགས། །ད་ལྟ་སྐལ་ལྡན་དོན་དུ་སྤྲུལ་པའི་སྐུ། །བདག་གི་འཕྲིན་ལས་ཇི་སྲིད་དེ་སྲིད་དུ། །སྐྱེས་བུ་ཞྭ་དམར་ཅོད་པན་འཛིན་པ་ཁྱོད། །བདེ་ཆེན་རིགས་བསྡུས་ཙཱ་རིའི་ཞབས་ཏོག་དང༌། །གདུལ་བྱ་ལྷག་མའི་དོན་དུ་ཁྱོད་ཉིད་ནི། །ཤར་ཕྱོགས་ཀོང་པོའི་ཡུལ་དུ་འགྲོ་དོན་གྱིས། །ཅེས་གསུང༌། འདི་ལ་འཕྲལ་ཀོང་པོར་བཞུགས་གསུང་བ་འདྲ་ཞིག་ཡོད་ཀྱང༌། སྔོན་གྱི་དུས་ན་ཀུན་དུ་རྒྱུ་ཞེས་གྲགས། །ཅེས་སྔོན་གྱི་སྤྲུལ་སྐུ་ཆོས་དཔལ་ཡེ་ཤེས་དང༌། ད་ལྟ་སྐལ་ལྡན་དོན་དུ་སྤྲུལ་པའི་སྐུ། །ཞེས་པས་ད་ལྟའི་སྤྲུལ་སྐུ་ཉིད་དང༌། མ་འོངས་དུས་སུ། ཞེས་དང༌། གདུལ་བྱ་ལྷག་མའི་དོན་དུ་ཞེས་པའི་(པ༡༠༥ན)


PTT001_Page_1077
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲས་སྐུ་སྐྱེ་བ་ཕྱི་མ་སྟེ་འདི་ནས་སྐུ་སྐྱེ་ཕྱི་མ་ཀོང་པོར་ལོངས་ཤིག་ཞེས་གདམས་པ་དང༌། ཙཱ་རིའི་ཞབས་ཏོག་ཅེས་པས་ཞྭ་དམར་ཅོད་པན་འཛིན་པ་ལྔ་པ་ཙཱ་རིའི་ཡོན་བདག་ཀོང་པོ་སྐྱེན་དུ་འཁྲུང་པ་ཆེས་གསལ་བར་བསྟན་ཏོ་སྙམ་དུ་བདག་ཁོ་ན་སེམས་སོ། །རྩལ་གཤིས་ལྷུན་གྲུབ་དགོན་དུ་ཕེབས། ངོ་མཚར་དུ་མ་བྱུང༌། ཚང་གསར་དབོན་ཆུང་ཚང་གསར་ནང་སོ་བསོད་ནམས་རིན་ཆེན་ཡིན་པ་དང༌། བུ་ཆུང་དཀོན་མཆོག་དབང་ཕྱུག་མགྲོན་གཉེར་བ་བཀྲ་ཤིས་འབྱུང་གནས་ཡིན་གསུངས། རི་བོང་ཞིག་བྱུང་བ་ལ་གཟུངས་སྔགས་དང་སངས་རྒྱས་ཀྱི་མཚན་གསུངས་ཞིང་ཇ་མ་གསུམ་རྒན་ཡིན། འདི་ནས་དགའ་ལྡན་དུ་སྐྱེ་གསུངས། གཞན་ཡང་རྟེན་བཟང་ངན་སྣ་ཚོགས་པའི་ལུང་བསྟན་མང་དུ་མཛད། ཚེམས་བརྗེས་པ་ན་མཆེ་བ་གཡས་པ་ལ་ཨཱ་དཀར་པོ་དང་ཚེམས་གཞན་ལ་མི་ལའི་སྐུ་དུང་དཀར་གཡས་འཁྱིལ་ཡི་གེ་ཧ་རྣམ་དཀར་ཞིང་གསལ་བ་ཕྱིར་མ་འབུར་བ་མེ་ལོང་ལ་གཟུགས་བརྙན་ལྟ་བུ་བྱོན། བདུད་རྩི་དལ་དུ་ནང་སོའི་གཟིམས་ཁང་དུ་ཞག་གཅིག་བཞུགས་པར་ཞེས་པས་དྲུང་གོང་མའང་དེར་ཞག་གཅིག་བཞུགས་གསུངས་ནས་དེ་ལྟར་མཛད། མདོར་ན་ཟུར་མང༌། དྲན་ཐང༌། རྩལ་གཤིས་མཚོ་སྐེ་མདོ་རྣམས་སུ་ཞབས་ཀྱིས་བཅགས། ཐམས་ཅད་དུ་ཁྲོམ་མཇལ་གྱི་ཚེ་འཇའ་འོད་དང་མེ་ཏོག་གི་ཆར་བབ། སྡེ་ཕན་ཚུན་གྱི་འཁྲུག་རྩོད་རྣམས་འཇགས་པར་མཛད། བན་བོན་སྐྱེ་བོའི་ཚོགས་ཆོས་དང་ཟང་ཟིང་གིས་ཚིམ་པར་མཛད་སྟེ་ཕན་བདེ་ལ་བཀོད། སླར་ཀརྨར་ཕེབས། སློབ་དཔོན་པདྨ་ཡབ་ཡུམ་པད་སྡོང་ལ་བཞུགས་པ་ལ་གསང་སྔགས་རྙིང་མའི་ལྷ་ཚོགས་ཀྱིས་བསྐོར་བ། གཡས་སུ་ཐུབ་ལ་པཎྜི་ཏ་དང་སར་མའི་ལྷ་ཚོགས་ཀྱིས་བསྐོར་བ། གཡོན་རྡོ་རྗེ་འཆང་ལ་བཀའ་རྒྱུད་ཀྱི་བླ་མས་བསྐོར་བ་རིང་དུ་གཟིགས། ཡང་སློན་དཔོན་པདྨས་སྦས་ཡུལ་མང་པོའི་ལུང་བསྟན་མཛད། ཚེས་བཅུའི་སློབ་དཔོན་པདྨ་སྐུ་ཤིན་དུ་ཆེ་བ་དང༌། ཡང་སྐུ་ཤིན་དུ་ཆུང་བ་གཟིགས། (པ༡༠༥བ)


PTT001_Page_1078
[མ་དཔེ་གཟིགས་ན་འདིར་གནོན།]

བེར་ནག་ཅན་རི་རབ་ཙམ་ལ་ཤིན་དུ་ཆུང་བ་མང་པོས་བསྐོར་སྟེ་གཏོར་མ་གསོལ། དམ་ཅན་པ་དགྱེས་ཤིང་འཁྲབ་པ་དང་རིགས་ལྔའི་ཞིང་དུ་མའི་བཀོད་པ་གཟིགས། དགེ་བསྙེན་དཔལ་ཤེས་བསྙེན་ཅིང་བཀུར། སྔགས་བདག་སྦྲུལ་མགོ་བདུན་པ་སྦྲུལ་མཇུག་གཡོན་དུ་འཁྱིལ་བ་ཤིན་དུ་མཛེས་པས་ཞབས་ལ་བཏུད། གདན་ས་འོག་ན་དཔལ་གནས་སྒོ་བ་དང་སྟོང་མགོ་རིན་ཆེན་གླིང་པའི་ཇ་འདྲེན་འབུལ་བ་རྒྱ་ཆེན་ན་མཁའ་རྒྱལ་མཚན་སང་རིན་དཀོན་མཆོག་རྒྱལ་མཚན་རྣམས་ཀྱིས་ཕུལ་སྟེ་སྤྱན་འདྲེན་པའི་གསོལ་བ་བཏབ། སྒོམ་སྡེ་ཚང་སར་པས་རྩིའི་བྱ་ང་སེ་པོར་སྤྱན་དྲངས། ཁྲི་རྭ་ཅན་གྱི་འབུལ་བ་བྱས། ཐམས་ཅད་སྨིན་གྲོལ་ལ་བཀོད། བླ་མ་རྒྱལ་མཚན་བཟང་པོས་སྐྱོ་མདར་དང༌། བླ་མ་བསོད་ནམས་དཔལ་འབྱོར་གྱིས་ས་མདོར་སྤྱན་དྲངས་སོ་སོའི་དགོན་མ་ལག་གི་སྡེ་དང་བཅས་པ་ཕུལ་ཞིང་སོ་སོ་ལ་བསྐོས་ཇ་གནང༌། བྱ་ལོའི་ལོ་སར་མཛད། ཚ་སྒང་གདན་ས་པས་སྤྱན་དྲངས་ངོམ་སྟོད་སྨད་ཐམས་ཅད་ལ་ཕན་བདེར་མཛད། ཀརྨར་ཕེབས་སྟེ་ས་སྐྱོང་ཤིང་མོ་བྱའི་ལོ་དགུང་ལོ་བཅུ་གཉིས་པ་ལ་སངས་རྒྱས་ཀྱི་དུས་ཆེན་གསུམ་འཛོམས་པ་ས་གའི་ཉའི་ནམ་ལངས་མ་ཐག་གི་ཚེ་གཟིམས་ཁང་ཀ་གཉིས་མར་ཇོ་བོ་གཎ་དྷོ་ལ་དང་སིངྒྷ་གླིང་བཏུལ་བའི་ཐུབ་པ་ཆུ་ལོན་མ་སོགས་ཀྱི་དྲུང་དུ་བརྟན་པའི་ཡན་ལག་བསྙེན་པར་རྫོགས་ནས་ལོ་བཅུ་ཕྲག་དུ་མ་འདས་ཤིང་མཁས་པའི་ཡན་ལག་སྡེ་སྣོད་གསུམ་ལ་འཛིན་མཁས་གསལ་རིག་བཞིའི་ཡང་རབ་ཏུ་སོན་པ། ཐེག་ཆེན་སློབ་པའི་ཟག་མེད་ཀྱི་ཕུང་པོ་ལྔའི་ལྔ་ཕྲུགས་ཅན་ཀུན་མཁྱེན་འཇམ་དཔལ་བཟང་པོས་མཁན་པོ་དང༌། ཡོན་ཏན་གྱི་རྒྱ་མཚོ་གཏིང་དཔོགས་པར་དཀའ་ཞིང་རྒྱ་བོད་ཀྱི་ཆེན་པོ་ཐམས་ཅད་ཀྱིས་གཙུག་དུ་སློབ་དཔོན་ཆེན་པོར་བཀུར་བ་རྒྱལ་སྲས་གོའི་ཤྲི་དཔལ་འབྱོར་དོན་གྲུབ་ཀྱིས་ལས་ཀྱི་སློབ་དཔོན་མཛད་སྟེ་རབ་ཏུ་བྱུང་བར་མཛད་ལ་མཚན་ཆོས་གྲགས་རྒྱ་མཚོ་དཔལ་བཟང་པོར་གསོལ་ཞིང་དགེ་ཚུལ་གྱི་དངོས་པོ་ཡོངས་སུ་(པ༡༠༦ན)


PTT001_Page_1079
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་མཛད། མཁན་པོ་ལས་འདུལ་བའི་མདོ་བསྟན་བཅོས་བསླབ་བྱ་རྣམས་ཉིན་བཞིན་དུ་གསན་པར་མཛད་ཅིང་འདི་ཕྱིན་བསླབ་བྱ་ཕྲ་མོའང་ཁྱད་དུ་མི་གསོད་པ་དགྲ་བཅོམ་པའི་ངང་ཚུལ་དུ་བཞུགས་སོ། །དེ་ནས་གནས་སྒོ་བ་སོགས་བུམ་འབོར་བ་རྣམས་དང་ཀྲེ་ཀམ་ཁྱིམ་ཕྲིས་ཀྱི་གདན་ས་པ་དང་ལྕགས་མོ་ཀྲེ་བོ་སོགས་ཤར་དམར་རྫ་སྒང་པ་རྣམས་དང་དར་རྩེ་མདོའི་མི་ཆེན་དང་མི་ཉག་རབ་སྒང་གི་ལྷ་སྡེ་མི་སྡེ་ཆེན་པོ་རྣམས་ཀྱིས་སྔ་ཕྱིར་གསོལ་བ་ལན་དུ་མ་བཏབ་པས་དེ་རྣམས་སུ་འཕྲིན་ལས་དུས་ལ་བབ་པར་དགོངས་སྟེ་བྱ་ལ་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་བཞི་ལ་ཀརྨ་ནས་ཕྱག་བཏེག་ཚེ་ས་ཅུང་ཟད་གཡོས། རྗེ་མཐོང་བ་དོན་ལྡན་ལ་བཀའ་རྒྱུད་ཀྱི་བླ་མ་ཐམས་ཅད་ཀྱིས་བསྐོར་སྟེ་རེ་རེའི་སྤྲུལ་པ་མཐའ་ཡས་པ་སྟོན་པར་གཟིགས་པས་འཕྲིན་ལས་གནད་དུ་འགྲོ་བར་མཁྱེན། ཟུར་མང་དུ་ཁྱི་ལོའི་ལོ་སར་མཛད། རྒ། ཟུར་དགོན། འདན་རྣམས་སུ་ཞབས་ཀྱིས་བཅགས། གླིང་གི་སར་ཕེབས། ནང་དམེ་དང་འཁྲུག་རྩོད་མཐའ་ཡས་པ་འདུག་པ་རྣམས་ཞལ་ཏ་གནང་སྦྱིན་གྱིས་བསྡུམས། དཔོན་ཆེན་སར་དུ་བསྐོས། ལྷ་སྡེ་མི་སྡེ་ཐམས་ཅད་རང་མལ་དུ་བཅུག་སྟེ་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་ལ་བཀོད་པས་བཀའ་དྲིན་ཚད་མེད་པར་མཛད། རྫ་ཡིར་ཞི་གོང་དུ་རྨ་སེ་བའི་ཇ་འདྲེན་དང་ཞབས་བསྐུལ་བླ་མ་ཀ་ཏོག་པ་སོགས་སླེབས་པ་ལ་ཕེབས་པར་ཞལ་གྱིས་བཞེས། ལྕགས་མོ་དང་ཀྲེ་བོར་ཕེབས། ཡང་མཁས་གྲུབ་ཆེན་པོ་འཇམ་དབྱངས་གྲགས་པའི་བུ་ཆེན་རྣམས་དང་ཞིང་གི་མི་ཆེན་གྱི་འབུལ་ཞབས་རྒྱ་ཆེར་སླེབ་ནས་ནན་གྱིས་ཕེབས་པར་ཞུས། དེར་རྟོགས་ལྡན་མིག་རྩ་མཁན་པོས་དྲུང་ཉིད་རྣལ་འབྱོར་པ་དཀར་པོ་དབུ་སྐྲ་སྔོན་པོའི་ཐོར་ཚུགས་ཅན་ཞལ་ཚེམས་དཀར་པོ་ཤིན་དུ་ཆེ་བ་ཞིག་དུ་ཡུན་རིང་དུ་མཐོང༌། ཕྱི་ནས་སེམས་ཡེངས་པ་ཅིག་ནས་སྐུ་དངོས་སུ་སྣང་སྐད། དབེན་པ་ལྷ་ཁང་དུ་རས་བུད་མཛད་ཚེ་འཇའ་དམར་པོའི་ནང་ནས་བཀའ་རྒྱུད་ཀྱི་བླ་མས་རས་པ་རྣམས་བྱིན་གྱིས་(པ༡༠༦བ)


PTT001_Page_1080
[མ་དཔེ་གཟིགས་ན་འདིར་གནོན།]

རློབ་པས་གཟིགས། དེར་ཕག་ལོའི་ལོ་སར་མཛད། གླིང་ཚང་ཅན་ཤིང་དབང་ཐར་པ་རྒྱལ་མཚན་གྱིས་གསེར་ཁང་དུ་སྤྱན་དྲངས། འབུལ་ཞབས་རྒྱལ་ཆེན་གྱིས་མཆོད་ཅིང་འབུམ་ཛམ་གླིང་རྒྱན་ལ་ཕྱག་ནས་ཞུས། ཤལ་ཁོག་སྟོད་སྨད་ཏུ་ཕེབས། བན་བོན་གྱི་འཁྲུག་པ་སོགས་སྡེ་ཕན་ཚུན་གྱི་འཁྲུགས་རྩོད་ཆེན་པོ་རྣམས་གཏན་ཞིར་མཛད། སྐྱེ་བོ་བཙོན་དོང་ན་གནས་པ་རྣམས་ཕྱུང་སྟེ་ཕན་ཚུན་ཐམས་ཅད་བདེ་བར་མཛད། དེར་ཝ་ག་ཤི་པ་ག་ཞི་པ། ཨ་རི་དགོན་པ་སོགས་ལྷ་སྡེ་མི་སྡེའི་ཇ་འདྲེན་འབུལ་ཞབས་རྒྱ་ཆེན་པོ་བཀའ་བཅུ་པ་སྒོ་གཅིག་པས་ཕུལ། གསོ་རོས་བླ་མ་ཀུན་དགའ་རྒྱལ་མཚན་གྱིས་དྲུང་ཉིད་འཁོར་ལོ་བདེ་མཆོག་གི་སྐུ་ལུགས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཆེས་གསལ་བར་ཡུན་རིང་དུ་མཇལ་བས་ངེས་ཤེས་ཚད་མེད་པ་ཐོབ། ཛོ་གི་བླ་མས་བ་ཐང་ཤིང་རྒྱལ་བའི་དབེན་གནས་སུ་སྤྱན་དྲངས་སྟེ་རབ་གནས་མཛད། གནས་ནང་དུ་ན་མཁའ་འཇའ་འོད་ཀྱིས་གང་ཞིང་བསྟན་གཙོ་དང་སློབ་དཔོན་པདྨ་དང་བཀའ་རྒྱུད་ཀྱི་བླ་མ་ཐམས་ཅད་ཞལ་གཟིགས་སྟེ། འོག་མིན་ཆོས་ཀྱི་ཕོ་བྲང་ནས། །སོགས་ཀྱི་གསོལ་འདེབས་མཛད། ཀུན་མཁྱེན་འཇམ་དཔལ་བཟང་པོ་རྡོ་རྗེ་འཆང་དུ་གཟིགས་ནས་གསོལ་འདེབས་དང་མགུར་མཛད། ཉག་རོང་དུ་བྱོན། ཨཱརྻ་གླིང་ལ་སོགས་པར་གཞན་ཕན་མཛད། སློབ་དཔོན་པདྨའི་ཞལ་གཟིགས་ནས། མཚོ་ལས་སྐྱེས་པ་ཡིད་འོང་པདྨའི་སྟེང༌། །ཞེས་སོགས་ཀྱི་བསྟོད་པ་མཛད། ཁྲོམ་སྤྱི་ཐོག་དུ་ཕེབས། ཀ་ཐོག་པ་སོགས་སྡེ་ཕན་ཚུན་དང་བན་བོན་གྱི་འཁྲུག་རྩོད་ཆེན་པོ་རྣམས་ཞལ་ཏ་གནང་སྦྱིན་གྱིས་ཞི་ཞིང་བཀའ་དྲིན་དུ་མཛད། གནས་སྒོ་གདན་ས་པ་གདན་འདྲེན་དུ་བྱོན་པ་ལ་མྱུར་དུ་འབྱོན་པར་ཞལ་གྱིས་བཞེས་ནས་རེ་ཞིག་ཀྲེ་ཤོད་དུ་ཕེབས། ཤུག་རི་ཐང་དུ་བཞུགས་པ་ན་གཟིགས་སྣང་ཆེས་མང་ཞིང་གསུང་མགུར་གནང་གཞན་སྣང་དུའང་རྟག་དུ་འཇའ་དང་མེ་ཏོག་གི་ཆར་གྱིས་འཁྲིགས། དེར་ཡང་རབ་སྒང་གི་ལྷ་སྡེ་(པ༡༠༧ན)


PTT001_Page_1081
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྡེའི་ཇ་འདྲེན་འབུལ་ཞབས་རྒྱ་ཆེ་བ་དང་ནན་གྱིས་ཕེབས་བསྐུལ་སླེབས། དེ་ནས་ཤར་པའི་གདུལ་བྱ་ལ་དགོངས་ནས་རིམ་པར་ཕེབས། ཐོད་ཆེ་དང་ཚེ་བའི་རྩོད་ཆེན་དང་རྡོ་སེར་གྱི་རྩོད་ཆེན་རྣམས་བསྡུམས། རག་ཕྲོམ་དང་གསེར་གྱི་བཀྲ་ཤིས་ལུང་དུ་དགུན་བཞུགས་ནས་ཕྱོགས་དེའི་དགེ་འདུན་མཐའ་ཡས་པ་ཕྱག་ཆེན་ཆོས་དྲུག་གིས་སྨིན་གྲོལ་དུ་མཛད། དེར་བྱི་བ་ལོའི་ལོ་སར་མཛད་ནས་ཆོ་འཕྲུལ་གྱི་ཚེས་བཅུའི་དགོང་བཅོམ་ལྡན་འདས་མ་རྣམ་འགྱུར་སྣ་ཚོགས་མཛད་པ་ཅིག་གཟིགས་པས་རྟེན་འབྲེལ་དུ་མ་དགོངས། དེར་སྒོམ་ཆེན་ཡེ་ཤེས་དཔལ་གྱིས་མཇལ་བས་འགྱུར་བ་དབྱིངས་སུ་དག་སྟེ་བརྟན་པ་ཐོབ་པས་མོས་གུས་ཕུལ་ཕྱིན་པ་སྐྱེས། བྲག་ཅན་དུ་ལྕགས་མོའི་སྤྱི་འདུན་ཆེན་མོའི་ཞལ་བཀོད་གནད། འཛི་ག་ལྷ་མོ་དར་ཐང་དུ་ཆོས་རྗེ་གཞོན་ནུ་བ་སོགས་ལྷ་སྡེ་མི་སྡེ་རྣམས་ཀྱིས་མཆོད་ཅིང་ཕྱི་ནང་གི་འཁྲུག་རྩོད་རྣམས་ཞི་ཞིང་བཙོན་རྣམས་ཐར་བར་མཛད། ཨ་མདོ་བ་ཕུར་ཚ་ནང་སོ། ཧོར་སེར་གྱི་རི་ཐང་གཉིས། བེ་རིའི་སེང་གེ་མི་ལོག་གི་ཡོན་མཆོད་སོགས་ཀྱིས་གདན་འདྲེན་དུ་སྔར་ཁྱི་ལོའི་ནང་དུ་མི་མགོ་བྱ་བྲལ་དང་རྒྱལ་མཆོག་དབོན་པོ་སོགས་ཀྲེར་ལན་གཉིས་ཇ་འདྲེན་ཕུལ། ཕག་ལོ་ལ་བྱ་བྲལ་བསམ་གྲུབ་སོགས་ཀྱིས་རག་ཕྲོམ་དང་གསེར་བཀྲ་ཤིས་ལུང་དུ་ལན་གཉིས་ཕུལ། བྱི་བ་ལོ་ལ་རྡོའི་ཐང་ཡག་དུ་ཕུར་ཚ་ནང་སོ་ཉིད་དང་བྱ་བྲལ་བསམ་གྲུབ་སོགས་ཀྱིས་ཆིབས་པ་གྲངས་ཅན་རྔ་མོང་སོགས་ཕུལ་ཞིང་ཕེབས་པར་ནན་གྱིས་ཞུས་པས་ཧོར་སེར་གྱི་ཡུལ་དངོས་སུ་ཕེབས་མི་ཐུབ་ཀྱང་ཁད་ཉེ་བར་ཕེབས་པར་ཞལ་གྱིས་བཞེས་རྡོ་དང་དར་བརྒྱུད། སློབ་དཔོན་པདྨའི་སྒྲུབ་གནས་རྨ་སྟོད་ར་རྒོད་མཐོན་པོ་ཉི་ཤར་དུ་ཕྱག་ཕབ། དེར་སེང་གེ་མི་ལོག་གི་ཡོན་མཆོད་རྣམས་ཀྱིས་འབུལ་ཞབས་རྒྱ་ཆེ། འཁྲུག་རྩོད་རྣམས་འཇགས་པར་མཛད། ཕུར་ཚ་ནང་སོ་ཤེས་རབ་འོད་ཟེར། ཧོར་སེར་རི་བའི་དཔོན་ཨ་ནུ་རྒྱལ། ཁོ་ལྡན་(པ༡༠༧བ)


PTT001_Page_1082
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་པ། བལ་དུར་བཀྲ་ཤིས་མགོན་སོགས་ཧོར་དཔོན་གཡོག་རྣམས་ཀྱིས་མཇལ། གསེར་དངུལ་གོས་དར་ཆིབས་པ་བརྒྱ་ལྷག་སོགས་ཕུལ་སྟེ་འདི་ཕེབས་ཞུའི་ཇ་འདྲེན་འབུལ་བ་ཡིན། ཨར་མ་ལ་སོགས་པའི་སྡིག་ཆེན་འབུལ། བཀའ་ཅི་བསྩལ་སྒྲུབ་པས་ཧོར་ཡུལ་དུ་ཕེབས་དགོས་པར་ནན་གྱིས་ཞུས་ཀྱང་ཁད་ཀྱིས་ཕེབས་པར་ཞལ་བཞེས་ཙམ་ལས་མ་གནང༌། མ་ཎི་དུང་ཕྱུར་ཚེ་ཐར་དཔག་མེད་དང་ནང་མཚམས་ཀྱི་འཁྲུག་རྩོད་ཐམས་ཅད་དང་ལོ་གཅིག་ཕྱི་ནང་གར་ཡང་དམག་མི་བྱེད་པའི་དམ་བཅའ་ཕུལ་སྟེ་དེ་ཐམས་ཅད་ཏུ་འཇའ་འོད་དང་མེ་ཏོག་གི་ཆར་གྱི་ངོ་མཚར་ཆེན་པོ་ཡང་མཐོང་བས་དད་གུས་མི་ཕྱེད་པར་ཐོབ་བོ། །དར་གྱི་སྙན་མོ་རིར་ཨ་བྱམ་རྟོགས་ལྡན་པའི་རྩོད་པ་རྣམས་ཞི་བར་མཛད། གངས་པ་ཡོན་མཆོད་ཀྱི་མཆོད། རྡོ་སར་ལ་ལམ་མཛད་ནས་རབ་སྒང་གི་ངོགས་སུ་ཆིབས་ཁ་སྒྱུར། ལམ་གཙང་བོར། ཏའུ། རི་ཤོད་རྣམས་སུ་ཕྱི་ནང་གི་འཁྲུག་རྩོད་ཐམས་ཅད་བཟླུམས། པག་ཡུ་གསེར་ཕྱེ་ཐང་དུ་ཕེབས། སྒོ་སྡོང་གི་ཤག་ཤིག་ལོ་ཉི་ཤུ་རྩ་ལྔ། ཇག་ཕྲན་ལོ་གསུམ། རྐུན་མ་རྣམས་ཕུལ། དོ་བེར་རས་བུད་དང་གླང་ལོའི་ལོ་སར་མཛད། ལྷ་ཁང་དུ་ཕྱི་ཐག་རིང་ནས་ཕྱག་ནས་མཛད་པས་རྟེན་གཙོ་དང་བཅུ་གཅིག་ཞལ་ལ་ཕྱག་ནས་མང་དུ་ཟུག །ཨ་རི་དགོན་དང་ཝག་ཤི་སེང་གེ་དགོན་རྣམས་སུ་གཟིམས་གུར་ལ་འཇའ་ཀ་བ་ལྟ་བུ་ཟུག་ཞིང་མེ་ཏོག་ལང་ལོང་དུ་བྱུང༌། ཕྱུག་མོར་སློབ་དཔོན་བསོད་རྩེས་རྨི་ལམ་དུ་མཇལ་བས་བྱིན་རླབས་ཞུགས་སྟེ་ངེས་པ་སྐྱེས། ནེ་བར་དུ་ལྷ་ཁང་ཞིག་ལ་ཕྱི་ནས་ཕྱག་ནས་མཛད་པས་རྟེན་གཙོའི་མཛོད་པུ་དང་མགྲིན་པ་དང་ཐུགས་ཀ་རྣམས་སུ་ནས་ཟུག་མཛོད་པུའི་ནས་དེ་ཁ་ཅིག་གིས་མཐོང་ཁ་ཅིག་གིས་མི་མཐོང་པ་འདུག་སྐད། ར་ཏིའི་མཁན་སློབ་དགེ་འདུན་གྱིས་བསུ་བ་བྱས་ཚེ་བཀའ་རྒྱུད་ཀྱི་བླ་མ་ཀུན་དང་མགོན་པོ་ཕྱག་དྲུག་པ་འཁོར་བཅས་གཟིགས། ཀརྨ་པ་ན་རིམ་གཉིས་ཀྱི་སློབ་མ་འགུ་ཐོམ་ཆོས་གྲགས་ཀྱིས་དར་(པ༡༠༨ན)


PTT001_Page_1083
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་མདོར་སྤྱན་དྲངས་ནས་བྱོན་ཚེ་སློབ་དཔོན་བསོད་རྩེ་སོགས་སྐྱ་སེར་མང་པོས་མདོ་སྨད་ཀྱི་གཞི་བདག་ཐམས་ཅད་ཀྱིས་བསུ་བར་དངོས་སུ་མཐོང༌། དངོས་སུའང་ན་མཁའ་ལ་རོལ་མོའི་སྒྲ་གྲག །གང་ཆུ་འགྲམ་དུ་སྒར་ཕེབས། མི་ཆེན་གྲགས་པ་རྒྱལ་མཚན་སོགས་དར་རྩེ་མདོ་པ་དང་འགུ་ཐོས་ཀྱི་ལྷ་སྡེ་མི་སྡེ་ཐམས་ཅད་ཀྱིས་མཆོད་སྤྲིན་མཐའ་ཡས་པས་མཆོད། དེར་སློབ་དཔོན་བསོད་རྩེས་དྲུང་བསྟན་པའི་བདག་པོར་མཐོང༌། ཡང་བླ་མའི་རྣལ་འབྱོར་བསྒོམས་པས་སྤྱི་བོར་འོད་སྔོན་པོ་བྱོན་སྟེ་རྡོ་རྗེ་འཆང་དུ་གྱུར་པ་མཐོང༌། རྒྱལ་རོང་པ་བླ་མ་ཚུལ་ཁྲིམས་ཀྱིས་ཐོག་མར་རྡོ་རྗེ་རྣལ་འབྱོར་མའི་སྐུ་རི་ཙམ་པ་དང༌། གསེར་གྱི་རྡོ་རྗེ་འབའ་ཞིག་གི་ཁྲི་ལ་ཐུབ་པ་ཆེན་པོས་བཞུགས་པ་མཐོང༌། དེ་ཕྱིན་ལྐོག་གྱུར་གྱི་ཚོགས་དྲུག་གི་ཡུལ་ཐམས་ཅད་ཀྱང་དྲན་པ་ཙམ་གིས་མངོན་སུམ་དུ་ལོངས་སྤྱད་དུ་བྱུང་སྐད། འདི་ནི་གྲུབ་ཐོབ་ཨོ་ཌྱན་པས། ཨོ་ཌྱན་དེ་སྤྲུལ་པའི་ཞིང་རང་དུ་ཡོད། དེར་སླེབས་ནས་ཟླ་བ་གསུམ་སོང་བ་ཕྱིན་གཞན་གྱིས་ཕུད་མཆོད་བྱས་པ་ཡན་ཁར་མངོན་སུམ་དུ་སིབ་སིབ་ཡོང་གི་འདུག་གསུང་བ་ལྟ་བུར་སྣང༌། གངས་ཆུ་འགྲམ་དུ་ཆོས་གསུངས་པ་ལྕགས་ཟམ་པས་མི་ཆེན་གྱིས་ཁང་ཐོག་ནས་ཐོས་ཤིང་སྤྱན་རས་གཟིགས་ན་མཁའ་གང་བཞིན་དུ་མཐོང༌། གྲོང་གི་ཕྱི་རོལ་རྒྱང་རིང་ནས་ཕྱག་ནས་གནང་བ་མི་ཆེན་གྱི་ཁང་པར་ཕྱིན་ཞིང་བསྟན་གཙོའི་ཐུགས་ཀར་ཟུག །རིལ་བུ་ཁང་དུ་ཡང་མང་དུ་ཕྱིན། ལ་མོ་རྩེའི་བདེ་ཆེན་སྟེང་དུའང་རྟེན་ལ་ཕྱག་ནས་ཟུག་པ་མང་ཞིང་ཕྱི་ནས་འཐོར་བ་གཟིམས་ཁང་དུ་ཕྱིན། མདོ་ནས་ཉིན་གཅིག་ལྷག་པའི་ས་ཨུ་ཏ་དགོན་དུ་ཕྱག་ནས་ཞུས་པ་མདོ་ཉིད་ནས་གནང་བས་ལྷ་ཁང་དང་དགོན་དུ་ཕྱག་ནས་མང་དུ་སླེབས་པས་དེའི་ལྷ་མི་རྣམས་དད། སླར་ཡང་ར་ཏི་བས་མཆོད་སྤྲིན་ཆེར་བྱས་ཤིང་ཆོས་འཁོར་རྒྱ་ཆེར་བསྐོར། གཙོ་བོར་ཐུགས་དམ་ལ་བཞུགས་པ་ན་ཏིང་འཛིན་ཐམས་ཅད་ཀྱི་རྒྱལ་པོ་འོད་གསལ་ཕྱག་རྒྱ་ཆེན་པོའི་རྟོགས་(པ༡༠༨བ)


PTT001_Page_1084
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན་མཁའ་ལྟ་བུ་ལ་བརྟན་པ་ཐོབ། ཐུགས་དམ་གྱི་ལྷ་ཐམས་ཅད་ཞལ་གཟིགས་ཤིང་ཉིད་དང་ཐ་མི་དད་པར་རྟག་དུ་གཟིགས། བླ་མ་རྣམ་གཉིས་ལ་སངས་རྒྱས་ཀྱི་འདུ་ཤེས་བཅོས་མིན་དུ་འཁྲུངས། གདམས་ངག་ཐམས་ཅད་གནད་དུ་ཕོག་པས་ཉོན་མོངས་རང་སར་གྲོལ་བའི་རྟོགས་པ་མཉམ་རྗེས་དང་བྲལ་བ་བརྙེས་སོ། །རང་གྲོལ་མཆོད་རྟེན། ནུ་འོག་སྟེང༌། རྫ་བཀྲ་དགོན། འབའ་ག་དགོན། རག་པོ་ཁ་བཞི། བྱམས་སར། ཡུལ་གྷུང༌། སྟོད་མགོ་རིན་ཆེན་གླིང༌། གཏེར་བྱི་རིན་ཆེན་སྟེང་རྣམས་སུ་བྱོན། དེ་རེ་རེ་ཡང་ཕྱག་ནས་ཕྱིན་ཞིང་ཟུག་པ་དང་ཞལ་གཟིགས་དང་འཇའ་འོད་སོགས་བགྲང་ལས་འདས། འདི་ནས་གོང་དུ་ཆིབས་ཀ་བ་དཔོན་པོ་ཀུན་དགའ་རྒྱལ་མཚན་དང༌། བླ་མ་བསོད་ནམས་རྒྱ་མཚོ་སོགས་མངགས། ཁོང་རྣམས་འཇང་ནག་ར་བར་སླེབས་དུས་རྒྱ་ཡུལ་དུ་འཇའི་གུར་དང་མེ་ཏོག་གི་ཆར་དང་སྤྲིན་ཁ་དོག་དང་དབྱིབས་སྣ་ཚོགས་པའི་ངོ་མཚར་བྱུང༌། སྟག་ཞིང་རྣམས་དང་འབྲས་མཛོད་པ་སོགས་མི་ཆེན་མང་པོ་ལ་རྨི་ལྟས་ཁྱད་པར་ཅན་རྨིས་པས་ཁོང་དཔོན་གཡོག་ལ་དད་མོས་དང་མཆོད་པ་ཆེར་བྱས་སྟེ་མཚན་ཐོས་པ་ཙམ་གྱིས་རྒྱ་རྣམས་དད་ཅིང་གསོལ་བ་འདེབས། དེ་ནས་མི་ཉག་དང་འཇང་གི་མཚམས་སྒོ་རོ་ཡུལ་དུ་བྱོན། འཁྲུག་ཆེན་རྣམས་ལོ་ཉི་ཤུ་རྩ་ལྔ་ཇག་ཕྲན་དང་རྐུན་མ་ལོ་གསུམ་ཕུལ་ཞིང་ཐམས་ཅད་དགེ་བ་ལ་བཀོད། དེར་རས་བུད་དང་ཤ་ཡུལ་དུ་སྟག་ལོའི་ལོ་སར་མཛད། གཞི་བདག་སྔོ་གཟི་འཛོ་དགེ་བསྙེན་དུ་བཀོད་སྟེ་རྡོ་རྗེ་བོད་ཁམས་སྐྱོང་དུ་མིང་བཏགས། སྐྱ་ཁིང་རྨ་སེ་ལ་ལི་སོགས་ཞབས་ཀྱིས་བཅགས། འདི་ཐམས་ཅད་དུ་ཕྱག་ནས་ཕྱིན་པ་སོགས་ནི་མཐའ་ཡས། ཛཱ་ལན་དྷར་ཀ་བཞི་རྨ་སེ་སོགས་མཁས་པ་མི་ལྔའི་ཆོས་གྲ་ཆེན་པོ་རྣམས་ལ་ཆོས་འཁོར་བསྐོར་ཞིང་ཆོས་ཁྲིམས་ཉམས་པ་རྣམས་བསོས་སྟེ་འཆད་ཉན་གྲ་སྐོར་སོགས་སྔ་སྲོལ་བཟང་པོ་ལ་བཀོད། འདྲུའི་འཁྲུག་རྩོད་ཆེན་པོ་རྣམས་ཞི་ཕྱིར་ཕྱགས་(པ༡༠༩ན)


PTT001_Page_1085
[མ་དཔེ་གཟིགས་ན་འདིར་གནོན།]

ཕེབས་སྟེ་ཞལ་ཏ་གནང་སྦྱིན་གྱིས་ཞི་བར་མཛད། དེ་ལྟར་མི་ཉག་གི་ཡུལ་རབ་སྟོད་ཚར་སྒང་གི་ལྷ་སྡེ་མི་སྡེ་ཐམས་ཅད་ཆོས་དང་ཟང་ཟིང་གིས་ཚིམ་པར་མཛད་ཅིང་ཕན་བདེ་ལ་བཀོད། སྟག་ལོ་ཟླ་བ་བཅུ་པའི་ཚེས་གསུམ་ནས་བུམ་འབོར་གྱི་ཕྱོགས་སུ་ཕྱག་བཏེག །ཉག་རོང་བ་སོགས་ཀྱི་ལས་ཁྲལ་རྣམས་ཕུལ། བདེ་ཆེན་སྟེང་དུ་ཕེབས། འགོ་ལོག་མ་ཁྲོམ་སོགས་ཀྱི་འཁྲུག་རྩོད་ཆེན་པོ་རྣམས་ཞི་བར་མཛད། དགོན་སར་གྱི་ལྷ་ཁང་གི་ཕྱི་རིང་པོ་ནས་ཕྱག་ནས་མཛད་པས་ནང་དུ་ཕྱིན་ཞིང་ཐང་སྐུ་དྲིལ་བ་རྣམས་ཀྱི་ནང་དུའང་མང་དུ་ཕྱིན། ཉི་མ་ཉིས་འགྱུར་གྱིས་རིང་བར་མཐུན་སྣང་དུ་གྲུབ། དེར་རས་བུ་དང་ལོ་སར་མཛད། ཕྱག་ནས་ཟུག་པའང་མང༌། ཀརྨའི་བླ་མ་ཐུགས་རྗེ་འོད་ཟེར་གྱིས་དྲུང་ཉིད་རྒྱལ་བ་རྒྱ་མཚོ་བྱང་སེམས་མང་པོས་བསྐོར་ཞིང་ལྷའི་བུ་མོ་མེ་ཏོག་དཀར་དམར་གྱི་ཐོད་བཅིངས་པ་སྐྲ་གྲོལ་བ་བཞིས་གླུ་ལེན་པས་མཆོད་པ་དང༌། ཡང་ཡང་དུ་རྒྱལ་བ་རྒྱ་མཚོར་ལམ་ལམ་བྱུང་བར་མཐོང༌། ཉག་གྲེ་དབོན་པོས་འཇམ་དབྱངས་སུ་མཐོང༌། ཞིག་པོ་སངས་རྒྱས་གྲགས་ཀྱིས་རྟ་མགྲིན་དུ་མཐོང༌། གཞན་ཕན་སྐྱེ་མང་པོས་སྤྱན་རས་གཟིགས་དཀར་པོར་མཐོང༌། ཁྲོམ་སྤྱིས་ཀྱང་རེས་དཀར་རེས་དམར་རེས་སེར་བ་སོགས་སྣ་ཚོགས་པར་སྣང་ཞིང་དད་པ་མི་ཕྱེད་པར་གྱུར་དེར་ཧོར་སེ་ཆེན་གྱི་གདུང་བརྒྱུད་རྒྱལ་བུ་དབང་བས་དབུ་མཛད། ཧོར་ཀླུ་མོ་བུ་གསུམ་ལ་ཐང་པའི་དཔོན་ཁྲོ་བོ་རྒྱལ། ཁྲོ་བོ་དབང་ཕྱུག །ག་འུན། ཧོར་རི་པའི་དཔོན་ཨ་ནུས་རྒྱལ་རྣམས་ཀྱིས་འབོལ་རྒན་གྱི་སླག་པ་ཆིབས་པ་གྲངས་ཅན་ཐོན་ཏི་གྲངས་ཅན། བེ་རིའི་ཁི་དཔོན་ཁག་གསུམ། སེང་གེ་མི་ལོག་གོ་ཕུར་བ་ཐར་སོགས་ཀྱིས་གསེར་དངུལ་མུ་ཏིག་མང་དུ་བཀུར་ནས་བྱ་བྲལ་བསམ་གྲུབ་དང་བྱ་བྲལ་མི་མགོ་གཉིས་གདན་འདྲེན་དུ་མངགས། དྲུང་ཕེབས་པར་ཞུ་དང་ཧོར་སེར་གྱི་ཨ་རམ་འབུལ། བན་བོན་ལ་ངན་མི་བྱེད། ཞལ་ཏ་གང་གནང་གི་ལོ་གྲངས་ཅན་ལ་ཕྱི་ནང་བར་གསུམ་དུ་འཁྲུག་པ་(པ༡༠༩བ)


PTT001_Page_1086
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱེད་པར་ཞུ་བ་ནན་ཅན་སླེབས། ཆོས་འཁོར་གླིང་སྒོམ་ལུང་མགོ་ཨལ་ཡོན་མཆོད་ཀྱི་ས་ལེ་ཐང་རྣམས་སུ་བྱོན། ཕྱི་ནང་གི་རྩོད་ཆེན་རྣམས་ཞི་བར་མཛད། ཕྱག་ནས་ཕྱིན་པ་དང་ཟུག་པ་མང༌། གནས་སྒོའི་ལམ་འབྲི་གི་འགལ་སྟོད་དུ་ཡེ་ཤེས་རྒྱལ་མཚན་གྱི་ལྷ་ཁང་དུ་ཕྱག་ནས་མང་དུ་ཟུག་ཞིང་ནང་དུ་ཕྱག་ནས་མང་བར་ཕྱིན། ཡོས་ལོ་ཟླ་བ་གསུམ་པའི་ཚེས་བཅུ་གསུམ་ལ་གདན་ས་གནས་སྒོའི་ཀ་ཀ་རི་ཕུག་དུ་ཕེབས། མཁན་ནང་དགེ་འདུན་གྱིས་བསུ་ཚེ་འཇའ་འོད་མེ་ཏོག་དང་ངོ་མཚར་གྱི་གཟིགས་སྣང་དུ་མ་བྱུང༌། གྲུབ་ཆེན་པག་ཤིའི་སྒྲུབ་གནས་ནོར་བུ་གླིང་མཁའ་འགྲོ་གླིང་བྱ་རྒོད་གླིང་ཐར་པ་གླིང་རྣམས་སུ་ཕེབས། ནང་སོ་བསོད་ནམས་རྒྱལ་མཚན་སྲི་ཀར་སངས་རྒྱས་བློ་གྲོས་སོགས་མཁན་ནང་རྣམས་ཀྱིས་བྱང་འབོས་སུ་སྤྱན་དྲངས། གྲུབ་ཐོབ་ཆེན་པོའི་སྐུ་འདྲ་གསུང་འབྱོན་མ་སོགས་ལ་མཆོད་པ་ཆེར་མཛད། ཕྱག་ནས་མང་དུ་ཟུག །ཆོས་འབྱུང་སྟེང་གི་ཕ་ཝང་ཞིག་ལ་ཞབས་རྗེས་དྲུག །རྒ་ལོ་ཕུག་དུ་ཞབས་རྗེས་དྲུག་བཞག །ཆོས་ཁྲི་སར་པར་ཀུན་གྱིས་མཐོང་བར་ཞབས། གཉི་གའི་རྗེས་ཤིན་དུ་གསལ་བར་བཞག །རྟོགས་ལྡན་ཆོས་འབུམ་ལ་རྒ་ལོ་ཕུག་གི་ལམ་དུ་ཆིབས་པ་ལྷུན་གྲུབ་ཀྱི་ཞབས་རྗེས་ཡོད་ཟེར་བ་རྨིས་པ་དང་ནམ་ནངས་པ་དུས་མཉམ་དུ་བྱུང་སྟེ་ཕྱིན་པས་གསལ་བར་མཇལ། དབྱར་བཞུགས་ཀམ་པོ་གངས་རའི་གནས་ནང་བྱང་འབོས་སུ་མཛད། དུས་མཁྱེན་ཡབ་སྲས་ཀྱི་བུ་སློབ་ཀྱི་གྲ་རྒྱུན་རྣམས་གཙོ་བོར་གྱུར་པའི་རོང་ཁ་བཞི་བུམ་འབོར་སྒང་ཆེ་ཆུང་གི་ལྷ་སྡེ་མི་སྡེ་མཐའ་དག་འདུས་སྟེ་མཆོད་སྤྲིན་གྱིས་མཆོད། ཆོས་ཀྱི་འཁོར་ལོ་བསྐོར་ནས་སྟོན་པ་དངོས་ལྟ་བུའི་འཕྲིན་ལས་བྱུང༌། དེར་གྲུབ་ཐོབ་ཉག་སེའི་སྐྱེ་བ་གྲུབ་ཆེན་ཆུ་འཕུར་བས་མཇལ། འབུལ་ཞབས་མཐའ་ཡས་མཛད། ཁོང་གིས་འབྲི་ཆུ་ཁར་དྲུང་ན་རིམ་རྣམས་དྲུག་བརྩེགས་སུ་བཞུགས་པ་གཅིག་ལ་གཅིག་ཐིམ་ནས་རྗེ་མཐོང་བ་དོན་ལྡན་སྤྱན་རས་གཟིགས་ཕྱག་བཞི་པར་གྱུར་ཞིང་སླར་དྲུང་འདི་ཉིད་དུ་གྱུར་པར་སྣང༌། (པ༡༡༠ན)


PTT001_Page_1087
[མ་དཔེ་གཟིགས་ན་འདིར་གནོན།]

དབྲ་ཐོག་དུ་དང་པོར་བཅུ་གཅིག་ཞལ་དང་ཅི་ཞིག་ན་དྲུང་ཉིད་དུ་སྣང༌། བསམ་གཏན་གླིང་གི་ཆོས་ཁྲི་བར་རྒྱལ་བ་རྒྱ་མཚོར་མཇལ། དེར་སྒྲུབ་ཁང་དུ་བཻཌཱུརྻའི་ས་གཞི་ལ་པད་དམར་གྱི་སྟེང་དུ་དྲུང་འོད་དཔག་མེད་དུ་བཞུགས་པ་ལ། བཀའ་རྒྱུད་བླ་མས་བསྐོར་བར་གཟིགས། བེལ་ཕུར་བསམ་གཏན་གླིང་དུ་སྒྲུབ་གྲ་བཙུགས་སྟེ་སྒྲུབ་དཔོན་དུ་གྲུབ་ཆེན་པ་བསྐོས། ཨ་འཇང་གིས་གདན་དྲངས་རྫོང་ནག་གི་གནས་གཟིགས་་འབོམ་ཉག་དུ་ཕྱག་ཕབ་ཁྲོམ་ཁྲི་དཔོན་ན་མཁའ་རྒྱལ་མཚན་ཁུ་དབོན་སོགས་ཁྲོམ་གཞུང་གི་བན་བོན་སྐྱ་སེར་ཐམས་ཅད་སྨིན་པར་མཛད། སྦུད་རི་དང་སར་མར་དུ་ཕེབས། འདས་ལོག་པ་ཡོན་མཆོད་ཀྱིས་འབུལ་ཞབས་ཆེར་བྱས། ཁོང་གིས་དང་པོར་དྲུང་ཉིད་སྤྱན་རས་གཟིགས་འཁོར་བ་དོང་སྤྲུགས་དམར་པོ་ཞག་བདུན་མཇལ། ཁྲོམ་སྤྱི་ཐོག་དུ་སྤྱན་རས་གཟིགས་དཀར་པོ། གནས་ནང་དུ་བསྟན་གཙོ་དང་སྤྱན་རས་གཟིགས་གཉིས་སུ་རེ་མོས་ཀྱིས་མཐོང༌། ས་དམར་དུ་ཐུགས་རྗེ་ཆེན་པོར་མཐོང་བའི་མཛོད་པུ་ནས་འོད་ཟེར་ཉི་མ་ལྟ་བུ་བྱུང་བ་ཁོང་རང་ལ་ཐིམ་པས་ཉམས་རྟོགས་བཟང་དུ་སྐྱེས་སྟེ་དད་པའི་ཕུལ་དུ་གྱུར། སྦུད་རིར་ཕེབས། ཕྱག་ནས་མང་དུ་ཟུག་ཞིང་མིག་ཆུང་བ་ལ་ཕྱག་ནས་མཛད་པས་དེ་མ་ཐག་ཆེར་འཕེལ། སྒྲུབ་པ་བ་མང་དུ་བཞག །གྲུབ་ཆེན་པག་ཤིའི་དགེ་བསྙེན་འདམ་ཆེན་ཙོ་རའི་གཡུ་མཚོ་ཁར་ཕེབས་སྒྲུབ་པ་བ་མང་དུ་བཞག །བར་གང་དུ་ཆུ་མིག་ཆུང་བ་ལ་ཕྱག་ནས་མཛད་པས་ཆེར་འཕེལ་འབའ་ཐང་དུ་ཕེབས། འཁྲུག་རྩོད་ཆེན་པོ་རྣམས་ཞི་བར་མཛད། སྨོན་བཟང་བཀའ་བཅུ་བ་དང་སྟག་ཚ་མཁན་པོ་གཉིས་ཀྱིས་སྤྱན་དྲངས། བདེ་ཆེན་གླིང་དུ་སྒྲུབ་གྲ་བཙུགས། རེ་ནེ་སྟོང་དཔོན། སྤྱི་སུམ། གཤེ་འབུམ་སྟོད་སྨད་སོགས་སུ་བྱོན་སྟེ་ལྷ་མི་རྣམས་ཚིམ་པར་མཛད། ལྡེ་ཆུང་སངས་རྒྱས་དང་བྲ་བ་བཀའ་གདམས་པའི་སྒྲུབ་གནས་འབོ་དེ་དགོན་དུ་ཕེབས། སྒྲུབ་གྲ་བཙུགས། མཆོག་རབ་ཏུ་ཕེབས་(པ༡༡༠བ)


PTT001_Page_1088
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་འཁྲུག་རྩོད་རྣམས་ཞི། རས་བུད་མཛད། སྒྲུབ་གྲ་བཙུགས། རུ་ལོན་པ། ངོ་ཁྲོ། འབྲི་ཆུ་བརྒྱུད་པའི་ལྷ་སྡེ་མི་སྡེ་རྣམས་སྨིན་པར་མཛད། རྩང་བར་དུ་སྒྲུབ་སྡེ་བཙུགས། སྦྱོར་དགང་དུ་འབྲུག་ལོའི་ལོ་སར་མཛད། དེར། སྒོ་གསུམ་ཤིང་རྟ་ཚོགས་གཉིས་ལམ་དུ་དྲངས། །ཆོས་ཀྱི་འཁོར་ལོ་ལེགས་སྤྱོད་སྲོལ་འཛིན་པ། །གདུལ་བྱའི་གླིང་དུ་མཛེས་པར་ཕྱིན་པ་ཡི། །ལྷགས་བསམ་དགེ་ལྡན་གཞན་གྱི་སྐྱོན་མི་རྟོག །རང་གི་སྐྱོན་ལ་ལེགས་རྟོག་ཆོས་ལ་དགའ། །འགྲོ་ལ་བརྩེ་ལྡན་རྟག་དུ་ཕན་པར་སྤྱོད། །བློ་ཡི་སྤྱོད་མཁས་ཀུན་དུ་སྤྱོད་མཁས་སྤྱོད། །གཞན་གྱི་ཚེ་ལ་ཕན་འདོགས་འདུལ་བར་མཁས། །ཆེ་ལ་ལེན་མཁས་ཆུང་ལ་དོར་མཁས་ན། །དུས་རྣམས་ཀུན་དུ་ལེགས་པར་འགྱུར་བ་ཡིན། །ཟུངས་ཐུབ་ལེགས་གནས་སྨྲ་བ་ཉུང་བ་དང༌། །རྟག་དུ་ཐར་པར་བརྩོན་པའི་སྟོབས་སྐྱེད་ན། །རྨད་བྱུང་དགེ་ལེགས་དབུས་སུ་མཛེས་པ་ཡིན། །བླ་མའི་ཞབས་བསྙེན་ཆོས་ལ་དད་བརྩོན་ཞིང༌། །འགྲོགས་ལ་ཕན་འདོགས་སྐྱོ་བ་སྤང་བར་དགའ། །སྲིད་ལ་སྐྱོ་ལྡན་རྣམ་མཁྱེན་སྒྲུབ་པར་དད། །ཚེ་རབས་ཀུན་དུ་ལེགས་པར་འགྱུར་བ་ཡིན། །ཞེས་སོགས་རང་གི་རྣམ་པར་ཐར་པ་གསུངས། གྲུབ་ཆེན་པག་ཤིའི་དགེ་བསྙེན་རྒྱལ་འབར་གྱི་ཞོལ་དུ་སྔོན་གྱི་ཆོས་ཁྲི་བྱིན་རླབས་ཅན་འགོང་ཆོས་ཁྲི་ཁར་དགེ་འདུན་རུ་གསུམ་གྱིས་སྤྱན་དྲངས། ཕྱི་ནང་གི་འཁྲུག་རྩོད་རྣམས་ཞི་བར་མཛད། རྨ་ཆུ་རྒྱུད་ཀྱི་ལྷ་སྡེ་མི་སྡེ་རྣམས་ཚིམ་པར་མཛད་ནས་འགྲོ་མགོན་རས་ཆེན་གྱི་སློབ་རྒྱུད་བཅུ་གཉིས་བསྐོར་པས་ཚེམ་ཙི་དགོན་དུ་སྤྱན་དྲངས། ཡང་དགོན་དུ་སྒྲུབ་གྲ་མཛད། དེར་ཕྱག་མཆོད་མཛད་པ་ན་སྨོན་བཟང་བཀའ་བཅུ་པ་བརྩོན་འགྲུས་དཔལ་གྱིས་དྲུང་གི་ཕྱག་མཐིལ་དུ་འོད་གོང་དམར་པོ་འོད་སྣ་ཚོགས་འཕྲོ་བ་ཞིག་མཐོང་བས་བྱིན་རླབས་ཞུགས། གནས་སྒོར་ཕེབས། དབྲ་འདྲུ་གཉིས་ཀྱི་འཁྲུག་ཆེན་བཟླུམས། ཀ་ཀ་རི་ཕུག་བསམ་གྲུབ་གླིང་དུ་དབྱར་བཞུགས་བུག་སྒོ་(པ༡༡༡ན)


PTT001_Page_1089
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། དེའི་ཚེ་ཉིད་ཀྱིས་གསུངས་པ། དབེན་པ་ལས་སྐྱེས་པའི་སྒྲུབ་པ་ནི་ཡོན་ཏན་ཐམས་ཅད་ཀྱིས་གཞི་རྟེན་ཡིན་སྟེ་གྲུབ་པའི་རྟེན་ཡུལ་མཆོག་དུ་གྱུར་པ་ཀམ་པོ་རི་ཁྲོད་ཏུ་བདག་ཡང་དཀོན་མཆོག་ལ་གུས་པ་སྐྱེས་ཅིང་ཡང་དག་འཇོག་དང་ཁ་ཏོན་ལ་བརྩོན་པར་བགྱིས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཅུང་ཟད་ཐོབ་པ་སྙམ་མོ། །བྱང་ཆུབ་སེམས་ཡང་སྐྱེས་ཤིང་ཉོན་མོངས་མགོ་བསྙམས་སོ། །བདག་མེད་པ་ཡང་མངོན་སུམ་དུ་གྱུར་ཏོ། །གཞན་ཡང་ཡོན་ཏན་མངོན་དུ་བགྱིས་སྟེ་དེ་ལྟ་ན་ཡང་འདོད་པ་ཐམས་ཅད་དགེ་བས་འགྲུབ་པས་སེམས་ཅན་གང་འདོད་པས་འཕོངས་པ་རྣམས་དགེ་བའི་ཆོས་འབའ་ཞིག་ལ་འབད་བར་བྱའོ་ཞེས་གསུངས། དེ་ནས་ཤ་འབུ་ཁྲིད་གསུམ་རོང་ཁ་བཞི་སོགས་ཀྱིས་གསོལ་བ་བཏབ། འབྲུག་ལོ་ཟླ་བ་དགུ་པའི་ཚེས་བདུན་ནས་སྒར་བཏེག་ཨ་བཟང་ནང་སོ། འབུའི་མི་སྡེ། གཏོར་མ་སྟོད་སྨད། རྒྱ་ལྡང་བ། ལ་ཡུ་བ། ཁ་བ་དཀར་པོ། ཨེ་ཝཾ་ནང་སོ། འདུར་ནང་སོ། རྟོགས་ལྡན་ཆོས་བཟང་བ་སོགས་ལྷ་སྡེ་མི་སྡེ་རྣམས་ཀྱིས་གུས་པས་མཆོད། ཁ་བ་དཀར་པོར་སྒྲུབ་གྲ་མཛད། སྔགས་སྡེ་རྣམས་ཀྱིས་སྤྱན་དྲངས་ཏེ་ཤ་ཁྲིད་དུ་བྱོན། ཁྲིད་ལྕགས་རར་རས་འབུད་དང་སྦྲུལ་ལོའི་ལོ་སར་མཛད། ཁྲིད་ལྕགས་ར་འདི་ན་རང་བྱུང་བའི་ཐུགས་དམ་རྡོག་པོ་བཙུགས་པ་ལས་སྐྱེས་པའི་བོདྷེ་ཙེ་ཐམས་ཅད་ལས་ཆེས་བཟང་བའང་ཡོད། ཕྱི་ནང་གི་འཁྲུག་རྩོད་རྣམས་ཞི་བར་མཛད། རྡོར་སེང་པ་བཀྲ་ཤིས་ཆོས་འཕེལ་བས་སྤྱན་དྲངས། དེར་དབུས་པ་བླ་མའི་རྨི་ལམ་དུ་དྲངས་ནས། ཕྱག་རྒྱ་ཆེ་ལ་སྐྱེ་འགག་འགྲོ་འོང་མེད། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །ཞེས་གསུངས་དེ་ཕྱིན་ཆད་མཉམ་རྗེས་ཀྱི་དབྱེ་བ་ཟད་སྐད། འབུལ་ཆེན་གྱི་ཚེ་ངོ་མཚར་མང་ཞིང་འདིར་ཡང་ཕྱག་ནས་ཟུག་པ་དང་ཆུ་མིག་འཕེལ་བ་སོགས་མང་དུ་བྱུང༌། ཡོམ་པོ། ཡང་སྡེ་རྫ་ཁོལ་བ་རྣམས་ཀྱིས་འདོབ་ཏུ་(པ༡༡༡བ)


PTT001_Page_1090
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་དྲངས། འདོབ་སྣར་གྱི་འཁྲུག་རྩོད་ཞི། སྣར་བོར་མཆོད་རྟེན་ལ་རབ་གནས་མཛད་ཚེ་ན་མཁའ་འཇའ་འོད་ཀྱིས་ཁྱབ་པའི་འཇའ་འབྲུག་དང་སེང་གེ་སོགས་ཀྱི་དབྱིབས་སྣ་ཚོགས་པ་བྱུང༌། རྗེ་དུས་མཁྱེན་གྱི་སྒྲུབ་གནས་སྤང་ཕུག་དུ་སྐུ་འདྲ་གསུང་བྱོན་ལ་མཆོད། དེར་དབྱར་བཞུགས་མཛད། ཟླ་བ་གསུམ་འདག་སྦྱར་ལ་བཞུགས། དེར་འཇང་ས་ཐམ་རྒྱལ་པོའི་འབུལ་ཞབས་རྒྱ་ཆེར་སླེབས། ཡང་རྒྱ་ནག་ནས་གོང་མ་རྒྱལ་པོ་ཆེན་པོ་ཆིང་ཧྭའི་ལུང་དབུ་ཞྭ་ཞྭ་ནག་ཁྱད་པར་ཅན་དང་མུ་ཏིག་གི་སྣམ་སྦྱར། ཡོལ་བ་བླ་རེས་སོགས་མཆོད་རྫས་བསམ་གིས་མི་ཁྱབ་པ་དང་གསེར་བྲེ་ཆེན་གོས་དར་ཁྲི་ཕྲག་སོགས་ཀྱི་འབུལ་བ་རྒྱ་ཆེན་ཀོན་ཏིང་གོའི་ཤྲི་བསོད་ནམས་རྒྱ་མཚོ་དང༌། དུ་གང་བཀྲ་ཤིས་བཟང་པོ། གསོལ་ཇ་བ་འོད་ཟེར་རྒྱ་མཚོ། ཉི་མ་འོད་ཟེར་རྣམས་ཀྱིས་ཕུལ་ཞིང་གོང་མ་སྐུ་ཚེ་བརྟན་པའི་སྨོན་ལམ་གྱི་རྒྱུན་མཛད། པུམ་འབོར་སྒང་ཆེན་དུ་ཕྱགས་ཕེབས། ས་སྟོད་དུ་དགེ་འདུན་དཔག་མེད་ལ་ཆོས་གསུང་དུས་ངོ་མཚར་གྱི་ལྟས་མང༌། ཁང་དཀར་དགོན་སར། ལི་ཐང་ཆོས་འཁོར་གླིང་རྣམས་སུ་ཕྱགས་ཕེབས། དེ་རྣམས་སུ་པོ་ཏི་བསྡམས་པའི་ནང་དུའང་ཕྱག་ནས་མང་དུ་ཕྱིན། གོང་དུ་གསེར་ཡིག་པ་རྣམས་བརྫངས། སྤྱིར་གདན་ས་འོག་མ་གནས་སྒོའི་གྲ་སློབ་ཡོན་བདག་གི་གཙོ་བོ་པུམ་འབོར་སྒང་ཆེ་ཆུང་གཉིས། སྒང་ཆུང་ལ་རོང་ཁ་བཞི་རུ་ཡོན་གཉིས། སྨ་ཆུ་རྒྱུད། བཤལ་ཆུ་རྒྱུད། འདོབ་རྫ་ལ་རོང༌། འབའ་ཐང་སོགས་དང༌། དབྲ། འདྲུ། བཞག །ལི་ཐང་སོགས་པུམ་འབོར་སྒང་ཆེན་དང༌། ཁྱད་པར་རྗེ་དུས་མཁྱེན་གྱི་ཉེ་གནས་འདོབ་བྱང་ཆུབ་འོད་ཀྱི་སློབ་རྒྱུད་སྲི་དཀར་བ། འཕེལ་རྐང་པ། རྫལ་གངས་དཀར་བ་སོགས་དང༌། ལྡེ་ཆུང་སངས་རྒྱས་དང་རྗེ་ཀརྨ་པག་ཤིའི་སློབ་མ་ཁིང་ཆེན་ལ་སློབ་མ་ཁིང་ཆུང༌། འབུ་ཆུང༌། བྱུར་ཆུང་གསུམ་ལས། ཁིང་ཆུང་གི་སློབ་རྒྱུད་བཀྲ་ཤིས་ཆོས་འཕེལ་སྒང་པ་རྫ་ལ་རོང་གངས་དཀར་བ་རྣམས་དང༌། ཁིང་ཡེ་(པ༡༡༢ན)


PTT001_Page_1091
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སེང་གེའི་དཔོན་སློབ། ཡོམ་བོ་བ། ཁིང་ལྕགས་རི་བ་སོགས་ཤལ་ཆུང་བརྒྱུད་པ་དང༌། འབུ་ཆུང་གི་དཔོན་སློབ་ཚལ་རོག་པ་དང་ཙང་བར་པ་སོགས་རུ་དྲང་བ་རྣམས་དང༌། བྱུར་ཆུང་གི་སློབ་རྒྱུད་མཆོག་རབ་པ་དང་རུ་ཡོད་པ་རྣམས་དང༌། འགྲོ་མགོན་རས་ཆེན་གྱི་སློབ་རྒྱུད་བཅུ་གཉིས་སྐོར་གྱི་སྔགས་སྡེ་ཆེན་པོ་རྣམས་ལ་རུ་ཡོན་ནས་ཙང་ཞེར་གྱི་གྲ་ལན། འབྲི་ཆུ་རྒྱུད་ཁྲོམ་བེར་གྱི་གསང་ཐུན། རུ་དྲང་ནས་དགེ་དོག་གི་སྤྲ་ལེབ། མ་ཞིའི་ཙཎྜ། ཤལ་ཆུ་བརྒྱུད་ནས་ཤ་ལ་སྟ་གོར་གྱི་སྔགས་སྡེ། ཁིང་བན་གྱི་བཅུ་དཔུན། རག་པོའི་མདོ་སྔགས། ཏོང་མའི་རྒྱ་དཔུན། ནགས་སྐ་རགས་ཀྱི་བཅུ་བཞི་དཔུན་མགོ་སྔོན་གྱི་གྲ་ཆུང༌། རྫལ་གངས་དཀར་གྱི་སྔགས་སྡེ། འདོབ་ས་ནག་གི་སུམ་བཅུ་དཔུན་སོགས་སྔགས་གྲ་ཆེན་པོ་ད་ལྟའང་གཤིན་རྗེ་དང་མ་མགོན་ལ་བསྙེན་སྒྲུབ་ས་ཉལ་མ་ལོ་བཅུ་གཉིས་ལས་མི་ཉུང་བ་བྱེད་པ་ཆེས་མང་བ་ཡོད་པ་རྣམས་དང༌། གདན་ས་གནས་སྒོའི་གནང་སོ་བཅུ་གཉིས། དེ་མོ་བ། སྟག་ཚ་བ། བདེ་ཚ་བ། བཤེས་པ་མཁན་པོ་སྟེ་མཁན་པོ་བཞིའི་སློབ་རྒྱུད་དང༌། གནས་ཆེན་སྤུང་རི། འདམ་ཆེན་ཙོར། དགེ་བསྙེན་བྱང་ཆུབ་ཆོས་དགེ་འབོ་ཏ། སྤང་ཁྲ། དབྲལ་གྱི་གངས་དཀར་མཆེད་གསུམ། དཔལ་སྤང་ཕུག་རྣམས་སུ་ཞབས་ཀྱིས་བཅགས། སླར་ཀརྨ་སི་དྷུ་པས་ཞུས་ཏེ་ཟླ་བ་བཅུ་པའི་ནང་དུ་ཀརྨའི་ཕྱོགས་ལ་ཕྱག་བཏེག །ཨཱརྻ་གླིང་པ་བླ་མ་ཐར་དཔལ་གྱིས་སྤྱན་དྲངས་པས་ལམ་ཞག་བར་ནས་མཛད། མཚོ་ཁར་ཕེབས། རས་འབུད་དང་རྟ་ལོའི་ལོ་སར་མཛད། གཞལ་སར་རྙིང་གི་འཁྲུག་རྩོད་བསྡུམས། ཁྲོམ་སྤྱི་ཐོག་དུ་པ་ཕེབས། ཁྲོམ་ཁྲི་དཔོན་ཁུ་དཔོན་སོགས་ཁྲོམ་གཞུང་གི་སྐྱེ་བོ་ཐམས་ཅད་དང་ཀ་ཐོག་པ་ཡོན་མཆོད་གྱིས་དད་པས་མཆོད། སྦྲུལ་ལྕེ་རྣམ་རྒྱལ་སྟེང༌། རི་མགོ་བཀྲ་ཤིས་རྣམ་རྒྱལ་གྱི་ཆོས་རྫོང༌། སྟག་མགོ་བྱང་ཆུབ་གླིང་རྣམས་སུ་བྱོན། དེར་སྒྲུབ་སྡེ་མཛད། དྲིའི་ཇོ་ལྷ་ནང་དུ་(པ༡༡༢བ)


PTT001_Page_1092
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུ་ཞྭ་དམར་པ་བཞི་པ་དང་གླིང་ཙན་ཤིན་ཝང་གིས་མཇལ་དུས་ངོ་མཚར་བའི་ལྟས་མང༌། ཤུག་རི་ཐང་དུ་ཕེབས། ཆིབས་པ་ལྷུན་གྲུབ་འདས་པའི་སོ་ལ་དུང་དཀར་མཆིན་པ་དང་རུས་པ་ཐམས་ཅད་རིང་སྲེལ་དུ་སོང་ཞིང་ཨ་དཀར་པོ་མང་དུ་བྱོན། འཇའ་འོད་ཀྱིས་ཐམས་ཅད་ཁྱབ། རི་ཆེན་དུ་གདན་དྲངས་ཏེ་འབུལ་ཞབས་ཀྱིས་མཆོད། བྲག་རྒྱ་དགོན་དུ་ཕྱག་ནས་མཛད། སླར་ཀྲེ་ཤོད་དུ་ཕེབས། རྗེ་དུས་མཁྱེན་གྱི་སྒྲུབ་གནས་ལྷ་མོ་ཕུག་དུ་ལྷ་མོའི་ཕོ་བྲང་ཐོད་པ་སྐམ་རློན་གྱི་གུར་དང་བཅས་པ་གཟིགས་སྟེ་བསྟོད་བསྐུལ་མཛད། དེ་ནས་གླིང་ཙན་ཤིན་ཝང་གིས་སྤྱན་དྲངས། དེ་ལ་ལུང་ཐང་བརྒྱད་དུ་ཕེབས། མཆེད་ཡ་དང་སྲས་པོ་ཕུལ། བདག་པོའི་ཐང་སྐུ་ལ་ཕྱག་ནས་མང་དུ་ཟུག །གླིང་བར་ཚང་གི་དུ་སི་ཏིང་འཛིན་ཡེ་ཤེས་ཀྱིས་གདན་ས་ལུང་ཁར་སྤྱན་དྲངས། དབོན་པོ་ཏིང་འཛིན་འོད་ཟེར་དང་ཏིང་འཛིན་གྲགས་པ་གཉིས་ཕྱག་ཕྱིར་ཕུལ། ཆོས་སྡེ་བཏབ། ཁང་དམར་དང་འདན་ཙན་ལྷ་ཁང་དུ་བྱོན། ཁྲི་དཔོན་འོད་ཟེར་རྒྱལ་མཚན་གྱིས་དབོན་རྣམ་རྒྱལ་གྲགས་པ་ཕུལ། ཉི་ལྡན་སྟེང་དུ་ཆོས་སྡེ་བཏབ། མཚོ་བཤིས་སུ་མཚུར་ཕུ་རིན་པོ་ཆེ་གདན་འདྲེན་ལ་ཕེབས། ཟུར་མང་དུ་ཕེབས་སྟེ་བདེ་ཆེན་རྩེར་སྒྲུབ་སྡེ་མཛད། རས་འབུད་དང༌། ལུག་ལོའི་ལོ་སར་མཛད་ནས་ཀརྨར་ཕེབས། དགའ་བྱེད་སྒང་དུ་དབྱར་བཞུགས་བུག་སྒོ་མཛད། མགོན་པོ་བེར་ནག་ཅན་ཡང་ཡང་གཟིགས་ནས་ཤིན་དུ་ཁྲོས་པ་གདོང་པ་གསུམ་པ་ཆེས་པའི་ཞལ་གཟིགས་ལྟར་གྱི་ཆག་ཚད་དང་བསྟོད་བསྐུལ་མཛད། པར་ཁར་ཕེབས། སྒོམ་སྡེ་ནང་ཡ་གཉིས་ཀྱི་འདུན་མ་སོགས་འདི་ཕྱིར་དོན་མཛད། སྨ་རི་དྭགས་སུ་བཞུགས་དུས་དགུན་སྒང་ཆེན་ལ་མེ་ཏོག་གི་སྡོང་པོ་གཅིག་ལ་མེ་ཏོག་ཁ་བྱེ་བ་བདུན་ཡོད་པ། མེ་ཏོག་རེ་རེ་ཡང་གེ་སར་སེར་པོ་འདབ་མ་ཨུཏྤལ་ལྟར་སྔོ་བ་བཅུ་གསུམ་རེ་ཡོད་པ་སྐྱེས་སྟེ་ངོ་མཚར་དུ་རྒྱུར། ལྷོ་རྫོང་སར་དུ་ཕེབས། ནང་སོ་གྲགས་པ་རྒྱལ་མཚན་པས་མཆོད། བླ་མ་འོད་ཟེར་བཟང་པོ་དང་དཔོན་རིན་ཆེན་(པ༡༡༣ན)


PTT001_Page_1093
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོས་ལྷ་སྟེང་སུ་སྤྱན་དྲངས། དེར་རས་འབུད་དང་སྤྲེ་ལོའི་ལོ་སར་མཛད། ཀོང་པོ་ནས་བླ་མ་དཔལ་འབྱོར་དང་ཡོན་བདག་སེང་གེས་རྩེ་ལྷ་སྒང་གི་རྟེན་གསུམ་ཉམས་པ་རྣམས་བསོས་ནས་ཕྱག་ནས་གནང་བར་ཞུས། དུས་ཚོད་བསྒྲིགས་སྟེ་ཁྲོམ་ཆེན་པོ་ཚོགས་པའི་སང་ཉིན་ཉི་མ་ཤར་དྲོས་ཙམ་ལ་ཕྱག་ནས་གནང་བས་ཁྲོམ་གསེབ་ཏུའང་འབྲུ་སྣ་ཚོགས་པ་ཆར་ལྟར་བྱུང༌། ནང་གི་རྟེན་རྣམས་ལ་མང་དུ་ཟུག །ལྷོ་སྟོད་དུ་ཕེབས། བཞེར་ཡུལ། བཤིས་ཤོད། རྫ་དགོན། དཔལ་འབར་རྣམས་སུ་ཞབས་ཀྱི་བཅགས། བདུད་རྩི་ཕུག །གད་འོམ། སྒོ་ཤར། རི་དཀར་དགོན། དཔལ་འབར་རྣམས་ཀྱི་སོ་སོའི་ལྷ་ཁང་སར་རྙིང་ལ་ཕྱག་ནས་ཟུག །དེ་ནས་རི་བོ་ཆེ་དང་ངོམ་རྣམ་རྒྱལ་སྒང་བརྒྱུད། ཀར་ཏི་ཕུག་དུ་རས་བུད་མཛད། རེལ་ནེ་སྟོང་དཔོན་གྱིས་སྤྱན་དྲངས་པའི་ལམ་དང་རྫ་པ་སྟོང་དཔོན་ནོར་བུས་སྤྱན་དྲངས་ཏེ་སབ་མདོར་ཕེབས། བྱ་ལོའི་ལོ་སར་མཛད། སྐྱོ་མདར་སྤྱན་དྲངས། སྡེ་དཔོན་མ་ལག་དང་བཅས་པ་ཕུལ། དབུས་པོ་དང་རྔོད་ཤོད་བརྒྱུད། ཀུ་དོར་དགོན་པ་དང་ལ་པ་མཁན་པོ་གྲགས་རྒྱལ་བ་སོགས་ཀྱིས་མཆོད། གཙུག་ལག་གཞུང་གསུམ་གྱི་སྐྱེས་བོ་རྣམས་བཏུལ། འོར་དུ་བྱམས་ཆེན་འཇལ་ཞིང་མཆོད་པ་ཆེར་མཛད། ལ་པ་དང་རྡོར་འབི་དཔོན་གཡོག་གིས་བྱམས་ཆེན་ཆོས་འཁོར་གྱི་སྡེ་དགོན་བཏབ། གཞོན་ནུ་དཔལ་བླ་མ་ལ་བསྐོས། འཚམས་ན་མོ་ཆེ་བརྒྱུད། རེལ་ནེ་རྒྱལ་དགོན་དུ་ཕེབས། སྟོང་དཔོན་སོགས་ཀྱིས་མཆོད། འཁྲུག་རྩོད་རྣམས་ཞི། དེར་སྐྱེས་རབས་བརྒྱ་རྩའི་དོན་བསྡུས་མཛད་ཚེ་མེ་ཏོག་གི་ཆར་ཆེར་བྱུང༌། དབྲ་རེ་དགེ་ཆོས་བརྩོན་གྱི་དབོན་རྒྱུན་དང༌། རྗེ་རོལ་པའི་རྡོ་རྗེའི་སློབ་མ་རྫོགས་ཆེན་པ་ཆེ་ཆུང་གི་སློབ་རྒྱུད་དཔལ་རི་དགོན་གསོ་རེ་ཀེ། ཆུ་རྒྱུད་པ་སོགས་ཀྱིས་གང་སྟེང་དུ་སྤྱན་དྲངས། སྨར་ཁམས་མདོ་དྲུག་པས་དྲུང་མཐོང་བ་དོན་ལྡན་གྱི་ཕྱག་ཞབས་ཀྱི་རྗེས་ངོ་མཚར་ཅན་གཟིགས་འབུལ་བར་ཁྱེར་སྟེ་གཟིགས། འཁྲུག་རྩོད་(པ༡༡༣བ)


PTT001_Page_1094
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་འཇགས། སླར་རེ་ནེ་ནས་རྗེ་དུས་མཁྱེན་གྱི་ཡོན་ཏན་གྱི་གདན་ས་འཕར་དགོན་དུ་ཕེབས། སྐུ་འབུམ་སོགས་མཆོད། དངུལ་དཀར་བཀྲ་ཤིས་ཕུན་ཚོགས་ཀྱི་དགོན་པ་བཏབ་སྟེ་བརྩོན་འགྲུས་དཔལ་བསྐོས། སློབ་དཔོན་པདྨའི་སྒྲུབ་གནས་རྡོ་རྗེ་གྲོ་ལོད་དུ་ཕེབས། དྲི་བཟང་གིས་ཡུལ་གང༌། སྒོ་སྟོད། འབོམ་མཚོ་ཁ། ཁྲ་ཙོང་དགོན། འབོས་དི་རྣམས་སུ་བྱོན། འཁྲུག་རྩོད་རྣམས་ཞི་བར་མཛད། རྫལ་སྒང་ཀོ་ལེ་རྒྱལ་མོའི་ཞོལ་དུ་ཕེབས། ཁ་བ་དཀར་པོའི་གནས་བསྟོད་མཛད། རང་བྱོན་ལས་རྒྱ་ཟ་ཀོང་ཇོས་གསལ་བར་བཞེངས་པའི་རྣམ་སྣང་ཉེ་བའི་སྲས་བརྒྱད་དང་བཅས་པ་ལ་མཆོད་པ་ཆེར་མཛད། དཔོན་བསོད་ནམས་ཀྱིས་དྷེ་ཝན་དུ་སྤྱན་དྲངས་ཤིང་མཆོད། བྲ་པ་བཀའ་གདམས་པའི་དགོན་པ་འདུ་ལོང་དགོན་དུ་ཕེབས། དགོན་པ་སར་དུ་ཡང་མཛད་སྟེ་སྨོན་བཟང་བཀའ་བཅུ་པ་བསྐོས། གནས་བསྟོད་ཀྱང་མཛད། ཕྱི་ནང་གི་འཁྲུག་རྩོད་རྣམས་གཞིལ། རེ་འབུར་དང་དམར་བཤིས་དཔལ་འབར་དགོན་གསེར་ཁ་རྣམས་སུ་ཕེབས། འབུག་རྫོང་ནས་ཕྱག་ནས་མཛད་པས་བཀའ་བཞི་པའི་ལྷ་ཁང་དང་ཚོང་དཔོན་ཚུལ་རྒྱན་གྱི་ལྷ་ཁང་དུ་ཕྱིན། ཀརྨར་ཕེབས་སྟེ་ལྷ་ཆེན་བཞེངས། རབ་གནས་ཀྱི་དུས་ངོ་མཚར་བའི་ལྟས་བྱུང༌། དབུས་ཕྱོགས་སུ་ཕྱག་བཏེག་ཕེབས་པའི་ལམ་འདམ་དུ་རྒྱལ་ཆེན་བཅོ་བརྒྱད་སྔུན་བསུར་བྱུང་བ་གཟིགས། འབབ་རོམ་པ་ཆེན་པོའི་ཞབས་རྗེས་སྔོན་མ་མཐོང་བ་གསལ་བར་བསྟན། འདམ་གཞུང་དུ་ཡོར་དགོན་བཏབ་པའི་རྨང་བཞག་ཉིན་དགུ་ན་འབྲུག་གི་སྒྲ་དང་མེ་ཏོག་གི་ཆར་བྱུང༌། དེར་སྐུ་མཚམས་ལ་བཞུགས་པ་ན་ཡང་དགུན་ཆར་འབབ་པ་དང་ཆོས་གསུང་བའི་ཉིན་ཞིག་ཆོས་གྲར་ནས་ཀྱི་ཆར་བྱུང༌། ཆུ་མིག་སར་དུ་བརྡོལ། དེ་ནས་མཚུར་ཕུར་ཕེབས་སྟེ་ལྷ་ཆེན་ཛམ་གླིང་རྒྱན་ས་གཡོས་ཀྱིས་ཅུང་ཟད་གནོད་པའི་ཞིག་གསོ་དང་རབ་གནས་མཛད་ཚེ་བསྟན་པའི་བདག་པོ་དངོས་འཁོར་བཅས་ཐིམ་པར་གཟིགས། གོང་མ་རྒྱལ་པོའི་གསེར་ཡིག་པ་ཆེ་ན་ཤྲི་དུ་གང་སོགས་ཀྱིས་(པ༡༡༤ན)


PTT001_Page_1095
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་འབུལ་ཞབས་དཔག་མེད་ཕུལ། ལྷ་སར་ཕྱག་བསྐྱོད་སྟེ་དགེ་བོན་ཁར་སྣེའུ་རྫོང་པ་སྐུ་མཆེད་དཔོན་གཡོག་གིས་ལྷའི་འབྱོར་པ་ལྟ་བུས་བསུ་བ་དང་བཅས་སྟེ་ལྷ་སར་ཕེབས། བཅོ་ལྔའི་ཉིན་ཇོ་བོ་རིན་པོ་ཆེ་ལ་མུ་ཏིག་གི་སྣམ་སྦྱར། ཇོ་བོ་མི་བསྐྱོད་རྡོ་རྗེ་ལ་སྣམ་སྦྱར་གསེར་མ་སོགས་མཆོད་སྤྲིན་མཐའ་ཡས་པ་དང་སྨོན་ལམ་མཛད་ཚེ་ངོ་མཚར་གྱི་ལྟས་མང༌། རིམ་པས་བྱང་གི་ཕྱོགས་ཐང་ལྷའི་ཞོལ་དུ་བཞུགས། ཆོས་འཁོར་མང་དུ་བསྐོར། སྣེབ་ལུང་དགོན་ཕུལ་ཞིང་རབ་གནས་མཛད་པས་འཕེལ། འདམ་ཅོག་ཙེ་ལ་ཁ་ནས་གོང་དུ་གསེར་ཡིག་པ་རྣམས་མངགས། གནམ་མཚོའི་དོ་བསྐོར་མཛད་སྟེ་བཀྲ་ཤིས་དོ་བོ་ཆེར་བཀའ་རྒྱུད་ཀྱི་བླ་མ་ཐམས་ཅད་གཟིགས། ར་སྒྲེང་དུ་ཇོ་བོ་ཡབ་སྲས་གཟིགས། དགོན་པ་གོང་གི་གདན་ས་པས་དགོན་པ་གོང་དབང་བའི་བསྐོར་ལམ་ཡན་ཆད་ཕུལ་སྟེ་བསྐོས་ཇ་གནང༌། ཡང་དགོན་གྱི་སྒྲུབ་སྡེ་མཛད། ར་སྒྲེང་གི་བཀའ་སྲུང་ལངྐ་མགྲིན་བཅུ་གཟིགས། ཇོ་མོ་གངས་སུ་ཕེབས་པར་དགོངས། གསིལ་སྣར་ཇོ་མོ་གངས་དཀར་མས་བསུ་བར་གཟིགས། འབྲོང་བུ་དགོན་རྙིང་དུ་སྔགས་པ་ཅིག་གི་ཐང་སྐུ་ལ་ཕྱག་ནས་གནང་བས་ཕྱག་ནས་ལ་རིང་སྲེལ་མང་དུ་བྱུང༌། ལྷ་ཕུ་གངས་རར་ཕེབས། གསེར་འབུམ་ཕུག་དུ་རེ་ཞིག་དབེན་པ་མཛད། ཐར་འདོད་མང་པོ་སྨིན་གྲོལ་དུ་གྱུར། ཆོས་འབྱུང་སྟེང་གི་གནས་སྒོ་ཕྱེ། གྱང་གཉེར་གྱིས་གདན་དྲངས་ཏེ་དགེ་བ་ལ་བཀོད། ཡོ་ཅག་མཚོ་སྨན་སྦྲུལ་གྱིས་བརྒྱན་པས་མཆོད། རྒྱ་ཚོར་སྤྱན་དྲངས་ཏེ་ལྷ་ཁང་ལ་ཕྱག་ནས་མཛད་པས་བར་སྣང་ལ་ཕྱག་ནས་ཟླ་བ་དུ་མར་ཆགས། ཐག་རིང་པོ་ནས་སྟག་སྣའི་རྫོང་ནང་དུ་ཕྱག་ནས་ཕྱིན། འོ་ཡོག་དུ་དྲུང་ཞྭ་དམར་བ་སོགས་ཚོགས་པ་རྒྱ་མཚོ་ལ་མདོ་སྡེ་ལས་བརྒྱ་བ་སོགས་གནང༌། དེའི་ཚེ་སྤྱན་སྔ་ཚེས་གཉིས་པ་སྣེ་གདོང་གི་ཁྲི་ཐོག་མཛད་པས་སྤྱན་འདྲེན་བརྒྱུད་མར་སླེབས། ཟ་བུ་ལུང་དུ་གཏེར་ལུང་རྣམས་གཟིགས་པ་ན་གཏེར་དང་གཏེར་བདག་རྣམས་ཇི་ལྟ་བར་གཟིགས། རྡོ་རིལ་ཆུང་ངུའི་སྟེང་དུ་ཆེན་པོ་བརྩེགས་པ་ཅིག་དང་བྲག་ལ་སློབ་དཔོན་(པ༡༡༤བ)


PTT001_Page_1096
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་སྐུ་རང་བྱུང་སྔོན་མ་མཐོང་བ་བསྟན། ཤངས་ཀྱི་བྱང་ལམ་བརྒྱུད་སྟེ་གཞུ་གྲུ་བཞི་དང་མཚུར་ཕུར་ཕེབས། མཚུར་ཕུར་མདོ་སྔགས་ཀྱི་བཤད་གྲྭ་བཙུགས་སྟེ་ངོ་ཁྲོ་རབ་འབྱམ་པ་དབང་ཕྱུག་དཔལ་བླ་མར་བསྐོས། འབྲི་ཁུང་པས་དབུར་སྟོད་དུ་ཕེབས་པར་ཞུས་སྟེ་ཁྲ་བ་ཁར་ཕེབས། ཆོས་རྗེ་རིན་པོ་ཆེ་སྐུ་མཆེད་ཀྱིས་མཇལ་ནས་མཆོད་སྤྲིན་ཆེར་མཛད། བཀའ་རྒྱུད་ཀྱི་ཆོས་སྐོར་མང་དུ་གནང་བས་ཐུགས་ཚིམ། ཁྲ་བ་ཁ་དགོན་མ་ལག་དཀར་ལེབ་རྫོང་བྲམ་སོགས་ཀྱི་བདག་རྐྱེན་ཞུས་སྟེ་སྒྲུབ་སྡེ་བཙུགས་པ་ད་དུང་དུ་དར། རོང་པོ་དང་མཐའ་བཞི་སོགས་ཀྱིས་རིམ་པས་སྤྱན་དྲངས་ཏེ་བྱང་གི་རྒྱུད་ཅོག་ཙེ་ལའི་བར་དུ་ཕེབས། མདོ་ཁམས་པའི་སྤྱན་འདྲེན་ཡང་མང༌། དེར་དྲུང་ཞྭ་དམར་བ་དཔོན་སློབ་རྣམས་སྣེ་གདོང་དུ་ནན་གྱིས་སྤྱན་འདྲེན་པར་ཕེབས། ཇ་འདྲེན་འབུལ་ནོད་རྒྱ་ཆེར་མཛད། གདན་འདྲེན་པ་སྐུ་ངོ་ཆེ་བ་མ་བཟློག་ནས་ཞལ་གྱིས་བཞེས། ཆིབས་ཁ་རིམ་གྱིས་ལྷ་ས་ནས་བརྒྱུད། སྙེ་ཐང་འོར་དུ་ཇོ་བོའི་གསོལ་ལྷུང་དང་ལུང་བསྟན་སྒྲོལ་མ་སོགས་གཟིགས་ཚེ་ཇོ་བོ་དང་བྱང་སེམས་དུ་མ་བྱོན། འུ་ཤང་རྡོར་མངའ་བདག་ཁྲི་རལ་གྱི་སྔོན་གནས་དྲན། གཞུང་སྤྲེ་ཞིང་དུ་རྗེ་མར་པའི་གདུང་ཁང་རིན་པོ་ཆེ་མཇལ་བ་ན་རྗེ་མར་མི་དང་རྔོག་པ་ཡབ་སྲས་རྣམས་དངོས་སུ་གཟིགས། ཡར་རྒྱབ་པ་དཔོན་ཆེན་རིན་ཆེན་བཟང་པོ་ཡབ་ཡུམ་གྱིས་ལྷའི་བཀོད་པ་ལྟ་བུའི་བདུན་བསུས་དོལ་དུ་སྤྱན་དྲངས་ཤིང་བྱམས་གླིང་པ་བསོད་ནམས་རྣམ་རྒྱལ་དང་ལོ་ཆེན་བསོད་ནམས་རྒྱ་མཚོ་སོགས་ཀྱིས་མཇལ། དེར་སྣེ་གདོང་རྩེ་ནས་ཇ་འདྲེན་ཐུང་བ་སླེབས། དེ་ནས་སྣེ་གདོང་རྩེར་བཏེག་པའི་ལམ་སྐྱིད་བདེ་ཕུག་དུ་སྤྱན་སྔ་ཆོས་ཀྱི་རྒྱལ་པོ་ལུགས་གཉིས་ཀྱིས་འཁོར་དང་བཅས་པ་འཁོར་ལོས་བསྒྱུར་བ་ལྟ་བུའི་འབྱོར་པས་མདུན་བསུ་དང་ཐབ་འཛིན་ལ་ཕེབས། ཞབས་ལ་སྤྱི་བོས་གཏུགས་པའི་དད་པ་གཏིང་ཕྱིན་པ་མཛད། ཟླ་གཅིག་ལྷག་ཙམ་དུ་སྣེ་གདོང་རྩེར་བཞུགས། མདོ་སྡེ་དུ་མའི་ལུང་ཆོས་དྲུག་གི་ཁྲིད་སོགས་ཀྱིས་སྨིན་གྲོལ་མཛད་ཅིང་(པ༡༡༥ན)


PTT001_Page_1097
[མ་དཔེ་གཟིགས་ན་འདིར་གནོན།]

རྩེས་དང་དུ་སྤྱན་དྲངས་ཉིན་འཇའ་འོད་དང་མེ་ཏོག་གིས་སྐྱེ་བོ་ཐམས་ཅད་ཡིད་འགྱུར་ཚོགས་ཆོས་སུ་ཕྱག་རྒྱ་ཆེན་པོ་ལྔ་ལྡན་གནང་བས་ཐམས་ཅད་མི་ཕྱེད་པར་དད། སྤྱན་སྔ་རིན་པོ་ཆེ་ལུགས་གཉིས་ཀྱི་དྲུང་སྐོར་ཆེན་པོས་བསྐོར་བ་སྟོང་ཕྲག་ལྷག་པས་ཞབས་སྐྱེལ་ཁྲ་འབྲུག་གི་བར་མཛད་སྟེ་དེར་གནས་མཇལ་བ་ན་སྔོན་རྒྱལ་བློན་གྱི་སྔོན་གནས་དུ་མ་དྲན། མཆོང་རྒྱས་སྟག་རྩེར་ཕེབས། དགོན་རི་བོ་བདེ་ཆེན་ནས་ཕྱག་ནས་མཛད་པ་སྟག་རྩེའི་རྫོང་ནང་དུ་ཕེབས། ལྷག་བསམ་སྡེ་བས་སྤྱན་དྲངས་ཏེ་འབུལ་ཞབས་ཀྱིས་མཆོད། ཤམྦུའི་གངས་ལ་རེ་ཞིག་དབེན་པ་མཛད། བྱ་བ་ཁྲིད་དཔོན་གི་བ་གཡེ་གཉལ་དུ་སྤྱན་དྲངས། ཁྲི་དཔོན་པ་དཔོན་གཡོག་ཡ་རྩེར་སྤྱན་འདྲེན་ལ་སླེབས། ཡར་སྟོད་པ་དང་བྱ་བའི་དུམས་ཆེན་ཞག་གསུམ་གྱི་ནང་དུ་ཐིངས། གཉལ་ལོར་བྱར་གསུམ་གྱི་གཙུག་ཁང་ཡོད་ཏོ་འཚལ་གྱི་འཕྱམས་སྐུ་དར་སེང་གདུགས་རོལ་ཆ་སོགས་བསྡུས། སྡེ་དྲུག་ལ་སོགས་པའི་དགེ་འདུན་བསྡུས་པའི་བསུ་བའི་བཀོད་ཆེན་ས་གཞི་ཁེབས་པས་སྔུན་བསུས་སྟེ་ཆོས་རྒྱལ་ལྷུན་པོར་ཕེབས། ཟླ་ཕྱེད་རེ་ན་འབུལ་ཆེན་ལན་རེ། སྤྱིར་ཐོག་མཐའ་བར་གསུམ་དུ་ཚད་ལས་འདས་པའི་འབུལ་ཆེན་གསུམ་བྱས་པའི་དང་པོ་ལ་ཆོས་འཁོར་ལྷུན་པོའི་དགོན་སྡེས་ཐོག་དྲངས་གཡེ་རོང་དང་མོན་ཤལ་མོ་ཚུན་བྱ་བའི་མངའ་ཞབས་ན་གཏོགས་ཚད་ཀྱི་དགོན་སྡེ་གཉལ་སྡེ་དྲུག་བྱར་ཆོས་སྡེ་ལྷོ་སྡེ་ལྷོ་རི་སྨད་ལྷོ་བྲག་མཁར་ཆུ་ལྷ་ཁང་སོགས་ཆེ་ཕྲན་ཐམས་ཅད་ཡི་གེར་བཀོད་སྟེ་ལྷ་སྡེ་ཐམས་ཅད་ཕུལ། བར་པ་ལ་ཁྲི་དཔོན་པའི་སྲས་ཆོས་རྒྱལ་ནོར་བུ་དང་བཀྲ་ཤིས་རྣམ་རྒྱལ་སྐུ་མཆེད་དབུ་སྐྲ་ཕུལ་ནས་མངའ་ཞབས་ན་ཡོད་ཏོ་ཅོག་གི་སྐྱེ་འགྲོ་ཐམས་ཅད་ཕུལ། གསུམ་པ་ལ་གཞིས་ཀ་ཆོས་རྒྱལ་ལྷུན་པོས་གཙོས་ནས་ཤེལ་མཁར། སྡོང་ཆེན་ཡང་རྩེ། ཤར་གཞིས་ཀ་སོགས་ཁོང་རང་དབང་བའི་རྫོང་གཞིས་མངའ་ཞབས་དང་བཅས་པ་ཕུལ། འདི་རེ་རེ་དང་ཟླ་ཕྱེད་ཀྱི་འབུལ་ཆེན་རེ་རེ་ལའང་ཟང་ཟིང་གི་དངོས་སྤྱད་(པ༡༡༥བ)


PTT001_Page_1098
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ནི་རེ་རེའང་ཁྲི་རྭ་ཅན་གྱི་བསྒྲུན་པར་མི་ནུས། འབུལ་ཆེན་འདི་གསུམ་སོགས་ཀྱི་འབུལ་ཡིག་བདག་གིས་ཀྱང་རྩེ་ལྷ་སྒང་དུ་དངོས་སུ་མཐོང༌། སྤྱིར་ཁྲི་དཔོན་བཀྲ་ཤིས་དར་རྒྱས་པ་འདི་ནི་རྣམ་དཔྱོད་དང་དད་པའི་སྟོབས་ཆེ། ཁྱད་པར་དྲུང་དུ་བཅོས་མིན་དུ་མི་ཕྱེད་པའི་དད་པ་ཐོབ་སྟེ་བྱ་བའི་རྒྱལ་སྲིད་ཀར་བསྟན་དུ་སྒྱུར་བར་དགོངས་ནས་དེའི་སྨོན་ལམ་དང་བསྟོད་པ་གསོལ་འདེབས་ཀྱང་དུ་མ་མཛད། སྲས་ཆེ་བར་ལུང་རྒྱལ་དབང་ཆོས་རྗེའི་སྐུ་སྐྱེ་ལ་མཚན་ཆོས་ཀྱི་གྲགས་པ་དང་གོའི་ཤྲིའི་ལས་ཀ་གནང༌། སྒྱེར་གྱི་ཞལ་ངོ་ལུགས་གཉིས་ཀྱི་ཡོན་ཏན་དུ་མས་ཕྱུག་པ་དབོན་པོ་ཕྱོགས་ལས་བ་ལ་བསྟན་པ་འཛིན་དགོས་པའི་བཀའ་ལུང་དང་ཀརྨ་འཕྲིན་ལས་པའི་མཚན་གནང་སྟེ་ཆོས་འཁོར་ལྷུན་པོའི་གདན་སར་བསྐོས་ཤིང་སྔགས་ཀྱི་གྲ་ཚང་གཉིས་ལ་དྭགས་པོ་རབ་འབྱམས་པ་མཁས་གྲུབ་ཆོས་རྒྱལ་བསྟན་པ་དང་དུས་ཞབས་པ་ཤཱཀྱ་དབང་ཕྱུག་མཚན་ཉིད་ཀྱི་གྲ་གཉིས་ལ་མཁས་པ་ན་མཁའ་དཔལ་བཟང་པ་དང་སྡེ་བདུན་རབ་འབྱམས་པ་དབང་ཕྱུག་རྒྱལ་མཚན་པ་གཉིས་བསྐོས། ཟབ་མོ་ཡང་དག་རི་དང་རྫ་དམར་སོགས་སུའང་སྒྲུབ་སྡེ་མཛད། དབྱར་བཞུགས་དབྱར་སར་མཛད། ཀརྨ་གྲ་ཚང་གི་བཤད་གྲ་ཐོག་མར་བཙུགས་སྟེ་མི་ཉག་རབ་འབྱམ་པ་མགོན་པོ་དཔལ་ཀློག་པའི་སློབ་དཔོན་དུ་བསྐོས། རྗེ་བཙུན་མ་མངའ་རིས་རྒྱལ་མོས་མཇལ་སྟེ་འབུལ་ཞབས་མཛད་པ་ན་བྱང་སྟག་ལུང་གི་ཉེན་ཀོར་ན་ཡོད་པའི་སྐུ་སྐྱེ་འདི་འཆི་མེད་དུ་གྲུབ་པ་ནི་ཡིན་ངེས་པར་འདུག །ཁྱེད་རང་བདག་རྐྱེན་བྱས་ན་ལེགས། མི་བྱེད་ན་བསྟན་པ་ལ་ཕན་པ་འོང་བས་ངེད་ཀྱིས་བྱས་པས་ཆོག་ཞེས་བཀས་གནང་བས་བདག་རྐྱེན་མཛད་སྟེ་ཐོག་མར་དྲུང་དུ་མཇལ་ནས་གཙུག་ཕུད་ཕུལ། སེ་བ་ལུང་རྗེ་དྭགས་པོའི་ངོ་མཐོང་ཕུག་གཟིགས། རྗེ་དྭགས་པོའི་འཁྲུང་གནས་སུ་ཡང་ཕེབས། དེ་དག་དུ་བླ་མ་ལྷ་རྗེ་རྟག་དུ་གཟིགས། དེར་རྡོ་རྗེ་གདན་དུ་མ་ཧཱ་བོ་དྷི་ལ་ཞལ་གསེར་སྙན་དར། སངས་རྒྱས་ལ་བསྟོད་པ། སྨོན་ལམ། རྡོ་རྗེ་གདན་གྱི་སྒོ་ཡིག་དུ་སྦྱོར་རྒྱུ་དང་(པ༡༡༦ན)


PTT001_Page_1099
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་སྐད་གཉིས་སུ་བཀོད་པ་ཛོ་གི་འཆི་མེད་མགོན་པོ་ལ་བསྐུར། སྔོན་རྗེ་དུས་མཁྱེན་མོན་དོམ་ཚང་ན་སྒྲུབ་པ་མཛད་དུས་ཀྱི་སྦྱིན་བདག་མོན་གྱི་རྒྱལ་པོ་གྲྭ་ཐུང་གི་རྒྱུད་པ་མོ་ན། ཙང་མི། ཀ་ཙ་ར། རྒྱ་གར་སྟེ་རེ་རེ་ལ་ཁྲི་ཚོ་རེ་ཡོད་པའི་བདག་པོ་མོན་རྒྱལ་པོ་དོན་གྲུབ་མཇལ་དུ་སླེབས། འབུལ་ཞབས་དཔག་མེད་བྱས། སྲས་པོ་གཅིག་ཕུལ་སྟེ་མོན་དུ་དགོན་གནས་འདེབས་པར་ཞུས། གནས་ཆེན་དོམ་ཚང་རོང་གི་སྦྱིན་བདག་དགྱིད་པར་བྱས་སྟེ་རྡོར་འཛིན་བསྐོས་པས་གནས་དར་རྒྱས་སུ་གྱུར། དེ་ལྟར་བྱ་པའི་སྐོར་དུ་ལོ་གཅིག་ལྷག་པ་བཞུགས། འགྲོ་དོན་མཐའ་ཡས། སླར་གཡེ་རོང་བརྒྱུད། སྤྱན་སྔ་རིན་པོ་ཆེས་སྤྱན་དྲངས་ཏེ་ཡར་འོན་གྱི་ཕྱོགས་སུ་བཏེག །ཡར་ཆབ་གཙང་པོའི་ཆུ་སྒྲོལ་ཉིན་སྤྱན་སྔ་རིན་པོ་ཆེ་དཔོན་སློབ་ཕ་རིར་སྔུན་གསུ་ལ་ཕེབས། ཆུ་ཕན་ཚུན་དུ་ཆིབས་རགས་ཕེབས་པ་དུས་མཚུངས་སུ་བྱུང་བའི་དྲུང་གི་ཆིབས་རགས་གཟིགས་མ་ཐག་སྤྱན་སྔ་རིན་པོ་ཆེ་ཆིབས་ལས་གཞོལ་ཏེ་དཔོན་གཡོག་ཐམས་ཅད་དད་པའི་ཕྱག་གྲངས་མེད་དུ་མཛད། མཆོད་ཡོན་ལྷན་གཅིག་པས་ཟང་རི་ཁང་དམར་གྱི་གནས་གཟིགས། དེར་མ་གཅིག་དང་གཅོད་ཡུལ་བཀའ་རྒྱུད་རྣམས་བཞུགས་པར་གཟིགས། ཐེལ་དུ་ཕེབས་སྟེ་མདུན་བསུ་ལ་རྒྱལ་པོ་ཧུ་ལས་ཕུལ་བའི་འཕན་ཆེན་སོགས་གཤམས། སྤྱན་སྔ་རིན་པོ་ཆེ་ལ་ཐུན་མོང་མ་ཡིན་པའི་གདམས་པ་དུ་མ་དང་བྲག་ཅོག་པ་རིན་ཆེན་བཟང་པོ་དང་ལྷུན་བདེ་རབ་འབྱམས་པ་ལ་སོགས་མཁན་སློབ་ཆོས་གསུམ་གྱིས་གཙོས་པའི་དགེ་འདུན་ཐམས་ཅད་ཆོས་དང་ཟང་ཟིང་གིས་ཚིམ་པར་མཛད། དེར་དཔལ་ཕག་གྲུ་པ་རྟག་དུ་གཟིགས། མཆོད་ཡོན་ལྷན་ཅིག་པས་བསམ་ཡས་སུ་ཕེབས་སྟེ་སློབ་དཔོན་པདྨ་དང་བོདྷི་ས་ཏྭ་དང་རྒྱལ་བློན་བྱང་སེམས་ཀྱི་གཟིགས་སྣང་མཐའ་ཡས་ཤིང་འདི་ཐམས་ཅད་དུའང་འཇའ་འོད་དང་མེ་ཏོག་གི་ལྟས་ཀྱིས་སྐྱེ་བོ་ཀུན་ཡིད་ཕྲོགས། མཆོད་ཡོན་ལྷན་ཅིག་པས་ཆིམས་ཕུར་ཕེབས་སྟེ་སྤྱིར་རྗེ་རང་བྱུང་པས་(པ༡༡༦བ)


PTT001_Page_1100
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་དེར་དབེན་པར་མཛད། སྒྲུབ་སྡེ་བཙུགས་མཁས་པ་ཀློང་ཆེན་པ་བསྐོས་པ་ལས་བླ་མ་མཁས་གྲུབ་པ་སོགས་སྒྲུབ་སྡེའི་རྒྱུན་མཆིམས་ཕུ་རྙིང་མར་གྲགས་པ་འདི་བྱུང༌། འོན་ཡང་དེ་དག་དུས་ཀྱིས་རྙིངས་སྟེ་ཆོས་སྒྲུབ་པ་ཉུང་ངུར་གྱུར་པར་གཟིགས་སྟེ་སྒྲུབ་སྡེ་སར་དུ་མཛད། མཆིམས་ཕུའི་ལུང་ནང་མཆོད་གཞིས་སུ་ཕུལ་སྟེ་མཁས་ཤིང་གྲུབ་པ་དྭགས་པོ་གསུང་རབ་མང་ཐོས་བླ་མར་བསྐོས། སྒྲུབ་སྡེ་གཙང་ཞིང་ཐུགས་དམ་སྨར་བ་ཞིག་བྱུང༌། བཀའ་སྲུང་རིག་འཛིན་མ་དང་རྒོད་པོ་ཏ་རས་སྒྲུབ་པ་བ་གཞན་དུ་འགྲོར་མི་སྟེར་བ་དང༌། སྒྲུབ་སྡེ་ལ་གནོད་པ་ཕྲ་མོས་བྱས་པ་ལའང་བཀའ་ཆད་ཆེར་བཏང་བས་བཀའ་སྲུང་གི་སྙན་གྲགས་ཆེར་བྱུང༌། སྤྱན་སྔ་རིན་པོ་ཆེ་མི་འཕྲོག་པའི་དད་པས་ཞབས་སྤྱི་བོར་བླངས་སྟེ་མོས་གུས་ཀྱི་གདུང་ཤུགས་དྲག་པོས་སྤྱན་ཆབ་ཀྱི་རླབས་གཡོས་པའི་གསོལ་འདེབས་དང་སྨོན་ལམ་མཛད་སྟེ་ཕྱིར་ཐེགས། འཕྲང་པོ་སེང་གེ་སྒང་པས་རྡོ་རྗེ་བྲག་རྩའི་དགོན་པ་ཕུལ་སྟེ་བླ་མ་ལ་བསྐོས་ཇ་གནང༌། གསེར་ལ་ནས་ལྷ་སར་ཕེབས། ཆུ་ཤུལ་ལྷུན་པོ་རྩེ་ས་སྐྱོང་དོན་ཡོད་རྡོ་རྗེའི་ཕྱག་དུ་བྱུང་བ་དང་དུས་མཚུངས་པས་ཕྱག་ནས་ཞུར་བྱུང་བ་ལྷ་ས་ནས་ཕྱག་ནས་འཐོར་བར་ལྷུན་པོ་རྩེའི་རྫོང་ནང་ཕལ་ཆེར་བར་སླེབས་སྟེ་ནས་ཐུམ་པོ་བྱས་ནས་ངོ་མཚར་ལ་ཕྱོགས་ཀུན་དུ་བཀྱེ་ཟེར། སྤྱིར་རྒྱལ་བ་བྱམས་པས་ལུང་བསྟན་སྟེ་ཇོ་བོ་ཤཱཀྱ་འདི་ནག་གྲོང་གི་དབུས་སུ་བཞུགས་པ་འདིས་བསྟན་པ་སྤྱི་ཉམས། ཁྱད་པར་བོད་དུ་ཉམས་ཤིང་མཆོག་སྤྲུལ་ལ་མི་འོས་པའི་རྒྱན་གྱི་རྟེན་འབྲེལ་གྱིས་ཀྱང་བོད་འབན་བཙུན་གྱིས་གང་བ་ཡིན། ཇོ་བོའི་སྐུ་འཁོར་དུ་དགེ་འདུན་གཙང་སིང་བའི་སྡེ་ཞིག་གྲུབ་ན་བསྟན་པ་སོས་པར་འགྱུར་གསུངས་པ་ལན་གསུམ་དུ་གསན་པས་དེ་ལྟ་བུ་ཞིག་ཐུགས་ཀྱིས་དགོངས་ཀྱང་གཞིས་ཀ་སྣེལ་པ་ཁོང་རང་ཆགས་པ་ནས་བཟུང་དྲུང་ན་རིམ་གསུམ་གྱི་སྦྱིན་བདག་ཡིན་ཡང་གཞན་དབང་གིས་བཀའ་མ་སྒྲུབས་པས་བར་སྐོར་གྱི་ཕྱི་ལ་དགེ་འདུན་བཞུགས་པ་ནི་མ་གྲུབ། འོན་ཀྱང་བྱམས་པའི་བཀའ་མ་བཅག་(པ༡༡༧ན)


PTT001_Page_1101
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཙམ་མཛད་པར་དགོངས་ནས་ཀརྨ་གྲ་ཚང་གི་བཞུགས་གནས་སུ་ཀརྨ་ཆོས་སྡེ་བཏབ་པ་ན་སྐྱེས་བུ་གསུམ་ལས་གང་རུང་གི་ལམ་རྒྱུད་ལ་སྐྱེས་ངེས་ཀྱི་དམ་པ་འགའ་ཟུང༌། ཡང་སོ་སོ་ན་ཡོད་པར་གདོན་མི་ཟ་མོད་ཀྱི་དེ་དག་ལ་ནི་སུ་ཡང་ཉན་པར་མི་སྤྱོད། རྙིགས་དུས་ཀྱི་དགེ་སྦྱོང་དང་བྲམ་ཟེ་ཟང་ཟིང་ཁོ་ན་ལ་གདུ་ཞིང་ཁྱིམ་ལ་འཁྲེན་པ་དག་ནི་ཆེས་མང་བས་དེ་དག་གི་ཡིད་བདུད་རིས་ཀྱིས་མངོན་པར་དཀྲུགས་སྟེ་རབ་བྱུང་གི་རྟགས་ཀྱི་ཕྱི་ཤུན་གོ་མཚོན་ཅི་རྙེད་བསྡུས་པས་སྤྲས་སྟེ་གཡུལ་གཤོམ་པར་རྩོམ་པ་ན་དད་ལྡན་དུ་མས་འདི་ལྟར་གདའ་བས་གཞན་དུ་གཤེགས་པའམ་སྲུང་བའི་ལྟ་གོན་ནམ་སྒར་པ་ཉིས་སྟོང་དུ་ཉེ་བ་ཞིག་འདུག་པ་ལ་ཕྱག་མཛོད་ཀྱི་འབུལ་བའི་ཁྲབ་དོས་གྲི་དོས་ཁོ་ན་བཤིག་ན་ཡང་ཁེད་པ་འདྲ་ཞིང་གཡར་ན་བན་དམག་ཕྱེད་དང་ལྔ་བརྒྱ་ཙམ་ཞིག་གིས་གར་ཡང་མི་ཕྱིན་པས་བཀས་གནང་བར་ཞུས་ཀྱང་འོ་སྐོལ་སུ་ལ་ཡང་གནོད་པ་མི་བྱེད། སངས་རྒྱས་ཀྱི་བསྟན་པ་ལ་རྨ་མི་འབྱིན། ཁྱོད་རང་སུ་ཡིན་ཡང་ངའི་འཁོར་ཡིན་པ་རྣམས་ཅོ་གེ་སྡོད་ཅིག་གསུངས་སྟེ་ཇི་མི་སྙམ་པར་བཞུགས། ནང་པར་བློ་བུར་དུ་སེར་དམག་ལྔ་བརྒྱ་ཙམ་བཤམས། རྨོག་མེད་པ་རྣམས་ལྷུང་བཟེད་མགོར་གོན། རྟེན་ཁེབས་ལ་མདུང་དར་བྱས་ཏེ་འོངས། པ་ར་བ་རྡོ་རྗེ་དཔལ་གྲུབ་ཀྱིས་ཀྱང་འུ་ལག་གཏོས་ཆེ་བ་ཁྲིད་སྟེ་ཕྱག་མཛོད་རྣམས་འཐོར་ན་མི་ཡོང་བས་ངས་སྨོན་གྲོང་དུ་ཚགས་བྱེད་འུ་ལག་འདི་རྣམས་ལ་ཁོལ་ཟེར་ནས་བསམ་མནོ་གཞན་བྱས་ཀྱང་སྒར་པ་སུས་ཀྱང་བཀའ་ལས་མ་འདས་ཤིང་རི་རབ་ལྟར་གཡོ་འགུལ་མ་བྱུང་བས་སྒར་ལ་གནོད་མ་ནུས་པར་ཆོས་སྡེ་མཁར་ལས་ལྕིལ་བུ་རེ་གཉིས་ཟིན་ཕལ་ཆེར་མ་ཟིན་པ་རྣམས་བཤིག་སྲེག་བྱས། སྒར་ལ་གནོད་མི་ནུས་པར་དགོངས་ཀྱང་ཇོ་བོའི་དྲུང་དུ་གསོལ་བ་གདབ་པར་དལ་གྱིས་ཕེབས་པ་ལ་དམག་གིས་ཞབས་ཕྱིར་བསྙེགས། མཚམས་མེད་པའི་ལས་ལྔ་པའི་བྱེད་པ་པོ་ལ་དད་བླངས་པ་དུ་མ་བྱུང༌། སེང་ལྡེང་སྒོ་ནང་དུ་ཕེབས་པ་དང་སེར་དམག་གིས་ཀྱང་ཁྱམས་ཁྲ་གང་སྐད། ཞབས་ཕྱིར་ནང་(པ༡༡༧བ)


PTT001_Page_1102
[མ་དཔེ་གཟིགས་ན་འདིར་གནོན།]

སོ་བཟོད་པ་བྲག་པ་རབ་བྱུང་བྱས་མ་ཐག་པ་ཅིག་ཡོད་པས་སྒོའི་ཕྱི་རོལ་དུ་འདུག་སྟེ་རླུང་གིས་སྤྲིན་ནག་ལྟར་གཏོར་བས་བྱེད་པ་པོ་དེ་དག་གི་ལུགས་གཉིས་ཀྱིས་མཚན་ཉིད་སྐྱེ་བོ་ཐམས་ཅད་ལ་བསྟན་པ་ཙམ་ལས་དོན་མ་འགྲུབ། འདི་ཐོས་པའི་སྐྱེ་བོ་ལྷ་མི་ཐམས་ཅད་ཀྱང་ཡིད་འཁྲུགས། བྱ་པ་བསྐལ་བཟང་ཆོས་ཀྱི་རྒྱ་མཚོ་ཞེས་བྱ་བའི་མཁས་པ་དེས་ཀྱང་གནས་འདི་ལྟ་བུ་ལ་བྱ་པ་ཁྲིད་དཔོན་སོགས་སྦྱིན་བདག་དད་ལྡན་རྣམས་ཀྱིས་བཀའ་ཆད་མངོན་སུམ་དུ་འབབ་པར་འདུག་པས་བཀའ་གནང་དགོས་པར་ཞུས། དྲུང་ཞྭ་དམར་བས་ཀྱང་གནས་འདི་ལྟ་བུ་བཏང་སྙོམས་སུ་འཇོག་པ་མི་འོང་བས་འདིའི་ཁག་ང་རང་ཁོ་ནས་བྱེད་ཟེར་བ་ཞུས། བྱ་པ་ཁྲི་དཔོན་གྱི་ཞུ་ཡིག་དྲག་པོའི་འཕྲིན་ལས་ཁོ་ན་དུས་ལ་བབ་ཚུལ་འདི་ནི་བདག་ཁོ་ནས་ཐལ་བར་དགྱིད་ཅེས་ཞུས། ཀོང་པོའི་རྒྱ་བདག་ཐམས་ཅད་ཀྱིས་ཀོང་དམག་འཆའ་བར་ཞུས། ས་སྐྱོང་དོན་ཡོད་པ་དང་ལྕགས་མོ་འོད་ཟེར་བ་སོགས་ཀྱིས་ངེད་རང་གི་མངའ་ཞབས་སུ་ཆོས་ལུགས་འདི་གཅིག་ཀྱང་མི་འཇོག་པས་གནང་དགོས་པར་ཞུས། འདི་ཐམས་ཅད་ལ་བདག་གིས་ཞུ་ཡིག་ངོས་མ་ཁོ་ན་མཐོང༌། དེ་ཐམས་ཅད་ལ་ངེད་སུ་ལ་ཡང་གང་ཕན་ལས་གནོད་པ་མི་བྱེད། ཁྱེད་གྲ་ཡོན་བདག་གིས་ཀྱང་ཆོས་བཞིན་བསྟན་པ་བཞིན་བྱས་ན་ངེད་ཀྱི་དགོངས་པ་རྫོགས། ངེད་ལ་དམིགས་ནས་གཞན་ལ་གནོད་པ་བྱས་ན་ངེད་ཀྱི་ཞབས་ཏོག་མ་ཡིན་གསུངས་ནས་དམ་པའི་ཆོས་འབའ་ཞིག་པའི་བཀའ་ནན་གིས་བསྡམས། ཕར་གནང་བའི་བཀའ་ཤོག་དངོས་མ་མཐོང་ན་ཡང་དེའི་ཞུ་ལན་དངོས་མཐོང་བ་ན་འདི་ལྟར་ཕེབས་པ་ཅེས་འདུག་པས་དོན་དེར་སྣང་ཞིང་ད་དུང་ཡང་དང་ཡང་དུ་གསོལ་བ་ལ་ཡང་བཀའ་ནན་དེ་བས་ཀྱང་ཆེར་གནང་བས་ཁ་ཅིག་ལེགས་སོ་ཕུལ་ཞིང་དད་པ་བླ་ལྷག་པར་སྐྱེས། རྗེ་ཞྭ་དམར་བ་ཡང་ཐུགས་ཆད་པའི་ཞུ་ཡིག་ཕུལ། བྱ་པ་ཁྲི་དཔོན་ནི་ཁྱེད་བསྟན་པའི་བདག་པོ་རྣམས་བསྟན་པ་མི་སྲུང་ན་ངེད་ཚོ་འདྲ་ཉན་རང་དུ་ཞུགས་ཀྱང་བླ་ཟེར་བའི་ཐུགས་ཆད་མཐའ་ཡས་པར་མཛད། ཕྱིས་བྱ་པ་ཁྲི་དཔོན་གྱིས་འདི་ཐུགས་ལ་མནགས་པ་ཁོ་ནས་ཡར་གོང་སྣེལ་གསུམ་དང་སྲིད་(པ༡༡༨ན)


PTT001_Page_1103
[མ་དཔེ་གཟིགས་ན་འདིར་གནོན།]

བཤིག་སྟེ་གཙང་སྲིད་མཛད་ནས་སྐྱི་ཤོད་དུ་ཁྲི་དམག་གཉིས་གསུམ་བཏེག་པའི་ཚེའང་དྲུང་རྩེ་ལྷ་སྒང་ན་བཞུགས། དེ་དག་གིས་རྗེ་ཞྭ་དམར་བ་ལ་སྐྱབས་ཞུས་ཀྱང་དྲུང་ཉིད་དུ་ཞུས་ཅིག་པར་བཀའ་བསྩལ། མྱུར་བའི་ཕོ་ཉས་རྩེ་ལྷ་སྒང་དུ་བཏོལ་སྟེ་སླར་བཀའ་ཤོག་ནན་ཅན་མཛད་པས་ཁྲི་དཔོན་པས་འདིར་ཡང་ཡི་ཆད་དུ་མ་མཛད་པའི་ཞུ་ཡིག་སྔ་ཕྱི་རྣམས་དངོས་སུ་མཐོང་ཞིང་ཕྱི་བལྟས་རྗེ་ཞྭ་དམར་བས་བསྐྱབས་པ་ལྟར་སྣང་ཡང་ངོ་བོ་རྗེ་ཉིད་ཀྱིས་བཀའ་དྲིན་ཁོ་ན་སྟེ་བྱེད་པ་པོ་དེ་དག་གི་ལུས་སྲོག་ལོངས་སྤྱོད་རྟེན་གནས་དང་བཅས་པ་ལ་མི་འཇིགས་པའི་སྦྱིན་པ་བསྩལ་སྟེ། ཛམ་བུ་གླིང་གི་སྐྱེས་མཆོག་ནི། །ཉེས་པའི་ལན་ཡང་ལེགས་པས་ལྡོན། །ཞེས་པའི་རྣམ་ཐར་མངོན་སུམ་དུ་བསྟན་སྟེ་བདག་ནི་རྣམ་པར་ཐར་པ་འདི་ལ་མི་ཕྱེད་པའི་དད་པ་གཞལ་དུ་མེད་པ་སྐྱེས་སོ། །དེ་ནས་དབུར་སྟོད་ཀྱི་ཕྱོགས་སུ་ཕེབས། བདུད་རིས་ཀྱི་ཆོ་འཕྲུལ་རླུང་འཚུབ་ཆེན་པོ་ཕྱོགས་བཞི་ག་ནས་འབྱུང་བ་དང་རླུང་འཚུབ་ནས་ཐོག་འབྱུང་བ་སོགས་བྱུང་བ་ཏིང་ངེ་འཛིན་གྱི་ཟིལ་གྱིས་མནན་སྟེ་སྐད་ཅིག་གིས་ཞི། འབྲི་ཁུང་པའི་ལྷ་སྡེ་མི་སྡེ་ཐམས་ཅད་ཀྱིས་མཆོད། ཁྲོམ་ཁྲི་ཕྲག་ལྔ་དྲུག་ཚོགས། སྒོམ་པས་ཀྱང་ཞལ་མཐོང་གསུང་ཐོས་ཀྱིས་དད་པ་ཐོབ། གདམས་ངག་ཞུས་ནས་བསྒོམས་པས་ངེས་ཤེས་ཁྱད་པར་ཅན་སྐྱེས། བདེ་ཆེན་ཁྱུང་ངར་དུ་སྒྲུབ་སྡེ་དང་སྔགས་རྒྱུན་བཙུགས། ཁྲི་ཁང་པ་ཡོན་མཆོད་ཀྱིས་མཆོད། ཁྲེ་བ་ཁའི་ཆོས་ཁྲི་ཐང་དུ་སྐུ་མཚམས་མཛད་པ་ན་ཡེ་ཤེས་ཀྱི་མགོན་པོ་བེར་ནག་ཅན་དང་དཔལ་ལྷ་མོས་འཕྲིན་ལས་སྒྲུབ་པར་གཟིགས། འབྲི་ཁུང་དབང་རིན་པོ་ཆེ་དང་དཔོན་རིན་པོ་ཆེ་སྐུ་མཆོད་གསུམ་སོགས་ཀྱིས་རྒྱང་རིང་པོ་ནས་སྔུན་བསུས་སྟེ་འབྲི་ཁུང་ཐེལ་དུ་ཕེབས། ཚེའུ་ཁའི་ཐང་ལ་བཞུགས། དབང་གི་ལས་ཀའི་སྣམ་སྦྱར་གསེར་མ། གོས་ཏ་ཧུང་གི་ཤམ་ཐབས། ཙནྡནའི་ཀ་བ་ཤུབས་བཅས་སོགས་འབུལ་ཞབས་མཐའ་ཡས། དབང་རིན་པོ་ཆེ་ཉིད་ཀྱི་ལྷ་ཁང་ཆེན་མོ་བསོས་ནས་ལྷ་ཆེན་(པ༡༡༨བ)


PTT001_Page_1104
[མ་དཔེ་གཟིགས་ན་འདིར་གནོན།]

སར་དུ་བཞེངས་པ་ལ་རབ་གནས་མཛད། འདི་དག་གི་དུས་བཀའ་རྒྱུད་ཀྱི་བསྟན་པ་ཉམ་རྨས། ཁྱད་པར་འབྲི་ཁུང་ན་བསྟན་དགོངས་ཟབ་ཆོས་དང་བཅས་པའི་ཆོས་དང་ཕྱག་དཔེའང་མི་བཞུགས་པའི་སྐབས་ཡིན་པས་བསྟན་པ་གསོ་དགོས་པར་དགོངས། ཚོགས་ཆོས་སུ་བསྟན་སྙིང་གི་བཤད་པ་དང༌། རིན་པོ་ཆེ་ཁུ་དབོན་ལ་ཟབ་ཆོས་ཅི་རིགས་དང་ཕྱག་ཆེན་ཆོས་དྲུག་གི་ཁྲིད། ཁྱད་པར་དབང་རིན་པོ་ཆེ་ལ་ཕྱག་ཆེན་གྱི་ཐུགས་དམ་བཀའ་རྒྱུད་ཀྱི་སྒྲ་ཟིན་པ་སྐྱེད་པར་མཛད། སྒྲུབ་སྡེའི་ས་བོན་བཏབ། མཁན་པོའི་བསྐོ་གཞག་སོགས་བཅའ་བ། ཆོས་ཁྲིམས་ཀྱང་མཛད་སྟེ་འབྲི་ཁུང་པའི་བསྟན་པ་གཞི་ནས་བསོས། དེར་རྗེ་འཇིག་རྟེན་མགོན་པོ་སོགས་རྟག་པར་གཟིགས། སྟག་ཞེར་རུ་བས་ཀྱང་སྤྱན་དྲངས། སེར་མོ་བ་མི་བཅོམ་པར་ཁས་བླངས། ཤ་ཕོ་གསང་དུ་ཕེབས་ཚེ་མི་ཉག་གི་ཇ་པ་མང་པོས་འབུལ་ཞབས་ཆེར་བྱས། འདམ་གཞུང་དུ་བླ་མ་རིན་པོ་ཆེའི་སྐུ་འབུམ་གྱི་རྩེར་གསེར་ཕྲུ་བཙུགས། ཡོད་དགོན་གྱི་བཅའ་བ་ཆོས་ཁྲིམས་མཛད། བྲ་བོ་དགོན་པ་བཀྲ་ཤིས་དར་གླིང་ཕུལ་སྟེ་ཕག་མོའི་སྒྲུབ་མཆོད་བཙུགས། སྟག་ལུང་ཕོ་མདོ་ཧོར་ཁང་པ་ཡབ་སྲས་ཀྱིས་སྤྱན་དྲངས་ཏེ་མཁན་སློབ་ཀྱིས་གཙོས་པའི་དགེ་འདུན་ཐམས་ཅད་ཀྱིས་ཀྱང་མཇལ་ཞིང་འབུལ་ཆབས་ཆེར་བྱས། དེ་ཚོར་ཐོར་ནད་པ་བསྡད་ཤུལ་དུ་སྒར་ཕོག་ཅིང་ཐོར་ནད་མང་དུ་ཡོད་ཀྱང་སྐྱོན་ཅི་ཡང་མ་བྱུང་ཞིང་ནད་ཡམས་ཀུན་ཆད། ཀོང་པོའི་གདན་འདྲེན་སྔ་ཕྱིར་མང༌། ཁྱད་པར་དྲུང་ཉིད་མ་གཏོགས་བསམ་རྒྱུ་མེད་ཅིང༌། ཀོང་ལུང་པ་ཁ་ལོ་བསྒྱུར་ནུས་པ་ས་སྐྱོང་དོན་ཡོད་རྡོ་རྗེ་དང་གྲོགས་པོར་འཐམས་པའི་ཡོན་བདག་ཆེན་པོ་འགྲོ་ལ་ཧུ་རེས། ཆོས་རྗེ་རིན་པོ་ཆེ་ཁྱེད་འཇག་གི་སར་བྱོན་པ་ཡིན་འཇག་ལ་བེ་རྒན་གྱི་མེ་ཡོད། ནས་རྒན་གྱི་ཆང་ཡོད། ཕག་རྒན་གྱི་ཤ་ཡོད། མ་བྱོན་ན་ཁྱི་རྒན་སྒུག་ཡུན་རིངས་ན་བཤང་བ་གྲང་ཐག་ཆད་སྨྲ་བ་དེ་ཡོང་བ་ཡིན་ཟེར་བ་ཕུལ། དེར་ཁྲིམས་དཔོན་རྣམས་བལྟས་ནས་འབུལ་མ་ནུས་པར་ཞུ་ཡིག་བཤིགས་ནས་ཕུལ། (པ༡༡༩ན)


PTT001_Page_1105
[མ་དཔེ་གཟིགས་ན་འདིར་གནོན།]

ཀོང་པོ་དེ་སྔར་མ་བཅོས་པ་ཅིག་ཡོད་པ་ཡིན་ད་འགྱུར་འདུག་མི་འགྲོ་གསུངས། དངོས་དེ་ཀ་ཕུལ་བས་བཞད་ཅིང་ཞལ་བཞེས་མཛད། ཀླུང་ཤོད་ནས་ཉང་ཁ་ཕྱོགས་སུ་ཕེབས། བྲག་དཀར་ལྷ་ཆུ་ཞེས་བྱ་བ་རི་རྡོ་རྗེ་ཕག་མོའི་སྐུ་རང་བྱུང་དུ་གསལ་བ་གསང་བ་ཆོས་འབྱུང་གི་རྣམ་པའི་ནང་དུ་རྩ་གསུམ་གསལ་ཞིང་བདུད་རྩིའི་ཆུ་ཉིན་རེ་ལ་དུས་གསུམ་དུ་འབབ་པ། དབུ་མའི་ནང་དུ་གྱེན་དུ་ཕྱིན་པ་ན་ལྟེ་བ་སྤྲུལ་འཁོར་སོགས་འཁོར་ལོ་སོ་སོ་ལ་ལྷ་མང་དུ་བཞུགས་པ། སྤྱི་བོ་ཚངས་བུག་སྙན་སྤྱན་གྱི་ཕུག་དང་བཅས་པའི་གནས་སྒོ་ཕྱེ། དེར་ཞབས་རྗེས་ཞུས་པ་ན་ཡོད་སྟེ་འོང་བྲག་ལོགས་ལ་ལྟོས་དང་གསུང་བ་ལྟས་པ་ན་བྲག་མིའི་ལག་གིས་མི་སླེབ་ཙམ་པའི་ངོས་འཇམ་པོ་ལ་ཞབས་རྗེས་གསལ་ཞིང་དོད་པར་མཐོང༌། འོན་ཡང་ད་དུང་བདག་རྣམས་ཀྱིས་མཐོང་བར་ཞབས་རྗེས་དགོས་ཞུས་པས། འོ་ན་འདི་ན་ཕར་ལ་ཡི་གེ་དྲུག་པ་འདུག་གསུང་ཞིང་མ་ཎིའི་དབྱངས་གསུང་ཆུང་ངུས་མཛད་བཞིན་པས་ཕྱག་མཛུབ་གཡས་པས་བྲག་ལ་མ་རེག་ཙམ་དུ་འབྲི་བ་ལྟར་མཛད་པ་ན་བོད་ཀྱི་གཟབ་མའི་ཡི་གེ་དྲུག་མ་འབུར་དུ་བརྐོས་པ་ལྟར་ཁྱུར་གྱིས་བྱུང༌། གནས་དེར་སྒྲུབ་སྡེ་མཛད། བླ་མ་བསྐོས་སྟེ་ནགས་ཕུ་ནས་སྐྱོངས་ཅིག་པར་བསྐོས། དེར་སློབ་དཔོན་པདྨ་ལྷག་པར་དུ་གཟིགས། ནགས་ཕུར་ཕེབས། དེར་ཚངས་སར་བས་ཕུལ་བའི་ཆིབས་གྭ་པ་ཅིག་ཤི་བས་རིང་སྲེལ་དཔག་མེད་བྱུང༌། ནགས་མདོའི་གསལ་སྒང་དུ་བྲག་ཕུག་ལ་ཕྱག་ནས་ཞུས་པས་བྲག་ལ་ནས་མང་དུ་ཐིམ་ཞིང་ཟུག་བྲག་གསུམ་དུ་ཕེབས། ཞོ་ཁར་འཕན་ཆེན་གཟིགས་ཚེ་འཇའ་དང་མེ་ཏོག་གི་ཆར་མཐའ་ཡས། ཅུང་ཟད་ཉམས་པ་ཕྱིས་གསོ་བར་མཛད། མཚོ་ཆུ་དང་མི་ཉག་རྟོགས་ལྡན་གྱིས་བཏབ་པའི་མདོ་ཆེན་དགོན་སོགས་ཞབས་ཀྱིས་བཅགས། བྲག་གསུམ་པ་སྤྱིས་བུ་ཁྲལ་མང་དུ་ཕུལ་སྟེ་ཞོ་བའི་ལྷ་ཁང་ལ་བརྟེན་ནས་ཆོས་སྡེ་རྒྱ་ཆེར་མཛད། ཀོང་པོར་རིམ་པས་ཕེབས་པའི་བྲག་ཕྱི་ཡན་དུ་ཀོང་སྟོད་(པ༡༡༩བ)


PTT001_Page_1106
[མ་དཔེ་གཟིགས་ན་འདིར་གནོན།]

སྨད་ཀྱི་སོ་སོའི་ཇ་འདྲེན་མཐའ་ཡས། གསའ་ཕུར་ཕེབས་སྟེ་བཀའ་རྒྱུད་ཀྱི་བླ་མ་མཐའ་དག་བྱོན་པར་གཟིགས། སེ་མོ་གཉན་ཁྲིར་གོའི་ཤྲིར་རིན་པོ་ཆེའི་སྤྲུལ་སྐུ་བ་དང་དྲུང་བཀྲ་ཤིས་དོན་གྲུབ་པས་གཙོས་པའི་ཀར་སྲིད་ཀྱི་བླ་དཔོན་རྒྱ་བདག་ཐམས་ཅད་ཀྱིས་མདུན་བསུ་བྱས། གྱང་ཐོ་སྐོར་གསུམ། ཀོང་སྨད་ཀར་སྲིད་སོགས་ཐམས་ཅད་འདུས་སྟེ་དགའ་ཆེས་པས་སོ་སོ་ནས་འཕྱམས་བྲོ་ལ་སོགས་པའི་གཟིགས་འབུལ། འབུལ་ཞབས་རྒྱ་ཆེར་བྱས། ཁྱད་པར་གཡུང་དྲུང་འཛིན་དུ་སྔོན་གྱི་རྒན་མོ་བློ་བདེའི་བུ་བརྒྱུད་ཡོན་བདག་འབྲོ་ལ་ཧུ་རེས་རྟ་བཟང་བརྒྱ་འབུལ་དང་གཞན་དག་གིས་ཀྱང་རྟ་བཟང་ཉི་ཤུ་སུམ་བཅུ་སོགས་འབུལ་བ་ནི་མཐའ་ཡས། ལྐོག་ཕྲེང་དུ་སྒྲུབ་སྡེ་བཙུགས། རྩེ་ལྷ་སྒང་དུ་ཕེབས། དེར་ཆིབས་པ་ཁྱུང་སྨུག་ཤི་བ་འཇའ་གུར་གྱི་མིས་མཐོང་བ་ཙམ་དུ་བཏུམས། མེ་ཏོག་གི་ཆར་བུ་ཡུག་ལྟར་འཚུགས་རིང་སྲེལ་མང་དུ་བྱུང༌། མཛོད་ནག་སོགས་གཟིགས་ཤིང་མཁར་ལས་སར་དུ་ཡང་མཛད། དེར་རྒྱ་གར་རྡོ་རྗེ་གདན་གྱི་སེང་གེའི་ཁྲི་གནོན་པ། འཕགས་པའི་ཡུལ་ཐམས་ཅད་ཀྱི་བསྟན་པའི་བདག་པོ་ཛམ་གླིང་ན་ཟླ་མེད་པའི་མཁས་པ་ཆེན་པོ་དཔལ་ལྡན་ཡིད་ཀྱི་ཤིང་རྟ་ཞེས་བྱ་བའི་རྡོ་རྗེ་གདན་པ་ཆེན་པོ་དེས་རྒྱ་གར་གྱི་རྡོ་རྗེའི་གདན་དང་མ་ག་དྷ་ལ་སོགས་པར་བསྟན་པ་དཔེལ་བར་ཕེབས་དགོས་པའི་སྤྱན་འདྲེན་གྱི་ཞུ་ཡིག་འདི་ལྟ་བུ་ཕུལ་སྟེ། ཡ་ཏྲ་ཤུ་བྷ་བྷཽམ་སྤྲ་ནེ་ས་ཀ་ལ་སུ་ག་ཏ་མ་ཏ་བྱོ་མ་མཎྜ་ལཱ་ལམ་ཀཱ་ར། ཤ་ར་ད་མྲྀ་ཏ་ཧུ་ཧུ་ཙི་པྲ་ས་ཀ་བི་མ་ལ་ཀ་ལ་དྷ་ཝ་ལི་ཏཱ་ཁི་ལ་དིགྨཎྜལེ་ཥུཾ། ཞེས་སོགས་ཕུལ་བ་སྟོན་གྱི་ཀ་ཅོག་ཞང་གསུམ་ལས་མི་དམན་པ་ཞུས་ཆེན་གི་ལོ་ཙཱ་བ་ཆེན་པོ་ཞ་ལུ་ལོ་ཙཱ་བ་ཞེས་གྲགས་པ། བདག་གི་མཁན་པོ་དོན་གྱི་སླད་དུ་མཚན་སྨོས་སྟེ་ཆོས་སྐྱོང་དཔལ་བཟང་པོ་དང་དེའི་སློབ་མ་གློ་བོ་ལོ་ཙཱ་བ་དཔལ་ལྡན་གྲགས་པ་དང་བཅས་པ་ཞབས་ཕྱིར་བཞུགས་པས་སྐབས་སུ་སྣང་བས་དེ་བསྒྱུར་བ་ནི། གང་ཞིག་དགེ་བའི་སར་གནས་མཐའ་དག་(པ༡༢༠ན)


PTT001_Page_1107
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཤེགས་ཀྱི། །རིང་ལུགས་ན་མཁའི་དཀྱིལ་འཁོར་གྱི་ནི་རྒྱན་གྱུར་པ། །སྟོན་ཀའི་ཟླ་ལྟར་རབ་མཛེས་མཐའ་དག་དྲི་མ་མེད། །ཆ་ཤས་དཀར་པོས་མ་ལུས་ཕྱོགས་ཀྱི་དཀྱིལ་འཁོར་དུ། །སྙན་གྲགས་འབྱོར་པ་གསལ་བའི་ག་བུར་གྱིས་གང་བ། །རབ་གསལ་མཚན་བཟང་རིན་ཆེན་དཔལ་ལྡན་བླ་མ་ནི། །ལམྦ་ཀརྨ་ཤོ་ཙེའི་ཞབས་ཀྱི་པདྨ་ལ། །བྱང་ཆུབ་ཆེན་པོའི་ཆར་གནས་དཔལ་ལྡན་ཨེ་རཎྜའི། །ཆུ་བོའི་དྲུང་གནས་མཁན་ཆེན་དཔལ་ལྡན་ཡིད་ཀྱི་ནི། །ཤིང་རྟས་ས་ལ་སྤྱི་བོས་བཏུད་སྟེ་ལན་བརྒྱར་འདུད། །དཔལ་ལྡན་ཁྱོད་ཀྱི་སྤྱོད་ཡུལ་འདི་ནི་རྒྱལ་བ་ཡི། །ཡོན་ཏན་གྱི་ནི་གཞིར་གྱུར་རྒྱ་ཆེན་མཚན་མངའ་བ། །སྐྱེས་བདུན་དངོས་པོར་ཤེས་པའི་ཡོན་ཏན་ཐོབ་པ་ཡིས། །བདག་ཅག་ལ་སོགས་བྱང་ཆུབ་ཆེན་པོའི་ཆར་གནས་པའི། །འཇིག་རྟེན་རྣམས་ནི་དགའ་བ་ཆེན་པོ་སྐྱེས་པར་གྱུར། །དྲི་མེད་སྤྱན་གྱིས་ངེས་པར་གཟིགས་ཅིག་ཐུགས་ཀྱིས་ཀྱང༌། །མཐའ་དག་རྣམ་པར་སེམས་ཅིག་ཚིག་ཀྱང་དབྱངས་ཀྱིས་སྒྲོགས། །གང་ཞིག་རྫོགས་པའི་སངས་རྒྱས་ཆོས་ལས་མཐའ་དག་དྲི་མ་མེད། །མཚན་མངའ་ཐུབ་དབང་ཡིན་སླད་དེ་ཕྱིར་ཁྱོད་ཀྱིས་ནི། །བལྟ་བ་འདོད་ཅིང་འདོད་པ་ཐམས་ཅད་རབ་བསྐང་བར། །བཞེད་པ་གང་ཡིན་དེ་ནི་རྣམ་པ་ཐམས་ཅད་དུ། །དེ་ཉིད་དཔལ་ཡོན་ཡིན་སྟེ་དེ་ཉིད་ནོར་ལྡན་ནོ། །དེ་ཉིད་ཚོགས་དང་ཡོན་ཏན་ལྡན་པའང་དེ་ཉིད་ཏོ། །གང་ཞིག་གཞན་དོན་བྱེད་པར་རང་དོན་རྒྱུ་གཅིག་སྙིང་པོ་མཆོག །དེ་ཕྱིར་དཔལ་ལྡན་གཞན་ཕན་རོ་གཅིག་ཀུན་མཁྱེན་གྱིས། །ཡོན་ཏན་རིན་ཆེན་རབ་ཏུ་གསལ་ཕྱིར་བརྩོན་བྱ་འོས། །གཞན་དོན་བྱེད་པ་མེད་པར་བྱང་ཆུབ་ཡོད་མིན་ཞིང༌། །བྱང་ཆུབ་དོན་དུ་གཉེར་བ་མེད་དེ་གང་གི་ཕྱིར། །བཅོམ་ལྡན་སངས་རྒྱས་གཞན་དོན་ཉིད་ལས་རྫོགས་པ་ཡི། །བྱང་ཆུབ་གྱུར་པར་ཀུན་དུ་རྒྱལ་བ་རྣམས་ཀྱིས་གསུངས། །རྣམ་པ་གཞན་གྱི་ཚུལ་དང་རྒྱུ་ལ་གནས་པ་ཡིས། །བྱང་ཆུབ་མིན་ཞིང་ནམ་ཡང་ཀུན་(པ༡༢༠བ)


PTT001_Page_1108
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་ལྟ་ཅི་སྨོས། །ནག་པ་ཟླ་བའི་བཟའ་ལྷག་པ་ལ། ཞེས་བྱང་ཆུབ་ཤིང་གི་ལོ་མ་མང་པོ་དང་བཅས་པ་དང༌། པཎྜི་ཏ་ཆེན་པོ་དགྲ་གཅན་ཟིན་གཞོན་ནུ་ཞེས་བྱ་བ་སྔོན་གྱི་རྒྱན་དྲུག་ལ་དོ་བར་གྲགས་པ་དེས་ཀྱང་ཞུ་ཡིག་འདི་དང་མཚུངས་པ་ཚིག་དོན་ཕུན་སུམ་ཚོགས་པ་ཅིག་ཕུལ་བའི་རྒྱ་དཔེ་བོད་དཔེ་གཉི་ག་མཚུར་ཕུར་ཕྱག་མཛོད་ན་བཞུགས་པ་དངོས་སུ་མཐོང་ནའང་ད་ལྟ་ཞུ་ཡིག་ཅིག་ཤོས་ཀྱི་དཔེ་མ་རྙེད། མ་ག་དྷའི་རྒྱལ་པོས་ཀྱང་སྤྱན་འདྲེན་གྱི་ཞུ་ཡིག་ཕུལ་བར་སྣང༌། འདི་རྣམས་དང་གནས་ཆེན་པོ་བརྒྱད་ཀྱི་ས་རྡོ་སོགས་དང་དཔལ་གྱི་རིའི་བྱིན་རླབས་སོགས་ཛོ་གི་འཆི་མེད་མགོན་པོ་སོགས་ཀྱིས་ཕུལ། རྟེན་གྱི་ཡུལ་མཆོད་པར་བྱ་བ་ཉིད་ཏུ་བྱེད་པའི་ས་རྡོ་སོགས་དེ་དག་ལས་གནས་ཆེན་བརྒྱ་རྩ་བརྒྱད་ཀྱི་ས་རྡོའི་རིལ་བུ་ཞེས་རིལ་བུ་སྐྱ་སོབ་ཆེ་བ་ཞིག་མཛད་སྟེ་དེང་སང་ཡང་རྒྱུན་ཡོད། དཔལ་གྱི་རིའི་གྲུབ་ཆེན་རྣམས་ལ་སྔོན་ཚོགས་འཁོར་དང་འཕྲིན་ཤོག་གནང་བ་ལ་ནི་དག་པའི་སྣང་བ་ཉིད་དུ་དེ་དག་དང་བགྲོ་བ་མཛད་པར་གོར་མ་ཆག་སྙམ་མོ། །སླར་ཕྲག་ཡུལ་དུ་ཕེབས་སྟེ་དེ་དག་གི་ལན་གྱི་བཀའ་ཤོག་དང་རྡོ་རྗེ་གདན་དུ་མཆོད་པ་སིངྒྷ་གླིང་པ་རྣམས་དགེ་བ་ལ་སྦྱོར་བའི་ཆབ་ཤོག་སོགས་གནང་སྟེ་བརྫངས། ཕྲག་གྲུམ་ཚལ་དུ་ཆོས་སྡེའི་གཞི་མཛད། དེར་གཟིམས་ཁང་ལ་མཚན་རེ་ཞིང་འཇའ་དཀར་པོ་ཟུག་སྤྱིར་ཉིན་མོ་སྐར་མ་མཐོང་བ་དང༌། མཚན་མོ་འཇའ་ཚོན་འབྱུང་བ་དང༌། ཞེས་མི་ཤིས་པའི་རྟགས་སུ་འཆད་པ་ཡོད་ཀྱང་སངས་རྒྱས་བྱང་སེམས་ཀྱི་མཛད་པའི་སྐབས་སུ་འདི་འདྲ་མ་ངེས་སྟེ་མིག་བཅུ་གཉིས་པ་སོགས་ལས་བྱིས་པ་སྐྱེས་མ་ཐག་སྨྲ་བ་དང་རྒོད་པ་དང་ལྡང་བ་དང་ཤིང་གི་གྲིབ་མ་སྔ་དྲོ་ཡོད་སར་ཕྱི་དྲོའང་མི་འཕོ་བ་དང་བུར་ཤིང་ལས་བུ་རམ་རང་བཞིན་གྱིས་འཛག་པ་སོགས་མི་ཤིས་པར་བཤད་མོད་ཀྱང་སྟོན་པ་སྐུ་བལྟམས་མ་ཐག་བཞད་ཅིང་གསུང་ཆེན་པོས་འདི་ནི་ངའི་སྐྱེ་བ་མཐའ་མའོ་སོགས་གསུང་ཞིང་ཕྱོགས་རེར་གོམ་པ་བདུན་རེ་འབོར་བ་དང་ཛམྦུའི་གྲིབ་མས་སྐུ་མ་བཏང་བ་དང༌། འཚང་རྒྱ་བ་ན་(པ༡༢༡ན)


PTT001_Page_1109
[མ་དཔེ་གཟིགས་ན་འདིར་གནོན།]

བུར་ཤིང་སོགས་ལས་བཅུད་རང་འཛག་པ་སོགས་ངོ་མཚར་དུ་གསུངས་པའི་ཕྱིར་རོ། །ཕྲག་མིའི་འཁྲུག་ཆེན་རྣམས་ཞི་བར་མཛད། ཙ་གོང་གི་གནས་མདར་སྒྲུབ་སྡེ་མཛད། བ་ཡོར་མཚུར་ཕུ་རིན་པོ་ཆེ་གཤེགས་པའི་དོན་དུ་ཕེབས། བཀྲ་ཤིས་ལྗོངས་སུ་གཟིམས་ཁང་མཛད། ཞིང་སྐྱོང་གི་སྔགས་རྒྱུན་དང་བ་ཡོར་ཡང་ཞིང་སྐྱོང་གི་རྟེན་གཏོར་དང་བསྐང་རྒྱུན། ཙཱ་རིའི་སར་མ་གནས་ལྔ་ལ་རི་སྲིད་ཀྱི་བཀའ་གནང༌། ཕྲག་ཡུལ་ལ་ཕེབས་ལམ་དུ་ཤང་སྟག་བཅུས་ཀྱི་ས་དཀར་མ་དང༌། རྒྱ་ལ་རྩེ་སྡུམ་གྱི་རྩེ་བཅད་པ་ཡིན་ཟེར་བའི་རིའི་རྩ་བ་དང༌། སྦང་ཆུ་ལུང་དང༌། མེ་རག་གི་དགོན་པ་དང༌། རྒྱལ་གྲོང་དགོན་པ་སོགས་སོ་སོའི་ཁ་བདག་གི་ལྷ་མིས་ཕུལ་སྟེ་འཇིགས་སྐྱོབ་ཀྱི་དགོན་པ་འདེབས་པར་ཞུས། ཁ་ཅིག་དུ་སྒྲུབ་སྡེ་དང་ཁ་ཅིག་དུ་སྦྱིན་གཏོང་གི་ཁང་པ་ཙམ་གྲུབ། རྟ་བང་ཆབ་ནག་རྒྱལ་ཁང་གི་ཕུར་དབེན་པ་མཛད་དུ་ཆུ་སྒྲ་ལས། དག་ཅིང་དྲི་མེད་སོགས་ཀྱི་མཆོད་དབྱངས་རྒྱུན་དུ་གསན། འཕན་ཆེན་མོ་གསོ་བའི་དབུ་བཙུགས། ཀོང་ལུང་རལ་གསུམ་ལ་ཆོས་རྒྱ་དཀར་པོ། ཀར་སྲིད་སྔགས་སྲིད་སོགས་ལུགས་གཉིས་ཀྱི་བཅའ་བས་ཐམས་ཅད་ལ་ཕན་བདེར་མཛད། དེར་རྒྱ་གར་ཤར་ཕྱོགས་པའི་དགེ་སློང་ཤྲི་ལ་སཱ་ཀར་ཞེས་པ་ཅིག་ཞལ་ལྟ་བུ་ཁོ་ནའི་དོན་དུ་སླེབས། དད་པ་ཆེར་ཐོབ། པཎ་ཆེན་གཉིས་དང་རྒྱལ་པོ་ལ་ཆབ་ཤོག་གནང༌། འདི་དག་ལ་སྔར་ངག་རྒྱུན་ཐོས་པ་ན་རྡོ་རྗེ་གདན་གྱི་མཁན་པོ་དགྲ་གཅན་ཟིན་གཞོན་ནུ་དང་རྒྱ་གར་ཤར་ཕྱོགས་ཀྱི་པཎ་ཆེན་ཡིད་ཀྱི་ཤིང་རྟ་ཅེས་དང་ཕྱི་མ་འདི་རྟེན་དགེ་བསྙེན་དུ་བཞུགས་པར་ཐོས་ཤིང་རྣམ་ཐར་པར་མ་སོགས་ནའང་རྡོ་རྗེ་གདན་གྱི་མཁན་ཆེན་དགྲ་གཅན་ཟིན་གཞོན་ནུ་ཞེས་སྣང་མོད་ཀྱང་རྡོ་རྗེ་གདན་པ་དེ་ནི་ཡིད་ཀྱི་ཤིང་རྟ་ཉིད་དུ་ཞུ་ཡིག་གི་གྲུབ་བོ། །གླིང་པོ་ཆེའི་ཚལ་དུ་གོང་གི་གསེར་ཡིག་པ་རྣམས་ཉེ་བར་སླེབས་པའི་སྔ་འཕྲོས་བྱུང༌། བདེ་ཡངས་ནས་དབུས་གཙང་མངའ་རིས་ཕྱིན་དུ་དུས་འཁྲུག་མི་ཡོངས་བའི་(པ༡༢༡བ)


PTT001_Page_1110
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་ཡིག་པ་གནང་སྟེ་རེ་ཞིག་བདེ། དམ་ཅན་མགར་ནག་གི་གནས་ཐོག་མ་དེ་བརྡུང་བའི་སྒྲ་ཐོས་ཤིང་ཟླ་བ་རེའི་རིང་མགར་བ་གཞན་གྱིས་ཉ་ལམ་དུ་གཟོ་བྱེད་མི་ནུས་པ་གྲི་ལྷ་རྩེ་རྣོན་གྱི་མདུན་དུ་ཕེབས། གྲི་པས་འབུལ་ཞབས་དང་རེ་ཁ་དགོན་དུ་དམ་ཅན་གྱི་རྟེན་གཏོར་སྔགས་རྒྱུན་བཙུགས། རྟ་བར་ཕུག་གསེབ་ཏུ་ཟླ་གཉིས་དབེན་པ་མཛད། པོ་བོའི་ཕྱོགས་སུ་ཕེབས། བྲེ་མོ་ཆུ་མདོར་རྣམ་རྒྱལ་གླིང་གི་དགོན་པ་བཏབ། སྔོན་ཟམ་གླ་ཆེན་པོ་ཡོད་པ་བཅག་སྟེ་དགེ་ཟམ་དུ་མཛད། པོ་ཀོང་གི་འཁྲུག་རྩོད་ཞི། པོ་བོ་ཡ་གོང་གི་མར་ཁུ་ཐང་དུ་དགོན་གནས་བཏབ། རྒྱའི་གསེར་ཡིག་པ་རྣམས་ཉེ་བར་སླེབས་པས་སླར་ཀོང་པོར་ཕེབས། ཁྱུང་ཐོ་ལ་རྩའི་ཤིང་ཚུལ་བ་དང་སྐྱོ་ཚུལ་བ་བླ་མ་གྲགས་རྒྱལ་གྱིས་བར་སྟོད་དགོན་སོགས་རང་རང་གྱི་བདོག་པ་ས་རྒྱ་གནམ་རྒྱ་དང་བཅས་ཕུལ་སྟེ་ཞལ་བདག་དང་བསྐོས་ཇ་གནང༌། གོང་མ་སྔ་མ་གནམ་དུ་གཤེགས་པའི་སྨོན་ལམ་ཞུ་བ་དང༌། ད་ལྟའི་གོང་མ་ཁྲི་ཐོག་དུ་ཕེབས་པའི་བཀྲ་ཤིས་ཞུ་བར་གོང་གི་གསེར་ཡིག་པ་ཏའི་གོའི་ཤྲི་བཀྲ་ཤིས་བཟང་པོ་རིན་ཆེན་ཀོན་ཏིང་གོའི་ཤྲི་བློ་གྲོས་བཟང་པོ་སོགས་སླེབས། གོང་མའི་ལུང་འབུལ་བ་རྒྱ་ཇ་ཕྱེད་དང་ཉིས་བརྒྱ། གོས་ཕྱི་ནང་བརྒྱ། ཙནྡན་སྡོང་པོ་སུམ་བཅུ་རྩ་གྲངས། དངུལ་རྐྱེན་ཆེན་པོ་གཉིས་སོགས་ཡོ་བྱད་མཐའ་ཡས་པ་དང༌། ཡུམ་ཆེན་མོས་གསེར་འཕན་དྲུག་རྟེན་ཁེབས་ཁྱག་པར་ཅན་མང་པོ་དང༌། དོན་ཆོས་རྗེ། ཡང་ཆོས་རྗེ། སེ་ར་ཆོས་རྗེ་སོགས་ཕོ་བྲང་གི་ཆོས་རྗེ་རྣམས་དང༌། ཐའི་རྐྱེན་ཝང་སོགས་ཕོ་བྲང་གི་མི་ཆེན་ཐམས་ཅད་ཀྱིས་སོ་སོ་ནས་འབུལ་ཞབས་མཐའ་ཡས་པར་བྱུང༌། བསྔོ་བ་སྨོན་ལམ་གྱི་རྒྱས་འདེབས་མཛད། སྔར་པོ་བོ་ནས་ཚུར་བློ་བུར་དུ་ཕེབས་པའི་དབང་གི་ཕ་གིར་ཞབས་ཕྱི་མ་ཟིན་པའི་ཐོག་ཁ་ནང་སོ། ཀ་ནམ་རྫོང་པ། གཡའ་དམན་པ་སོགས་པོ་བོ་གཞུང་དང་པོ་སྟོད་སྤྱིའི་མཇལ་མི་མཐའ་ཡས་སླེབས་ཤིང་པོ་རྟ་བཟང་པོ་སུམ་བཅུ་ལྷག་པས་གཙོས་པའི་འབུལ་ཞབས་བྱས། གསལ་ཕུར་ཕེབས། བྲག་ཕྱི་(པ༡༢༢ན)


PTT001_Page_1111
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྣམས་ཀྱིས་སེ་ཏེ་ཕྲེང་ཕུལ་ཏེ་ཆོས་སྡེ་བཏབ། རྒྱལ་མཚན་སྟེང་དུ་གཟིམས་ཁང་གི་རྨང་བཞག་གསེར་ཡིག་པ་གོའི་ཤྲི་གཉིས་ལ་འདོད་ཆོས་གདམས་ངག་གནང་བས་ངེས་ཤེས་ཐོབ། རྩེ་ལྷ་སྒང་དུ་གསེར་ཡིག་པ་རྣམས་ལ་རྟེན་ཞལ་བསྟན་ཚེ་ངོ་མཚར་གྱི་ལྟས་མང་དུ་བྱུང༌། ཀར་དཔོན་བཀྲ་ཤིས་དཔལ་འབྱོར་བ་ལ་བསྐོར་ཇ་གནང་སྟེ་གདན་ས་ཀརྨའི་སིདྷུ་ལ་བསྐོས། སྤྱིར་རྒྱ་ནག་གི་ལས་ཀ་མི་དཔོན་ལྷ་དཔོན་གཉིས་ལས་རེ་རེ་ཞིང་མཆོག་དམན་གྱི་རྣམ་གྲངས་མང་ཡང་དེ་ཐམས་ཅད་རྒྱལ་པོ་ཉིད་མ་གཏོགས་གཞན་གྱིས་བསྐོས་མི་ཆོག་ཀྱང་རྗེ་དེ་བཞིན་གཤེགས་པ་བོད་ལ་ཕེབས་དུས་ཏའི་མིང་རྒྱལ་པོས་རྒྱ་བོད་ཐག་རིང་བས་འཕྲལ་དུ་ཞུ་བས་སླེབ་མི་ཐུབ། ཆོས་རྗེ་རིན་པོ་ཆེ་ཉིད་ལ་མགོན་སྐྱབས་ཞུས་པའི་རིགས་ལ་ལྷ་དཔོན་མི་དཔོན་གང་གིའང་ལས་ཀ་ངེད་ལ་མ་ཞུས་པར་ཆོས་རྗེ་རིན་པོ་ཆེ་ཉིད་ཀྱི་གནང་བ་ཞུ། ལས་ཀའི་རྒྱབ་གནོན་ངེད་ཀྱིས་བྱེད་ཞུས་སྟེ་དེ་ཕྱིན་གོ་ཤྲི་དང་སིདྷུ་ལ་སོགས་གནང་བ་ཡིན་ཞིང་སིདྷུ་ནི་ཧོར་དུས་ཀྱི་ལས་ཀའི་མིང་ཕྱིས་འཇགས་པ་ཡིན། གོང་དུ་ཡང་གོང་མ་ཁྲི་ཐོག་དུ་ཕེབས་པ་ལ་རྒྱལ་བ་དང་ཚེ་དཔེལ་བའི་ཤིས་བརྗོད་ཀྱི་ཚིགས་སུ་བཅད་པའི་ཕྲེང་བ་དང༌། རྒྱལ་ཡུལ་གྱི་ཀར་དགོན། ལིང་གུའི་སིའི་སྡེ། ཏས་ཏུ་ཀར་སྡེ། རི་བོ་རྩེ་ལྔའི་སྡེ། འཇམ་དབྱངས་སྤྲུལ་སྡེ། ཤིང་ཀུན་ཀར་སྡེ་སོགས་ལ་གུས་ཞབས་དགོས་ཚུལ། རྒྱལ་ཁམས་ལ་དགེ་བཅུའི་ཁྲིམས་མཛད་དགོས་པར་བཀའ་གནང་བ་སོགས་རྒྱ་ཆེར་བཀའ་བསྩལ་སྟེ་གསེར་ཡིག་པ་རྣམས་སླར་གོང་དུ་བརྫངས། སྨོན་ལམ་གྱི་ཆོ་ག་ཡན་ལག་ཉི་ཤུ་པ་མཛད་སྟེ་སངས་རྒྱས་ཀྱི་དུས་ཆེན་བཞི་དང་ཁྱད་པར་ཧོར་ཟླ་དང་པོའི་ཆོ་འཕྲུལ་ཆེན་པོའི་ཟླ་བའི་ཚེས་གཅིག་ནས་བཅོ་ལྔའི་བར་དུ་ཛམ་གླིང་ཙམ་ན་ཟླ་མ་མཆིས་པའི་རྟེན་ངོ་མཚར་ཅན་གཞལ་དུ་མེད་པ་རྣམས་ལས་ཅི་རིགས་པར་བཤམས། རིན་པོ་ཆེ་ཨ་ལི་མིག་ཤེལ་སྤྱད་ཁ་དོག་སྣ་ཚོགས། གསེར་དམར་སྨུག་སེར་(པ༡༢༢བ)


PTT001_Page_1112
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། ཐ་མ་དངུལ་སྤྱད་དང་གུ་གུ་ཤན་གྱིས་བསྡུས་པའི་མཆོད་རྫས་བོད་ཡུལ་བ་ཚངས་པར་བསྙེམས་པ་རྣམས་ཀྱིས་ཀྱང་སྔོན་ཆད་ཐོས་པའི་ལམ་དུ་ཡང་མ་གྱུར་ན་མཐོང་བའི་ལམ་དུ་ལྟ་ག་ལ་ཞིག་པ་རྣམས་ཉིན་རེ་ཞིང་གོང་ནས་གོང་དུ་དཔེལ་བས་བཤམས་པའི་སྤྱན་སྔར་དྲུང་ཉིད་ཀྱང་སྲབ་སྟན་ནས་གུས་ཕྱག་ལ་སོགས་མཛད་ཅིང་སྔ་དྲོ་སྨོན་ལམ་ཆེན་མོ་མཛད། ད་ལྟ་སྨོན་ལམ་ཆེན་མོའི་ནང་དུ་བཞུགས་པའི་སྔོ་བ་རྗེ་ཉིད་ཀྱི་སངས་རྒྱས་ཀྱི་ཞིང་ཡོངས་སྦྱོང་གི་སྨོན་ལམ་དུ་ཡོད་པ་འདི་དྲུང་ཁོ་ནས་ལྗགས་ཐོག་ནས་གསུངས། དེའི་རིང་སྒར་པ་མི་མང་ཐམས་ཅད་བསྔོ་བ་ཉན་ཞིང་ཞལ་ལྟ། ཕྱི་དྲོ་རྣམས་སངས་རྒྱས་ཀྱི་སྐྱེས་རབས་དུ་མ། རྒྱ་བོད་ཀྱི་གྲུབ་ཆེན་རྣམས་བྱོན་ཚུལ། འཁོར་ལོས་བསྒྱུར་རྒྱལ། རྒྱ་བོད་ཧོར་གསུམ་གྱི་རྒྱལ་པོ། ལྷ་ལྷ་མིན་རྩོད་པ། བརྒྱ་བྱིན་དང་རྒྱལ་ཆེན་བཞི་ལ་སོགས་པའི་ཚུལ་གྱི་ཟློས་གར་གྱི་རྩེད་སྣ་མཛད། སྤྱི་རྗེ་འདི་དུས་རྟག་དུ་ཞབས་རྡོ་རྗེ་སྐྱིལ་ཀྲུང་ཕྱག་མཉམ་བཞག་སྤྱན་ལྟ་སྟངས་དང་མི་འབྲལ། འཇིག་རྟེན་གྱི་གཏམ་དྲི་རྨེད་གསུམ་འབྲེལ་ཕན་མི་མཛད། ཆོས་ཀྱི་འབེལ་གཏམ་ཅུང་ཟད་རེ་མ་གཏོགས་གསུང་ཆེར་མི་བྱོན། དུས་རྟག་ཏིང་ངེ་འཛིན་ཁོ་ན་ལས་མི་གཡོ། གཟིམས་སྒར་གར་ཕེབས་སུ་ཡང་མཇལ་མི་ཐག་རིང་བ་མང་དུས་ཞག་གསུམ་རེ། ཕལ་ཆེར་ལྔའམ་བདུན་རེ་ལ་ཉིན་རེ་ཞལ་མཇལ་ཇ་གྲལ་ཕྱག་ལྕག་ཙམ་ལ་མ་གཏོགས་ཕལ་ཆེར་ཐུགས་དམ་སྐུ་མཚམས་སུ་བཞུགས། སྐྱོ་སེང་རི་གཟིགས་སོགས་ལ་མི་ཕེབས། དེའི་དབང་གིས་སྒར་པ་རྣམས་ཀྱིས་ཀྱང་ཞལ་མཇལ་བ་ཤིན་དུ་བཀའ་ཞིང་དཀོན་པའི་འདུ་ཤེས་མཐའ་ཡས་ཀྱང་ཆོ་འཕྲུལ་གྱི་རིང་སྔ་དྲོ་བཞིན་སྒར་པ་ཀུན་དང་ཕྱི་དྲོ་ཁྲོམ་ཐམས་ཅད་ཀྱིས་མཇལ་དུ་ཡོད་པས་དད་ཅན་རྣམས་ནི་ཞལ་མཇལ་ཁོ་ནའི་ཆེད་དུ་སྙེག །སྐྱེ་བོ་ཙམ་པོ་བ་མཆོག་དམན་ཀུན་ཡང་སྒར་པ་ལོ་སར་ཟེར་ནས་ལྟད་མོ་ཡང་རབ་དང་ཉིད་རབ་ཏུ་བྱེད། ཕྱིས་དབུས་གཙང་དུ་ལྷ་ས་དང་མཁའ་རུ་སྟེང་སོགས་སུ་རྒྱ་རས་ཟམ་བསོ་འབའ་ཞིག་(པ༡༢༣ན)


PTT001_Page_1113
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱས་པའི་གུར་ཆེན་གནམ་སྔོ་ལེབ་ཁང་པ་ཀ་བ་བརྒྱའི་ཚོད་ཡོལ་སྐོར་སྐར་ཕིབས་སྒོ་ཟུར་གྱི་ལྕོག་གཎྜི་ར་གསེར་བྱ་གསེར་འབྲུག་དང་བཅས་པ་ཕུབ་པར་བྱེས་ཆས་ཀྱི་མཆོད་གཤོམ་གཟབ་གཤོམ་མཛད། གཎ་ཌྷོ་ལའི་དབུ་ཐོག་དུ་ཏའི་མིང་རྒྱལ་པོས་ཕུལ་བའི་མུ་ཏིག་ཆེ་བ་ཐེ་བོང་ཙམ་ནས་ཆུང་བ་སྲན་མ་ཙམ་གྱི་བར་གྱི་མུ་ཏིག་དཀར་དམར་སེ་སྔོ་སོགས་བསྒྲིགས་པའི་གདུགས་བཅུ་གསུམ་བརྩེགས་ཀྱི་བདུན་པ་ཡང་ཕོ་འདོམ་ཕྱེད་གཉིས་ཀྱིས་འཁོར་བ་ཙམ་ལ་སོགས་པ་ཕུབ། དབུ་ཐོག་དང་སྐུ་རྒྱབ་ཏུ་མུ་ཏིག་གི་བླ་རེ་དང་ཡོལ་བ་མུ་ཏིག་གི་སྐུ་མཉེ་དང་བཞུགས་འབོལ་སོགས་བཤམས། མུ་ཏིག་གི་འཕན་ཆེན་སོགས་མཆོད་རྫས་ཁྱད་པར་ཅན་རྣམས་བཤམས་པ་ན་དབུས་གཙང་རུ་བཞིའི་བདག་པོ་ས་སྐྱོང་དོན་ཡོད་རྡོ་རྗེ་སོགས་ཀྱང་ཧ་ལས་སྟེ་མིས་ལྷ་ཡུལ་དུ་སླེབས་པ་ལྟ་བུར་ངོ་མཚར་ཆེས་པས་དྲི་བའི་སྤོབས་པ་ཙམ་ཡང་མ་བྱུང༌། སྨན་ཐང་འཇམ་དབྱངས་པ་སོགས་ཅི་འདི་རྨི་ལམ་མམ་མིག་འཕྲུལ་ཡིན་ནམ་ཡང་ན་རྣམ་སྲས་ཀྱི་ཁང་པར་སླེབ་བམ་བསམ་པ་བྱུང་ཟེར་སྐད། རྟེན་མཆོད་རྒྱས་པ་རྒྱ་ནག་གི་བརྐོས་མའི་གནས་བཅུ་རྒྱས་པ་སོགས་མཆོག་རྣམས་མཛོད་ནག་ན་བཞུགས་པ་ཡིན་པས་སྒར་ལ་བལྟོས་སྟེ་འདི་བྱེས་མཛོད་ཀྱི་རགས་བསྡུས་བཤམས་པར་ཟད་པ་ལའང་དེ་ལྟ་ན་གཞན་ལྟ་ཅི་སྨོས། སྒར་གྱི་ཕྱག་རྫས་མཐའ་དག་གི་བྱུང་བ་ཡིན་ལུགས་སོགས་ནི་རྗེ་ན་རིམ་ཉིད་ཀྱི་སོ་སོར་རྟོགས་པའི་ཡེ་ཤེས་ཀྱིས་མཁྱེན་གཟིགས་ཀྱི་སྒོ་ནས་བཀའ་བསྩལ་པ་མ་གཏོགས་རྟེན་སྒམ་གཅིག་གི་ཡང་ཚང་བ་སུ་ལ་ཡང་མ་འཚལ་སྟེ་གུའི་གུང་པ་རྣམས་ཀྱིས་ཀྱང་ཚང་བར་མི་མཁྱེན་པར་ཡིན་སྟེ་འདི་ནི་བདག་གིས་ཀྱང་རྗེས་དཔག་མ་ཡིན་པར་མངོན་སུམ་གྱིས་ངེས་སོ། །འོན་ཡང་སྔོན་རྗེ་དེ་བཞིན་གཤེགས་པ་སོགས་ཀྱི་དུས་ལ་བལྟོས་ན་ནི་ཆེ་ཙམ་དུ་སྣང་སྟེ་མཆོད་གཤོམ་ཆེན་མོ་མི་ཐེ་བ་གཎ་ཌྷོ་ལའི་སྐོར་ཁོ་ན་ལ་སྔོན་རྟེན་སྒམ་རྒྱབ་ཚད་མ་སུམ་བཅུ་སོ་གཉིས་ཡིན་འདུག་ཡང་དྲུང་གོང་མའི་(པ༡༢༣བ)


PTT001_Page_1114
[མ་དཔེ་གཟིགས་ན་འདིར་གནོན།]

དུས་བཅུ་དྲུག་ཙམ་དང་ཕྱིས་ནི་བདུན་བརྒྱད་ཙམ་དུ་སྣང་ངོ༌། །ཆོ་ག་ཡན་ལག་ཉི་ཤུ་པ་འདི་ནི་ཐོག་མར་གསའ་ཕུར་ལྷ་བབས་ཀྱི་དུས་ཟླ་བ་དགུ་པའི་བཅོ་ལྔ་ནས་བཙུགས། དེ་ཕྱིན་ས་གའི་བཅོ་ལྔ་དུས་ཆེན་གསུམ་འཛོམ་དང༌། ཆུ་སྟོད་ཀྱི་ཚེས་བཞི་ཆོས་འཁོར་གྱི་དུས་ཆེན་རྣམས་སྨོན་ལམ་ཁོ་ན་མཛད། ཆོ་འཕྲུལ་གྱི་ཟླ་ཕྱེད་ཀྱི་རིང་སྨོན་ལམ་དང་ཟློས་གར་གཉིས་ག་མཛད་པ་ཡིན་ལ། དེ་ཐམས་ཅད་ལ་འཇའི་གུར་མེ་ཏོག་གི་ཆར། ཀོང་པོར་རྒོད་མི་འོང་ཡང་རྒོད་ཀྱིས་སྐོར་བ་བྱེད་པ་ས་གཞི་ལ་མེ་ཏོག་སྐྱེ་བ་ཆར་དྲི་ཞིམ་པོ་ཅུང་ཟད་འབབ་པ་སོགས་རེ་རེ་ཞིང་ངོ་མཚར་མཐའ་ཡས་པ་བྱུང་སྣང་བ་སོ་སོ་བཞིན་བྲི་བར་མ་སྤོབས་ལ། སྤྱིར་ཡང་དྲུང་གར་བཞུགས་སུ་འཇའ་དང་མེ་ཏོག་གི་ཆར་རྟག་དུ་འབྱུང༌། གར་ཕེབས་ཀྱི་ནད་ཡམས་ཆད། སྐྱ་རྒྱལ། ལུང་སྟོང་ཆེན་པོ་རྣམས་སུ་ཕེབས་ཀྱང་ཁྲོམ་ཁྲི་ཕྲག་ལས་མི་ཉུང་བ་རྟག་དུ་འདུ། ཉིན་མོ་མིས་སྐོར་བ་བས་ཀྱང་མཚན་མོ་ལྷ་འདྲེས་བསྐོར་བ་སྐོར་ལམ་བྱང་ཕུལ་ཆེ་བར་ཞིབ་མའི་བློ་ཅན་རྣམས་གླེང༌། ཁལ་མཛོ་གཟིམས་ཁྱི་གཟིམས་དྲེལ་སོགས་ཤི་བ་ཐམས་ཅད་ལ་འཇའ་འོད་དང་མེ་ཏོག་གི་ཆར་དང་རིང་སྲེལ་འབྱུང༌། དེ་སོགས་ཡི་གེར་ཡང་ཅུང་ཟད་སྣང་ཞིང་སྔོན་གྱི་སྒར་བ་ལས་དངོས་སུ་ཐོས་པ་ཆེས་མང་བ་ཡོད་ཀྱང་སོ་སོར་བྲིས་མ་ལང༌། སྒར་དཔོན་རྣམས་ཀྱང་ཚོང་མི་བྱེད། ཡོ་བྱད་མི་སོག་ནང་བརྟག་རྒྱུད་གསུམ་མཁྱེན་པ་མཁའ་འགྲོ་རྒྱ་མཚོ་དང་རྡོར་དབྱིངས་སོགས་དཀྱིལ་འཁོར་ཆེ་ཆུང་ཐམས་ཅད་ཀྱི་གར་དབྱངས་ཀྱི་བར་ཆིག་རྐྱ་འཕེར་བ། གཅོད་དང་ཆོས་དྲུག་གི་ཐུགས་དམ་བཟང་བ་ཁོ་ན་འབྱུང༌། བུ་ཚ་འབྲིང་ཡན་ཆད་ཡིག་བཅུ། བཻ་རོ་ཙ་ནི་མགོན་པོ་དང་རྟ་མགྲིན་གྱི་སྔགས་ཐུང་སྟེ་རབ་ཀྱིས་དུང་ཕྱུར་བཞི། འབྲིང་གིས་གསུམ། ཐ་མས་ཀྱང་གང་རུང་དུང་ཕྱུར་གཅིག་མ་ཐོངས་ན་མི་གྲངས་སུ་མི་འཇོག །གདན་ས་ཁག་སོགས་བླ་མ་རྣམ་པ་གོའི་ཤྲི་རྣམ་པ། དཔོན་ཆེན། དཔོན་ཆུང༌། དེ་འོག་རྣམས་ཁྲིམས་པ་(པ༡༢༤ན)


PTT001_Page_1115
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་གཡོག་གཉིས་རྣམས་སྒར་པ་གྲལ་བ་དང༌། དེ་འོག་རྣམས་བུ་ཚ་རབ་འབྲིང་ཐ་གསུམ། དེ་རྣམས་ཤོག་དུ་མར་བགོས་ནས་ཟླ་བ་གསུམ་རེ་ཙམ་གོའི་ཤྲིར་རས་ཁྲིམས་དཔོན་བྱས་ནས་ཁྲིམས་པ་སུམ་བཅུ་ཙམ་རེ་མོས་ཀྱིས་བསྐོ། ཡོལ་སྒོ་གདོང་གི་ཕ་ཚད་དུ་ཞོགས་པ་ནས་འཚོག་ཁྲིམས་རར་གོས་ལྷན་པ་ཅན་ལྷམ་ཀྲད་པ་ཕོག་པ་སོགས་མི་གྱོན། གཟན་རྐྱང་སོགས་མི་བྱེད། མི་ཆེན་གྱི་གྲལ་གྱི་ཚུལ་མ་གཏོགས་སྡོད་ལུགས་གང་བྱུང་དང་ལག་པ་འགྲམས་པ་ལ་བསྟེན་པ་སོགས་མྱ་ངན་གྱི་འདུག་སྟངས་མི་བྱེད། སྐད་ཆ་དྲི་བཤད་གཏམ་གླེང་པ་ཐམས་ཅད་ལ་ཡུལ་ཕྱོགས་དཔོན་རིགས་སོགས་ཀྱི་ཕྱོགས་ཆར་འགྲོ་བ་མི་གླེང་བ་སོགས་ཀྱི་ཁྲིམས་ཀྱི་བཅའ་བ་ཕྱག་བྲིས་མ་མཐོང༌། བང་ཆེན་མཇལ་མི་སོགས་ཞུ་སྣ་ཅི་དགོས་མགྲོན་གཉེར་དཔོན་གཉིས་ཀྱིས་ཁྲིམས་གྲར་གཏུག །དེས་གཟིམས་དཔོན་ཆེན་མོ་དང་གུའི་གུང་པ་ལ་ཞུ། རིམ་པར་སྙན་སྦྲོན། མགྲོན་པོ་སླེབས་པ་ཐམས་ཅད་ལ་ཐོག་མར་ཁྲིམས་རེས་སུ་ཡོད་རྣམས་ཀྱིས་གཞི་ལེན་བྱེད། དེ་ནས་རིམ་པས་ཆོས་རྗེ་ནང་སོ་དང༌། གུའི་གུང་པ་སོགས་ཀྱིས་དང་ལེན། སྒར་སྟོན་ལ་ཤ་མི་འགྲིམ། སྒར་ནང་དུ་ཤ་དངོས་སུ་ཁྱེར་མི་ཆོག་རབ་ཀྱིས་གཏན་དུ་དང་ཐ་མས་ཀྱང་ཉིན་ཆང་སྲུང༌། བུད་མེད་སྒར་དུ་མི་འཇོག །ཁྲིམས་རེས་བརྗེ་ཁར་འདིའི་རིང་ངེད་ཀྱིས་ཁྲིམས་ལས་འདས་རི་ཞེས་བྲང་དཔོན་གྱིས་མནའ་འབུལ། དེའི་དབང་གིས་སྒར་པ་ཤིན་དུ་མང་རུང་ཕྱི་ནང་གང་དུའང་འཐབ་རྩོད་དང་ཤེད་ངོམ་སོགས་མི་འབྱུང་བས་སྐྱེ་བོ་ཐམས་ཅད་དད་པ་ཡིན་ནོ། །ཚེ་རྒྱུན་ཁང༌། རྟ་མགྲིན་ཁང༌། རྣམ་འཇོམས་ཁང༌། དགོངས་འདུས་ཁང༌། མགོན་པོ་ཁང་སྟེ་སྐུ་རིམ་ཁང་པ་ལྔ། ལས་སྣ་འཛིན་པའི་བྲང་ཁ་ཆེན་པོ་དྲུག་བཅུ་ལྷག་པ། དེ་རེ་རེ་ལ་དཔོན་ཆེ་ཆུང་དངོས་ལྔ་དྲུག་ལས་མི་ཉུང་བ་དང་ཁྲིམས་པ་བཅུ་སྐོར་ལས་མི་ཉུང་བ། སྤྱིར་ཁྲིམས་པ་བྱེས་འགྲོ་ཕལ་ཆེར་གཟིམས་གཡོག་ཁང་དུ་འཇོག་པས་(པ༡༢༤བ)


PTT001_Page_1116
[མ་དཔེ་གཟིགས་ན་འདིར་གནོན།]

དེར་ཁྲིམས་པ་བདུན་བཅུ་ཙམ་ལ་སོགས་པ་དྲུང་འཁོར་དངོས་དང་ཕོགས་ཡིག་གི་སྐབས་སུ་ཐབ་གསོས་ཀྱི་དཔོན་ཆེ་ཆུང་ཞེས་ཡི་གེར་བཏབ་ནས་དེའི་སྐལ་བ་བླངས་པས་མགྲོན་ཐེབས་བྱེད། དབུས་གཙང་ཐམས་ཅད་དུ་སྒར་གྱི་དཔོན་ཆུང་ལ་སྲབ་སུམ་བརྩིགས་དང་པང་ཁེབས། དཔོན་ཆེན་ལ་སུམ་སྟན་མཉེ་འབོལ་དང་པང་ཅོག་བྱེད་པ་ནི་བདག་གིས་ལོ་བཅུ་གསུམ་ལོན་པ་ཡན་ལ་འདུག །ཆིབས་རགས་ཀྱི་དུས་ཀྱང་སྐྱ་དར་དང་རོལ་མོ་བ་ལས་སྣེ་ཆེ་ཆུང་གི་རྒྱབ་ཆབ་སོགས་ཆིབས་རགས་ཀྱི་སྔ་འགྲོ་བ་རྣམས་དང་རྟ་དཀར་པོ་རེ་ལ་རྟེན་གཎ་ཌྷོ་ལ་བཀལ་བ་ལ་གསེར་ཐོག་ཕུབ་པ་ཆིབས་ཀྱི་མདུན་དང༌། ཆིབས་ཀྱི་རྒྱབ་ནས་གུའི་གུང་པ་སོགས་གོའི་ཤྲི་བླ་མ་དཔོན་ཆེན་སོགས་གོ་རིམ་ངེས་པ་ཅན་འབྱོན། སྐུའི་གཡས་གཡོན་དུ་གསིལ་གཡབ་ཉི་ཟླ་ཁ་སྦྱོར་འཁྱེར། ལས་འཛིན་རྣམས་གཡོན་གནོན་གཙུག་ཞྭ་གུའི་གུང་པ་སོགས་གོའི་ཤྲི་ལས་ཀ་ཅན་རྣམས་ལས་ཞྭ་ལས་གོས། བླ་མ་སྒ་ཤུབས་སྟན་དམར་ཐོབ་པ་རྣམས་དང་དཔོན་ཆེན་རྣམས་གོས་ཟླམ་གཙུག་ཞྭ་སོགས་མི་ཆེན་ངེས་ཅན་ཁོ་ན་ཆིབས་རགས་ལ་སྒྲིག །རྟ་ཆས་ངན་པ་དང་གོས་ཆེན་ཧྲུལ་པོ་སོགས་མི་གྱོན། དེ་ལྟ་བུའི་སྐྱ་མི་ཉུང་མཐའ་སུམ་བརྒྱ་ལ་བྱས་པ་འབྱུང༌། དེ་ལྟ་བུའི་ཆིབས་རགས་ཆེ་བ་བསྒྲིགས་སོ་འཚལ་ལ་ཡང་འཇའ་འོད་དང་མེ་ཏོག་གི་ཆར་འབྱུང་ངོ༌། །སྤྱིར་དྲུང་སྐུ་ནས་ཕྲ་ཞིང་བླ་མ་རྣམ་གཉིས་ཀྱིས་གསུང་ཆོས་འབུལ་དུས་དབྱར་བཞུགས་དགུན་བཞུགས་གར་ཕོག་དུ་གཟིམས་སྤྱིལ་ཆུང་ངུ་རེར་དྲུང་སྐུ་མཚམས་ཁོ་ན་ལ་ཕལ་ཆེར་བཞུགས་ཤིང་གསན་བསམ་སྒོམ་པ་མཛད། མི་ཆེན་གྱི་ཞལ་ངོ་དབོན་པོ་ཕྱག་ཕྱིར་འབྲེངས་པ་རྣམས་ལ་གོའི་ཤྲི་རིན་པོ་ཆེས་དབང་རྒྱུད་བཤད་ལག་ལེན་རྣམས་གནང༌། བླ་མ་རིན་པོ་ཆེས་གཅོད་དང་ཕྱག་ཆེན་ཆོས་དྲུག་གི་ཁྲི་མཛད། དཔོན་པོ་རྣམས་ཀྱང་རྟ་སྒ་དྲེལ་སྟན་རེ་དང་གོས་དྲོས་ཙམ་མ་གཏོགས་ཡོ་བྱད་མི་འཚག །སྒར་འདེགས་པ་ན་གཟིམས་(པ༡༢༥ན)


PTT001_Page_1117
[མ་དཔེ་གཟིགས་ན་འདིར་གནོན།]

གུར་གྱི་ཡོལ་སྒོ་ཆེན་མོའི་གོང་ཐིག་ལ་རས་གསན་བཏགས་ནས་བརྒྱངས་པར་སྡོད། ཇ་ཚ་བཞེས་སོགས་ནང་སོ་ནས་གཏོང༌། ནམ་ཐེགས་འཛག་རྟ་འཛག་དྲེལ་གང་ཐོབ་རྟ་མང་ཁང་པ་དང་དྲེལ་མང་ཁང་པ་ནས་གཏོང༌། དེ་ལ་རང་གི་དྲེལ་སྟན་དང་རྟ་སྒ་གཏད་ནས་ཕྱག་ཕྱི་བྱེད། ཚུལ་འདིས་ཐོས་བསམ་སྒོམ་པ་ཤིན་དུ་སྨར། དེ་དག་ལ་ཡོལ་བ་ནང་པར་གྲགས། ཕྱིས་དེ་ལྟ་བུ་མང་བ་ན་དེར་མ་ཤོང་བས་ཁྲ་གུར་ཆེན་མོ་ཞིག་དུ་བཞུགས་པ་རྣམས་ལ་ཁྲ་གུར་ནང་པར་གྲགས། དེ་གཉིས་ཀྱི་ནང་ནས་དགེ་སྦྱོར་མཐོ་བ་རྣམས་ཅོག་བུ་ལ་བརྟེན་སྟེ་དབེན་པར་བཞུགས་པ་མང་དུ་བྱུང་བ་ལ་དབོན་པོ་རི་བ་དང༌། དེ་ལས་ཀྱང་དབེན་པ་མཛད་པ་ཡང་རི་པར་གྲགས། ཕྱིས་ཡོལ་བ་ནང་པ་རྣམས་ཐོགས་ཅིག་ཡོལ་སྐོར་གྱི་ཕྱིར་ཀ་གཉིས་མ་རེ་ལ་བཞུགས། སངས་རྒྱས་མཉན་པ་དང་ཟུར་མང་བྱ་བྲལ་བ་རྒྱ་སྟོན་བྱ་བྲལ་བ་སོགས་མང་པོ་རི་ཁྲོད་ལ་ཐེགས། གཞན་ཕལ་ཆེར་ལས་འཛིན་བྲང་དཔོན་བསྐོས། ཡང་རི་བའི་རྒྱུན་སྒྲུབ་སྡེ་དགེ་སྦྱོར་སྨར་བ་ཞིག་བྱུང་བ་དབུ་མཛད་རེ་བསྐོས་ནས་ཉིན་བཞིན་གཟིམས་གུར་གྱི་ཕྱིར་ཡན་ལག་བདུན་པ་འབུལ། སྐུ་མཚམས་དངོས་མེད་དུས་ཞག་གསུམ་རེ་ལ་དམིགས་པ་རེ་ཞུ། དེ་ལྟ་བུའི་ལུགས་གཉིས་ཀྱི་སྲེལ་ཆེན་པོ་ཡོད་སྟེ་སྨོན་ལམ་ཆེན་མོ་བཙུགས་པ་ལས་འཕྲོས་ནས་ངོ་མཚར་བའི་མཛད་པ་སྤྱིར་གླེངས་པའོ། །འོ་ཐང་དང་བུ་ཆུ་སྐོར་དུ་ཕེབས། ཀོང་ལུང་རལ་གསུམ་ལ་ཆོས་རྒྱ་དཀར་པོའི་ཞིབ་ཆ་མཛད། རྩེ་ལྷ་སྒང་དུ་རེ་ཞིག་བཞུགས། ཤམ་པོ་གནས་ཀྱི་དགོན་སར་དུ་ལྷ་ཁང་བཞེངས་པར་རབ་གནས་ལ་ཕེབས། ཟིང་པོར་ཡོན་བདག་དབང་ཕྱུག་གི་སྤྱན་དྲངས་ཏེ་འབུལ་ཆེན་དང་སྐྱེ་བོ་ལ་ནག་སྟོན་བྱས་ཚེ་ཆར་པ་རོ་སྦྲང་རྩི་ལྟར་མངར་བ་ཞིག་བབ། ཉི་མ་གསུམ་འགྱུར་གྱིས་རིང༌། སླར་འོ་ཤོད་དུ་ཕེབས། རྒྱལ་གོག་བཟང་པོ་དཔུན་ཚ་བོ་སྟེ་ཤ་གཙོན་ཁྲི་མོན་དུ་ཚུད་པ་སྡུག་བསྔལ་བ་གསུམ་(པ༡༢༥བ)


PTT001_Page_1118
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་པའི་དོན་ལ་ཟླ་བ་གཉིས་ཙམ་བཞུགས་སྟེ་གཉི་ག་ཕན་བདེ་ལ་བཀོད། རེ་ཤོད་ནོ་འཕྲད་དུ་འཇིགས་སྐྱོབ་ཀྱི་དགོན་པ་དང་ལྷུན་གྲུབ་དགོན་སར་དུའང་དར་རྒྱས་ཀྱི་བཀའ་གནང༌། ཟིང་པོ་འབུམ་པ་སྒང་དུ་ཕེབས། འབྲུག་ལོའི་ལོ་སར་དང་སྨོན་ལམ་མཛད་དུས་ཕྱག་ནས་འཐོར་བ་གོང་དུ་འགྲོ་བའི་གསེར་ཡིག་པ་རྣམས་འཇམ་ལམ་དུ་ཞུགས་ནས་ཞག་མལ་བསྡད་སར་མང་དུ་འཐོར་བས་ཕྱག་ནས་ཡིན་པར་ཤེས་སྟེ་བསྡུས། ཀོང་པོའི་ནས་རིགས་སུ་འདུག་ནས་ཕྱིས་གོང་མ་ལ་ཡང་ཕུལ་ཞིང་གཞན་ལ་བཀྱེ། རྩེ་ལྷ་སྒང་གི་རྣམ་ཐོས་ཚལ་དུ་བཞུགས། གུས་ལྡན་གྱི་སྦྱིན་བདག་ཆེན་པོ་བྱ་ཁྲི་དཔོན་བཀྲ་ཤིས་དར་རྒྱས་དང་སྲས་གོའི་ཤྲི་ཆོས་ཀྱི་གྲགས་པ་སོགས་དཔོན་གཡོག་བཞི་བརྒྱ་ལྷག་པ་སུམ་བཅུ་རྩ་གསུམ་གྱི་ལྷ་སྐྱེད་ཚལ་དུ་ཆས་པ་ལྟ་བུའི་འབྱོར་པས་ཞལ་མཇལ་བ་དང་སྤྱན་འདྲེན་པ་ཁོ་ནར་བྱོན། གསེར་ཞོ་སྟོང་ཕྲག་ལྷག་པ་བྱུ་རུའི་རྒྱལ་མོ་ལག་པ་ཁྲུ་ཚད་མ། ཤེལ་རྐྱེན། གཟིམས་གུར་ཉི་མ་ལྷ་ཁང་ལ་སོགས་པ་གསུམ། རྟ་དྲེལ་ཉི་ཤུ་རྩ་གསུམ། དར་རས་ཆེས་མང་བ་དང་བཅས་པ་ཕུལ། དེའི་ཚེ་ཁྲི་དཔོན་པ་དད་པའི་སྤྱན་ཆབ་དབྱར་གྱི་ཆུ་བོ་ལྟར་འབྲུབ་ཅིང་རང་དབང་མེད་པའི་གདུང་ཤུགས་ཆེན་པོས་གསེར་ག་སོགས་སྒོར་ལ་སོགས་སྐུའི་རྒྱན་ཐམས་ཅད་ཀྱང་ཕུལ་ནས་དབུ་སྐྲའི་གཙུག་ཕུད་ཕྱག་དུ་ཕུལ་སྟེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་གསོལ་བ་བཏབ་ཀྱང་འཁོར་རྣམས་ཀྱིས་ནན་གྱིས་ཞུས་ཅིང་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་ན་ལམ་གྱི་ཆོད་དང་གཞན་ཕན་ཆེ་བར་བཀས་གནང༌། ཕེབས་པར་ཡང་ཞལ་གྱིས་བཞེས། བསྙུངས་གཞི་དྲག་པོ་ཅིག་འདུག་པ་ལས་ནད་ཅིག་ཡིན་པ་འདྲ་བཀའ་གནང་བས་གཤེགས་པ་དང་མོས་གུས་དྲག་དུ་མཛད་པས་བསྙུང་གཞི་དེ་ཕལ་ཆེར་སངས། མཛོད་ནག་ནས་གོས་བཟང་པོ་ལ་རྨ་བྱའི་མདོངས་བསྒྲིགས་པའི་ཡོལ་བ་སོགས་བཀྲམ། གནས་བཅུ་རྒྱ་ནག་མ་ཁྲི་རྒྱབ་སོགས་བཀོད་པ་མཐའ་ཡས་པ་ཅན་སོགས་ཀྱི་རྟེན་མཇལ་(པ༡༢༦ན)


PTT001_Page_1119
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བ་འདུག །ཁྲི་དཔོན་པ་སྐུ་ལས་འབྲལ་བར་མི་ཕོད་བཞིན་དུ་བཀའ་ལུང་གིས་ཕྱིར་ཐེགས། ཕྲག་དུ་ཕེབས་སྟེ་ཆོས་རྒྱའི་ཞིབ་ཆ་དང་ཚོང་རྒྱ་མཛད། ཀློ་ཡུལ་ནས་སྔོན་རྗེ་རང་བྱུང་རྡོ་རྗེས་སེང་གེ་ལ་བཅིབས་ནས་བྱོན་པའི་རྫུ་འཕྲུལ་གྱིས་བཏུལ་བ་ཀློ་གྲ་དཀར་གྱི་རྒྱལ་པོ་སོགས་མཇལ་བར་སླེབས། བ་མེན་ལ་སོགས་པའི་འབུལ་བ་ཕུལ། སྲོག་སྡོམ་སོགས་དགེ་བ་མང་དུ་ཁས་བླངས། དེའི་དུས་ཙཱ་རི་པང་ཕུག་ན་སྒྲུབ་པ་མ་མངོན་ཤེས་ཅན་ཞིག་ཡོ་པ་ན་རེ། ན་ནིང་སྒར་པ་ཕེབས་ཟེར་ཡང་སྤྱན་འདྲེན་མ་སོང༌། ད་ལོ་དཔའ་བོ་མཁའ་འགྲོ་ཞིང་སྐྱོང་ཐམས་ཅད་སྤྱན་འདྲེན་ལ་སོང་བ་ཕེབས་པ་ཡོད་ཟེར་བ་ལ་བ་ཡོ་རི་དགོན་སོགས་ཀྱིས་ཀྱང་གདན་འདྲེན་པ་སུ་ཡང་མེད་པས་མི་བདེན་ཟེར་རུང་བློ་བུར་དུ་བ་ཡོར་ཕེབས། རྨོ་ལོ་ཐང་རམ་གྱིས་འབུལ་ཞབས་བྱས། དེར་ཡང་ལོ་མང་པོ་བྱུང་སྟེ་རང་ཡུལ་དུ་དར་བའི་རྩེ་སྣས་མཆོད། སྲོག་སྡོམ་དང་མ་ཎི་མང་དུ་ཁས་བླངས། ཙཱ་རིའི་གནས་སྐོར་བ་ལ་གནོད་པ་མི་བྱེད་པ་དང་རང་ཡུལ་དུ་འཁྲུག་པ་མི་བྱེད་པར་ཁས་བླངས། བཀྲ་ཤིས་ལྗོངས་སུ་ཕེབས་པ་ན་སྒོ་མོ་ལར་དཔའ་བོ་མཁའ་འགྲོའི་བསུ་བ་དང་རེ་མ་ལར་སེམས་ཉིད་ངལ་སོ་དང་མཁའ་སྤྱོད་དཀར་མོ་གཟིགས་པ་ནས་བཟུང༌། ཉིད་ཀྱིས་ལུང་བསྟན་པའི་རི་ཨ་མ་ར་དྷཱུ་ཏིའི་ངོས་སུ་བདེ་མཆོག་སོགས་སྔགས་ཀྱི་ལྷ་ཚོགས་དཔག་མེད་གཟིགས་པའི་བར་གཟིགས་སྣང་མཐའ་ཡས་པ་ལམ་ཡིག་དུ་འཁོད་པ་ལྟར་དང་ཆུས་བྲག་དུ་མཁའ་འགྲོ་མའི་ཞབས་རྗེས་ཀྱི་གནས་སྒོ་ཕྱེ། གླང་གོང་བདེ་ཆེན་སྟེང་དུ་དགོན་པ་ཐོབ་གསུངས་སྟེ་ཕྱག་ནས་འཐོར། ཙཱ་རིར་སྒྲུབ་པ་བ་མང་དུ་བཞག་སྟེ་སྐྱེན་ནས་སྒྲུབ་རྒྱགས་ཀྱི་རྒྱུན་སྦྱར། སྐྱེན་པའི་འཁྲུགས་རྩོད་རྣམས་ཞི་བར་མཛད་སྟེ་ཆོས་རྒྱ་དཀར་པོ་ལ་སྦྱར། དེ་ནས་སྤྲུལ་པའི་སྐུ་ཞྭ་དམར་བས་དགའ་ལྡན་མ་མོར་གཙུག་ལག་ཁང་སར་མ་ལྷ་ཆེན་དང་བཅས་པ་བཞེངས་པ་འགྲུབ་སྟེ་རབ་གནས་ལ་སྤྱན་དྲངས་གླང་ལ་ནས་བ་ཡོར་བརྒྱུད། (པ༡༢༦བ)


PTT001_Page_1120
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མར་ཕྲག་ཡུལ་དུ་རྒྱ་བྲག་པ་སོགས་ཀྱི་མ་བདེ་བ་ཅུང་ཟད་བྱུང་བ་ཞི་བར་མཛད། དགའ་ལྡན་མ་མོར་ཕེབས་སྟེ་རབ་གནས་ཤིན་དུ་ལེགས། སྤྲུལ་པའི་སྐུའི་ཞྭ་དམར་བ་གཙོ་བོར་གྱུར་པའི་ལྷ་སྡེ་མི་སྡེའི་ཁྲོམ་ཁྲི་ཕྲག་མང་པོ་ལ་ཆོས་ཀྱི་དགའ་སྟོན་དང་ལུགས་གཉིས་ཀྱི་བཀའ་དྲིན་རྒྱ་ཆེན་པོ་མཛད། རྩེ་ལྷ་སྒང་དུ་ཕེབས་སྟེ་ལོ་སར་སྨོན་ལམ་མཛད། ལྷ་མོ་རང་བྱུང་རྒྱལ་མོའི་བསྙེན་སྒྲུབ་ཐོག་མར་གྱི་ལིང་ཚལ་དུ་བཙུགས། ཕྱིས་གླང་ཁྲོད་ཚལ་དུ་བསྙེན་སྒྲུབ་ལས་སྦྱོར་མཛད། དེ་དག་གི་ཚེ་གཤེགས་གླུ་དང་ཐོག་ལྷུང་བའི་སྒྲ་ལྟ་བུ་ཉིན་མཚན་དུ་རྟག་པར་གྲག །གཏོར་ལེན་འཇིགས་སུ་རུང་བ་མངོན་སུམ་དུ་མཐོང༌། མི་སྙིང་གི་ཚལ་པ་ཅིག་ཁྲག་ཐུན་དུ་དངོས་སུ་སླེབ་པ་སོགས་རྟག་དང་ཆོ་འཕྲུལ་བགྲང་གིས་མི་ལང་སྟེ་རགས་པ་རྣམ་ཐར་ན་གསལ། ཁྱད་པར་ཉང་ཁ་ཕྱོགས་ནས་རླུང་འཚུབ་དམར་པོ་དང་ནག་པོ་དང་སྔོན་པོ་དང་དཀར་པོ་སོགས་ཁ་དོག་སྣ་ཚོགས་པ་གཡས་འཁྱིལ་དང་གཡོན་འཁྱིལ་དུ་མར་ཡོད་པ་བྲེང་མ་ཆད་པའི་དཀྱིལ་ནས་ཐོག་འཕངས་སྟེ་ཉང་ཁའི་ཤིང་སྡོང་དུ་མ་བཅག་པ་དང་འུར་སྒྲ་ས་གཡོ་བ་ཙམ་བྱུང་ཚེ་ལྷ་མོ་འཁོར་བཅས་མངོན་སུམ་དུ་གཟིགས་པ་ལ་བསྐལ་མང་མ་སོགས་ཀྱི་བསྟོད་བསྐུལ་མཛད། རྣམ་ཐོས་ཀྱི་རིར་བཞུགས་ཚེ་པོ་རྔོད་སྙེ་གསུམ། མདོ་སྟོད་སྨད། དབུས་གཙང༌། བྱ་བ་རྣམས་སོ་སོ་ནས་སྤྱན་འདྲེན་མི་ཆེ་ཞིང་མང་བར་སླེབས། བླ་མ་ཀ་ཐོག་པ་འོད་ཟེར་རྒྱལ་མཚན་ལ་པོ་བོར་ངེད་རང་གི་ཆོས་ཁྲིའི་རྒྱབ་ཏུ་སྔར་ཕྱག་ལྕག་བཙུགས་པ་སྐྱེས་པའི་ཤིང་སྡོང་རྩ་བ་གཅིག་ལ་འབྲས་བུ་མི་གཅིག་པ་གསུམ་སྨིན་པ་ཅིག་ཡོད་ཅེས་བཀའ་བསྩལ་བ་ཁོང་གིས་ཇི་ལྟ་བར་བརྙེད་གསའ་ཕུ་བདེ་མཆོག་གི་ཕོ་བྲང་དུ་ཕེབས། བྲག་ཕྱི་བའི་ནང་རྒྱ་ཞིབ་ཚགས་མཛད། སླར་རྣམ་ཐོས་ཀྱི་རི་བོར་ཕེབས་པ་ན་འཇང་ས་ཐམ་རྒྱལ་པོ་རྣམ་ཐོས་ཤེས་རབ་ཀྱི་ཞུ་ཡིག་འབུལ་ཆེན་དང་བཅས་སྟེ་སྤྱན་འདྲེན་པར་སླེབས། པོ་བོས་སྤྱན་(པ༡༢༧ན)


PTT001_Page_1121
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་པ་ལྟར་ཀླུ་ནང་དུ་ཕེབས། དེར་ལྷོ་རོང་ནང་སོ་ཞང་སྐྱབས་དཔོན་གཡོག་རྣམས་གདན་འདྲེན་ལ་སླེབས་སྟེ་ལྡེམ་རྟ་མང་པོ་སོགས་འབུལ་ཞབས་ཆེར་བྱས། བྲེ་མོ་ཆུ་མདོར་ཕེབས། པོ་བོ་མ་ཆེ་ཆུང་རྣམས་ཀྱིས་ཆིབས་པ་བརྒྱ་ལ་སོགས་པའི་འབུལ་ནོད་མཐའ་ཡས། ཟར་བེ་བ་རྣམས་ཀྱིས་ས་ཆ་དབང་རིས་ཕུལ་ཞིང་རྣམ་རྒྱལ་གླིང་དུ་བླ་མ་འོད་ཟེར་རྒྱལ་མཚན་བསྐོས། སླར་ཀོང་པོར་ཕེབས། རྒྱལ་འཛིན་པའི་ཡོན་བདག་རྒན་མོ་བློ་བདེའི་བུ་རྒྱུད་སོགས་ཀྱིས་འབུལ་ཞབས་མཐའ་ཡས། པོ་བོ་ཡེ་གོང་དང་མར་ཁུ་ཐང་དུ་མཁར་ལས་ཟིན་ནས་ཁྲོམ་བསགས། དུས་བསྒྲིགས་ནས་ཕྱག་ནས་ཞུས་པ་རྒྱལ་འཛིན་ནས་འཐོར་བས་ཁྲོམ་ཐམས་ཅད་ཀྱིས་མཐོང་བར་སི་ལི་ལི་བྱུང༌། ལྷོ་རྒྱ་སྟོན་པའི་འབུལ་ཆེན་དང་རྔོད་པའི་འབུལ་ཆེན་དངུལ་སྲང་སྟོང་གྲངས་དང་མཛོ་སུམ་བརྒྱ་སོགས་སླེབས། རྒྱ་སྟོན་པའི་བདེ་སྟེང་དགོན་དུ་རྡོ་རྗེ་འཆང་གི་སྐུ་སར་བཞེངས་དང༌། རྔོད་དུ་ཤཱཀྱ་བའི་དགོན་དང་གཉིས་སུ་ཀོང་པོ་ནས་ཕྱག་ནས་ཞུས་པ་དངོས་སུ་སླེབས། ཟར་བེར་བཞུགས་ཡུན་ཐུང་བས་ཞབས་ཕྱི་མ་ཟིན་པར་པོ་བོ་ཐོག་ཁ་ནང་སོས་གཙོ་མཛད་ཁྲང་པ་ཚུན་གྱི་རྟ་འབུལ་དང་མདོར་ན་པོ་བོའི་བཀའ་རྒྱུད་ཀྱི་དགོན་པ་ཐམས་ཅད་ཀྱི་བདག་རྐྱེན་ཞུས། ལོ་ལོ་བཞིན་པོ་བོའི་ཀར་སྲིད་ཀྱི་སེར་འདུ་དང་ཆོས་ཁྲིམས་པ་ཀོང་གི་ཀར་སྲིད་གཅིག་ལ་གཅིག་ཕན་གྱི་བཀའ་གནང༌། རྒྱལ་འཛིན་དུ་རྒན་མོ་བློ་བདེའི་བུ་བརྒྱུད་བཀྲ་ཤིས་དང་འགྲོ་ལ་ཧུ་རེ་གཉིས་ཀྱི་ཁང་པར་ཕྱག་ནས་ཕྱིན་ཞིང་འགྲོ་ལ་ཧུ་རེའི་ཀ་བ་ལ་ཕྱག་ནས་ཕྱེད་ཐུག་ཙམ་པ་མང་དུ་བྱུང༌། དེར་ཤར་མོན་གྱི་རྒྱལ་པོ་ཇོ་འབག་དཔོན་གཡོག་མང་པོ་མཇལ་བར་སླེབས། འབུལ་བ་མཐའ་ཡས། ཁོང་རང་ཡང་གཙུག་ཕུད་ཕུལ་ཞིང་བསྟན་པ་འཛུགས་པར་ཞུས། མཚོ་ཆེན་པོའི་ནང་ན་གྲུའི་གྲོང་ཁྱེར་འབུམ་ཕྲག་མང་(པ༡༢༧བ)


PTT001_Page_1122
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གནས་པའི་བདག་པོ་སྣུར་རྗེ་རྒྱལ་པོ་ལ་བཀའ་ཤོག་གནང་ནས་ཁྱོད་ཀྱི་དུང་དཀར་མགོ་དགུ་པ་དེ་བསྐུར་ཞེས་བཀའ་གནང་བས་དད་ཅིང་མངོན་པར་མཁྱེན་པར་གོ་སྟེ་དེ་ལ་སོགས་པ་འབུལ་བ་མང་དུ་བསྐུར་ཡང་ཕྱིས་ལམ་གྱི་དབང་གིས་ཞུ་ཡིག་ཙམ་ཕྱག་དུ་ཕྱིན་སྐད་པར་གསུངས། རྒྱ་ལའི་ནགས་ལ་སེང་ལྡེང་སྡོང་པོ་ལྔ་གཙོ་འཁོར་གྱི་ཚུལ་དུ་ཡོད་པ་འཚོལ་བའི་བཀའ་གནང་བས་རྙེད་དེ་དབུས་མ་དེ་ལས་གསུང་ཆོས་དུས་ཀྱི་གཎྜི་མཛད། རྩེ་ལྷ་སྒང་དུ་སྤྲེ་ལོའི་ལོ་སར་མཛད། ཁྱད་པར་ཚེས་བརྒྱད་ལ་བྱམས་པ་དང༌། བཅོ་ལྔ་ལ་སྟོན་པ་འཁོར་བཅས་ལྷག་པར་ཡང་གཟིགས། མདོ་ཁམས་ཀར་ཟུར་སོགས་ཀྱི་ཇ་སིག་ཆེན་བརྒྱ་ལྷག་སོགས་ཀྱི་འབུལ་བ་རྒྱ་ཆེན་དང་སྤྱན་འདྲེན་སླེབས། སྔོན་གྱི་ལུང་བསྟན་དུ་མ་ཡོད་དུག་པ་བཞིན་བཀྲ་ཤིས་ལྐོག་ཕྲེང་ནས་སློབ་དཔོན་པདྨས་སྦས་པའི་ཚེ་ཆུ་ཚེ་རིལ་སོགས་འདོན་པར་གནང་སྟེ་ཐོན་ནས་གཏེར་ཚབ་ཀྱང་བཞག །དེའི་ཚེ་སློབ་དཔོན་པདྨ་མཁའ་འགྲོ་མ་བཞིས་བསྐོར་ནས་གདམས་པ་དང་ལུང་བསྟན་མང་དུ་གསུངས། དེ་མ་ཐག་དེ་དག་གི་ཐུགས་དམ་སྒྲུབ་པ་ལ་བཞུགས་པས་ཚེ་དཔག་མེད་ཀྱི་ལོངས་སྐུའི་ཞིང་དང་སྐུ་མཐའ་ཡས་གཟིགས། དེར་བྱ་པ་ཆོས་མཛད་བཀྲ་ཤིས་རྣམ་རྒྱལ་བ་དཔོན་གཡོག་སྤྱན་འདྲེན་པར་སླེབས། དབུས་གཙང་ནས་སྤྱན་འདྲེན་ཡང་མང༌། བྱ་པ་ཁྲིད་དཔོན་པ་གནམ་དུ་གཤེགས་པའི་སྔོ་བ་གནང་དགོས་པ་དང་དབུས་གཙང་དུ་ཡང་ཕེབས་པར་སྤྲོ་བས་ཞལ་གྱིས་བཞེས་པས་སྤྱན་འདྲེན་པ་རྣམས་ཡིད་ཚིམ་སྟེ་སོ་སོར་བྱོན། སྤྲེ་ལོ་ཟླ་བ་དགུ་པའི་ཉེར་གསུམ་ལ་རྣམ་ཐོས་ཀྱི་རི་བོ་ནས་སྒར་བཏེག་ཀོང་བཙུན་དེ་མོ་སོགས་ཀྱིས་སྐྱེལ་བར་གཟིགས། མཐུན་སྣང་དུ་ཡང་འཇའ་སྤྲིན་ལ་གཞི་བདག་གི་གཟུགས་དང་རྟ་དང་སེང་གེ་དང་འབྲུག་ལ་ཞོན་པའི་དབྱིབས་མང་དུ་དྲུང་ཐེགས་པའི་ཕྱོགས་སུ་འགྲོ་བར་སྣང༌། ཀོང་པོའི་དད་ཅན་ཐམས་ཅད་ཀྱིས་སྐྱོ་བའི་(པ༡༢༨ན)


PTT001_Page_1123
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་འགྱུར་ཆེར་བྱས། པག་རྒན་ཐམས་ཅད་ཀྱང་སྐྱོ་བའི་གླུ་མང་དུ་འཐེན་ཞིང་མྱུར་དུ་ཕེབས་པར་གསོལ་བ་འདེབས། དྲུང་སྐོར་རྣམས་ཕྲག་ཡུལ་དུ་ཕེབས་སྟེ་ཕྱི་ནང་གི་ཞལ་བསྐོས་མཛད། གྲུམ་ཚལ་དུ་དྲི་མེད་སངས་རྒྱས་བསྐོས། སྒར་པ་བྱིན་ཟིང་པོ་ནས་ཆུ་བསྒྲལ། བ་ཡོ་ཙཱ་རི་བརྒྱུད། གླང་ལའི་ནང་དུ་བྱ་པའི་ཇ་འདྲེན་སྔུན་མ་ནང་སོ་ཆོས་མཛད་པ་བྱོན། སྐྱེན་རྒྱལ་པོ་དཔལ་བཟང་དང་ལྷོ་སྒོ་བས་མཆོད་ཅིང་སྒོ་གོང་འོག་གི་འཁྲུག་རྩོད་སྡུམ་པའི་བཀའ་གནང་སྟེ་ཕྱིས་རྗེ་བཙུན་སྐྱ་སེས་འཕྲིན་ལས་ཀྱི་འཕྲོ་མཛད་པས་ཞི། བྲ་བ་བརྒྱུད་རྣམས་ལ་ཞལ་མཐོང་གསུང་ཐོས་ཀྱི་འབྲེལ་པ་བཞག །དྭགས་པོ་སྐུ་རབ་པ་སོགས་ལམ་སྡེ་ཆེ་ཕྲ་རྣམས་ཀྱིས་འབུལ་ཞབས་ཀྱིས་མཆོད། དྭགས་ལྷ་སྒམ་པོའི་རི་ལ་གཟིགས་སྣང་དུ་མ་བྱུང་ཞིང་མཆོད་སྤྲིན་ཆེར་མཛད། སྦུང་མཁར་ནས་བྱང་མཁར་པོར་ཕེབས། དེར་བྱ་སྒོ་གཅིག་པ་པདྨ་རྟ་མཆོག་དབང་རྒྱལ་སོགས་བསུ་བར་བྱོན། ས་སྐྱོང་དོན་ཡོད་རྡོ་རྗེའི་སྤྱན་འདྲེན་པ་སླེབས། བྱར་སྦུང་དུ་ཕེབས། བྱ་ལོའི་ལོ་སར་མཛད། ཁྱད་པར་མགོན་པོའི་གཟིགས་སྣང་མང༌། ཁྲམས་ས་བརྒྱུད། རྡོ་མོན་པ་ཐང་དུ་ཡེ་ཤེས་ཀྱི་མགོན་པོའི་ཞལ་འབག་སུམྦྷ་ནག་པོ་གཟིགས་པས་མགོན་པོ་དངོས་སུ་གཟིགས། གསེར་ཕྱེ་འབུམ་པ་དང་གྲུབ་ཐོབ་ཆེན་པོའི་ལུང་བསྟན་ལྷ་ཁང་སོགས་སུ་མཇལ་ཞིང་སླར་ཕྱག་ནས་གནང༌། ཆོས་རྒྱལ་ལྷུན་པོར་ཕེབས་སྟེ་གོའི་ཤྲི་སྐུ་མཆེད་ཀྱིས་ཟླ་བ་གསུམ་བཞིར་འབུལ་ཞབས་མཐའ་ཡས་པས་མཆོད། གཤེགས་བཞུགས་ཀྱི་དོན་དུ་བསྔོ་བས་རྒྱས་བཏབ། བླ་མ་དཔའ་བོས་ཀྱང་འདིར་མཇལ་སྟེ་དྲོ་བོ་ལུང་དུ་སྒྲུབ་སྡེ་འདེབས་པར་བཀས་གནང་སྟེ་མངགས། སྒར་པ་སྟག་ལ་བརྒྱུད་ནས་(པ༡༢༨བ)


PTT001_Page_1124
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་རྩེར་ཕེབས། ལྷ་བསམ་བདེ་བ་ཇ་འདྲེན་ལ་བྱོན། ར་མོར་རྟེན་མཛོ་ཅིག་གི་ཞབས་རྗེས་བྱུང༌། ལྷུན་པོ་སྒང་དུ་འབུལ་ཞབས་མཐའ་ཡས་ཀྱིས་མཆོད། ཟ་ཧོར་གྱི་རྒྱལ་བརྒྱུད་སྟག་རྩེ་བས་སྤྱན་དྲངས། སྲོང་བཙན་དུ་སྔོན་གནས་དུ་མ་རྗེས་སུ་དྲན། འབུལ་ཞབས་ཀྱིས་མཆོད། སྨན་མཁར་ཞང་མཁར་གཞིས་ཀ་ལྷུན་གྲུབ་གླིང༌། འགར་རྩ། དོལ་ལྷུན་གྲུབ་ལྷ་རྩེ་རྣམས་བརྒྱུད། ཡར་རྒྱབ་དཔོན་ཆེན་པས་འབུལ་ཞབས་རྒྱ་ཆེ། དོལ་མདའི་རི་རྩེར་རྗེ་མར་པའི་བཞུགས་ཁྲི་ཡོད་པ་བསོས། དེ་དང་ཞལ་སྤྲོད་མནའ་འོ་ལའི་རྩེར་དྲུང་ཉིད་ཀྱི་བཞུགས་ཁྲི་མཛད། རྒྱལ་ཁམས་ལ་ཕན་བདེའི་སྨོན་ལམ་མཛད་པ་ན་རྗེ་མར་པ་ཡབ་སྲས་དང་མཚུར་དབང་གི་རྡོ་རྗེས་བཀྲ་ཤིས་མཛད་པར་གཟིགས། གཞུང་བཀྲ་ཤིས་སྒང་དུ་ཕེབས། འདིའི་ཚེ་ས་སྐྱོང་དོན་ཡོད་རྡོ་རྗེ་གཞིས་ཀ་སྣེལ་པའི་ས་རྣམས་རྩོད་པས་ཐོབ་ནས་དངོས་ཀྱི་བདག་པོ་བྱེད། གཞལ་དབུས་གཙང་སྤྱི་ལ་ཕག་མོ་གྲུ་པའི་རྫོང་ཇིའི་ཚུལ་གྱིས་ལུང་བརྒྱུགས་ནས་ལོ་འགའ་ཟུང་སོང་བའི་སྐབས་ཡིན་པས་ཁོང་དཔོན་གཡོག་འཁོར་ལོས་བསྒྱུར་རྒྱལ་ལྟ་བུའི་འབྱོར་པས་དེར་ཇ་འདྲེན་ལ་བྱོན་ཞིང་མདུན་བསུས། སྐྱེ་བོ་ཁྲི་གྲངས་ཚོགས་པས་ས་གཞི་ཁེབས་ཚེ་ན་མཁའ་བར་སྣང་ལ་ངོ་མཚར་གྱི་ལྟས་མཐའ་ཡས། འོག་རགས་སུ་ཇ་འདྲེན་གྱི་བུལ་ཆེན་དང་གཞི་ལན་གྱི་ཐོག་མ་བྱས། དེ་ནས་མཆོད་ཡོན་ལྷན་ཅིག་པས་གསེར་ལྡན་གྱི་ཆུ་བོ་ལ་གྲུའི་བཞོན་པས་བརྒལ་སྟེ་ལུམྦ་ཤེལ་གྲོང་ནོར་བུ་དགེ་འཕེལ་བཟང་གྲོང་རྣམས་སུ་རིམ་པས་བཏེག །དེར་སེར་འབྲས་དགེ་གསུམ་གྱིས་ཇ་འདྲེན་ཕུལ། དེ་ནས་ཆོས་འཁོར་ཆེན་པོ་ལྷ་སར་ཕེབས་ཉིན་གླིང་སྟོད་སྨད་ཀྱི་ཆོས་རྗེ་གཉིས་ཀྱིས་གཙོ་བྱས་བོད་ཡུལ་གྱི་བཤད་(པ༡༢༩ན)


PTT001_Page_1125
[མ་དཔེ་གཟིགས་ན་འདིར་གནོན།]

གྲྭ་ཐམས་ཅད་ཀྱི་འབྱུང་གནས་དང་ཕྱི་མོ་གསང་ནེའུ་ཐོག་གི་དགེ་འདུན། གུང་རུ་ཤེས་རབ་བཟང་སོགས་ནཱ་ལེནྡའི་ཚོགས་པ། ཆོས་རྗེ་སྨོན་ལམ་པ་དང་མཁས་པ་ལེགས་ཆོས་པ་སོགས་ཀྱིས་གཙོས་པའི་སེར་འབྲས་དགེ་གསུམ། བདེ་སྐྱོར་ཟུལ་གསུམ་སོགས་ཤོད་ཆེན་སྐྱི་ལུང་གི་དགོན་ཆེ་ཆུང་གི་དགེ་འདུན་བཞུགས་སོ་འཚལ་རང་རང་གི་བླ་མ་རྣམས་ཀྱིས་དབུ་མཛད་སྟེ་ཁྲི་ཕྲག་དུ་ལོངས་པའི་སེར་སྦྲེང་གིས་བསུས། དེའི་ཚེ་དག་པའི་གཟིགས་སྣང་མཐའ་ཡས་པ་བྱུང་ཞེས་བཀའ་བསྩལ་བ་གྲགས་ལ། ཕྱི་རོལ་དུ་ཡང་ན་མཁའ་ལ་འཇའ་འོད་དང་མེ་ཏོག་གི་ཆར་ཁ་དོག་ལྔ་ལྡན་དུ་བབ། སྐྱ་སེར་གྱི་ཁྲོམ་ཐམས་ཅད་དད་པས་ཡིད་འགྱུར་སྐད། སོ་སོ་ནས་ཆོས་འབྲེལ་ཞུས་ཅིང་ཆོས་དང་ཟང་ཟིང་གིས་ཚིམ་པར་མཛད། ཇོ་བོ་ལ་གསེར་གསོལ་སོགས་མཆོད་པ་རྒྱ་ཆེར་མཛད། བསྟན་པའི་མཛད་པ་དུ་མ་ལུང་སྟོན་པར་གཟིགས། དེར་ཁྱི་ལོའི་ལོ་སར་སྨོན་ལམ་མཛད༌། ཤར་ཁ་ནས་གངས་པ་བླ་མ་སོགས་དང༌། འདན་མ་གྲུབ་ཐོབ་སོགས་མདོ་ཁམས་ཀྱི་གྲ་རྒྱུན་རྣམས་ཀྱི་ཇ་སིག་ཆེན་སྟོང་ཕྲག་དང་གསེར་དངུལ་སོགས་འབུལ་ཆེན་སྐྱེ་བོ་ཐམས་ཅད་ཧ་ལས་པ་ཕུལ། དཔའ་བོ་ཆོས་དབང་ལྷུན་གྲུབ་གྱིས་ཀྱང་བཀའ་བཞིན་དྲོ་བོ་ལུང་དུ་སྒྲུབ་སྡེ་དང་སྲས་མཁར་ལ་ཞིག་གསོ་དང་བདག་རྐྱེན་མཛད་ནས་སླར་འབུལ་ཞབས་དང་བཅས་པས་ཕྱག་དུ་ཕུལ་ཡང་ཁྱེད་རང་གིས་སྐྱོང་དགོས་ཅེས་བཀའ་ནན་གནང༌། ཤར་ཀོང་པོའི་རྒྱལ་ཁམས་ཆེན་པོ་ནས་དྲུང་བཀྲ་(པ༡༢༩བ)


PTT001_Page_1126
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་དོན་གྲུབ་པས་དབུ་མཛད་ཀར་ཁྲིད་ཀྱི་བླ་དཔོན་རྒྱ་བདག་ཡོན་བདག་རྣམས་ཀྱིས་འབུལ་ཆེན་དུ་མ་དང་ལྷ་སར་མཆོད་པའི་རྔ་བོ་ཆེ་མཐའ་འདོམ་ཉི་ཤུ་རྩ་བཞི་པ་ཕུལ། ཧ་ཅང་ཆེ་བས་རྔ་ཁྲི་ལ་ཕྲུལ་གིས་བསྐྱོན་ཚེ་རྔ་ཤིང་སྟེང་ནས་གཞོམ་ཞིང་སྐྱེ་བོ་སྟོང་ཕྲག་དུ་མས་འདྲེན་མ་ནུས། གཟོ་པ་རྣམས་གཏོལ་དང་བྲལ་བའི་ཚེ་དྲུང་གི་བཀའས་གནང་སྟེ་ཀརྨ་གྲ་ཚང་གི་དགེ་འདུན་ཕྱེད་དང་ཉིས་བརྒྱ་ཙམ་གྱིས་ཕྱོགས་བཅུའི་རྒྱལ་བ་མའི་གསོལ་འདེབས་ལན་གསུམ་བྱས་ནས་འཕྲུལ་ཐག་ཐེམ་པ་ཙམ་གྱིས་བྱ་འཕུར་བ་ལྟར་རྔ་ཁྲིའི་སྟེང་དུ་ལིང་གིས་སོང༌། གཞོམ་པ་དེ་ཡང་ཚེག་སྒྲ་ཆེན་པོ་དང་བཅས་སྟེ་རང་བྱུང་སོས་པ་དང་མཉམ་དུ་བརྡུངས་པ་ལས་ལྷག་པའི་རྔའི་སྒྲ་ཆེན་པོ་བྱུང་བས་ངོ་མཚར་གྱི་གནས་སུ་བྱས། རིམ་གྱིས་མཚུར་ཕུ་དང་བྱང་རྒྱུད་དུ་མ་དང་གཞུ་དང་སྙེ་མོར་བྱོན། དེར་དེ་ཁོ་ན་ཉིད་ཀྱི་གཟིགས་པས། ཨེ་མ་ཧོཿ། ཤེས་བྱའི་དཀྱིལ་འཁོར་རབ་ཏུ་བཀྲ་བ་དུ་མའི་རི་མོ་འདི་ནི་སུ་ཡིས་བྲིས་སོ་ཀྱཻ། །ཞེས་སོགས་ཀྱི་རྡོ་རྗེའི་མགུར་མཛད། སྨྱུག་ལར་མཁར་ལས་སོ་མ་བྱས་ནས་ཕྱག་ནས་ཞུས་པས་ག་དར་གྱིས་སྒོ་ཐམས་ཅད་བསྡོམས་ལ་ཞོག་གསུངས་སྟེ་དེ་ལྟར་བྱས་ནས་དཀར་མོ་ཀ་ཏོ་ར་གང་ཕུལ། དེ་ནས་གཞུ་སྙེའི་ལ་ཁ་ནས་ལན་འགའ་ཟུང་འཐོར་བ་མཛད། སྨྱུག་ལར་སྒོ་ཕྱེ་ནས་བལྟས་དུས་སྟེང་ཤོད་ཐམས་ཅད་དུ་སོན་ལས་འཐུག་པ་ནས་དེ་ཉིད་ཀྱིས་སྐྱ་ཆག་གེར་གང༌། དེ་རྣམས་བསྡུས་པས་སྔོན་ལས་ཆེས་མང་དུ་བྱུང་བ་ནས་ཁང་དུ་བཏབ་པས་ནས་འཕེལ་བའི་བཀའ་དྲིན་གསབ་ཕྱིར་དཔོན་ས་གསེར་ཁང་མ་ཡུམ་སྲས་ཀྱི་ཀརྨ་གྲ་ཚང་ལ་རྟག་དུ་ཕོགས་འདེབས་པར་ཞུས་པ་ཡིན་ནོ། །(པ༡༣༠ན)


PTT001_Page_1127
[མ་དཔེ་གཟིགས་ན་འདིར་གནོན།]

རོང་ཆེན་བརྒྱུད། སྔོན་རྗེ་མར་པས་ལུང་བསྟན་པར་གྲགས་པའི་གཞིས་ཀ་རིན་སྤུངས་སུ་ཕེབས་པར་ཉེ་བ་ན་ས་སྐྱོང་དོན་ཡོད་རྡོ་རྗེས་རྣམ་སྲས་ཀྱི་འབྱོར་པ་ལྟ་བུའི་སྐྱ་རག་ཆེས་མང་པོ་དང༌། བྱམས་ཆེན་ཆོས་ལུང་སོ་སོའི་མཁན་པོས་གཙོས་པའི་དགེ་འདུན། འཇམ་དབྱངས་ཀུན་དགའ་ཆོས་བཟང་ལ་སོགས་པའི་འབྲས་ཡུལ་རྫོང་དཀར་བ། པཎ་ཆེན་ཤཱཀྱ་མཆོག་ལྡན་ལ་སོགས་གསེར་མདོག་ཅན་པ། ཀོང་སྟོན་དབང་ཕྱུག་གྲུབ་པ་སོགས་རྟ་ནག་ཐུབ་བསྟན་རྣམ་རྒྱལ་གྱི་ཚོགས་པ་སོགས་མདོར་ན་ལ་སྟོད་མན། རོང་དུར་མིག་ཡན་གྱི་དགོན་ཆེ་ཆུང་གི་དགེ་འདུན་ཐམས་ཅད་རང་རང་གི་བླ་མས་གཙོ་བྱས་སྟེ་སྦྱིན་བདག་ཆེན་པོས་སེར་སྦྲེང་ལ་འདུ་དགོས་པར་བཀས་བཅད་ཅིང་སོ་སོ་ནས་ཀྱང་ངེས་པར་གནས་འདི་ལྟ་བུ་ནི་ཆེས་འོས་སོ་ཅེས་སེམས་པས་དད་པས་འདུས་སྟེ་ཁྲི་ཕྲག་གཉིས་གསུམ་དུ་ལོངས་ངེས་ཟེར་བའི་སེར་སྦྲེང་གི་བསུ་བ་དང་གོས་སྐུ་ཆེན་མོ་གཤམ་པ་སོགས་བྱས་ཚེ་ལྷ་རྣམས་ཀྱང་འགྲན་པ་ལྟར་ན་མཁའ་འཇའ་ཚོན་གྱི་བླ་བྲེ་དབྱིབས་སྣ་ཚོགས་པས་བྲེས་ཤིང་མེ་ཏོག་གི་ཆར་གྱིས་བར་སྣང་ཡོག་པས་མིའི་མཆོད་པ་ཟིལ་གྱིས་མནན་ཚེ་མཁས་པ་ཐམས་ཅད་ཀྱང་མངོན་པའི་ང་རྒྱལ་ཞི་སྟེ་དད་པའི་སྤུ་ལོང་གཡོས། ཐམས་ཅད་ལ་ཆོས་དང་ཟང་ཟིང་གི་སྦྱིན་པས་ངོམས་པར་མཛད་ཅིང་ཆོས་སྡེ་ཆེན་པོ་དེ་རྣམས་སོ་སོ་ནས་དཔོན་སློབ་ཐམས་ཅད་ཀྱིས་ཆོས་འབྲེལ་དུ་མ་གསན་ཞིང་ཐམས་ཅད་ཀྱང་དད་གུས་ཐོབ། ཁྱད་པར་ཕྱི་དུས་ཀྱི་མཁས་པ་རྣམས་ཀྱི་ནང་ན་ཉི་མའི་དཀྱིལ་འཁོར་ལྟར་གསལ་བ་པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་ནི་ངོ་མཚར་གྱི་མཛད་པས་ཐུགས་ཕྲོགས། ཐེག་ཆེན་གི་ཡོངས་འཛིན་གྱི་མཚན་ཉིད་ཡོངས་སུ་རྫོགས་པར་གཟིགས་པས་གཙང་ལ་བཞུགས་རིང་ཕལ་ཆེར་ཞབས་ཕྱི་མཛད། དགེ་འདུན་གྱི་ཚོགས་པ་རྣམས་(པ༡༣༠བ)


PTT001_Page_1128
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཟླ་བ་དུ་མར་ཞབས་ཕྱིར་བསྟེན་སྟེ་མདོ་མང་ལ་སོགས་པའི་ལུང་དང་བཤད་པ་དུ་མ་གསན། ཉིད་ཀྱིས་ཐུན་མོང་མ་ཡིན་པའི་ཟབ་ཆོས་དུ་མ་གསན་སྟེ་ཐུགས་དམ་གྱི་སྤངས་རྟོགས་དུ་མ་འཁྲུངས་པས་རྩ་བའི་བླ་མ་ཡང་རབ་ཏུ་འཛིན། དབུས་ཀྱི་ས་བར་དུ་ཞབས་སྐྱེལ་མཛད་སྟེ་ཐེགས་ཀར་ཞབས་སྤྱི་བོར་བླངས་སྟེ་སྤྱན་ཆབ་མང་དུ་བསིལ་ཞིང་སྨོན་ལམ་ཡུན་རིང་དུ་མཛད། ཕྱིས་སྒར་ཆེན་ཐེག་པའི་འོག་དུའང་ས་སྐྱོང་དོན་ཡོད་པ་ལ་ཁྱོད་ཀྱི་སྒོ་དྲུང་ན་གསེར་གྱི་ཕ་བོང་ཆེན་པོ་ཞིག་བྱུང་འདུག་པ་ཁྱོད་ཀྱིས་ལེན་མ་ཤེས་པར་འདུག །ངས་དེས་ནས་དུམ་བུ་ཅུང་ཟད་ཅིག་ལོན་པ་དེ་ཤིན་དུ་ཕན་ཐོགས་པར་བྱུང༌། ཞེས་བཀྱོན་ཐབས་སུ་གསུངས་སྐད། མཁའ་རུ་སྟེང་དུ་ཕག་ལོའི་ལོ་སར་མཛད། བྱམས་ཆེན་གྱི་གདན་ས་པ་སྐུ་སྐྱེ་སྣ་ཚོགས་རང་གྲོལ་བ་དཔོན་སློབ་ཉུང་ངུར་མཛད་སྟེ་གསུང་ཆོས་འབའ་ཞིག་གསན། རིན་སྤུངས་པའི་ལུང་གཏོང་བའི་སར་ཕེབས་པ་ནས་རྒྱལ་བུ་ངག་དབང་རྣམ་རྒྱལ་སྒར་གྱི་མགོ་ལུང་བའི་དཔོན་དུ་བསྐོས་པས་ཞབས་ཕྱི་འབྲལ་མེད་མཛད་ཅིང་གསུང་ཆོས་མང་དུ་གསན། སྤྱིར་ས་སྐྱོང་དོན་ཡོད་པ་སྤྱན་འདྲེན་གྱི་གཙོ་བོ་ཡིན། རྒྱུན་དུ་ཟང་ཟིང་གི་འབུལ་ཞབས་ཆེ་ཡང་དགེ་བའི་བཤེས་གཉེན་ནི་དད་པས་མཉེས་དགོས་པ་ལས་དེང་སང་གྲགས་ཆོད་ཀྱི་དད་པ་ཙམ་མ་གཏོགས་ཆོས་ལས་བྱུང་བའི་དད་པ་མི་འཕྲོགས་པ་རེ་ཞིག་མི་སྐྱེ་བའི་རིགས་སུ་དགོངས། ཁོང་རང་ར་རྔ་སོགས་ན་མཚམས་ལ་བཞུགས། སྒར་ཆེན་ཤངས་ཕྱོགས་སུ་གཉུག་མར་བཞུགས་ཚེ་ཇ་སིག་ཆེན་སྟོང་གྲངས་སུ་ཉེ་བ་སོགས་གནང་སྟེར་རྒྱ་ཆེར་འཇོག་པ་མཛད་ནས་གྱད་སྙེན་སྒེར་གསུམ་དོལ་པ་ལ་སོགས་པའི་བྱང་གི་འབྲོག་ཆེན་རྣམས་ལ་ངོས་བསུ་བའི་བཀའ་ཤོག་མཛད་པས་འབྲོག་སྡེའི་ངོས་བསུ་གདན་འདྲེན་ཤངས་སུ་མི་ཤོང་བ་འདྲ་བ་སླེབས། (པ༡༣༡ན)


PTT001_Page_1129
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་པའི་ཕོགས་དང་འུ་ལག་ལ་མ་བརྟེན་པར་བྱང་མཚོ་མོ་དགུ་བརྒྱུད་ཀྱི་བཞུགས་ནས་མདོ་ཁམས་ལ་ཐེགས་པར་དགོངས་ཚེ། བྱམས་ཆེན་སྐུ་སྐྱེ་དང་རྒྱལ་བུ་ངག་དབང་པ་གཉིས་ཅི་མཛད་གཏོལ་བྲལ་གྱིས་ཉིན་མཚན་དུ་བཤུམས་ཤིང་གསོལ་བ་བཏབ་ཀྱང་དགོངས་པ་མ་འགྲུབ་པས་གར་ཐེགས་ཀྱི་ཞབས་ཕྱིར་འབྲེང་བར་ཐག་བཅད། སྡེ་པ་ཉིད་ཀྱང་ཆེས་ཏབ་ཏབ་པོས་རིངས་སྟབས་སུ་ཉིན་མཚན་བཤད་ནས་བྱོན་ཡང་ཤང་ཕུར་ཕྱག་ཕྱི་ཟིན། འདན་མ་ཁྲིམས་དཔོན་དང་ཀརྨ་འཕྲིན་ལས་པ་སོགས་ཞལ་འདྲིས་སུ་ཆེ་ངོ་ཆེན་དུ་སྦྲན་སྟེ་བཞུགས་པར་གསོལ་བ་ནན་གྱིས་བཏབ་པས་རིང་ཞིག་ན་ཞལ་བཞེས་ཙམ་གྲུབ་ནས་རིམ་པས་རོང་ཆེན་དང་བྱང་ཐང་ཆུ་བོ་རི་སྙེ་ཐང་སོགས་བརྒྱུད། ཕག་ལོ་ཟླ་བ་བདུན་པའི་སྟོད་ལ་ལྷ་སར་སྤྱན་དྲངས། སྤྱིར་རྗེ་དེ་བཞིན་གཤེགས་པའི་ཐུགས་དམ་ཙནྡན་དཀར་པོའི་སྒྲོལ་དཀར་ཁྱེའུ་ལོ་བརྒྱད་ཀྱི་ཚོད་ཙམ་པ་དང་རྗེ་མར་པའི་སྐུ་བྱ་ཁུར་མ་སི་ཐང་ཟླ་ཞལ་མ་སོགས་སྐུ་གསུང་ཐུགས་རྟེན་ཁྱད་པར་བ་ཁོ་ནས་གཙོས་པའི་འབུལ་ཆེན། ལྷ་ས་རྣམ་གཉིས། ཚལ་གུང་ཐང༌། བྱང་ཆུབ་གླིང་སྟེ་གཙུག་ལག་ཁང་ཆེན་པོ་གསུམ་གྱི་གཙོས་པའི་འབུལ་ཆེན། ཡེར་པའི་གནས་ཆེན་གྱིས་གཙོས་པའི་འབུལ་ཆེན་སོགས་མཐའ་ཡས་པ་བྱས། ཇོ་བོའི་སྐུ་འཁོར་དུ་དགེ་འདུན་གཙང་ཧྲུག་པ་ཅིག་གནང་བཞེད་ཀྱང་སྡེ་པ་རང་གི་ཐུགས་བཞེད་ཀྱིས་པོ་ཊ་ལའི་རི་ལོགས་པ་ཆོས་སྡེ་འདེབས་པར་ཞུས་པ་བཙན་ཆེས་པར་དགོངས་ནས་དྲུང་གིས་བཀས་མ་གནང༌། ལྷ་སའི་ཤར་དུ་ཐུབ་ཆེན་ཆོས་འཁོར་གྱི་ཆོས་སྡེའི་རྨང་བཏིང༌། འདི་ལ་རྟེན་འབྲེལ་ཧ་ཅང་འགྲིག་ཆེ་བ་མ་བྱུང་བར་རྗེ་འཕྲིན་ལས་པ་གསུང་ཞིང་བུ་ཁྲལ་རྣམས་ཀྱང་གཙང་ནས་མདའ་སྟག་ཤས་ཆེ་བར་བརྟེན་བསྟན་པའི་རྒྱུན་འབྲིང་ཙམ་ཞིག་(པ༡༣༡བ)


PTT001_Page_1130
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང༌། དེར་ཆོས་རྗེ་མི་ཉག་པ་གཤེགས་ནས་ཀརྨ་འཕྲིན་ལས་བསྐོས། ཐུབ་ཆེན་དུ་ནང་སོ་ལ་འདན་མ་ཁྲིམས་དཔོན། མཚན་ཉིད་ཀྱི་སློབ་དཔོན་ལ་དབུ་མཛད་བདེ་ལེགས་པ་དང་ཆོས་རྗེ་ལེགས་བཤད་པ། སྔགས་ཀྱི་སློབ་དཔོན་དཀོན་རྒྱམ་པ་དང་དྲུང་བློ་གྲོས་པ་བསྐོས། ཡེར་པར་དྭགས་པོ་རབ་འབྱམ་པ་མཁས་གྲུབ་ཆོས་རྒྱལ་བསྟན་པ་བསྐོས། ཀོང་པོའི་གྲ་ཡོན་རྣམས་ཀྱིས་སྤྱན་དྲངས་སྟེ་ས་སྐྱོང་དོན་ཡོད་པ་འཁོར་བཅས་ཀྱིས་ལུམ་པའི་ཚུགས་ཁར་ཞབས་སྐྱེལ་མཛད་སྟེ་ཐེགས། ཡར་རྒྱབ་དཔོན་ཆེན་པོ་པ་མཆོག་དུ་དད་ཅིང་གུས་ཞབས་ཆེར་བྱས། སྣེ་གདོང་རྩེར་སྤྱན་དྲངས་ཏེ་ལྷ་གཟིགས་ངག་དབང་བཀྲ་ཤིས་གྲགས་པ་དགུང་ལོ་བཅུ་དྲུག་པས་མཇལ། ཕྱག་ཕྱི་མི་ཆེན་དུ་མ་དང་བཅས་པས་ལྔ་ལྡན་དང་དྭགས་པོའི་ཆོས་བཞི་སྦྱར་བའི་ཆོས་འབྲེལ་ཞུས་པ་ན་ཆེས་ངོ་མཚར་བ་ཞིག་གནང་བ་ལ་ཟླ་གཅིག་ཙམ་ན་མཁས་པའི་དབང་པོ་འབུམ་རབ་འབྱམས་པ་རིན་ཆེན་ཆོས་དབང་གིས་ཟིན་བྲིས་མཛད་པ་ཆེས་ངོ་མཚར་ཅན་ཞིག་བཞུགས། རིམ་གྱིས་དྭགས་པོའི་གཞུང་ནས་བརྒྱུད། ཀོང་པོའི་སྤྱན་འདྲེན་དང་ཡུལ་སོ་སོའི་འབུལ་ཞབས་མཐའ་ཡས་པ་རྣམས་བཞེས་སྟེ་ཕན་བདེའི་ས་བོན་བསྐྲུན། རྩེ་ལྷ་སྒང་དུ་བྱི་བ་ལོའི་ལོ་སར་སྨོན་ལམ་མཛད། གོའི་ཤྲི་སྤྲུལ་སྐུ་ཁམས་སུ་ཐེགས་པར་དགོངས་པ་ཐོག་མར་བཀས་མ་གནང༌། ཕྱིས་ཐམས་ཅད་ཀྱིས་ངེད་དང་ཁྱད་མེད་པར་ཁུར་གསུང་བའི་བཀའ་བཀོད་གནང་སྟེ་དོན་གྱིས་རྒྱལ་ཚབ་ཏུ་བཀོས། དེར་ལོ་གསུམ་དུ་མཚམས་དམ་པོ་བར་ཆད་མེད་པ་ཅིག་གྲུབ་ན་སྐུ་ཚེ་མཐར་ཕྱིན་ཞིང་བསྟན་པ་ལ་ཕན་ཞེས་ལུང་བསྟན་ནས་རྣམ་ཐོས་ཀྱི་རི་བོ་ཉིད་དུ་གཟིམས་ཁང་བང་སྒྲོམ་ཞིག་མཛད་པར་ཐུགས་དམ་སྐུ་མཚམས་ལ་བཞུགས་སྟེ་སྔོན་རྒྱལ་བ་ཤཱཀྱ་ཏོག་ཉིད་གདུལ་བྱ་རྣམས་དམ་པའི་ཆོས་ཉན་པར་མི་འདུན་པ་ན་དབྱར་ཟླ་བ་གསུམ་ནང་དུ་ཡང་དག་འཇོག་ལ་བཞུགས་སྟེ་(པ༡༣༢ན)


PTT001_Page_1131
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་འཇུག་སྲེད་རྒྱལ་པོའི་ཞིང་དུ་སངས་རྒྱས་འགྲོ་བར་སྟོན་པ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་དང་དམ་པའི་ཆོས་བགྲོ་བའི་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་བསྟན་པར་གོར་མ་ཆག་གོ །དེ་ལྟར་སྤྱན་རས་གཟིགས་དབང་ཕྱུག་གངས་ཅན་གྱི་རྒྱུད་འདིར་རིམ་པར་བྱོན་པ་དེ་རྣམས་ཀྱི་ནང་ན་ཡང་རྗེ་འདི་ཁོ་ན་ལུགས་གཉིས་ཀྱི་འཕྲིན་ལས་རྨད་དུ་བྱུང་བ་སྟེ། སྐལ་ལྡན་གྱི་བུ་སློབ་བགྲང་བ་ལས་འདས་པ་སྨིན་གྲོལ་མཛད་པ་དང༌། ཚད་མ་ཀུན་ལས་བཏུས་བཤད་གཞེར་མཛད་སྟེ་དེ་ལ་སྡེ་བདུན་མཁན་པོས་ཚད་མ་རྒྱས་པ་རྣམ་འགྲེལ་འབྲིང་རྣམ་ངེས་བསྡུས་པ་རིགས་ཐིགས་གསུམ་དུ་ཇི་ལྟར་བཀྲལ་བ་དང༌། ཟུར་གྱི་དཀའ་གནས་རྣམས་གྱེས་པ་ཡན་ལག་གི་བསྟན་བཅོས་བཞིས་ཇི་ལྟར་བཀྲལ་བ་རྣམས་རྒྱས་འབྲིང་བསྡུས་པའི་གསེབ་ཚངས་སུ་བཤད་ཅིང༌། སྡེ་བདུན་ལྷ་ཤཱཀྱ་རྒྱན་སོགས་རྒྱ་འགྲེལ་དུ་ཇི་ལྟར་བཀྲལ་བ་ཐམས་ཅད་མདོར་བསྡུས་པས་བརྗོད་སྟེ་ཚད་མའི་ལེགས་བཤད་ཀྱི་ཆུ་བོ་ཀུན་འདུས་རིགས་པའི་གཞུང་ལུགས་ཀྱི་རྒྱ་མཚོ་ཞེས་བྱ་བ་བོད་གཞུང་གང་ལ་ཡང་མ་བལྟོས་པར་རང་སྟོབས་ཀྱིས་མཛད། བདག་གི་བླ་མ་རྗེ་དྭགས་རམ་པའི་ཞལ་ནས། འཇིག་རྟེན་གསུམ་སྒྲོན་འདི་ལ་ཞུ་བ་པོ་ང་འདྲ་བ་ཞིག་ཡོད་ན་མྱུར་དུ་འགྲུབ་པ་ཡོད་སྟེ་དེ་མེད་པས་ལན། རིགས་གཞུང་རྒྱ་མཚོ་འདི་ལ་རྩོམ་པར་ཡང་ངས་གསོལ་བ་བཏབ། རྩོམ་ཡིག་པ་ཡང་ང་རང་གིས་བྱས། རྗེ་ཐམས་ཅད་མཁྱེན་པ་དེ་གཞན་དང་རང་མི་འདྲ། ཚད་མའི་གཞུང་ཙམ་ཡང་སྐུ་འཁྲིས་ན་མི་བཞུགས། ཕྱག་དཔེ་ནི་མི་གཟིགས། དུས་རྟག་དུ་ཕྱག་མཉམ་བཞག་སྤྱན་ལྟ་སྟངས་ཐུགས་ཏིང་ངེ་འཛིན་དང་མི་འབྲལ། གསུང་ཆོས། ལུགས་གཉིས་ཀྱི་བཀའ་བཀོད་སོགས་གནང་སྐྱོང་ཟད་མི་ཤེས་པ་དགོས་པའི་གསོལ་ཅོག་གི་འཁྲིས་སུ་བདག་གིས་སྨྱུག་ནག་ཏུང་ངེས་བཟུང་ནས་བསྡད། གསེང་ནམ་བྱུང་དུ་ཐུགས་རྩོམ་(པ༡༣༢བ)


PTT001_Page_1132
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་པ་ན་འཕྲོ་གང་ན་ཡོད་གསུང་བ་ཙམ་ལས་ཐོགས་པ་མེད་པར་སྤྱན་ལྟ་སྟངས་ཀྱི་ངང་ནས་ཤ་ར་ར་ལྗགས་དཔོད་མཛད། དེང་སང་གི་ཚད་མ་པ་རྣམས་དང་སྒྲོས་མི་མཐུན་པ་ཤིན་དུ་ཆེ་བ་འགར་སེམས་ཀྱིས་མ་བཟོད་སྟེ་ཞུས་པ་ན་ལྗགས་དཔོད་འཕྲོ་བཅད་སྟེ་ཅི་ཡང་མི་གསུང༌། ཞག་འགའ་ཡར་དུ་ཐུགས་རྩོམ་དེ་མི་མཛད། ཕྱི་ནས་བླ་མའི་གསུང་ལ་ཡིད་འཆེས་དགོས་པ་ཡིན་ཞེས་བཀའ་གནང༌། ཕྱི་ནས་དེ་ལྟར་མ་ཞུས་པར་གང་གསུང་དེ་ཀ་བྲིས་པས་དེའི་རྩོད་སྤང་སོགས་ཧ་ལས་པ་རེ་གནང་ཡོད་པ་ཡིན་ཞེས་དང༌། གོ་ལའི་རྩིས་ཀྱི་སྐབས་སུ་ཅུང་ཟད་གོ་ཆོད་ཞུས་པ་ན་དེ་ལྟར་མིན་པའི་རྒྱུ་མཚན་མཐའ་དག་ངེས་པ་དང་བཅས་སྟེ་བཀའ་བསྩལ་ནས་ཕྱག་གཡས་པ་ན་མཁའ་ལ་ཅུང་ཟད་བརྐྱངས་ནས་ངེད་བགྲོ་གླེང་དེ་ལྟར་བྱེད་པ་ཡིན་གསུང་ནས་ཞལ་འཛུམ་ཙམ་མཛད་བྱུང༌། དྲུང་གི་ཕྱག་བརྐྱངས་པ་རྫོགས་པར་མཐོང་བ་སྐུ་འཁོར་བ་ལ་ཡང་ང་ལས་མེད་པ་ཡིན་གསུངས་སྟེ་གཟུར་གནས་ཀྱི་མཁས་པས་བལྟས་ན་ཚད་མའི་བསྟན་བཅོས་འདི་ལྟ་བུ་བོད་ཡུལ་ལྟ་ཞོག་འཕགས་ཡུལ་དུའང་མ་བྱུང་བ་སྙམ་སྟེ། འཕགས་པའི་ཡུལ་དང་གངས་རིའི་ཁྲོད་འདིར་ཡང༌། །རིགས་གཞུང་སོ་སོའི་རྣམ་འགྲེལ་མཛད་པ་མང༌། །མདོ་དང་སྡེ་བདུན་འགྲེལ་པར་བཅས་རྣམས་ཀུན། །ཚིག་དོན་གཉིས་ཅར་གླེགས་བམ་གཅིག་ཉིད་དུ། །ཧ་ཅང་མངས་དང་ཉུངས་སོགས་སྐྱོན་མེད་ཅིང༌། །གཞུང་དོན་འཁྱོག་དང་ཕྱིན་ཅི་ལོག་མེད་པར། །ཇི་བཞིན་བཤད་འདི་རྒྱལ་བ་སྲས་བཅས་མཐུས། །ཡིན་གྱི་གཞན་དུ་བློ་ཡི་སྤྱོད་ཡུལ་མིན། །ཞེས་བཀའ་བསྩལ་བ་ཁོ་ན་ལྟར་ཡིན་ལ་ཚད་མ་མདོའི་གཞུང་ལ་ཞེས་བྱ་བ་གསུངས་སྟེ་ཅེས་གཞན་གཞུང་འགྲེལ་བའི་ཚུལ་དང༌། རྣམ་འགྲེལ་གྱི་གཞུང་རྣམས་ལ་ཞེས་བྱ་བ་སྨོས་སྟེ་ཞེས་རང་གཞུང་འགྲེལ་བའི་ཚུལ་དུ་མཛད་པ་ན་དཔལ་ཆོས་ཀྱི་གྲགས་པ་ཡང་རྗེ་འདི་ཉིད་ཀྱི་སྐུའི་བཀོད་པར་བསྟན་ཞིང་རྗེ་རང་བྱུང་རྡོ་རྗེས་(པ༡༣༣ན)


PTT001_Page_1133
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཞལ་གྱིས་འཆེས་སོ། །རྒྱལ་བ་བྱམས་པའི་མངོན་པར་རྟོགས་པའི་རྒྱན་འགྲེལ་ཆུང་དོན་གསལ་དང་སྦྱར་སྟེ་འགྲེལ་པ་འཇིག་རྟེན་གསུམ་གྱི་སྒྲོན་མེ་ཞེས་བྱ་བ་མཛད་ཅིང་འདིའི་སྤྱི་དོན་གྱི་སྐབས་སུ་མདོ་སྡེ་ཐམས་ཅད་ཀྱི་དཀའ་བའི་གནས་མཐའ་དག་གཏན་ལ་ཕབ་ཅིང་ཆོས་འཁོར་རིམ་པ་གསུམ་ཞེས་ཐམས་ཅད་ལ་གྲགས་པ་ཡང་ཉན་ཐོས་ཀྱི་སྐབས་སུ་འཁོར་ལོ་དང་པོ་ཉིད་ཀྱི་བཟླས་པ་གསུམ་ལ་འཇོག་པ་དང༌། གཟུངས་དབང་གི་མདོའི་དགོངས་པས་གང་ཟག་གཅིག་གི་དྲི་མ་རགས་བར་ཕྲ་གསུམ་སྦྱོང་བའི་ཆེད་དུ་རིམ་པར་གསུངས་པ་དང༌། དགོངས་པ་ངེས་འགྲེལ་མདོར་གདུལ་བྱ་ཐ་དད་གསུམ་དུ་གསུངས་པ་སོགས་རྣམ་པར་འཇོག་ཅིང༌། སྤྱིར་མཐར་ཐུག་གི་དགོངས་པ་ཆོས་འཁོར་གཅིག་ཆར་དུ་བསྐོར་བར་བཞེད་སྟེ་བོད་ཡུལ་གྱི་མཁས་པ་ཚངས་པ་ལས་ཆེས་ཚངས་པའི་བསྙེམས་པ་འཛིན་ཞིང་གཞན་ཐམས་ཅད་ལ་བ་ལང་ལྟར་ལྟ་བ་ཇི་སྙེད་ཅིག་བྱུང་བ་དེ་དག་གི་རྨི་ལམ་དུ་ཡང་མ་རྨིས་ན་རྣ་བར་ལྟ་ག་ལ་གྲག་པའི་ལེགས་བཤད་ཀྱི་འབྱུང་ཁུངས་ཆེན་པོ་མཛད་ལ། སྤྱིར་བསྟན་གྱིས་དོན་གྱི་གཙོ་བོ་རྣམས་ལེགས་པར་བཤད་ཅིང་རྒྱས་འགྲེལ་གདམས་ངག་གི་བར་ཙམ་དུ་གྲུབ་པ་ཞིག་གོ །ཕར་ཚད་འདི་གཉིས་ག་ལྟ་བ་གཞན་སྟོང་གཙོ་ཆེར་བཀྲལ་མོད་ཀྱང་སེམས་ཙམ་གྱི་ལྟ་བ་ལ་གཞན་སྟོང་དུ་མིང་བཏགས་པ་བོད་ཁ་གཅིག་གི་འདོད་པ་ལྟར་བཀྲལ་བ་ནི་མ་ཡིན་ལ། སྤྱིར་རྗེ་འདི་སེམས་ཀྱི་གཤིས་སྟོང་ཉིད་གཙོ་བོར་སྟོན་པ་ཟབ་མོ་ལྟ་རྒྱུད། རང་བཞིན་འོད་གསལ་གཙོ་བོས་སྟོན་པ་རྒྱ་ཆེན་སྤྱོད་རྒྱུད་སྟེ་སེམས་ཀྱི་ཟབ་པ་དང་གསལ་བ་ནི་གཉིས་སུ་མི་ཕྱེད་པས་ན་ཤིང་རྟའི་སྲོལ་གཉིས་དགོངས་པ་གཅིག་དུ་བཞེད་པ་ཡིན་ནོ། །གཞན་ཡང་འདུལ་བ་ལ་གཞི་གསུམ་གྱི་ཆོ་ག་གསང་བ་འདུས་པ་མི་བསྐྱོད་པའི་མངོན་རྟོགས་ལ་སོགས་པ་བསྟན་བཅོས་ཁྱད་(པ༡༣༣བ)


PTT001_Page_1134
[མ་དཔེ་གཟིགས་ན་འདིར་གནོན།]

པར་བ་མང་དུ་མཛད་ཅིང༌། དྲིས་ལན་ཁྱད་པར་ཅན་མང་དུ་བཞུགས་པ་རྣམས་ཀྱིས་རྙིགས་དུས་ཀྱི་གདུལ་བྱ་ཕྱོགས་གར་འགྲོའི་གཏོལ་མེད་པ་རྣམས་ལ་ལོང་པ་ལ་དམིགས་བུ་བྱིན་པ་ལྟར་དུ་གྱུར་ཏོ། །དེ་ལྟར་གཞན་ཕན་ན་མཁའ་དང་མཉམ་པས་སྐྱེ་བོ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཕྱིར་མི་ལྡོག་པར་སྨིན་པར་མཛད་ནས་དགུང་ལོ་ང་གཉིས་པ་གླང་ལོའི་མཇུག་དུ་སོང་དུས་ཀོང་པོའི་མི་མང་རྣམས་ཀྱང་ཞལ་ལྟ་བ་ལ་ཆེས་དུངས་པ་དང༌། ཁ་ཅིག་གིས་ཞལ་མ་བཞུགས་པར་ཡང་གླེངས། སྒར་པ་བྱིན་ཡང་ལོངས་སྤྱོད་སྲབས་པས་ཡིད་བྱུང་སྟེ་སྟག་ལོའི་ལོ་སར་ལ་ཞལ་མཇལ་དགོས་པར་ཐམས་ཅད་ཀྱིས་ནན་ཞུས་སྐྱེད། ཁྱེད་ཚོ་བ་ལ་འོ་མ་ནུར་གྱིས་མི་བཞོ་བར་བ་བསད་པའི་ཤ་ཟ་བ་འདེམས་པ་ཡིན་ནམ་ཞེས་ཀྱང་བཀའ་བསྩལ། ཧ་ཅང་ནན་ཞུས་ཆེས་པས་ཟླ་བ་དང་པོའི་ཚེས་བཅུ་གཉིས་ནས་ནང་འཇལ་ཅི་རིགས་པ་དང་བཅུ་བཞི་ལ་ལྷ་སྡེ་མི་སྡེའི་ཁྲོམ་ཆེན་པོ་འབུམ་ཕྲག་དུ་ལོངས་པ་ཚོགས་པའི་ཁྲོམ་ཆེན་པོར་ཆོས་ཁྲི་ལ་ཕེབས་སྟེ་ཁོ་བོའི་སྤྲུལ་པའི་སྐུ་བསྡུས་ཟིན། འདི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་གསུངས་ནས་འཁོར་ལོས་བསྒྱུར་བའི་ཆ་བྱད་ལ་མུ་ཏིག་གི་དབུ་རྒྱན་དང་མུ་ཏིག་གི་རྒྱན་དྲུག་བཞེས་སྟེ་ཐམས་ཅད་ལ་ཞལ་མཇལ་གནང༌། དེའི་ཚེ་འཇའ་འོད་དང་མེ་ཏོག་གི་ཆར་ཡང་སྔོན་གྱི་ཐམས་ཅད་ལས་ཆེས་བཀྲ་ཞིང་གསལ། ཡུལ་སོ་སོ་ནས་འབུལ་ཞབས་ནི་སྤྲིན་ལྟར་དུ་འདུས་པས་སྒར་པ་ཐམས་ཅད་ནི་ལོངས་སྤྱོད་ཀྱི་རྒྱ་མཚོའི་རླབས་འཕྱུར་བས་ཟང་ཟིང་གི་རེ་བ་གང་བར་གྱུར། སྤྱིར་སྐུ་ཚེ་འདིའི་འཕྲིན་ལས་རྫོགས་པར་དགོངས་ནས་ཁམས་སུ་དྲུང་སི་དྷུ་པ་ལ་ངོམ་གྱི་གནས་འདི་འདྲ་བར་སྤྲུལ་སྐུ་འབྱོན་ཞེས་ཡབ་ཡུམ་དང་བཅས་སྟེ་ལུང་བསྟན་པའི་ཆབ་ཤོག་གནང༌། དྲུང་སྐོར་བ་ཕལ་ཆེར་ཡང་ལོངས་སྤྱོད་ལ་ཡན་པས་མཚན་དུས་ཞབས་ཕྱིར་འབོད་པའི་བརྡ་གནང་ཡང་མ་སླེབས། ཞལ་ཆེམས་ཕྱག་བྲིས་མི་གསལ་ཙམ་ཞིག་གསོལ་(པ༡༣༤ན)


PTT001_Page_1135
[མ་དཔེ་གཟིགས་ན་འདིར་གནོན།]

ཅོག་གི་སྟེང་དུ་བཞག་སྟེ་ཐོ་རེངས་སྟོན་པ་བྱང་ཆུབ་པའི་དུས་ཚོད་ལ་ལོངས་སྤྱོད་རྫོགས་པའི་སྐུ་ཡང་ཆོས་ཀྱི་དབྱིངས་ཉིད་དུ་བསྡུས་སྟེ་འོད་གསལ་བ་ཆེན་པོའི་དབྱིངས་སངས་རྒྱས་ཐམས་ཅད་དང་རྣམ་དབྱེར་མེད་པའི་ངོ་བོ་ཉིད་དུ་ཞུགས་སོ། །དེའི་ཚེ་ས་གཡོ་བ་འཇའ་དང་མེ་ཏོག་གི་ཆར་ཉིན་རེ་བཞིན་འཕེལ་ཡང་སྤྱིར་དྲུང་གར་བཞུགས་སུ་ངོ་མཚར་གྱི་ལྟས་དུས་རྒྱུན་དུ་འབྱུང་བས་སྐྱེ་བོ་དག་ཐེ་ཚོམ་དུ་ཡང་མ་གྱུར། བླ་མ་ཆུ་དཀའ་ཐུབ་པ་རི་པ་རྙིང་པ་ནས་གཞལ་བའི་གཟིམས་ལྕིལ་ཞིག་ན་བཞུགས་པ་ན་རེ། གནམ་སའི་ལྟས་འདི་དག་ཡང་ཧ་ཅང་མང་དྲགས། རྨི་ཉམས་ཀྱི་རྟགས་ཀྱང་གཞན་དང་མི་འདྲ། སྔར་ཞབས་སྐོར་ཐུན་དུ་བཅད་ནས་མཛད་པ་མཐོང་གི་ཡོད་པའང་མ་བྱུང༌། ཞི་བའི་དབྱིངས་སུ་ཞུགས་སམ་ཞེས་གསུངས་སྐད། དེ་ནས་སྒར་གཞི་བྱེས་ཀྱི་གྲོས་དབང་རྣམས་བཀའ་བགྲོས་སྟེ་རེ་ཞིག་ཕྱི་རོལ་དུ་གསང་བར་བྱས་ནས་སྐུ་རིམ་གྱི་ཚུལ་གྱིས་མཆོད་སྦྱིན་དང་གསོལ་འདེབས་ལ་བརྩོན་པར་མཛད། དེ་ནས་རིམ་གྱིས་རྗེ་བཙུན་སྐྱ་སེ་རིན་པོ་ཆེས་དད་ཅན་གྱི་ཕུལ་བའི་ཡོ་བྱད་རི་ལྟར་སྤུང་ཤིང་བོད་ཡུལ་གྱི་མཆོག་དམན་ཐམས་ཅད་ཀྱིས་རང་རང་གི་དད་འབྱོར་དང་སྦྱར་བའི་མཆོད་སྤྲིན་རྒྱ་ཆེར་སྤྲོས་པ་དང་ས་སྐྱོང་དོན་ཡོད་རྡོ་རྗེའི་འབྱོར་པའི་རླབས་ཆེན་པོ་ལས། རྗེ་འཕྲིན་ལས་ཞབས་དང་འདན་མ་ཁྲིམས་དཔོན་པས་ཕྱག་ལེན་དུ་བཏབ་སྟེ་གཙང་དབུས་ཁམས་ཀོང་གི་མཆོད་སྦྱིན་གྱི་གནས་སུ་འོས་པ་མཐའ་དག་ལ་མཆོད་སྦྱིན་གྱིས་ཚིམ་པར་མཛད། ཕ་རོལ་དུ་ཕྱིན་པའི་རྣམ་པ་ཐམས་ཅད་པས་བསྒོས་པའི་སྐུ་གདུང་རིན་པོ་ཆེ་འགྲོ་བའི་བསོད་ནམས་ཀྱི་གཞིར་སྣང་བ་ནི་བ་ཡུ་ནས་མཚུར་ཕུ་རིན་པོ་ཆེས་ཞུགས་ལ་བཞེན་སྟེ་སྐུ་གདུང་ཡུངས་འབྲུ་ལྟ་བུའི་རིང་སྲེལ་སྲན་རློན་ཙམ་པ་ཁ་དོག་སྣ་ཚོགས་པ་མང་པོ་དང༌། ཁྱད་པར་སྐུའི་སྒལ་ཚིགས་སྐུ་རྩིབ་སོགས་མ་ཉམས་ཤིང་མ་(པ༡༣༤བ)


PTT001_Page_1136
[མ་དཔེ་གཟིགས་ན་འདིར་གནོན།]

འཐོར་བར་འབྲེལ་བ་ཉ་བྱུས་ཀྱི་ཁ་དོག་ལྟ་བུ་ལ་མགྲིན་པ་ཡན་གྱི་སྐུ་ཚིགས་ཞལ་བཅུ་གཅིག་དུ་དོད་ཅིང་སྐུ་རྩིབ་རྣམས་རེ་རེའང་ཕྱག་མང་པོའི་རི་མོ་ཕྱག་མཐིལ་གྱི་སྤྱན་དང་བཅས་སྟེ་ཆེས་གསལ་བ་སྤྱན་རས་གཟིགས་བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་པའི་རྣམ་པ་རྒྱན་ཐམས་ཅད་རིང་སྲེལ་ལས་བྱས་པ་ཆེས་བསལ་བར་བྱོན་པ་རྒྱལ་ཚབ་སྤྲུལ་པའི་སྐུས་རྩེ་ལྷ་སྒང་དུ་གསེར་གདུང་རིན་པོ་བསྒྲུབས་པར་བཞུགས་སུ་གསོལ་ལོ། །འོན་ཡང་རྗེ་བརྒྱད་པའི་བཀའ་ལས་དེ་ལྟ་བུ་ནི་སྔོན་རྒྱ་བོད་གང་སུ་ལ་ཡང་མ་བྱོན་པའི་རྟེན་མཆོག་དུ་སྣང་ཞིང་ད་དུང་དེ་ལས་ངོ་མཚར་དུ་མ་འབྱུང་རྒྱུར་སྣང་བས་ཕྱི་རོལ་དུ་ཞལ་ལྟར་ཡོད་ན་འགྲོ་དོན་ཆེ་བར་སྣང་སྟེ་ཅེས་བཀའ་བསྩལ་ཏོ། །སྤྱིར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་སྐད་ཅིག་རེ་རེས་ཀྱང་གདུལ་བྱའི་ཁམས་སྨིན་གྲོལ་དུ་མཛད་པ་ནི་ཆེས་མང་གི་སྟོང་གསུམ་གྱི་རྡུལ་ཕྲ་རབ་ནི་དེ་ལྟ་མ་ཡིན་ལ་གཞན་དག་གིས་སྐུ་གསུང་ཐུགས་བཏང་སྙོམས་སུ་གནས་པ་ཙམ་ལས་གཞན་དོན་མཛད་པར་མི་སྣང་བ་དེའི་ཚེའང་གདུལ་བྱ་གངྒཱའི་ཀླུང་གི་བྱེ་སྙེད་མཆོག་གི་དངོས་པོ་ལ་འགོད་པར་མཛད་ན་ཆོས་བསྟན་པའི་འཕྲིན་ལས་ཀྱིས་ལྟ་ཅི་སྨོས། ཆོས་ཀྱི་རྣམ་གྲངས་ཚིག་བཞི་པ་གཅིག་གིས་བཏུལ་བའི་སེམས་ཅན་གྱི་གྲངས་ཀྱང་ཇི་ལྟར་དཔོག་སྟེ་འདི་དག་ནི་བཀའ་བསྡུ་བ་པོ་རྣམས་ཀྱི་ཡུལ་ཁོ་ནའོ། །དེས་ན་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་ཚད་ནི་སུ་(པ༡༣༥ན)


PTT001_Page_1137
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་འཛིན། འོན་ཡང་དེང་སང་ཚུ་རོལ་མཐོང་བ་པ་ཁ་ཅིག་གི་མཐོང་བ་དང་སྦྱར་ན་བུ་སློབ་ཀྱི་གཙོ་བོ་ནི་རྒྱལ་ཚབ་སྤྲུལ་པའི་སྐུ་བཀྲ་ཤིས་རྣམ་རྒྱལ༏ སྤྱན་སྔ་རིན་པོ་ཆེ་ཞྭ་དམར་བ་བཞི་པ་སོགས་མཆོག་གི་སྤྲུལ་པའི་སྐུ་དུ་མ་དང༌༏ སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་གྱི་གདན་ས་ཁག་ལྔའི་ཁྲི་ཟུར༏ ཕག་མོ་གྲུའི་སྤྱན་སྔ་ཚེས་གཉིས་པ༏ འབྲི་ཁུང་དབང་རིན་པོ་ཆེ༏ འབྲི་ཁུང་ཆོས་རྗེ་ཀུན་དགའ་རིན་ཆེན་སྐུ་མཆེད་གསུམ༏ སྒམ་པོའི་སྤྱན་སྔ་སྣེའུ་ཐང་པ་སོགས་བཀའ་རྒྱུད་ཀྱི་ཆེན་པོ་རྣམས་ཀྱི་གདུང་རིགས་དང་ཆོས་ལས་འཁྲུངས་པའི་ཞལ་ངོ་གདན་སའི་སེང་གེའི་ཁྲི་ཆེན་པོ་གནོན་པའི་སྐྱེ་ཆེན་རྣམས་དང༌༏ འབྲོང་བུ་གོའི་ཤྲི་པ༏ བྱ་གོའི་ཤྲི་ཆོས་ཀྱི་གྲགས་པ༏ ལྕགས་མོ་གོའི་ཤྲི་པ་འོད་ཟེར་རྒྱལ་མཚན༏ འདན་མ་གོའི་ཤྲི་བསོད་ནམས་བཀྲ་ཤིས༏ ལྷོ་རོང་གོའི་ཤྲི་ཀུན་དགའ་རྒྱལ་མཚན་ཡབ་སྲས༏ གླིང་དུ་སི་ཏིང་འཛིན་འོད་ཟེར་ལ་སོགས་ལས་ཀ་ཅན་གྱི་བླ་དཔོན་ཆེན་པོ་དུ་མ་དང༌༏ ངོམ་ཚ་ནང་སོ་དང་ཆེན་ཤྲི་དུ་གང་ལ་སོགས་འཕྲིན་ལས་སྒྲུབ་པའི་རྒྱ་བོད་ཀྱི་གསེར་ཡིག་པ་ཕོ་བྲང་གི་ལས་ཀ་ཅན་མང་པོ་དང༌༏ བྱམས་ཆེན་སྐུ་སྐྱེ་སྣ་ཚོགས་རང་གྲོལ༏ བྱ་འཇམ་དབྱངས་བཀྲ་ཤིས་རྣམ་རྒྱལ༏ སྒོམ་སྡེ་ནང་ཡ་གཉིས་ཀྱི་གདན་ས་པ་ལ་སོགས་རྒྱལ་རིགས་(པ༡༣༥བ)


PTT001_Page_1138
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་མཁས་གྲུབ་མང་པོ་དང༌། རྗེ་བཙུན་སྐྱ་སེ་རྟོགས་ལྡན༏ གྲུབ་ཆེན་ཆུ་འཕུར་བ། སངས་རྒྱས་མཉན་པ༏ གཞན་བླ་མ་ཀུན་དགའ་དཔལ༏ ཟུར་མང་བྱ་བྲལ༏ རྒྱ་སྟོན་བྱ་བྲལ༏ གསི་དཀར་ཀུན་སྤངས་པ༏ བླ་མ་གྲགས་རྒྱལ་བ་སོགས་རྟོགས་ལྡན་རྣལ་འབྱོར་གྱི་དབང་ཕྱུག་སྒྲུབ་རྒྱུད་ཀྱི་བསྟན་འཛིན་ཆེས་མང་པོ་དང༌། པཎྜི་ཏ་ཆེན་པོ་ཤཱཀྱའི་མཆོག་ལྡན༏ མི་ཉག་རབ་འབྱམ་པ་མགོན་པོ་དཔལ༏ ངོ་ཁྲོ་རབ་འབྱམ་པ་དབང་ཕྱུག་དཔལ༏ དུལ་མོ་བ་བཀྲ་ཤིས་འོད་ཟེར༏ སྨྱུག་ལ་པཎ་ཆེན་ངག་དབང་གྲགས་པ༏ ཀརྨ་འཕྲིན་ལས་པ་ཆེན་པོ༏ དྭགས་པོ་རབ་འབྱམ་པ་ཆོས་རྒྱལ་བསྟན་པ༏ དྭགས་པོ་རབ་འབྱམ་པ་གསུང་རབ་མང་ཐོས༏ སྡེ་བདུན་པ་དབང་ཕྱུག་རྒྱལ་མཚན༏ དུས་ཞབས་པ་ཤཱཀྱ་དབང་ཕྱུག ༏ཤེལ་ཁོག་པ་སྟག་རའི་ཀརྨ་བཀའ་བཅུ་པ་དང་གཙང་གང་རབ་འབྱམ་པ༏ རྟ་འུ་ནོར་བཟང་པ༏ ར་ཏིའི་མཁས་གྲུབ་སེང་གེ་དཔལ༏ བྱམས་སར་བ་དབུས་དགེ་ཤེས་རབ་བཟང༌༏ ཉག་རོང་ན་ཆང་ཡོད་ཆོས་དཔལ་དང་ཨབ་སེ་གྲགས་པ་དང་བྱམས་མགོན་པ་སོགས་བསྟན་པ་ཡོངས་རྫོགས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་དང༌། དཔའ་བོ་ཆོས་དབང་ལྷུན་གྲུབ༏ མཁན་ཆེན་ཤཱཀྱ་བཟང་པོ༏ འགྲུས་ཁང་པ་བསོད་ནམས་རྒྱ་མཚོ༏ ཁྲེ་བ་ཁ་པ་དོན་གྲུབ་རྣམ་རྒྱལ༏ ར་སྒྲེང་བསམ་གཏན་གླིང་པ༏ ཆམ་དགོན་པ་གྲགས་པ་དཔལ་ལྡན་སོགས་སྒྲུབ་རྒྱུད་ཀྱི་བསྟན་འཛིན་དུ་མ་དང༌༏ བྱ་བཏང་ཐར་པ་རྒྱལ་མཚན་ལ་སོགས་ཐུགས་རྗེ་ཆེན་པོའི་འཕྲིན་ལས་(པ༡༣༦ན)


PTT001_Page_1139
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མེད་དུ་མཛད་པ་དུ་མ་དང༌། ཞོ་ཁ་མ་ཎི་བ་དང་མ་ཎི་བ་ལྷུན་གྲུབ་རྒྱ་མཚོ་ལ་སོགས་མ་ཎི་བའི་སྐོས་ཇ་བཀའ་ཤོག་གནང་ནས་མདོ་དབུས་སུ་མ་ཎིའི་འཕྲིན་ལས་ཅན་དུ་མ་དང༌། ཆུ་དཀའ་ཐུབ་པ་དང༌༏ གྲུབ་ཐོབ་འཚེམ་བུ་པ་དང༌། རྟོགས་ལྡན་འདན་ཆུང་སོགས་སྦས་པའི་རྣལ་འབྱོར་པ་དུ་མ་དང༌། སྨྱུག་ལའི་ནང་སོ་འབྲོམ་པ། ཁྲི་དཔོན་བཀྲ་ཤིས་དར་རྒྱས་ལ་སོགས་པ་ཁྱིམ་པའི་ཚུལ་ཅན་གྱི་རྣལ་འབྱོར་དབང་ཕྱུག་ཡང་མང་བར་བྱོན་སྟེ། དེ་རྣམས་ལ་སོགས་པ་ནི་རྗེ་ཉིད་ཁོ་ནས་སྨིན་གྲོལ་དུ་མཛད་པའི་རྩ་བའི་སློབ་མ་ཤ་སྟག་ཡིན་ལ། སྤྱིར་ཆོས་འབྲེལ་མང་ཉུང་ཅི་རིགས་གསན་པའི་དད་ཐོབ་ནི། ལྷུན་བདེ་རབ་འབྱམ་པ། བྲག་ཅོག་པ། ཤར་སྨད་པ། མཁས་པའི་དབང་པོ། འབྲི་ཁུང་མཁན་ཆེན་ཞོ་ར་བ། སྟག་ལུང་ཀ་དྲུག་པ་སོགས་འབྲི་གདན་སྟག་ལུང་རྣམས་ཀྱི་མཁན་སློབ་ཆོས་གསུམ་རིམ་པ་དུ་མ༏ ཆེན་པོ་འབྲས་གླིང་པ་དང་རྩེ་ཉག་པ་སོགས་ཆོས་གྲ་ཆེན་པོ་རྩེས་དང་གི་ཆེན་པོ་གཞུང་ལས་རིམ་པ་དུ་མ། ཆོས་གྲ་ཆེན་པོ་གསང་ནེའུ་ཐོག༏ བདེ་སྐྱོར་ཟུལ་གསུམ། སེར་འབྲས་དགེ་གསུམ། བྱམས་ཆེན་ཆོས་ལུང་ལ་སོགས་པའི་དབུས་གཙང་གི་ཆོས་སྡེ་ཆེན་པོ་ཐམས་ཅད་ཀྱི་བླ་མ་ཆོས་འཆད་སྔ་ཕྱི་རིམ་པ་དུ་མ། རྡོ་རེང་ཀུན་སྤངས་པ་སོགས་དཔལ་ལྡན་ས་སྐྱ་པའི་སྐྱེ་ཆེན་དུ་མ། དཔལ་རྒྱ་དྲུང་དིག་པ་སོགས་མདོ་ཁམས་གསེར་མདོག་པའི་བླ་ཆེན་སྔ་ཕྱི། པ་བོམ་ཞྭ་དམར་བ། རྟ་སྣ་བཀའ་བཅུ་པ་སོགས་སྨར་ཚང་བཀའ་རྒྱུད་ལ་སོགས་པའི་སྐྱེ་ཆེན་འཕྲིན་ལས་ཅན་དུ་མ། མཁས་པ་མི་ལྔ་ལ་སོགས་པ་མི་ཉག་རབ་(པ༡༣༦བ)


PTT001_Page_1140
[མ་དཔེ་གཟིགས་ན་འདིར་གནོན།]

སྒང་གི་བླ་ཆེན་རྣམས་ལ་སོགས་མཁས་པའི་ཚོགས་བགྲང་བ་ལས་འདས་པ་དང༌༏ འགོས་ལོ་ཙཱ་བ་ཆེན་པོ་གཞོན་ནུ་དཔལ༏ ལོ་ཆེན་བསོད་ནམས་རྒྱ་མཚོ༏ ཆག་ལོ་ཙཱ་བ་རིན་ཆེན་ཆོས་རྒྱལ་སྐུ་མཆེད༏ རྗེ་ཞ་ལུ་ལོ་ཙཱ་བ་ལ་སོགས་སྐད་གཉིས་སྨྲ་བའི་དབང་པོ་དུ་མ་དང༌༏ ཤར་རབ་འབྱམ་པ༏ ཤར་ཁ་རས་ཆེན༏ གཙང་སྨྱོན༏ དབུས་སྨྱོན༏ འཁྲུལ་ཞིག་སངས་བསམ་པ༏ འབྲུག་སྨྱོན་ཀུན་དགའ་ལེགས་པ་སོགས་རྣལ་འབྱོར་གྱི་དབང་ཕྱུག་མང་པོ་སྟེ་རྒྱས་པར་ནི་རྗེ་བརྒྱད་པས་བཀའ་བསྩལ་བའི་བུ་ཆེན་གྱི་ཐོག་ཡིག་དུ་བལྟའོ། །མདོར་ན་ཡུལ་དུས་དེའི་རྒྱ་གར་རྒྱ་ནག༏ འཇང་བོད་ཡུལ་གྱི་སྐྱེ་བོ་མཆོག་དམན་ཐམས་ཅད་ཀྱང་དམ་ཆོས་ཀྱི་འབྲེལ་བ་མ་ཐོགས་པ་དང་ཞལ་མཐོང་གསུང་ཐོས་ཀྱིས་མ་སྨིན་པ་ནི་འགའ་ཡང་མ་མཆིས་སོ། །དེ་ལ་གོའི་ཤྲི་སྤྲུལ་པའི་སྐུ་ནི་སྙེ་བོར་འཁྲུངས། རྗེ་ཆོས་གྲགས་རྒྱ་མཚོས་ལུང་བསྟན་ཞིང་སྐུ་སྐྱེ་བ་གོང་མའི་དཔོན་པོ་བཀྲ་ཤིས་སོགས་ལ་ངོས་འཛིན་གསལ་བར་མཛད་པས་སྤྱན་དྲངས་སྟེ་དྲུང་དུ་གཙུག་ཕུད་ཕུལ། མཚན་བཀྲ་ཤིས་རྣམ་རྒྱལ་དཔལ་བཟང་པོར་གསོལ། དྲུང་གི་བཀས་གདན་ས་ཁག་ལྔ་སོགས་མཆོག་དམན་ཐམས་ཅད་ཀྱིས་དྲུང་དང་ཁྱད་མེད་པར་བསྐུར། རྗེ་བདུན་པ་མྱ་ངན་ལས་འདས་པའི་འོག་དུ་ཀར་བསྟན་གྱི་བདག་པོ་འཛད་སྟེ་རྒྱལ་ཚབ་སྤྲུལ་པའི་སྐུར་མཚན་ནས་བརྗོད། རྗེ་ན་རིམ་བརྒྱད་པ་སེང་གེའི་ཁྲིར་སྤྱན་དྲངས། དགེ་བསྙེན་གྱི་བསླབ་པ་དང་གསུང་ཆོས་དུ་མ་(པ༡༣༧ན)


PTT001_Page_1141
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་སྟེ་མི་རིང་བ་ན་མྱ་ངན་ལས་འདའ་བར་བསྟན་སྟེ་ངོ་མཚར་གྱི་ལྟས་དུ་མ་བྱུང་ངོ༌། །ཞྭ་དམར་ཅོད་པན་འཛིན་པ་བཞི་པ་ནི་དཔལ་མཁའ་སྤྱོད་དབང་པོས་ཤར་ནས་ཤར་གྱི་ཕྱོགས་སུ་སྐྱེ་བ་འཛིན་པས་འགྲོ་བའི་དོན་བྱེད་པར་འགྱུར་རོ་ཞེས་ལུང་བསྟན་པ་ལྟར་སྔ་མའི་འཁྲུངས་ཡུལ་ལས་ཤར་ཕྱོགས་མདོ་སྨད་ཀྲེ་ཤོད་ཁང་དམར་དུ་ཡབ་ལྡོང་དགོན་པ་སྐྱབས་དང་ཡུམ་དབྲ་བཟའ་བསོད་ནམས་སྒྲོལ་མའི་ལྷུམས་སུ་ཞུགས་པའི་ཚེ་ཡུམ་གྱིས་ན་མཁའ་ལ་ཟླ་བ་གཉིས་ཤར་བའི་ཤར་མ་དེ་ཅུང་མི་གསལ་ལ་ནུབ་མ་ཆེས་གསལ་བ་དང་ལོ་ལེགས་ཀྱི་དབུས་སུ་བསྡད་པ་སོགས་པ་རྨིས་ཤིང་མི་མ་ཡིན་དག་གིས་ཀྲེ་ཁང་དམར་དུ་ཀརྨ་པ་བྱོན་ཞེས་བསྒྲགས་པ་དང་ཡུལ་དེའི་སྐྱེ་བོ་མང་པོས་ཀྱང་དགེ་མཚན་མང་དུ་མཐོང་ཞིང་ལྷུམས་སུ་ངལ་བ་མེད་པར་བདེ་བའི་ཏིང་ངེ་འཛིན་གྱིས་གནས་ནས་དཔལ་གདོང་ཆུ་མོ་བྱ་ལོ་འབྲུག་ཟླའི་ཚེས་གསུམ་གྱི་ཉི་མ་ཤར་བ་དང་ལྷན་ཅིག་དུ་སྐུ་བལྟམས་ཅིང་ཀརྨ་པ་ཞེས་གསུང་ཞིང་ཟླ་བ་བདུན་ན་རྟ་ར་གདན་ས་པའི་ངོར་ངོས་འཛིན་དུ་མ་མཛད། ཁང་དམར་གྱི་དགོན་པར་སྤྱན་དྲངས་ཚེ་འཇའ་དང་འོད་ཀྱིས་བསུ་བ་དང་ཚོགས་པའི་དབུས་སུ་ཉམ་ང་བ་མེད་པར་ཙོག་པུས་བཞུགས་པ་དང་ཀརྨ་པའི་གསུང་འབུམ་དང་ཨ་ཁྲིད་ཀྱི་ཚིག་མཚམས་ཕྱེ་སྟེ་བསྟན། བདེ་དགྱེས་དང་ཀརྨ་རྣམ་ཐར་གྱི་ཞིང་བཀོད་སོགས་ལ་འདི་དང་འདི་ཞེས་གསུངས། ཡི་དམ་དང་ཆོས་སྐྱོང་མང་པོའི་ཞལ་གཟིགས། མངོན་མཁྱེན་མང་དུ་གསུངས། ཆར་གྱིས་ཕོངས་པ་དང་ལོ་ཐོག་སྲིན་བུས་གནོད་པ་སོགས་ལ་བདེན་ཚིག་ཙམ་གྱིས་ཞི། ངོ་མཚར་བའི་རྩེད་མོའི་ཚུལ་མཛད། ཚེམས་བརྗེ་བའི་མཆེ་བ་བྱུང་བ་ན་ཁ་ཅིག་གིས་སློང་བར་གཟིགས་ནས་གནང་སྙམ་པའི་མོད་ལ་དོར་སྟེ་མ་རྙེད། ཚེམས་རིང་སྲེལ་སྔོན་པོས་སྤྲས་པའང་བྱུང༌། དགུང་ལོ་བཅུ་པ་ལ་ཤར་ཕྱོགས་སུ་བཏེག་སྟེ་གཞི་བདག་གིས་བསུ་བར་སྣང་ཞིང་བཅོམ་ལྡན་འདས་ཞལ་གཟིགས། གསོ་ཐོག་དུ་(པ༡༣༧བ)


PTT001_Page_1142
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འབྲེལ་དུ་མ་གཟིགས། ལྕགས་མོའི་སར་སྔོན་རྗེ་མཐོང་བ་དོན་ལྡན་ལ་མ་དད་པ་བྱས་པ་ཅིག་མངོན་པར་མཁྱེན་སྟེ་བཀའ་བསྩལ་བས་བཤགས་པ་བྱས། དམར་གྱི་འབྲིང་པོར་ཆུ་བོ་ཆེར་བྲུབ་པས་ལམ་བགྲོད་དཀའ་བ་ན་གཏོར་མ་གནང་བའི་མོད་ལ་ཞི། རྔ་རོས་ཀྱིས་ཚུན་བྱོན། རས་སུ་ནགས་ཚལ་མེས་ཚིག་པའི་འཇིག་པས་ཉེན་པ་ན་མགོན་པོས་ཆུ་རྒྱུན་འབེབས་པར་གཟིགས་སྟེ་རང་སར་ཞི། གནོད་བྱེད་མང་པོ་ལ་ཆོས་སྐྱོང་གིས་ཆད་པ་ཕབ། ཤ་བའི་ཁྱུས་བསུ་ཞིང་སྐྱེལ་བ་བྱུང་བ་ཡུལ་ལྷ་ཡིན་པར་གྲགས། འཁྲུངས་ཡུལ་དང་ཉེ་བར་ཕེབ་པ་ན་འབྲུག་གློག་དང་སེར་བ་དྲག་པོ་བྱུང་ཚེ་ཞིང་སྐྱོང་བྱོན་ནས་སྤྱན་འདྲེན་པར་གཟིགས། དེ་མ་ཐག་སློབ་དཔོན་ཆེན་པོ་གོའི་ཤྲི་པ་དང་སྔོན་གྱི་ཉེ་གནས་སོགས་རྗེ་ཆོས་གྲགས་རྒྱ་མཚོའི་བཀའས་བསྐུལ་བས་སྤྱན་འདྲེན་པར་བྱོན། གོའི་ཤྲི་རིན་པོ་ཆེ་དང་མཇལ་སྟེ་ཕན་ཚུན་གཉེན་ཤིང་ཆོས་དུ་མ་གསན། གླིང་བདག་པོ་དཔོན་ཆེན་དུ་སི་རྣམས་ཀྱིས་གུས་པར་བཏུད། རག་ཐག་སྐུ་འབུམ་དུ་ཞིང་སྐྱོང་གཟིགས། ཡུལ་ལྷུང་དུ་བོ་ག་རྒྱལ་དེའི་གཞི་བདག་ལ་ཆོས་གསུངས། འདན་ཀློང་ཐང་དུ་བཀའ་རྒྱུད་ཀྱི་བླ་མ་ཀུན་གཟིགས། འབྲི་ཆུར་རླུང་ཆེན་བྱུང་བ་རྟེན་འབྲེལ་མཛད་པས་ཞི། ཚལ་མདོར་རླུང་འཚུབ་ཀྱི་ནང་ནས་མི་སྡུག་པའི་གཟུགས་ཀྱིས་བར་ཆད་བྱེད་པར་སྣང་བ་སྐྱེད་རིམ་གྱིས་བཏུལ། ཟུར་མང་དགོན་དུ་རྟ་ལོ་ཟླ་བ་བཅུ་གཉིས་པའི་ཚེས་བཅོ་ལྔ་ལ་རྗེ་ཀརྨ་པ་བདུན་པ་དང་ཐོག་མར་མཇལ་སྟེ་གཙུག་ཕུད་ཕུལ། མཚན་ཆོས་ཀྱི་གྲགས་པ་ཡེ་ཤེས་དཔལ་བཟང་པོར་གསོལ། ཞྭ་དམར་གྱི་ཅོད་པན་དང་ཐམ་ག་གནང༌། མི་རིང་བར་མཁན་པོ་གོའི་ཤྲི་རིན་པོ་ཆེ། ལས་སློབ་ཀུན་མཁྱེན་འཇམ་དཔལ་བཟང་པོས་མཛད་སྟེ་རབ་བྱུང་དང་དགེ་ཚུལ་མཛད། མཁས་སློབ་ལས་ཆོས་དུ་མ་གསན། དེ་ནས་ཀརྨ། ལྷ་སྡེ། རི་བོ་ཆེ། ལྡོང་ཚོམ་ཕུག་སོགས་སུ་བྱོན། གཟིགས་སྣང་མང་ཞིང་ཐོག་གི་འཇིགས་པ་ཟློག །པོ་བོར་ནད་ཡམས་ཆེར་བྱུང་བ་ལ་བཀའ་ཤོག་གནང་བས་ཁྱེད་ཅག་(པ༡༣༨ན)


PTT001_Page_1143
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བཅས་ལ་གནོད་པར་མི་འགྱུར་ཟེར་སྟེ་ཐོག་དུ་བབ། ཤིང་དམར་རོ་ལྡེམ་སོགས་སུ་ཡི་དམ་ཆོས་སྐྱོང་དང་བཀའ་རྒྱུད་བླ་མ་གཟིགས། བྲང་བྱིའུ་ཡུལ་བདག་ལ་བཀའ་བསྒོས་པ་ནད་ཡམས་ཆད། ཀོང་པོའི་ལྷ་མིས་བསུས་སྟེ་དགུང་ལོ་བཅུ་གཉིས་པ་སྤྲེ་ལོ་ལ་ཀོང་པོར་བྱོན། མ་ར་སྟེང༌། སྟག་རྩེ། ལུང་བསྟན་མཁར། དགའ་ལྡན་མ་མོ་རྣམས་སུ་བྱོན་སྟེ་སོ་སོར་ཞལ་གཟིགས་མང་ཞིང་སྔོན་གནས་དྲན་ཚུལ་གསུངས། དེ་རྣམས་སུ་ཆོས་སྐྱོང་གི་གཟིགས་སྣང་མང་ཞིང་མ་ར་སྟེང་དུ་ཞལ་བཞི་པ་གཟིགས་པས་ཕྱི་ནས་གཏོར་མ་གནང༌། དགའ་ལྡན་མ་མོར་སྐུ་མཚམས་ཟླ་དྲུག་མཛད་པ་ན་དཀོན་བརྩེགས་གསུང་ཆུང་ངུས་ལྗགས་ཀློག་མཛད་པའང་རྒྱང་རིང་དུ་ཐོས་པ་དང་དེ་སྲིད་ལྷའི་རྔ་སྒྲ་དང་མེ་ཏོག་གི་ཆར་ཡང་ཡང་བྱུང་ཞིང་རྨི་ཉམས་སུ་སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་གཟིགས། མི་ལས་ལུང་བསྟན་སྟེ་རྗེ་རང་བྱུང་པས་བཞུགས་པའི་རི་ཁྲོད་རྫ་རར་བྱོན་སྟེ་དབེན་པ་མཛད། གྱམ་སྟེང་དུ་རྡོ་རྗེ་རྣལ་འབྱོར་མ་དང་དེ་མོ་ཐང་དུ་སྤྱན་རས་གཟིགས་གསང་སྔགས་སྒྲོག་པ་གཟིགས། དམ་ཅན་གྱིས་བསྟོད་པ་འབུལ་བ་གསན་ཞིང་ཀོང་བཙུན་དེ་མོས་འདུད་ཅིང་ལེགས་ཉེས་ལུང་དུ་བསྟན། དེ་མོ་ཐང་གི་བཞུགས་ཁྲིའི་རྩ་བར་སྔོན་མ་མཐོང་བའི་མེ་ཏོག་གི་སྡོང་པོ་ཡལ་མདབ་འཇའི་མདོག་ཅན་སྐྱེས་པས་ངོ་མཚར་དུ་གྱུར། ཐིམ་ཡུལ་དུ་སློབ་དཔོན་པདྨ་གཟིགས། སྟག་རྩེར་མགོན་པོ་ལ་ཕྱོགས་བཅུ་མགོན་པོས་བསྐོར་བ་དང་ཞིང་སྐྱོང་ཡང་ཡང་གཟིགས་ཕྱི་རོལ་དུ་རླུང་འཚུབ་ས་འདར་བ་ཙམ་སྣང༌། འཁོར་གྱི་ལོག་སྒྲུབ་ཀྱིས་ཐུགས་སྐྱོ་ནས་རྒྱ་གར་དུ་འབྱོན་པ་ཡང་དགོངས། ཙཱ་རིར་བྱོན་པ་ན་བ་ཡུར་ལྷ་མོ་རང་བྱུང་རྒྱལ་མོ་གཟིགས། གནས་ནང་དུ་བྱོན་པ་ན་རྡོ་རྗེའི་དཀྱིལ་འཁོར་ཉིད་དུ་གཟིགས། བྱིན་ལེགས་སུ་དབེན་པ་མཛད་པ་ན་མཁའ་འགྲོ་མ་བརྒྱད་ཀྱི་གླུ་གསན། རྡོ་རྗེ་ལུས་ཀྱི་གནས་ཚུལ་ཇི་ལྟ་བར་གཟིགས་སྟེ་མགུར་མཛད། གཟིགས་སྣང་ནུབ་པ་གསོ་བ་(པ༡༣༨བ)


PTT001_Page_1144
[མ་དཔེ་གཟིགས་ན་འདིར་གནོན།]

དང་སར་དུ་ཞལ་ཕྱེ་བ་དུ་མ་མཛད། འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ཞལ་གཟིགས་པ་ན་གཞན་དག་གི་ཀྱང་འཇའ་འོད་ཙམ་དུ་སྣང༌། མཚོ་དཀར་དུ་མཚོ་དབུས་ན་ཤེལ་གྱི་མཆོད་རྟེན་བཞུགས་པར་བཤད་པའང་གཟིགས། རིན་ཕུག་དུ་མཁའ་འགྲོ་མ་སེང་གདོང་ཅན་གསུམ་གྱི་དྲི་བའི་ལན་མཛད། རི་བོ་ཨ་མ་ར་དྷཱུ་ཏའི་ཕྱོགས་བཞི་ནས་ཆུ་དཀར་བཞི་འབབ་པའི་འགྲམ་དུ་བྱོན་པ་ན་འོ་མ་ཁོ་ན་ལྟར་བབ་པས་ཐམས་ཅད་ངོ་མཚར་དུ་གྱུར། བཀྲ་ཤིས་ལྗོངས་སུ་མཁའ་འགྲོ་དང་ཆོས་བགྲོས། གཏིང་ཟབ་ཕུག་པར་ཚེ་ཆུ་ཟད་མེད་དུ་འཕེལ། ནུབ་ཕྱོགས་དབང་ཕུག་གི་རི་བོ་འཁོར་ལོ་སྡོམ་པར་གཟིགས་ཤིང་འཇིགས་བྱེད་ཀྱི་སྐུ་གཟུགས་གསལ་བར་བསྟན། སྔོན་ཕྱོགས་དེ་སྲིན་པོའི་གྲོང་དུ་ཡོད་པའི་དུས་སྲིན་པོའི་རྒྱལ་པོ་གདོང་བརྒྱད་པར་སྐྱེས་སྟེ་དེ་རྣམས་ལ་ཆོས་བསྟན་པའི་སྔོན་བྱུང་དྲན་ཞིང་གསུངས། སར་མ་གནས་ལྔར་ཞལ་གཟིགས་སར་དུ་བརྒྱ་ལྷག་གསལ་བར་མཛད། པཎ་ཞྭ་ཕུག་དང་བྱིན་ལེགས་སུ་གཟིམས་ཆུང་ཆུང་ངུར་སྐྱེ་བོ་དཔག་མེད་ཤོང་བའི་ངོ་མཚར་བྱུང༌། ལམ་དུ་བྲག་ལ་ཞབས་རྗེས་བྱུང༌། ལྡིང་ཚོ་བརྒྱད་པར་ཆེས་བསྙུན་པ་ན་གཞན་ཞིག་ལ་སངས་རྒྱས་ཀྱི་ཞིང་མང་པོར་བགྲོད་པར་འདོད་ཏོ་ཅེས་སྨྲས་ཤིང་དེས་བཞུགས་པར་གསོལ་བ་བཏབ་པའི་ཐུགས་ཉམས་ཤར་བ་དང་དུས་མཚུངས་པར་མཁས་གྲུབ་ཆེན་པོ་གཙང་ཆེན་པའི་གཟིགས་སྣང་ལ་སྤྲུལ་སྐུ་རིན་པོ་ཆེ་འདི་ཉིད་ཕེབས་སྟེ་རྙིགས་མའི་སེམས་ཅན་འདུལ་བར་དཀའ་བས་ཁོ་བོ་ཞིང་ཁམས་གཞན་དུ་འགྲོ་ཁྱེད་རང་ཡང་འདོང་གསུང་བ་ན་ཅིས་ཀྱང་བཞུགས་པར་གསོལ་བ་བཏབ་པས་ཞལ་གྱིས་བཞེས་སོ་གསུང་ཞིང་ལྟས་འདི་ལྟར་ནས་བཞུགས་པར་ཞུ་ཡིག་ཡང་ཕུལ། ལྷུན་གྲུབ་སྟེང་གི་རི་ཁྲོད་དུ་བཞུགས་དུས་སྔགས་བདག་གིས་གུས་པར་བཏུད་ཅིང་བསྔགས་པར་བརྗོད་པར་གཞན་དག་གིས་ཀྱང་མཐོང༌། དབྱངས་ཅན་མས་མནལ་ལམ་དུ་ཨ་རུ་ར་དང་པོ་ཏི་གཏད་ཅིང་(པ༡༣༩ན)


PTT001_Page_1145
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་བསྟན་གཟིགས་སྟེ་སྙན་ངག་གི་མཁྱེན་པར་རང་བྱུང་དུ་བྱུང༌། འཇའ་ཚོན་གླིང་དུ་དགྱེས་རྡོར་ཤིན་དུ་གསལ་བ་ཡུལ་གྱིས་མ་བསྒྲིབས་པར་གཟིགས་ནས་དེའི་སྒོ་ཕྱེ། དགའ་ལྡན་མ་མོར་ཁྲི་མཐོན་པོའི་སྟེང་དུ་འདུག་ནས་སྐྱེ་བོ་དཔག་མེད་ལ་འཇམ་དབྱངས་ཀྱི་བསྟོད་པ་གང་བློ་མའི་གླེགས་བུ་ཕྱག་དུ་བཟུང་ནས་དོན་བཤད་སྟེ་ཞལ་དུ་མིད་པར་གཟིགས་པ་ན་སད་ཚེ་བསྟོད་པ་དེ་ཐུགས་ལ་སྣང་ཞིང་ཏིང་ངེ་འཛིན་དུ་མ་འཁྲུངས། དེ་ཕྱིན་གསུང་རབ་ཀུན་ལན་རེ་གཟིགས་པས་མཁྱེན། སླར་སློབ་དཔོན་རིན་པོ་ཆེ་འཇམ་དཔལ་བཟང་པོ་ལས་བཀའ་རྒྱུད་རིན་པོ་ཆེ་རྣམས་ཀྱི་བཀའ་འབུམ་དང་ཨོ་ཌྱན་བསྙེན་སྒྲུབ། ན་རོའི་ཆོས་དྲུག་སོགས་བཀའ་རྒྱུད་རིན་པོ་ཆེའི་ཟབ་ཁྲིད་ཁྱད་པར་ཅན་རྣམས་དང་ནག་རྒྱལ་ཕག་གསུམ་གྱི་སྐོར་རྡོ་རྗེ་ཕྲེང་བ་བདེ་མཆོག་ལོ་ནག་དྲིལ་གསུམ་དུས་ཀྱི་འཁོར་ལོ་མཁའ་འགྲོ་རྒྱ་མཚོ་གཉིས་མེད་རྣམ་རྒྱལ་སོགས་སར་རྙིང་གི་དཀྱིལ་འཁོར་བརྒྱ་ཕྲག་མང་པོའི་དབང་བསྐུར་རྒྱུད་འགྲེལ་དང་མན་ངག་སྙན་རྒྱུད་མཐའ་དག་གསན་ཞིང་ཐུགས་དམ་གྱི་སྒོ་དུ་མ་ཤར། དཀྱིལ་འཁོར་སོ་སོའི་ཐིག་རྣམས་གསན་ཚེ་ཅུང་གོ་དཀའ་བ་ན་སློབ་དཔོན་ཨ་བྷྱ་ཀཱ་ར་པཎྜི་ཏ་དཀར་གསལ་ངུར་མིག་ཅན་དུ་བྱོན་ནས་མངོན་སུམ་ལྟར་ཁྲིད་པའི་མནལ་སད་པ་ན་ཇི་ལྟ་བར་མཁྱེན། ཀུན་མཁྱེན་ཆེན་པོ་དེ་ལ་ཐུགས་མི་ཕྱེད་པའི་དད་པ་འཁྲུངས། དེའི་ཚེ་དངོས་ཉམས་མནལ་ལམ་དུ་རྒྱུད་སྡེའི་ལྷ་དེ་དག་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པའི་སྣང་བ་དུ་མ་གཟིགས། སྔོན་གནས་མང་དུ་དྲན་པས་གཞན་ལ་ཡིད་ཆེས་བསྐྱེད་ཅིང་ཁྱད་པར་དུ་རྟོགས་ལྡན་ཆོས་བཟང་ལ་དེ་བཞིན་གཤེགས་པ་དཀོན་མཆོག་ཡན་ལག་གྱུར་པའི་རྣམ་ཐར་གསུངས། དེའི་ཚེ་ཀུན་མཁྱེན་ཆེན་པོས་ཡོན་ཏན་དག་གསོངས་ཅིག་པར་བཀའ་གནང་བས་དེ་ཕྱིན་ཆེར་མ་གསུངས། རྒྱལ་བ་ལོ་རས་ཀྱི་སྐུའི་སྐྱེ་བ་གཙང་ཆེན་ཆོས་(པ༡༣༩བ)


PTT001_Page_1146
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབང་ཕྱུག་མཁས་གྲུབ་ཆེན་པོ་དེས་སྔོན་ཅིག་ཆར་དུ་དབུ་རི་བའི་འགྲོ་མགོན་མཛད་པ་ན་ལས་ཚན་གྱི་ཆགས་སྡང་ཆེས་པས་ཐུགས་སྐྱོ་བ་སྐྱེས་སྟེ་དབུ་རི་པང་མོ་རྒོད་པ་ལ་གཏད་ནས་ཅིག་ཆར་ཤར་མའི་གནས་སྒོ་འབྱེད་དུ་བྱོན་པ་རྟེན་འབྲེལ་མ་འགྲིག་པས་མཚོ་དཀར་ཁྱུང་རྫོང་དུ་ལོ་གསུམ་སྒྲུབ་པ་མཛད་པས་སྒམ་པོ་ལྷ་རྗེས་སླེབས་རོམ་དང་རིན་ཕུག་གི་གནས་ཕུལ་བར་གཟིགས་ནས་རིན་ཕུག་དུ་སྒྲུབ་སྡེ་མཛད། ཕྱིས་ཡོམ་ལ་སོགས་པ་མང་དུ་བཏབ་སྟེ་འཕྲིན་ལས་ཤིན་དུ་ཆེ་ཞིང་ཆོས་རྗེ་ཉིད་ཞ་ལུ་བའི་དགེ་བཤེས་ཡིན་པའི་དབང་གིས་བུ་ལུགས་ཀྱི་ཀུན་རིག་དུས་འཁོར་སོགས་དང་གླིང་ལུགས་ཀྱི་བདེ་མཆོག་དང་ཁྲིད་ཆེན་བརྒྱད་སོགས་དར་ཞིང་བསྟན་པ་ལ་ཆེས་ཕན་པ་བྱུང་སྐབས་ར་ལུང་རྒྱལ་དབང་ཆོས་རྗེ་དགུང་ལོ་ཉི་ཤུ་རྩ་གྲངས་པ་ཅིག་སྤྱན་དྲངས་ནས་དགོན་པ་རྣམས་འབུལ་ཞིང་རྒྱལ་དབང་ཆོས་རྗེ་རང་ཡང་གསུང་ཆོས་རྣམས་གསན་པར་བཞེད་པ་ལ་སྒར་ལ་བུད་མེད་མང་དུ་འདུག་པ་གཟིགས་པས་འདི་མི་མཛད་པར་ཞུ་ཞེས་ཡང་ཡང་ཞུས་ཀྱང་གསན་དུ་མ་བཞེད་པས་གཙང་ཆེན་ཆོས་རྗེ་ཐུགས་མ་རངས་སྟེ་གསུང་ཆོས་ཀྱང་མ་ཕུལ། ངའི་དགོན་པ་རྣམས་ཁོང་ལ་ཕུལ་ན་སེར་ཁྱིམ་པར་འགྲོ་བ་འདུག་གསུངས་ནས་མ་ཕུལ། ཕྱིས་མི་འབྱོན་པའི་རྟེན་འབྲེལ་ཡང་མཛད། རྗེས་སུ་སྤྲུལ་སྐུ་རིན་པོ་ཆེ་འདི་སྤྱན་དྲངས། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལ་ཐུགས་གུས་པ་མཐའ་ཡས་པ་སྐྱེས་སྟེ་སྔོན་རྗེ་རོལ་པའི་རྡོ་རྗེ་ལ་སྒམ་པོ་ལྷ་རྗེས་གནས་ཕུལ་བའི་རྟེན་འབྲེལ་བཞིན་དབུ་རི་བའི་དགོན་གནས་ཐམས་ཅད་ཕུལ། བཀའ་རྒྱུད་འདིའི་བསྟན་པ་སྒྲུབ་ཚུགས་ཁོ་ནས་འཛིན་དགོས་པ་ཡིན་པ་རྗེ་ཉིད་ལ་སྒྲུབ་པ་ལ་ལྟོས་པ་མི་འདུག །འབྲས་བུ་མཐར་ཕྱིན་འདུག་རུང་སྒྲུབ་རྒྱུད་ཀྱི་མིག་ལྟོས་དང་སྐུ་ཚེའི་རྟེན་འབྲེལ་དུ་རེ་ཞིག་སྒྲུབ་པ་གནང་བར་ཡང་ཞུས། དེའི་རྐྱེན་གྱིས་སྒམ་པོར་སྐུ་མཚམས་ལ་ཐེགས། བྱ་རྒོད་མང་པོས་བསུ་བ་ལྟར་བྱུང༌། དགེ་འདུན་རྣམས་ཀྱིས་བསུས། ཤིང་སྤང་ཐང་དུ་ཕེབས་པ་ན་བཀའ་རྒྱུད་ཀྱི་བླ་མ་(པ༡༤༠ན)


PTT001_Page_1147
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་བྱིན་གྱིས་རློབ་པར་གཟིགས། རྗེ་སྒམ་པོ་པའི་ཆོས་ཁྲི་ལ་བཞུགས་སྟེ་དྭགས་པོའི་ཆོས་བཞི་གསུངས་ན་མེ་ཏོག་གི་ཆར་བབ། དེ་དག་དུ་སྒྲུབ་པ་ཟླ་བ་དགུར་མཛད་པ་ན་དག་སྣང་དང་ངོ་མཚར་མང་ཞིང་ཚེ་སྒྲུབ་མཛད་ཚེ་བུམ་པ་དྲུག་བཅུ་རྩ་གཉིས་རྙེད་པའི་ལྟས་གཟིགས། ཐུགས་དམ་ཆེས་འཕེལ་ཞིང་རྟེན་འབྲེལ་མང་དུ་གཟིགས། ཕུག་མོ་ཆེ་ཏྲག་ཤ་ཡང་ཡང་དུ་གཟིགས། དགེ་བཤེས་ཆོས་གྲགས་ཀྱི་བདུན་ཚིགས་བྱང་བཞུས་མཛད་པ་ན་ལྷར་སྐྱེས་པར་གཟིགས། ཀོང་པོར་ཐེགས་པར་བཞེད་ཚེ་དྭགས་ལྷ་སྒམ་པོས་བཞུགས་བར་ཡང་ཡང་ཞུས་ཤིང་མངོན་སུམ་དུའང་ཆར་ཆེན་པོས་ཐེགས་ལམ་བསྐྱིལ། ཟུར་མཁར་དུ་རྗེ་དྭགས་པོའི་འཕེལ་གདུང་ལ་མཇལ་ཚེ་དེ་མ་ཐག་དུ་འཕེལ། རིམ་གྱིས་དགའ་ལྡན་མ་མོ་དང་གསའ་ཕུ་སོགས་སུ་ཕེབས། རྗེ་ལོ་ཙཱ་བ་ཞལ་གཟིགས་ནས་བསྟོད་པ་ཡང་མཛད། དེའི་ཚེ་དབུས་གཙང་དུ་སྙན་གྲགས་འཕེལ་བས་འགོས་ལོ་གཞོན་ནུ་དཔལ་དང་མཁས་པ་ན་མཁའ་བློ་གྲོས་པ་སོགས་དགེ་བཤེས་ཆེན་པོ་དུ་མས་ཆེད་དུ་མཇལ་དུ་བྱོན་ཞིང་གུས་པས་ཆོས་དུ་མ་གསན། དབུས་ཕྱོགས་སུ་ཕེབས་པར་གསོལ་བ་ཡང་བཏབ། ཞིང་སྐྱོང་གིས་གནང་བ་ཕུལ་སྟེ་སྒྲུབ་ཐབས་རྒྱས་པའང་མཛད། དགའ་ལྡན་མ་མོ། ཀརྨ་ཕོག་རྩ། སྟག་རྩེ་སོགས་སུ་ཡི་དམ་ཆོས་སྐྱོང་གི་ཞལ་གཟིགས་མང་ཞིང་བསྟོད་པ་མཛད། དེ་ནས་སྙེ་བོ། རྔོད། པོ་བོ་རྣམས་བརྒྱུད་མདོ་ཁམས་ཀྱི་ལྷོ་རོང་ནས་ལྷོ་ལུང་ཆེན་བཅོ་བརྒྱད། འདན་མ། གླིང༌། བེ་རི་ལ་སོགས་པའི་བར་དུ་རྨ་ཆུའི་རྒྱུད་ཀྱི་སྐྱེ་བོ་སོ་སོས་སྤྱན་དྲངས་ཤིང་སོ་སོར་ངོ་མཚར་གྱི་གཟིགས་སྣང་དང་ཐན་པ་སེལ་བ་འཇའ་དང་མེ་ཏོག་ལ་སོགས་པའི་ལྟས་དང་མི་མ་ཡིན་སོ་སོས་བཀུར་སྟི་བྱེད་པ་སོགས་ནི་བགྲང་གི་མི་ལང༌། དགུང་ལོ་ཉེར་གཉིས་པ་རྟ་ལོ་ལ་དར་དང་རྡོ་སོགས་ནས་བརྒྱུད་ཀྲེ་རོང་ལྕགས་གསུམ་སོགས་ཤར་ཁའི་ཡུལ་དུ་བྱོན། ཐམས་ཅད་མཁྱེན་པ་ཆོས་གྲགས་རྒྱ་མཚོ་(པ༡༤༠བ)


PTT001_Page_1148
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་དེར་ཕེབས་པའི་དྲུང་དུ་བྱོན་སྟེ་རྗེའི་དྲུང་དུ་བསྟན་པ་རྒྱ་མཚོ་མཐའ་ཡས་སོགས་དང་བླ་མ་རྣམ་གཉིས་ལས་གསུང་ཆོས་རྒྱ་ཆེར་གསན་ཞིང་དཔོན་སློབ་ལྷན་ཅིག་པར་རེ་ཞིག་བཞུགས། སླར་གླིང་ཚང་རི་བོ་ཆེ། ཀརྨ་སོགས་དང་པོ་བོ་ཀོང་པོ་བརྒྱུད། དགུང་ལོ་ཉེར་བཞི་པ་སྤྲེ་ལོ་ལ་དགའ་ལྡན་མ་མོ་ནས་བཏེག་སྟེ་དྭགས་པོ་དང་འོལ་ཁ་བརྒྱུད། གདན་ས་ཐེལ་དང་ཚོང་འདུས་བྲག་ཁ་ལ་སོགས་པར་ཕེབས། སྔོན་ཀོང་པོར་མཇལ་བའི་རྗེ་ཡིད་བཟང་རྩེ་པ་དང་རྗེ་རྣམ་པ་གཉིས་ལྷ་གཟིགས་རླངས་ཀྱི་ཏི་ཤྲིར་གྱུར་པས་གཙོ་བོར་ཞབས་ཏོག་གི་གུས་ཞེན་མཛད་ཅིང་སྤྱན་སྔ་རིན་པོ་ཆེས་བཀུར་སྟི་ཆེར་མཛད། དཔྱིད་འབྲིང་གི་ཚེས་བཞིའི་སྔ་དྲོ་རྗེ་ཡིད་བཟང་རྩེ་བས་མཁན་པོ་དང་དགེ་འདུན་སྒང་གི་ཚོགས་པའི་འདྲེན་པ་ཆོས་ཀྱི་རྗེ་རབ་འབྱོར་སེང་གེས་ལས་སློབ། ཆོས་རྗེ་ནམ་པས་གསང་སྟོན་མཛད་སྟེ་ལྔའི་ཚོགས་ཀྱི་དབུས་སུ་བསྙེན་རྫོགས་མཛད། མཁན་པོ་ལས་དུས་ཀྱི་འཁོར་ལོ་སྒྱུར་གསང༌། བདེ་དགྱེས། ཁ། གདན། གཤེད་སྐོར་སོགས་ཀྱི་སྐོར་མཐའ་དག་དང་བྱམས་ཆོས་སྤྱོད་ཕྱོགས་སོགས་སྔ་ཕྱིར་གསན་པ་མཐའ་ཡས། སློབ་དཔོན་གཉིས་ལས་ཀྱང་ཆོས་མང་དུ་གསན་ཞིང་ལས་གྲལ་ལ་བཞུགས་པའི་སློབ་དཔོན་གཞོན་དབང་ལ་ཡང་ཆོས་མང་དུ་གསན་སྟེ་ཕྱིས་ཡིད་བཟང་རྩེ་བ་ཕྱི་མར་གྲགས། མཁས་གྲུབ་ཆེན་པོ་ལོ་ཆེན་བསོད་ནམས་རྒྱ་མཚོ་ལས་ནི་མར་ལུགས་དང་པཎ་ཆེན་ལུགས་སོགས་དང་སར་རྙིང་གི་གསན་པ་མཐའ་ཡས། རྗེ་ལོ་ཆེན་ཀྱི་བཀས་བསྐུལ་བ་དང་ཁྱད་པར་གྱི་ཡོན་ཏན་ལས་ཡར་རྒྱབ་ནས་སྤྱིན་བདག་ཆེན་མོ་རྡོ་རྗེ་བདེ་མ་སྲས་མཆེད་དང་བཅས་པས་དད་གུས་མཐའ་ཡས་པ་བསྐུར་ཞིང་གཏན་དུ་བའི་སྦྱིན་བདག་བཞེད་པ་ཀུན་སྒྲུབ་ཏུ་གྱུར་ནས་ཕྱིས་གནས་ནང་གི་བྱམས་པའི་སྐུ་དང་དགའ་ལྡན་མ་མོའི་རྟེན་གཙོ་ཐུབ་ཆེན་སོགས་ཀྱང་དེ་ཉིད་དུ་བཞེང་བ་མཛད། བྱམས་གླིང་སྨོན་ལམ་གྱི་གྲལ་དབུར་ཡང་ལན་མང་དུ་ཕེབས། ལྷ་ས་དང་མཚུར་ཕུར་ཕེབས། མཆོད་སྤྲིན་དུ་མས་མཆོད་ཅིང་དབུས་གཙང་(པ༡༤༡ན)


PTT001_Page_1149
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཆོས་སྡེ་ཆེ་བ་ཐམས་ཅད་ལ་ཟང་ཟིང་གི་མཆོད་སྦྱིན་དུ་མ་མཛད། ལྷ་གྲགས་པ་མཐའ་ཡས་ཀྱིས་སྤྱན་དྲངས་སྟེ་གཡམ་བཟང་ལ་སོགས་པར་འགྲོ་དོན་མཛད། བྱ་བཀྲ་ཤིས་དར་རྒྱས་ལ་སེམས་བསྐྱེད་ཀྱི་སྡོམ་པ་གནང༌། ས་ཁྱིའི་ཟླ་བ་གསུམ་པ་ལ་གཞིས་ཀ་གྲི་གུ་ནས་བརྒྱུད་སྟེ་གྲ་དོལ་ནས་ལྷ་སར་མཆོད་པ་མཛད་ཅིང་གནས་ནང་དུ་སློབ་དཔོན་བླ་མ་རྒྱལ་མཚན་ལས་ཆོས་མང་དུ་གསན། མཚུར། གནམ་གཞུང༌། འདམ། གནམ་མཚོ་ཕྱུག་མོའི་བཀྲ་ཤིས་དོ་བོ་ཆེའི་བར་དུ་བྱོན་སྟེ་བན་སྒར་དབོན་པོ་སོགས་ཆོས་ཀྱིས་ཚིམ་པར་མཛད། ར་སྒྲེང་དུ་མཆོད་སྦྱིན་མཛད། སྟག་ལུང་དུ་སྤྱན་དྲངས་སྟེ་ཆོས་དང་ཟང་ཟིང་གི་སྦྱིན་གཏོང་མཛད། འཕན་ཡུལ་དང་བ་ལམ་ཤར་ནས་འོན་དུ་བརྒྱུད་མངོན་དགའ་ཆོས་རྫོང་དུ་རྗེ་ཡིད་བཟང་རྩེ་པ་ལ་ཆོས་མང་དུ་གསན་ཞིང་རྗེ་ཡིད་བཟང་རྩེ་པས་ཀྱང་མཁའ་འགྲོ་རྒྱ་མཚོའི་འགྲེལ་པ་སོགས་ཚུར་མང་དུ་གསན། ཚོང་འདུས་སུ་སྤྱན་སྔ་རིན་པོ་ཆེ་ལ་ཆོས་མང་དུ་གནང་ཞིང་བསམ་ཡས་སྲིན་པོ་རི་རྣམས་སུ་མཆོད་པ་མཛད། དོལ་ལྷུན་གྲུབ་ལྷ་རྩེར་རྗེ་ལོ་ཆེན་ལ་རྔོག་ཆོས་རྣམས་གསན་ཚེ་ན་མཁའ་ལ་ལྷའི་རྔ་གྲག་པ་དང་མཚོ་ཆེན་པོ་ཞིག་ལྷག་མེད་ཏུ་གསོལ་བའི་ལྟས་གཟིགས། རྗེ་ལོ་ཆེན་གྱིས་ཀྱང་ཕག་མོ་ཞལ་བཞི་མ་ལ་སོགས་མང་དུ་གསན། རྗེ་མར་པའི་སྒྲུབ་གནས་གཟིགས་པར་བཞེད་པས་ལྷོ་བྲག་ལ་ཕེབས་སྟེ་ས་མོ་ཕག་ལོ་ཤར་བ་ན་སྲས་དྲོ་བོ་ལུང་དུ་ཕེབས་སྟེ་མཆོད་བསྟོད་མཛད། མཁར་ཆུའི་བར་གྱི་ཡུལ་གྲུ་རྣམས་སུ་བྱོན་སྟེ་ཐམས་ཅད་ཀྱིས་དད་མོས་འབུལ་བ་དང་ཆོས་དང་ཟང་ཟིང་གི་འགྲོ་དོན་མཐའ་ཡས། ལྷ་ལུང་དུ་སྒྲུབ་སྡེ་མཛད་པར་བརྩམས་ཀྱང་ཡུམ་ཡུལ་གྱི་ལྷས་ས་གཞི་ཕུལ་བ་གཟིགས་པས་བཀྲ་ཤིས་དགེ་འཕེལ་གྱི་སྒྲུབ་གནས་མཛད། དེར་ལོ་གཅིག་དུ་སྐུ་མཚམས་མཛད་ཚེ་རང་གི་ཕྱག་གཡས་པ་ལྷུང་བའི་མནལ་ལྟས་བྱུང་ཚེ་མཚུར་ཕུར་གཙུག་ལག་ཁང་ཅུང་ཟད་ཞིག་པ་དང་ལྷ་ཆེན་གྱི་ཕྱག་ལ་ཆུད་ཟོས་བྱུང་བ་གསན་སྟེ་གསོ་བའི་ཡོད་བྱད་མང་དུ་གནང༌། དྲོ་བོ་ལུང་ཟངས་ཕུག་དུ་སྒྲུབ་པ་སུམ་བཅུའི་འདུ་བའི་སྒོ་སྦྱར་ལྕགས་(པ༡༤༡བ)


PTT001_Page_1150
[མ་དཔེ་གཟིགས་ན་འདིར་གནོན།]

བྱིའི་ཟླ་བ་གསུམ་པ་ནས་མོན་བུམ་ཐང་ལ་ཐེགས། བ་རུན་ཆོས་འཁོར་གྱི་བར་དུ་བྱོན་སྟེ་ཟླ་གཅིག་གི་ཁོངས་སུ་བཙུན་སར་སུམ་བརྒྱ་ལྷག་པ་བྱུང་བ་རྣམས་གོས་ཀྱི་སྦྱིན་པས་རབ་བྱུང་གི་རྟགས་སུ་བསྒྲུབས་སྟེ་ཧོར་ཟླ་དྲུག་པའི་བཅོ་ལྔ་ནས་ལྷུན་གྲུབ་ཆོས་སྡེའི་གཙུག་ལག་ཁང་མཛད། སླར་བཀྲ་ཤིས་དགེ་འཕེལ་དུ་ཕེབས་སྟེ་སྒྲུབ་པ་པོ་བཞི་བཅུ་སྒྲུབ་རྒྱགས་སྦྱར་ཞིང་བཅའ་བ་ལེགས་པར་མཛད། སླར་ཡར་རྒྱབ་འོན་སོགས་སུ་ཕེབས་སྟེ་བླ་མ་རྣམས་དང་ཆོས་ཕར་གསན་ཚུར་གསན་གྱི་བགྲོ་བ་མཛད་ཅིང་རྗེ་འགོས་ལ་ཕུར་པའི་དབང་གསན་ཚེ་མནལ་ལམ་དུ་སློབ་དཔོན་པདྨ་གཟིགས། སྤྱན་སྔ་རིན་པོ་ཆེ་དང་སྡེ་སྣོད་འཛིན་པ་དུ་མ་ལ་སོ་སོའི་འདོད་ཆོས་གནང༌། དེའི་ཚེ་སྤྲིན་ནག་གི་ནང་ནས་མི་ནག་ཕུར་ཐོག་ཐོན་སྟེ་ཐུགས་ཀར་བསྣུན་པའི་མནལ་ལྟས་གཟིགས་པ་ན་རོ་སྙོམས་གནད་དུ་བསྣུན། བད་མཁྲིས་ཀྱི་བསྙུན་བྱུང་ཡང་དེ་མ་ཐག་ཞི། ཡབ་ཡུམ་གྱི་དོན་དུ་མི་འཁྲུགས་པ་དང་ཚེ་དཔག་མེད་ཀྱི་སྐུ་ཡར་སྟོད་དུ་བཞེང་བ་ལ་བར་ཆད་སྲུང་བའི་ཕྱག་ནས་མཛད་པས་ལུགས་བླུག་པ་ན་ནས་འབྲུ་མ་ཚིག་པར་ལུགས་གསེབ་ན་གནས་པ་བྱུང༌། ཆུ་བྱང་ཁ་ནས་སྤྱན་སྔ་རིན་པོ་ཆེ་སྣེ་གདོང་གི་གོ་སར་ཕེབས་པས་སྤྱན་དྲངས་སྟེ་ཆོས་ཀྱི་ཚིམ་པར་མཛད། རིན་སྤུངས་ནང་སོ་མཚོ་སྐྱེས་པ་དང་སྣེལ་པ་དུ་དབེན་ཤ་ལ་སོགས་ལ་སོ་སོའི་འདོད་ཆོས་གནང༌། ཧོར་ཟླ་དགུ་པའི་ཚེ་གཅིག་ལ་ཁྲི་སྟོན་གྱི་ཤིས་བརྗོད་མཛད། ཡར་སྟོད་དུ་རྟེན་ཆེན་གྲུབ་པའི་རབ་གནས་མཛད། བྱ་པས་སྤྱན་དྲངས་པའི་ངོར་བྲལ་ནས་གཡེ་དང་ཤོ་པོ་བརྒྱུད་སྟེ་ཟླ་བ་བཅུ་པའི་ཚེས་གཅིག་ལ་ཆོས་རྒྱལ་ལྷུན་པོར་ཕེབས་སྟེ་ཆེར་དད་པས་མཆོད། གསེར་ཕྱེ་འབུམ་པ་དང་ཁྱད་པར་གྲུབ་ཆེན་ཀརྨ་པའི་ལུང་བསྟན་ལྷ་ཁང་ལ་མཆོད་པ་ཆེར་མཛད། ཟངས་པོ་ཆེ་ལ་སོགས་པར་བྱོན་སྟེ་ལྡེ་དྲུག་གིས་མཆོད། བྱར་ཆོས་སྡེར་བླ་མ་འཕགས་ཆེན་སོགས་ལ་གསུང་ཆོས་དུ་མ་གནང༌། ཙཱ་རིར་ཕེབས་སྟེ་ཡུལ་སྟོད་དུ་ཆོས་དང་ཟང་ཟིང་གི་སྦྱིན་པ་ཆེར་མཛད། ཡུལ་སྨད་གསིལ་བ་ཚལ་དུ་ཕག་མོའི་དབང་སྐྱེད་རྫོགས་ཀྱིས་འདུས་པ་རྣམས་ཚིམ་པར་མཛད། དེ་དག་གི་ཚེ་སྐུ་རྒྱུན་དུ་ཅུང་ཟད་སྙུན་པ་ལ་(པ༡༤༢ན)


PTT001_Page_1151
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་དཔྱད་ཀྱིས་མ་ཕན་ཡང་ས་ཕྱོགས་དེ་སྐྱེས་བུ་མཚོན་ཆ་ཐོགས་པས་གང་ཞིང་གད་རྒྱངས་དྲག་དུ་སྒྲོག་པའི་མཚོན་ཆས་བསྙུང་བའི་གནས་རྣམས་དུམ་བུར་བཏུབས་པའི་སྣང་བ་གཟིགས་མ་ཐག་སྐུ་འཕར་གཡོ་དྲག་དུ་བྱུང་བས་དྭངས། སླར་ཆོས་རྒྱལ་ལྷུན་པོར་ཕེབས་པ་ན་རྗེ་ཡིད་བཟང་རྩེ་པ་དགུང་ལོ་གོ་གསུམ་དུ་ཕེབས་པ་སྐུ་ནས་སྨིན་རུང་ཐུགས་འཁྲུལ་པ་མེད་པར་ཐུགས་རྩོམ་སོགས་མི་འཆག་པ་དང་སྐུ་ཟོར་ཡང་ཤིང་བདེ་བ་ཡོད་ཀྱང་སྐུ་གྲིབ་ཀྱི་རྣམ་པས་ཅུང་ཟད་བསྙུན་པ་གསན་སྟེ་སྐུ་རིམ་དུ་མ་མཛད་ཀྱང་ཞི་བར་གཤེགས་པའི་མཚན་མ་མཁྱེན་སྟེ་དེ་བཞིན་གྱི་ཞུ་ཡིག་ཕུལ་སྟེ་མི་རིང་བར་མྱ་ངན་ལས་འདས། རྫ་དམར་བས་སྤྱན་དྲངས་ཤིང་དགོན་མ་ལག་ཕུལ་སྟེ་ཡོམ་ལ་སོགས་པ་དང་ཆབས་གཅིག་པར་བདག་རྐྱེན་མཛད། རྟེའུ་རར་སྤྱན་དྲངས། རྗེ་ཉིད་ཀྱི་གུས་ལྡན་གྱི་སློབ་མ་ཆག །ལོ་རིན་ཆེན་ཆོས་རྒྱལ་གྱིས་རྟེན་ངོ་མཚར་ཅན་དུ་མ་ཕུལ། ཧོར་ཟླ་བཅུ་གཉིས་པའི་ཚེས་དྲུག་ལ་ཆོས་འཁོར་ལྷུན་པོའི་མཆོད་རྟེན་གྱི་རབ་གནས་མཛད། རྗེ་འགོས་ཀྱི་དགོངས་རྫོགས་གསོལ་འདེབས་དུ་མ་མཛད་པ་ན་དག་སྣང་མང་དུ་གཟིགས། སླར་རྒྱ་རབ་ནས་གཡེ་བརྒྱུད་སྟེ་གོར་ཆོས་རྫོང་དུ་ཕེབས་པ་ན་རྗེ་ལོ་ཆེན་གྱིས་བརྟན་བཞུགས་འབུལ་མི་གནང་བ་སླེབས། རྩེས་དང་དུ་བླ་ཡེལ་ཆེན་མོར་རྗེ་འགོས་ཀྱི་གཤེགས་རྫོངས་སུ་བཞི་སྟོང་གི་དགེ་འདུན་ལ་འགྱེད་ཆེན་མཛད་ཅིང་ཆོས་ཀྱིས་ཀྱང་ཚིམ་པར་མཛད། ཡང་དགོན་དུ་སྐུ་གདུང་ལ་མཆོད་པ་མཛད་ཅིང་རིན་པོ་ཆེའི་ཟ་མ་ཏོག་དུ་བཞུགས་སུ་གསོལ། ཆུ་སྟག་ཧོར་ཟླ་དང་པོའི་ཚེས་གསུམ་ལ་འཕྱོང་རྒྱས་སྟག་རྩེར་སྤྱན་དྲངས་སྟེ་རི་བོ་བདེ་ཆེན་ལ་ཕྱག་ནས་མཛད་ཅིང་ཞབས་ཏོག་ཆེར་མཛད། ཤིན་དུ་དད་སྟེ་སྦྱིན་བདག་གི་རྩ་བར་གྱུར། སླར་ཡར་རྒྱབ་ཏུ་རྗེ་ལོ་ཆེན་དང་ཆོས་བགྲོས་ནས་རྗེ་ཐམས་ཅད་མཁྱེན་པ་ཀརྨ་པ་མདོ་ཁམས་ནས་དབུས་སུ་ཕེབས་པ་ལ་མཇལ་དུ་ཐེགས་པ་ན་ཡར་རྒྱབ་ནས་འབུལ་ཞབས་རྒྱ་ཆེན་སྦྱར་སྟེ་ཕེབས། སློབ་དཔོན་ཆེན་པོ་གུའི་གུང་པས་ཕྱག་འཚལ་སྒང་ནས་བསུ་བ་མཛད། ཟླ་བ་དང་པོའི་ཉེར་དྲུག་གི་ཉིན་མཚུར་ཕུའི་བཀྲ་ཤིས་སར་མར་དཔོན་སློབ་མཇལ། (པ༡༤༢བ)


PTT001_Page_1152
[མ་དཔེ་གཟིགས་ན་འདིར་གནོན།]

ཧོར་ཟླ་གཉིས་པའི་ཚེས་གཅིག་ལ་གཞི་ལེན་གྱི་དགའ་སྟོན་འབུལ་ཞབས་ཆེར་མཛད། རྗེ་ཐམས་ཅད་མཁྱེན་པ་ལས་མདོ་དུ་མའི་ལུང་གསན་པ་དང་འགྲོ་དོན་ཡང་དུ་མ་མཛད། སྟག་ལུང་བས་སྤྱན་དྲངས་སྟེ་སྐྱི་འཕན་བརྒྱུད། ཀ་དྲུག་པ་སོགས་དགེ་འདུན་གྱིས་བསུས་སྟེ་མཆོད་ཁང་ཆེན་མོའི་མཐིལ་དུ་མཇལ། ཟླ་བ་གསུམ་པའི་ཚེས་གཉིས་ཀྱི་སྔ་དྲོ་ནས་ཀུན་མཁྱེན་ངག་དབང་གྲག་པའི་དྲུང་དུ་འབྲི་གདན་སྟག་གསུམ་གྱི་ཆོས་མང་དུ་གསན། ཆོས་རྗེ་སྐུ་མཆེད་སོགས་ལ་ཟབ་ཆོས་ནང་དོན་དང་མཁའ་སྤྱོད་བཀའ་འབུམ་སོགས་གནང་ཞིང་ཚོགས་ཆོས་སུ་དྭགས་པོའི་ཆོས་བཞི་གནང༌། ཟང་ཟིང་གི་འབུལ་ནོད་ནི་ཕན་ཚུན་གཉིས་ཀར་རླབས་ཆེ། རིམ་པས་སྐྱི་ཤོད་དང་ཀྱི་སྨད་སོགས་ནས་གཞུང་སྤྲེ་ཞིང་དུ་གདུང་ཁང་རིན་པོ་ཆེ་སོགས་མཆོད། དོལ་བསམ་གཏན་གླིང་དུ་རྗེ་ལོ་ཆེན་ལས་སྦྱོར་དྲུག་ཉམས་ཁྲིད་ཏུ་མཛད་པས་སྟོང་གཟུགས་རྒྱ་ཆེར་གཟིགས་ཤིང་ཟབ་གནད་དུ་མ་གཟིགས། འདུལ་བའི་ཕྱོགས་རྣམས་རྒྱས་པར་གསན། རྗེ་དོན་ལྡན་ཞབས་ཀྱི་དྲིལ་བུ་ལུས་དཀྱིལ་ཆེན་མོའི་དབང་དང་མཁའ་འགྲོ་རྒྱ་མཚོའི་འགྲེལ་པ་ཚུར་གསན། དཔོན་སློབ་ལྷན་ཅིག་པས་བྲག་ཁ་ཡང་དགོན་སོགས་སུ་ཐེགས་སྟེ་རྗེ་འགོས་ཀྱི་མཆོད་རྟེན་ལ་རབ་གནས་མཛད། བྱམས་གླིང་སྨོན་ལམ་ལ་ཕེབས་ཆོས་མང་དུ་གསུངས་ནས་འབྲོག་གི་ལམ་བརྒྱུད་སྟེ་ལྷ་གྲགས་པ་མཐའ་ཡས་ཀྱིས་མཆོད། ལྷོ་བྲག་ཤར་གྱི་སྨྲ་བོ་ཅོག་པོའི་གནས་གཟིགས། ཙན་གྲོ་ནས་ལམ་མཛད། ཆ་ལུང་དུ་ཞག་ཉི་ཤུར་དབེན་པ་མཛད། བན་པར་བྱོན་སྟེ་ཁེར་གད་ཀྱིས་བཏབ་པའི་དྲུག་རལ་དང་ཁྱུང་ཚང་ཞིང་ཆེན་རྣམས་ཡོན་བདག་སོ་སོས་ཕུལ་སྟེ་བདག་རྐྱེན་མཛད། སེང་གེ་རྫོང་དུ་ཡ་འབྲོག་ཁྲི་དཔོན་ལྷུན་གྲུབ་རྒྱལ་མཚན་པར་མཆོད། བཀྲ་ཤིས་དགེ་འཕེལ་དུ་བཞུགས་ཚེ་མཚུར་ཕུར་སློབ་དཔོན་ཆེན་པོ་གུའི་གུང་པ་གཤེགས་པའི་དགོངས་རྫོགས་མཛད། དེ་མ་ཐག་གོང་མ་ཀུན་དགའ་ལེགས་པའི་དགོངས་རྫོགས་ཀྱི་གྲལ་དབུས་སྤྱན་དྲངས་སྟེ་ཡ་འབྲོག་ནས་ཡར་སྟོད་བརྒྱུད་སྟེ་བྱོན། ཧོར་ཟླ་བདུན་པའི་ཉེར་ལྔ་ཕྱི་མར་རྩེའི་ཚོམས་སུ་ཚོགས་ཆེན་པ་དང་ཐེལ་རྩེས་དང་གི་སྟོད་རགས་ལྔ་བརྒྱ་ཙམ་གྱི་དབུས་(པ༡༤༣ན)


PTT001_Page_1153
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གདུང་མཆོད་ཀྱི་བསྔོ་བ་གནང༌། ཟླ་བ་བརྒྱད་པ་ཕྱི་མའི་ཚེས་བཅུ་གསུམ་ལ་རྩེས་དང་གི་བླ་ཡེལ་ཆེན་མོར་ལྔ་སྟོང་གི་ཚོགས་པའི་གྲལ་དབུ་མཛད། དཔོན་ས་ལ་བཀའ་ཆོས་དུ་མ་གནང༌། བྱར་མདར་རྗེ་ལོ་ཆེན་དང་མཇལ་ཞིང་སླར་ཡར་སྟོད་ཅི་རིགས་སུ་འགྲོ་དོན་མཛད་སྟེ་འབྲོག་དང་སྨན་བཟང་དང་སྤྲོ་དང༌། ལྷ་ལུང་དུ་ཕེབས་ཚེ་མནལ་ལྟས་ངན་པ་དུ་མ་བྱུང༌། བཀྲ་ཤིས་དགེ་འཕེལ་དུ་ཕེབས་པ་ན་རྗེ་ལོ་ཆེན་གཤེགས་པའི་ཕོ་ཉ་སླེབས་སྟེ་ཧོར་ཟླ་དགུ་པའི་བཅུ་བདུན་ལ་བཏེག་ནས་ཉེར་གཅིག་ལ་ལྷུན་གྲུབ་ལྷ་རྩེར་ཕེབས། སྐུ་གདུང་ལ་མཆོད་པ་མཛད་པའི་ནུབ་ཅིག་རྗེ་འགོས་དང་རྗེ་ལོ་ཆེན་གཉིས་སྐུ་དྲུང་ན་བཞུགས་པར་སྣང་བ་ལས་གཉིས་ཀ་སྐུ་ལུས་མེའི་ཕུང་པོ་ལྟ་བུའི་འོད་ཕུང་དུ་གྱུར་ན་མཁའ་ལ་ཇེ་མཐོར་གཤེགས་པ་ན་ཐུགས་དད་པས་དེའི་རྗེས་སུ་བསྙེགས་པ་ཅི་ཞིག་ན་ལྷོ་ནུབ་གྱི་ན་མཁར་མདའ་འཕངས་པ་ལྟར་བཞུར་ཅིང་ཉིད་དེ་ནས་སླར་ལོག་པར་གཟིགས་སྟེ་འདི་ནི་དུས་འཁོར་ལས་བཤད་པའི་ཡེ་ཤེས་ཀྱི་སྐུ་གྲུབ་པའི་མཚན་མར་རྗེ་འདི་དག་བཞེད་དོ། །སླར་སྐུ་གདུང་སྦྱོང་བ་དང་དགེ་བདུན་སྒང་པ་དང་རྩེས་དང་སོགས་སུ་མང་སྐོལ་དང་འགྱེད་རྒྱ་ཆེར་མཛད། ཡར་རྒྱབ་ནས་དགོངས་རྫོགས་ཀྱི་ཐང་སྟོན་ཆེན་མོ་མཛད་པའི་གྲལ་གཙོར་བཞུགས། རྗེ་ལོ་ཆེན་གྱི་བསྟོད་པ་དང་རྣམ་ཐར་ངོ་མཚར་རྒྱ་མཚོ་ཡང་མཛད། དེ་དག་གི་བར་དུ་ཆག་ལོ་གསུམ་པ་སོགས་ལ་བརྟག་གཉིས་ཀར་ལུགས་སོགས་གནང༌། བཅུ་གཅིག་པའི་ཚེས་གསུམ་ལ་གོང་དཀར་དུ་སྤྱན་དྲངས་སྟེ་རྡོ་རྗེ་གདན་དུ་མཆོད་པ་མཛད། ཆོས་ཀྱི་རྗེ་མཐུ་སྟོབས་ཀྱི་དབང་ཕྱུག་ཀུན་དགའ་རྣམ་རྒྱལ་ལ་དབང་བསྐུར་རྗེས་གནང་དུ་མ་གནང༌། ལྷུན་གྲུབ་ལྷ་རྩེར་རྗེའི་སྐུ་འདྲ་རབ་གནས་སོགས་མཛད་སྟེ་སླར་ཡར་འབྲོག་ནས་ལྷོ་བྲག་དུ་ཕེབས་སྟེ་སྲས་དྲོ་བོ་ལུང་དུ་མཆོད་པ་མཛད། བུམ་ཐང་པས་ནན་གྱིས་སྤྱན་དྲངས་སྟེ་བཅུ་གཅིག་པའི་ཉེར་ལྔ་(པ༡༤༣བ)


PTT001_Page_1154
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལྷུན་གྲུབ་ཆོས་སྡེར་ཕེབས་སྟེ་གཙུག་ལག་ཁང་སར་བཅོས་རྒྱས་པར་མཛད། གཞི་བའི་འདུས་པ་དང་ཁྱད་པར་ཕྱག་ཕྱིར་ཆོས་འདོད་མཁས་བཙུན་དང་རིགས་རུས་ཀྱིས་མཐོ་བ་ཆེས་མང་བས་གར་བཞུགས་སུ་དབང་ལུང་རྣམ་བཤད་ཁྲིད་སོགས་ཀྱི་འགྲོ་དོན་ནི་རྒྱུན་མི་ཆད་ཅིང་ཉིན་རེ་ཞིང་མདོ་སྔགས་ཅི་རིགས་པའི་ཐུགས་རྩོམ་ཡང་མི་འཆག་པར་མཛད་པ་ནི་རྒྱུན་གྱི་རྣམ་ཐར་ཡིན། དེར་ཐ་འཁོབ་ཏུ་བསྟན་པའི་མིང་ཙམ་བྱུང་བ་བདུད་རིགས་ཀྱིས་མ་བཟོད་པས་ཡོན་བདག་ནང་འཁྲུགས་བྱུང༌། ནད་ཡམས་ཀྱིས་སྐུ་འཁོར་པ་རྣམས་གཙེས་ཚེ་ལྷོངས་སུ་དགོངས་པས་ལྷག་པར་ཐུགས་སྟོབས་སྐྱེས་དཀོན་མཆོག་ལ་གསོལ་བ་བཏབ་ཅིང་སྐུ་འཁོར་རྣམས་ཀྱང་དབུགས་ཕྱུང་སྟེ་དར་འདམ་དང་སྨན་ལས་དུས་གསུམ་སངས་རྒྱས་ཉེ་བའི་སྲས་བརྒྱད། ཁྲོ་བོ་གཉིས་དང་བཅས་པ་ལེགས་པར་བཞེངས་ཤིང་མཆོད་རྫས་རྒྱ་ཆེར་མཛད། པ་གྲོ་སོགས་ནུབ་མོན་རྣམས་དང་ཀུ་རུ་ལུང་སོགས་ཤར་གྱི་མོན་དུ་མ་དང་དུང་རི་རྒྱ་མཚོ་སོགས་ནས་སྤྱན་འདྲེན་སླེབས་ཀྱང་ཞལ་གྱིས་མ་བཞེས། འོན་ཀྱང་མཇལ་མི་མཐའ་ཡས་པས་དེ་དག་གི་འབུལ་བ་བཞེས། བཙུན་གཟུགས་ཙམ་ལས་བསླབ་སྡོམ་གྱི་མིང་ཡང་མེད་པ་དཔག་མེད་འདུས་པ་ཡང་སོ་སོ་ནས་བསླབ་སྡོམ་དགོས་པའི་གོ་བ་ཙམ་སྐྱེས་ནས་གསོལ་བ་འདེབས་པ་ན་མོན་བཙུན་མཐའ་ཡས་ལ་བསླབ་སྡོམ་གནང༌། བླ་མ་ཡེ་ཤེས་རྒྱ་མཚོ་དཔོན་སློབ་ཀོང་པོར་སྤྱན་འདྲེན་ལ་སླེབས། གླང་མཐིལ་དང་དུང་ལ་སོགས་པའི་ཡུལ་དུ་དགུན་ཉི་ལྡོག་ཚེ་ཕེབས་ཤིང་ཤིང་ཐམས་ཅད་ལོ་མདབ་རྒྱས། སྐྱུར་རུ་ར་ལ་སོགས་པ་སྨིན། གེ་སར་གསུམ་པ་སོགས་མེ་ཏོག་རྒྱས་པས་བོད་ཀྱི་དབྱར་སོས་ལས་མཛེས་པར་གཟིགས་སྟེ་ཐུགས་ངལ་སོས་པ་ལྟར་གྱུར། བཅུ་གཉིས་པའི་ཚེས་གཅིག་ནས་རེ་ཕལ་དང༌། བྲག་སྟེང༌། དུང་ལི་སོགས་སུ་བྱོན། བཅུ་བདུན་ལ་ཆོས་སྡེར་ཕེབས། འབྲུག་ལོ་ཟླ་བ་གཉིས་པའི་ཡར་ངོ་ལ་རབ་གནས་དང་དགའ་སྟོན་མཛད། སྐབས་འདི་ཤེད་དུ་བདུད་ཀྱིས་རྒྱུད་བསྐུལ་བའི་སྐྱེ་བོ་དུ་མས་(པ༡༤༤ན)


PTT001_Page_1155
[མ་དཔེ་གཟིགས་ན་འདིར་གནོན།]

ཆིབས་རགས་ཀྱི་ཐོག་དུ་བརྒྱུགས་ནས་སྐུ་ལ་རྡེག་པར་སེམས་པ་ན་སངས་རྒྱས་མཉན་པ་ཆིབས་འཇུ་མར་ཡོད་པས་ན་བཟའ་བེར་ཟླམ་ཡར་དབུ་ལ་བསློག་པས་ཁ་དོག་མ་གཅིག་པས་ཅུང་ཟད་འཁྲུལ་སྟེ་ལུས། ཀམ་པོ་གནས་ནང་གི་བདེ་ཚ་མཁན་པོའི་དབོན་པོ་ཅིག་གིས་རྟ་ལས་བབ་ནས་བསྲུངས་པས་རེ་ཞིག་ཐུབ་སྟེ་ཆིབས་རགས་རྣམས་ཐལ། ཁོ་རང་བསད་པ་ཕྱིས་མོན་ཡུལ་དུ་མིར་སྐྱེས་སྟེ་བག་ཆགས་གསལ་བར་བྱུང་བ་ནི་ད་ལྟ་བླ་མ་བདེ་ཚ་ཞེས་འགྲོ་དོན་མཛད་པ་འདི་ཡིན་ནོ། །ཟླ་བ་གཉིས་པའི་མཇུག་ལ་བོད་ལ་ཆིབས་ཁ་བསྒྱུར་སྟེ་སྲས་མཁར་སྤྲུལ་པའི་ཕོ་བྲང་དུ་ཕེབས། དེའི་ཚེ་སྐུ་མཁར་ལ་ཞབས་ཏོག་ཤིན་དུ་ངན་པར་གཟིགས་པས་སྐྱེས་མཆོག་གཟིམས་ཆུང་དུ་སྐྱེས་མཆོག་འཁོར་བཅས་དང་སྔགས་སྐུ་རྣམས་སྨན་ཐང་བ་ཞི་བ་འོད་འབྲིར་འཇུག་པའི་བཀའ་གནང་བ་གྲུབ་འདུག་པའི་རབ་ཏུ་གནས་པ་མཛད་ཅིང་མཆོད་རྫས་ཕུལ། འདིའི་དུས་རྗེ་དཔའ་བོ་བྱ་བཏང་མཛད་པས་དེ་ཕྱོགས་ལ་ཕེབས་པའི་ཐོག་མར་སྲས་གཟིམས་ཆུང་གི་རབ་གནས་མཛད་པ་དང་མཇལ་ནས་ཆོས་འབྲེལ་གསན་པར་སྣང༌། སླར་བཀྲ་ཤིས་དགེ་འཕེལ་དུ་ཕེབས་སྟེ་སྦྱིན་བདག་རྣམས་ལ་སྒྲུབ་སྡེ་གཏད་གཉེར་མཛད། རྣམ་ཐར་ན་སྒྲུབ་སྡེ་འདི་ལ་ཤིན་དུ་དོ་གལ་ཅན་མཛད་འདུག་པས་རང་ཅག་བསྟན་པ་འཛིན་པའི་མིང་གིས་འཚོ་བ་རྣམས་ཀྱིས་ཀྱང་འདི་ལ་ལྷག་པར་འབད་དགོས་པར་སྣང་ངོ༌། །དད་སྤྲོ་ནས་སྨན་ཐང་དང་འབྲོག་བྲང་མདའ་སོགས་བརྒྱུད་སྟེ་དོལ་རྒྱང་གླིང་ནས་སྦྱིན་བདག་ཆེན་པོས་བསུས་སྟེ་བཀྲ་ཤིས་རྣམ་རྒྱལ་དུ་དཔོན་ས་རྡོ་རྗེ་བདེ་མ་ཡུམ་སྲས་ལ་བཀའ་ཆོད་གནང༌། བླ་མའི་སྒྲུབ་སྡེ་བསམ་གཏན་གླིང་དུ་གདམས་པ་ཟབ་མོ་གནང༌། བྱམས་གླིང་དུ་ས་སྐྱོང་དགེ་བའི་དབང་པོ་ལ་བླ་མའི་རྣམ་ཐར་སོགས་གསུངས་ཤིང་ཆོས་ཀྱི་འཁོར་ལོ་དུ་མ་བསྐོར། ལྷུན་གྲུབ་གླིང་དུ་རྒྱལ་བུ་ཡུམ་སྲས་ལ་དབང་བསྐུར་དུ་མ་མཛད། དྲུག་པའི་བཅུ་གཉིས་ལ་སྤྱན་སྔ་གོང་མ་ཆེན་མོས་སྔུན་བསུ་མཛད་སྟེ་སྣེ་གདོང་རྩེར་ཕེབས། དབང་ཆོས་དུ་མ་གནང་ཞིང་ཚོགས་ཆེན་པ་ལ་ལྔ་ལྡན་གྱི་ཆོས་བསྩལ། (པ༡༤༤བ)


PTT001_Page_1156
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་པའི་ཚེས་གཅིག་ལ་བཏེག་སྟེ་ཡར་སྟོད་ཤར་ནུབ་ཏུ་འགྲོ་དོན་མཛད་ནས་སླར་སྣེ་གདོང་དུ་བཞུགས་སྟེ་གསུང་ཆོས་སྩོལ་བ་ན་རྗེ་ཀརྨ་པའི་བཀས་བསྐུལ་སྟེ་བཅུ་པའི་ཚེས་དྲུག་ལ་ཕྱགས་བཏེག་ཡར་གོང༌། འབྲོག་རོང་ཆེན་རིན་སྤུངས་བརྒྱུད། སོ་སོའི་སྦྱིན་བདག་ཆེན་པོ་རྣམས་ཀྱིས་བསྐུར་སྟི་བྱས་སྟེ་གཙང་པོའི་བྱང་ལམ་བརྒྱུད། འུ་ཡུག་ཕུ་དཀར་དུ་རྗེ་ཐམས་ཅད་མཁྱེན་པ་ཀརྨ་པ་དང་མཇལ། གསེར་འགྱེད་དང་འབུལ་ཆེན་མཛད། མདོ་སྡེ་ལས་བརྒྱ་པ་སོགས་ཐམས་ཅད་ལ་ཕན་པའི་ཕྱིར་ཚོགས་ཆོས་སུ་སྩོལ་བར་གསོལ་བ་བཏབ་ནས་གསན། ཀར་དབོན་སྐུ་མཆེད་སོགས་སྒར་ཆེན་གྱི་འདུས་པ་རྣམས་ལ་དབང་ཁྲིད་ལུང་བཤད་པ་དུ་མ་མཛད། དབུས་ཕྱོགས་དང་ལྷོ་རྒྱུད་ཀྱི་ཆེ་གུ་ལ་འཕྲིན་ལས་བསྐུལ་བའི་གྲོགས་གྱིས་ཅེས་བཀའ་བསྩལ་རྒྱས་པར་ཕེབས་སྟེ་ཤིང་སྦྲུལ་ཟླ་བ་གསུམ་པའི་ཉེར་བདུན་ལ་བཏེག །གོས་སྔོན་གྱི་གཙུག་ལག་ཁང་མཇལ། སྣུབས་མདར་ཆོས་ལུང་གི་མཁན་ཆེན་རད་ན་པ་འདུས་པ་དང་བཅས་པས་མཇལ་ཚེ་བཀའ་རྒྱུད་ཀྱི་བཞེད་པའི་ལྟ་སྒོམ་སྤྱོད་འབྲས་ཀྱི་ཆོས་འབྲེལ་གནང་བས་ཆེར་དད། རིན་སྤུངས་པའི་ས་སྐྱོང་རྡོ་རྗེ་ཚེ་བརྟན་ལ་སོགས་པས་སྔར་ལྟར་བསྐུར་སྟི་དང་རིམ་གྲོ་རྒྱ་ཆེར་བྱས་སྟེ་རིམ་པས་བྱོན། བར་ཆད་ཀྱི་མཚན་ལྟས་ཅུང་ཟད་བྱུང་བ་ཡ་འབྲོག་གི་མཚོ་འགྲམ་རྒྱན་དང་ཉེ་བའི་དབེན་གནས་ཅིག་དུ་ཞག་བདུན་སྐུ་མཚམས་མཛད་པས་བར་ཆད་སོལ་བའི་ལྟས་གཟིགས། རྔོག་ལོ་དང་མར་དོའི་འཁྲུངས་ས་གཟིགས་པ་ལ་མོས་གུས་མཛད། ཟླ་བ་བཞི་པའི་ཡར་ངོ་ནས་ཡར་རྒྱབ་ཀྱི་སྦྱིན་བདག་ཆེན་པོའི་བསོད་ནམས་ཀྱི་ཞིང་དུ་ཆོས་ཀྱི་འཕྲིན་ལས་ཆེར་མཛད་ནས་སླར་སྣེ་གདོང་རྩེར་ཕེབས་སྟེ་བཀའ་ཆོས་དུ་མ་གནང༌། ཡར་སྟོད་དང་ལྷོ་བརྒྱུད་ནས་སྤྱན་དྲངས་སྟེ་ཡ་རྩེར་ཕན་ཚུན་གྱི་བཟླུམས་མཛད། གཡམ་བཟང་སྤྱན་སྔའི་རྒྱུར་སྐུ་གཞོན་པ་རབ་ཏུ་ཕྱུང༌། སྟག་རྩེ། དགོན་ཐང༌། མཁར་ཐོག་བརྒྱུད་སྟེ་རྩེར་(པ༡༤༥ན)


PTT001_Page_1157
[མ་དཔེ་གཟིགས་ན་འདིར་གནོན།]

ཕེབས། བཀའ་ཆོས་གནང་ཞིང་དཔོན་བློན་གྱི་ལྷད་བསལ། ཏ་སིའི་སྐུ་འདྲ་དང་ཉང་པོ་གྲུའི་ལྕགས་ཟམ་ལ་ཕྱག་ནས་འཐོར། ཡར་རྒྱབ་ཏུ་བྱོན་སྟེ་དགེ་འདུན་སྒང་པ་སོགས་ལ་ཆོས་འཁོར་བསྐོར། ཀུན་སྤངས་པ་ཆེན་པོ་དུས་དེར་རབ་ཏུ་ཕྱུང༌། དཔལ་མཁའ་སྤྱོད་པས་མནལ་ལམ་དུ་བྱམས་སྐུ་འདི་ཁྱོད་ཀྱིས་མ་འོངས་པ་ན་འགྲུབ་པར་འགྱུར་རོ་ཞེས་གསན་པ་བཞིན་བྱམས་པའི་སྐུ་བཞེང་བའི་ཞལ་བསྐོས་མཛད། དེར་གོང་མ་མཉེལ་བས་སྤྱན་དྲངས་སྟེ་འཆི་མེད་རྔ་སྒྲའི་དབང་སོགས་གནང་བས་བསྙུན་པ་ལས་གྲོལ། སླར་ཡར་རྒྱབ་ཏུ་དཔོན་ཆེན་ཀུན་དགའ་རིན་ཆེན་རྒྱལ་པོ་ལ་ཕྱག་ཆེན་གྱི་ཉམས་ཁྲིད་གནང༌། རྗེ་ཀརྨ་པའི་བཀའ་ཤོག་ཕེབས་སྟེ་བདུན་པའི་ཚེས་བཞི་ལ་བཏེག་སྟེ་གསང་ལ་ནས་བྱོན། གསང་ཕུར་སྒྲོལ་མ་རྩོད་རྒྱལ་མ་ལ་རྒྱབ་ཡོལ་ཕུལ། ལྷ་སར་མཆོད་པ་དུ་མ་མཛད་ཅིང་གཞིས་ཀ་སྣེའུ་པས་མཆོད། འདིར། དེ་ཚེ་བཅོ་ལྔའི་དུས་ཀྱི་རྨི་ལམ་དུ། །རིན་ཆེན་ཨིནྡྲ་ནཱི་ལ་འོད་འབར་བ། །དབྱིབས་ལེགས་ཟུང་དུ་འབྲེལ་བ་རྙེད་པ་ནི། །ཕྱི་མའི་དུས་ཀྱི་ལུང་བསྟན་ཡིན་པར་ཟུང༌། །ཞེས་པ་འདི་ལ་སྔར་ཁ་ཅིག་སྐུ་སྐྱེ་གཉིས་བྱོན་པ་ལ་ངོས་འཛིན་པར་སྣང་ཡང་སྐུ་སྐྱེ་གཉིས་ཡིན་ན་ཨིནྡྲ་ནཱི་ལ་དེ་ཡང་ཕན་ཚུན་དུ་གནས་པ་ལྟ་བུ་དགོས་ཀྱི་ཟུང་དུ་འབྲེལ་བ་མི་རིགས་སོ། །དེ་ནས་སྟག་ལུང་དུ་སྤྱན་དྲངས་སྟེ་ཕན་ཚུན་མཉེས་པར་གྱུར། ཟླ་བ་དེའི་གནམ་གང་གི་དུས་འདམ་སྟོང་རི་སྟེང་དུ་རྗེ་ཀརྨ་པ་མཇལ། འདི་ཚེ་མཚུར་ཕུ་གོ་ཤྲི་སྐུ་མཆེད་ལ་པ་ར་ནས་འཚེ་བ་ཅུང་ཟད་བྱས་པ་ཞི་བར་གྱིས་ཅིག་བཀའ་ཕེབས་སྟེ་སྟོད་ལུངས་སུ་ཐེགས་སྟེ་དེ་དག་ཞི་བར་མཛད། སླར་བཅུ་གཅིག་པའི་ཚེས་བཞི་ལ་ལྷ་སར་རྗེ་ཀརྨ་པ་དང་དཔོན་སློབ་མཇལ། གོའི་ཤྲི་རིན་པོ་ཆེའི་ལུང་ལག་རྟགས་ཤིས་བརྗོད་གནང་སྟེ་གུའི་གུང་པར་མངའ་གསོལ་ཡང་འཕྲིན་ལས་རྒྱ་ཆེས་པས་སྐུ་སྐྱེ་བ་འདིའི་རིང་ཞབས་ཕྱིར་བཞུགས་པ་ནི་མ་ཤར། སྤྱིར་གོའི་ཤྲི་རིན་པོ་ཆེ་དཔལ་འབྱོར་(པ༡༤༥བ)


PTT001_Page_1158
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གྲུབ་ཀྱི་ཞལ་ཆེམས་སུ་སྤྲུལ་སྐུ་ཞྭ་དམར་བ་འདི་ལ་བདག་གི་ཤུལ་འདི་གནང་བ་ཞུ། དེ་མ་ཤར་ན་ཁོང་རང་གི་སྐུ་སྐྱེ་སྔ་མ་གཉིས་ཀྱི་མཛད་པའི་འཕྲོ་ཡིན་པས་ཀོང་པོའི་གཞི་པ་འདི་གནང་བ་ཞུ། གང་ནའང་དཔོན་སློབ་གཉིས་པོ་ཡ་མ་བྲལ་བ་ཅིག་ཅེས་ཀྱང་ཞུ། ཞེས་ནན་གྱིས་ཞུས་པར་སྣང་ཡང་དེ་མ་ཐག་གི་གུའི་གུང་པ་འབྲོང་བུ་གོའི་ཤྲི་ལ་གནང་བ་དང༌། ཀོང་པོའི་གཞི་པ་གདན་ས་བར་པ་ལ་གཏོད་པ་གནང༌། རེ་ཞིག་ཞབས་ཕྱིར་ངེས་པར་བཞུགས་དགོས་པ་ཁོ་ན་ཡང་མ་ཤར། རྗེ་འགོས་ཀྱིས་ཀྱང་ནན་གྱིས་སྤྱན་དྲངས་པས་དབུས་ཕྱོགས་སུ་ཕེབས་པ་ཤར། དེའི་དབང་གིས་མདོ་སྔགས་མཐའ་དག་གི་གསན་བསམ་ཐུགས་དམ་ཉམས་བཞེས་ཁོ་ན་གཙོ་བོར་མཛད་ཆོག་པ་བྱུང་ཞིང་དེའི་ངང་ནས་གཞན་ཕན་ཡང་དཔག་མེད་གྲུབ་པར་འདུག །ལྷ་ས་ནས་བཟུང་ཡབ་སྲས་ལྷན་ཅིག་པས་གཞུང་གྲ་དོལ་རྣམས་བརྒྱུད། ཟླ་བ་བཅུ་གཉིས་པའི་ཉི་ཤུ་ལ་བསུ་བའི་བཀོད་པ་ཆེན་པོས་སྤྱན་དྲངས་སྟེ་སྤྱན་སྔ་གོང་མ་ཚེས་གཉིས་རིན་པོ་ཆེས་རྗེ་ཀརྨ་པ་དང་དང་པོ་མཇལ། ལུག་ལོ་ཟླ་བ་གཉིས་པའི་བར་དུ་ཡབ་སྲས་གཉིས་གས་ཆོས་འཁོར་བསྐོར་ཞིང་འབུལ་གནང་གི་རླབས་མཐའ་ཡས། སླར་ཡབ་སྲས་ལྷན་ཅིག་པས་ཡར་སྟོད་ཤར་ནུབ་ཏུ་ཕེབས་ཚེ་བསམ་བདེ་སྐྱེད་ཚལ་དུ་ཀར་དབོན་རྣམ་གཉིས་སོགས་ལ་མཁའ་འགྲོ་རྒྱ་མཚོའི་དབང་སོགས་གནང༌། ཡ་ཙེ་ཐང་གི་བར་དུ་ཞབས་ཕྱིར་བཞུགས་སྟེ་ཡབ་སྲས་ལྷན་ཅིག་པས་སྡེ་ཕན་ཚུན་གྱི་འཇམ་ཐབས་མཛད། ལྷོ་རྒྱུད་དབང་པོས་ཞབས་འདེགས་ཀྱི་མཚམས་སྦྱོར་མཛད་སྟེ་སྒར་ཆེན་དེ་ཕྱོགས་སུ་ཐེགས། རྗེ་ཉིད་ཟླ་བ་ལྔ་པའི་ནང་དུ་ཡར་སྟོད་ཤར་ནུབ་དང་ཡར་རྒྱབ་ཏུ་ཕེབས། བྱམས་པའི་སྐུ་གྲུབ་པ་ཟླ་བ་གཉིས་པའི་ཚེས་གཉིས་ལ་རབ་གནས་ཐོག་མ་དང་ཡོན་རྫོངས་གནང༌། སླར་སྐྱི་ཤོད་ལ་སྤྱན་དྲངས་སྟེ་གནས་ནང་གི་མཆོད་ཁང་སར་མར་རྟེན་བཞུགས་གྲུབ་པ་ན་དེའི་མར་ངོའི་བཅུ་བཞི་ལ་རབ་གནས་(པ༡༤༦ན)


PTT001_Page_1159
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གཞི་དགའ་སྟོན་དང་བཅས་པ་མཛད། བཅུ་གཅིག་པའི་ཚེས་བཅུ་ལ་ལྷ་སར་ཕེབས་པ་ནས་བཟུང་རིམ་གྱིས་བྱོན་སྟེ་འཕྲང་པོའི་རྡོ་རྗེ་བྲག་རྩར་ཡབ་སྲས་མཇལ། སླར་ཡར་རྒྱབ་ཏུ་ལྷ་ཆེན་རྒྱབ་མཐོ་སོ་གཉིས་པ་ཟངས་གསེར་ལས་སྒྲུབ་པར་བཀའ་གནང་སྟེ་གློ་བོ་བཀྲ་ཤིས་མགོན་གྱིས་སྤུས་བསྒྱུར་ལས་ཟངས་གསེར་མང་དུ་ཕུལ་བ་སོགས་ལས་བསྒྲུབས། ཀོང་པོར་སྤྱན་དྲངས་པའི་ངོར་ཆིབས་པ་བསྒྱུར་སྟེ་གོང་མ་སྐུ་འཁོར་གྱིས་འོལ་ཁ་བཀྲ་ཤིས་ཐང་གི་བར་དུ་ཞབས་སྐྱེལ་མཛད། གློང་ལ་ནས་བྱེ་ཉིལ་བརྒྱུད་སྟེ་དྭགས་པོ་ཡོམ་དགོན་པར་རེ་ཞིག་བཞུགས། གྲུམ་པ་ཡབ་སྲས་ཀྱིས་བཀུར་སྟིས་མཆོད། སྐུ་རབ་གདན་ས་ཀུན་དགའ་རྒྱལ་མཚན་པ་ཁྲི་ཐོག་དུ་འདོན་པའི་ཤིས་བརྗོད་མཛད། ཀོང་སྟོད་དུང་དཀར་བྲག་གི་རི་བོར་ཆོས་སྡེ་མཛད། སྤྱིར་མཆིམས་ལྷའང་ནག་ཕྱོགས་པ་ཡིན་ཟེར་ཡང་དུང་དཀར་བྲག་གི་ས་འདི་མཆིམས་ལྷས་མནལ་ལམ་དུ་ཕུལ་ཞེས་ཐོས། རིན་ཕུག་གི་གནས་ལ་སོགས་པ་རྣམས་ལ་དར་རྒྱས་མཛད། ཡུལ་གྲུབ་སོ་སོར་བཀུར་སྟིས་མཆོད་སྟེ་དགའ་ལྡན་མ་མོའི་གདན་ས་ཆེན་པོར་ཕེབས། ས་སྤྲེ་ཟླ་བ་གསུམ་པའི་ཉེར་གཉིས་ལ་རས་བུད་སྒང་གི་བཞིར་ས་ཆོག་མཛད་སྟེ་ཀ་ཆེན་དགུ་བཅུ་རྩ་བཞིའི་ཁྱོན་གྱི་གཙུག་ལག་ཁང་ཆེན་པོ་དྲི་གཙང་ཁང་ཁྱམས་སྐོར་ཁང་རུང་བའི་ཁང་པ་ཕན་ཚུན་སྒོ་ཁང་དང་བཅས་པ་ལེགས་པར་མཛད་སྟེ་རིག་བྱེད་པ་རྣམས་ཀྱང་ཡར་རྒྱབ་ནས་ཞབས་ཏོག་བགྱིས་སྟེ་ཞལ་བའི་བར་དཔྱིས་ཕྱིན་པར་གྲུབ་ཅིང་དེ་དག་གི་དུས་དགེ་ལས་དང་ཞལ་མཇལ་གསུང་ཐོས་ཀྱི་འདུ་བ་ཕྱོགས་ཐམས་ཅད་ནས་མཐའ་ཡས་ཀྱང་དེ་དག་གང་ལའང་ནད་གདོན་དང་གྲུ་ཀོ་སོགས་ལ་ཉེས་པ་གཏན་མ་བྱུང་བས་ཐམས་ཅད་ཡ་མཚན་དུ་འཛིན། སྐབས་ཅིག་བདུད་རིས་ཀྱིས་ཡིད་གཡོས་པའི་དུས་འཁྲུག་ལྡང་བར་བརྩམ་པ་ན་དཀོན་མཆོག་ལ་བསྟོད་པ་དང་ཆོས་སྐྱོང་གི་འཕྲིན་ལས་བསྐུལ་ཞི་བའི་སྦྱིན་སྲེག་མང་དུ་མཛད་པས་ཞི་བར་གྱུར། ཧོར་(པ༡༤༦བ)


PTT001_Page_1160
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བཅུ་པ་ནས་ཕྲག་ཡུལ་སོགས་ཆབ་ནག་དང་གསང་སོགས་ཆབ་དཀར་དང་བྱ་ལོ་ཤར་བ་ནས་ཕུ་གསེབ་ཀླུ་ནང་རྟ་བ་སྐོར་སོགས་ཡུལ་གྲུ་སོ་སོར་ཕེབས་སྟེ་སྔར་སྲོལ་གྱི་མེ་ཏོག་བཞེས། སྟག་རྩེ་ཐུགས་རྗེ་སྒང་དུ་སྒྲུབ་གྲ་མཛད། ལུང་བསྟན་མཁར་དུ་ཤེལ་ལས་གྲུབ་པའི་གཙུག་ལག་ཁང་གི་ནང་རྒྱལ་བའི་སྐུ་འོད་ཟེར་འཕྲོ་བས་གང་བར་གཟིགས་པ་ན་དགེ་ལས་བར་ཆད་མེད་པར་འགྲུབ་པའི་ལྟས་སུ་གཟིགས། དེའི་ཚེ་རྗེ་ཀརྨ་པ་ཉང་ཁ་ནས་ཕེབས་པ་ལ་ཀོང་པོའི་གཞི་བྱེས་ལྷན་ཅིག་པས་རྟ་བ་སྟོད་དུ་བསུ་བ་དང་གཞི་ལེན་མཛད། དགའ་ལྡན་མ་མོར་ཕེབས་ཤིང་དགུང་སྐག་གསུམ་པའི་བར་ཆད་སེལ་སླད་བཀྲ་ཤིས་ལྗོངས་དང་བྱིན་ལེགས་སུ་ཕེབས་སྟེ་ཞལ་གཟིགས་ནུབ་པ་རྣམས་གསལ་བར་མཛད་ཅིང་སྔོན་མེད་དུ་མ་ཞལ་ཕྱེ། སླར་དགའ་ལྡན་མ་མོར་ཕེབས་པ་ན་གནས་ཀྱི་རྣམ་བཞག་རྡོ་རྗེ་འཛིན་པའི་ཞལ་ལུང་ཡང་མཛད། དེའི་ཚེ་རྗེ་ཞ་ལུ་ལོ་ཙཱ་བ་ཞབས་ཕྱིར་བཞུགས་པས་སྔོན་བོད་དུ་མ་འགྱུར་བ་མཛོད་འགྲེལ་གནམ་ལྕགས་ཐོག་གཟེར་བསྒྱུར་བའི་བཀའ་གནང་སྟེ་ལེགས་པར་བསྒྱུར། ཁྱི་ལོ་ཟླ་བ་དྲུག་པའི་ཚེས་བཅུ་ཚུན་གྱི་གཙུག་ལག་ཁང་གྲུབ་ནས་རྙིང་མར་བཀའ་རྒྱུད་ཀྱི་བླ་མའི་བྲིས་སྐུ་མཛད། དབུས་ནས་ལྷ་ཆེན་སྤྱན་འདྲེན་པའི་སླད་དུ་ཆིབས་ཁ་བསྒྱུར་སྟེ་པིམྦི་ལ་ནས་བོད་ལུང་བྱར་དང་ཆོས་རྒྱལ་ལྷུན་པོར་ཕེབས། ལྷོ་རྒྱུད་དབང་པོ་མཆེད་དང་མཁས་པ་ཆེན་པོ་བསྐལ་བཟང་ཆོས་ཀྱི་རྒྱ་མཚོ་དང་སྐུ་སྐྱེ་ཆོས་རྒྱལ་ནོར་བུ་སོགས་ལ་དབང་རྗེས་གནང་དང་བཀའ་རྒྱུད་རྣམ་ཐར་སོགས་གནང༌། ཡར་སྟོད་དུ་སྦྱིན་བདག་ཆེན་པོ་རྣམས་ལ་གྲ་ལྔའི་དབང་བསྐུར་སོགས་མཛད། སྣེ་གདོང་དུ་མཆོད་ཡོན་མཇལ། ཡར་རྒྱབ་ཏུ་ཕེབས་སྟེ་ཡུམ་ཆེན་རྡོ་རྗེ་བདེ་མ་ཞིང་གཞན་དུ་བྱོན་པའི་དགེ་རྩ་ཆེན་པོའི་བསྔོ་བ་མཛད། རྒྱ་གར་ཤར་ཕྱོགས་པུཀྐཾ་གི་དགེ་སློང་ཛྙཱ་ན་མངྒ་ལས་བསྐུལ་སྟེ་མ་ཧཱ་བོདྷི་ལ་བསྟོད་པ་ལེགས་སྦྱར་གྱི་སྐད་དུ་མཛད། (པ༡༤༧ན)


PTT001_Page_1161
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་གཉིས་པའི་ཚེས་གསུམ་ལ་སྤྱན་སྔ་གོང་མས་བསམ་ཡས་ཀྱི་ཤན་སོ་ནས་བསུས་སྟེ་མཆོད་ཡོན་ལྷན་ཅིག་པས་གདན་ས་ཐེལ་དུ་ཕེབས་སྟེ་རྟེན་གསུམ་ཕྱག་རྫས་ཐམས་ཅད་གཟིགས་ལམ་དུ་ཞིབ་མོར་ཕུལ་སྟེ་དོན་གྱི་གདན་སའི་རྩིས་ཕུལ་ཞིང་ཕྱིས་གོ་ས་གནང་དགོས་པར་ཡང་ཞུས། འཇང་ཕོ་བྲང་དུ་ཁུ་དབོན་གདན་འཛོམ་ཚེ་གདུང་རྒྱུད་ལ་མཚན་དང་དགེ་བསྙེན་གནང༌། རྩེར་མཆོད་ཡོན་ཕེབས་སྟེ་བསྙེན་སྒྲུབ་ཀྱི་ཉམས་ཁྲིད་མཛད། ཚེ་དབང་བརྒྱ་རྩ་གནང་ཚེ་མཚན་ལྟས་ཅུང་ཟད་རྩུབ་པ་གཟིགས། དེ་ནས་འཕྱོང་རྒྱས་སུ་འདེགས་པ་ན་དགོན་ཐང་གི་བར་ཞབས་སྐྱེལ་མཐའ་མ་མཛད། ལྔ་པའི་ཚེས་ཉི་ཤུ་ལ་བཀྲ་ཤིས་བརྩེགས་པའི་ཁང་བཟང་གི་རབ་གནས་མཛད་ནས་ཡར་རྒྱབ་ཏུ་ཕེབས། དམ་ཚིག་གསུམ་བཀོད་ཀྱི་སྐུའི་རབ་གནས་མཛད། དེ་ཚེ་གོང་མ་བློ་བུར་དུ་མཉེལ་བས་སྤྱན་དྲངས་པ་རིངས་པར་ཐེགས་ཀྱང་སྐུ་ཐིམ་པས་མཇལ་བ་ནི་མ་གྲུབ། སྐུ་རིམ་གྱི་ཚུལ་གྱིས་ཐུགས་དམ་ལ་འདོགས་པ་མཛད། གདུང་མཆོད་དང་དགོངས་རྫོགས་ཆེན་མོའི་གྲལ་དབུ་མཛད། དུས་དེར་དཀའ་གནས་ཤིན་དུ་ཆེ་ཡང་ཐུགས་རྗེས་བདེ་ལེགས་སུ་གྱུར། ཀུན་སྤངས་ཆེན་པོས་ཕྱི་ནང་གི་ཁུར་བཞེས་སྟེ་ལྷ་ཆེན་ལེགས་པར་གྲུབ་དགའ་ལྡན་མ་མོར་སྤྱན་དྲངས། འདི་རྣམས་ཀྱི་ཚེ་དུས་སྐབས་ངན་པས་ཤིན་དུ་བཀའ་ནའང་མཛད་པ་ལ་བར་ཆད་མེད་པས་དཀོན་མཆོག་ལ་ཐུགས་འཆེས་པས་མཛད་པ་བརྒྱ་པ་མཛད། ཆུ་བྱི་སར་ནས་བླ་མ་ཡེ་ཤེས་རྒྱ་མཚོས་དགའ་ལྡན་མ་མོར་རྟེན་གྱི་ཁྲི་རྒྱབ་བྱས། གསུམ་པའི་ཚེས་བརྒྱད་ལ་རྗེ་འགོས་ཀྱི་གདུང་ཞུགས་ཀྱིས་སྦྱངས་ཚེ་རྩེས་དང་སྟོད་རགས་ལ་གསེར་འགྱེད་མཛད། ཀོང་པོར་ཕེབས་བཞེད་ཀྱང་ཡར་ལུངས་སུ་དམག་གི་འདུ་འཚོག་བྱུང་བ་ལ་བཀའ་བསྩལ་གནང་དགོས་པས་འགྱངས། གྲི་གུར་ཕེབས་སྟེ་བྱ་བསྐལ་བཟང་པའི་བསྙེན་རྫོགས་ཀྱི་མཁན་པོ་མཛད། (པ༡༤༧བ)


PTT001_Page_1162
[མ་དཔེ་གཟིགས་ན་འདིར་གནོན།]

ས་སྐྱོང་དོན་ཡོད་རྡོ་རྗེའི་དཔུང་གིས་ཡར་གོང་རྣམས་བསྡིགས་པ་ལ་མི་འཇིགས་པའི་སྦྱིན་པ་མཛད། དཔལ་བསྣམས་རྒྱལ་དབང་པ་ལ་ཆོས་དུ་མ་གནང༌། ཆུ་གླང་ཟླ་བ་གཉིས་པ་ལ་ཡར་རྒྱབ་ནས་སྟོན་པའི་གོས་སྐུ་ལ་སོགས་པའི་འབུལ་ཆེན་མཛད། སྡེ་སྲིད་ཕག་མོ་གྲུ་པའི་གྲོས་དབང་རྣམས་ཀྱིས་འགྲོ་མགོན་རིན་པོ་ཆེའི་གདན་སར་ཕེབས་སྟེ་གདུང་རྒྱུད་ཀྱི་ལུགས་གཉིས་ཀའི་མགོན་སྐྱབས་གནང་དགོས་པར་ཞུས། དཔལ་མཁའ་སྤྱོད་དབང་པོས་མ་འོངས་ལུང་བསྟན་དུ་རྗེ་བཙུན་བཛྲ་རཱ་ཛཱའི་དགོངས་པ་སྒྲུབ་པར་དགའ་བས་དེའི་དགོངས་པ་སྒྲུབ་པའི་ཕྱིར་ཆུ་བོ་ལོ་ཧ་ཏིའི་ཀླུང་འགྲམ་དུ་འབྱུང་ངོ་ཞེས་པའི་དུས་སུ་སོན་པར་ཡང་མཁྱེན་ནས་གདན་ས་ཆེན་པོའི་ཁྲི་གནོན་པར་ཞལ་གྱིས་བཞེས་སྟེ་ཕྱིས་ཁྲི་ཐོག་དུ་ཕེབས་ནས་སྡེ་སྲིད་ཕག་མོ་གྲུ་པའི་ལུགས་གཉིས་ཀྱི་དབུ་འདོན་མཛད། སྔར་ཞལ་ངོ་ཤིན་དུ་ཕྲ་བའི་སྐབས་སུ་གདུང་རྒྱུད་ཀྱི་རྟེན་འབྲེལ་མཛད། ཕྱིས་བལྟམས་པ་ནས་སྐུ་ནར་མ་སོན་གྱི་བར་དུ་ལུགས་གཉིས་ཀ་ནས་བརྩེ་བས་བསྐྱངས་པས་ཆོས་གཉིས་རིན་པོ་ཆེ་ཚུན་གྱི་ལྷ་གཟིགས་ཀྱི་ཞལ་ངོ་རྣམས་ཀྱིས་རྗེ་འདིའི་འཇིག་རྟེན་གྱི་བཀའ་དྲིན་ཁོ་ནའང་ཅིས་ཀྱང་ཁྱེར་བ་མེད་ཏོ། །སླར་ས་སྐྱོང་དོན་ཡོད་རྡོ་རྗེ་སྤྱན་དྲངས་སྟེ་ཆུ་ཤུལ་ལྷུན་པོ་རྩེར་ཕེབས་སྟེ་བཞེད་པ་ཚིམ་པར་མཛད། སྟག་ལུང་རིན་པོ་ཆེ་དེར་སྤྱན་དྲངས་པ་དང་དགྱེས་པར་མཇལ། མཚུར་གནས་ནང་དུ་ཕེབས་སྟེ་ངོ་ཁྲོ་རབ་འབྱམ་པ་ལ་སོགས་ལ་གྲུབ་སྙིང་གི་སྐོར་གནང༌། མཚུར་ཕུར་རྟེན་ཆེན་ཛམ་གླིང་རྒྱན་ལ་སོགས་པ་མཇལ་ཞིང་མཆོད། དྲུག་པའི་ཚེས་གཅིག་ནས་བཟུང་སྟེ་གནམ་རྩེད་ལྡེང་འདམ་སྙིང་དྲུང་ལྷ་ཕུ་ལ་སོགས་པར་གཞན་དོན་མཛད། ཡོར་དགོན་དུ་ཀུན་མཁྱེན་ཆེན་པོའི་མཆོད་རྟེན་ལ་མཆོད་པ་མཛད། ཧོར་ཟླ་བདུན་པར་སྟག་ལུང་རིན་པོ་ཆེ་ལས་ཆོས་དུ་མ་གསན་ཞིང་ཆོས་རྗེ་སྐུ་མཆེད་བསྙེན་པར་(པ༡༤༨ན)


PTT001_Page_1163
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་ལས་སློབ་མཛད་ཅིང་ཆོས་དུ་མ་གནང༌། དེའི་ཚེ་ཐོག་བབ་ཀྱང་གང་ལའང་མ་གནོད། ཆོས་དང་ཟང་ཟིང་གིས་ཕན་ཚུན་མཉེས། སླར་འབམ་རོམ། གླང་ལིང་ལ། གཡུག་སྣ་རྩེ་སོགས་བྱང་རིས་དུ་མར་གཞན་དོན་མཛད། སྐྱི་ཆུའི་ཆུ་མགོ་སྨྲྀ་ཏི་ཆུ་བརྒྱུད་ནས་བྱ་ཞུ་ལ་བརྒལ། ཉང་ལོང་བྲག་གསུམ་སོགས་ཉང་ཁ་བརྒྱུད་ཐམས་ཅད་དུ་བཀུར་སྟིས་མཆོད། རྫོ་གདན་དགོན་པར་བླ་མ་བསྐོས། སྟག་ལོ་སར་ནས་གུན་ཚང་དུ་བཞུགས་པ་ན་དཔལ་ཕག་མོ་གྲུ་པ་དངོས་སུ་བྱོན་སྟེ་ཐུགས་ཀར་ཐིམ་པའི་མོད་ལ་ཐུགས་དམ་ཁྱད་པར་ཅན་འཁྲུངས། གསའ་ཕུར་ཞོ་ཁའི་འཕེན་ཆེན་གཟིགས། རྣམ་ཐོས་ཀྱི་རི་བོར་རྗེ་ཐམས་ཅད་མཁྱེན་པའི་དྲུང་དུ་མཇལ། རྟེན་གསུམ་ཁྱད་ནོར་རྣམས་ཞིབ་པར་གཟིགས་མོ་གནང༌། དགའ་ལྡན་མ་མོར་ཕེབས་སྟེ་ལྷ་ཆེན་གྱི་གཟུངས་བཞུགས་ལེགས་པར་མཛད། དེའི་རིང་ཉེ་བའི་སྲས་བརྒྱད་ཀྱི་ལྡེམ་སྐུ་ཤིན་དུ་ལེགས་པ་རྣམས་བཞེངས། རི་མོ་ཤིང་རྩི་རྣམ་མཛད། དེ་སྐབས་སུ་བྱར་དྭགས་ཀྱི་བར་དུ་ཕེབས་པར་གསོལ་བ་བཏབ་སྟེ་བྱ་སྐུར་གྱི་ཁོན་ཞི་བར་མཛད། ཀུན་སྤངས་ཆེན་པོས་ཐུགས་རྩོལ་མཛད་སྟེ་གཙུག་ལག་ཁང་སྤེན་བད་ཀྱི་བར་གྲུབ། ཕྲག་གྲུམ་ཚལ་དུ་རྣམ་སྲས་ཀྱིས་དར་དཔྱངས་ཕྱག་དུ་གཏད་པ་བཟུང་བས་རྣམ་སྲས་སྟེང་ཕྱོགས་སུ་གཤེགས་པས་ཞིང་ཁམས་མཐའ་ཡས་པ་ཅིག་དུ་སླེབས་པ་ན་འདི་དགའ་ལྡན་ཡིན་གསུང་བའི་མོད་ལ་ལྷ་གནས་འོག་མས་གོང་མ་མི་མཐོང་བར་གསུངས་པས་འདི་ཇི་ལྟ་བུ་སྙམ་པ་ན་བྱམས་པའི་ཕོ་བྲང་གི་ཁང་བརྩེགས་སྤྲིན་ལྟར་མཐོ་བ་འོད་ཟེར་འབར་བ་ཙམ་ལས་མ་གཟིགས་པས་སང་ཡོས་ལོ་ལ་ཀོང་སྨད་དང་སྤོ་བོར་བྱོན། དགོན་གནས་ལ་སོགས་པའི་འབུལ་བ་མཐའ་ཡས། ཕུ་ལུང་དགོན་དང་ཉེ་བར་མནལ་ལམ་དུ་འབྲི་ཁུང་ཐེལ་ཇི་ལྟ་བར་གཟིགས། ཆུ་ཉི་མའི་དཔལ་མཁའ་སྤྱོད་པ་གཤེགས་པའི་སར་མཆོད་རྟེན་མཛད་སྟེ་དགེ་བའི་རྒྱུན་སྦྱར། སླར་(པ༡༤༨བ)


PTT001_Page_1164
[མ་དཔེ་གཟིགས་ན་འདིར་གནོན།]

ཀོང་པོར་ཕེབས། རྣམ་ཐོས་ཚལ་དུ་ཀརྨ་འཕྲིན་ལས་པ་སོགས་ལ་དུས་ཀྱི་འཁོར་ལོའི་དབང་སོགས་གནང༌། གཙུག་ལག་ཁང་ཕྱི་ནང་ལེགས་པར་གྲུབ་ཅིང་དགའ་ལྡན་མ་མོར་ཕེབས་ནས་ཟླ་བ་བཅུ་པའི་ཚེ་བཅུ་གསུམ་ནས་འཆི་བདག་འཇོམས་པ་ལ་བརྟེན་ནས་རབ་གནས་བཅུ་བཞི་ལ་ལྟ་གོན་དང་བཅོ་ལྔ་ལ་དངོས་གཞི་མཛད་ཅིང་སངས་རྒྱས་ཀྱི་བསྟོད་པ་རྒྱུན་ཆགས་དང་ལས་ཀྱི་འཁོར་ལོ་འདིའི་དགེ་བ་རྒྱ་ཆེར་བསྔོ་བའི་སྨོན་ལམ་མཛད། སླར་དགའ་སྟོན་ཆེན་མོའི་ཕྱག་ནས་འཐོར་བའི་གྲལ་དབུར་རྗེ་ཐམས་ཅད་མཁྱེན་པ་འཁོར་གྱི་དཀྱིལ་འཁོར་རྒྱས་པ་དང་བཅས་པ་སྤྱན་དྲངས། ཀར་སྲིད་ཀྱི་བླ་དཔོན་མི་སྣ་རྣམས་དང་སྐྱེ་བོ་སྟོང་ཕྲག་མང་པོ་ལྷགས་ཤིང་བཅུ་གཉིས་པའི་ཚེས་བཅུའི་ཉིན་བཀྲ་ཤིས་གནང༌། སྐྱ་སེར་ཁྲི་ཕྲག་དུ་ལོངས་པ་ལ་འགྱེད་སྟོན་རྒྱ་ཆེར་མཛད། ཟླ་བ་གཅིག་ཙམ་དུ་དགྱེས་སྟོན་རྒྱུན་མ་ཆད་ཅིང་འདུས་པ་ཀུན་ལ་འཐབ་རྩོད་སོགས་གཏན་མེད་པའི་ཡ་མཚན་བྱུང༌། ཟླ་བ་བཅུ་གཉིས་པ་ལ་རྩེ་ལྷ་སྒང་དུ་ཕེབས་སྟེ་འབྲུག་ལོ་སར་བའི་ལོ་སར་ཆེན་པོ་གཟིགས་མོ་མཛད། བཀའ་ལུང་མཐའ་དག་སྒྲུབ་པ་མ་ནུས་པ་ལ་ཚིག་གི་སྦྱང་བ་འབུལ་བ་དང་ཐེལ་གྱི་གོ་ས་འདི་བྱེད་དགོས་པ་འཆར་བ་ནས་ཡང་ཡང་མཇལ་བའང་དཀའ་བར་འདུག་པས་ཕྱག་འབུལ་གྱི་མཐའ་མ་ཡིན་པའི་ཚུལ་ཞུས་སྟེ་དགའ་ལྡན་མ་མོར་ཕེབས། བཀའ་བསྒོ་གནང་བར་འོས་པ་རྣམས་མཛད་སྟེ་དུང་དཀར་བྲག་དང་དྭགས་པོ་དང་འོལ་ཁ་བརྒྱུད་སྟེ་གདན་ས་ཐེལ་དུ་ཕེབས། གཟིམས་མལ་གསེར་སྐུའི་རབ་གནས་མཛད། བླ་ཡེལ་ཆེན་མོར་འདུས་པ་རྒྱ་མཚོ་ལ་སྐུ་འཁྱོས་གནང་ཐོག་དཔོན་ས་གདུང་རྒྱུད་ཀྱིས་འབུལ་ཆེན་མཛད་སྟེ་དེ་ཉིན་ནས་གདན་ས་ཕེབས། སྔོན་ཀུན་དུ་རྒྱུའི་སྤྱོད་པས་འཇུག་གོ་ཞེས་པའང་གདན་སར་ཅར་བཞུགས་མི་འཆར་བར་སྒར་པའི་ཚུལ་གྱིས་ཕྱོགས་དུ་མར་འབྱོན་པ་ལ་དགོངས་པར་སྣང༌། ལུགས་གཉིས་ཀྱི་མི་ཆེན་ཐམས་ཅད་ཀྱིས་གདན་སར་ཕེབས་པ་ལ་ལེགས་སོའི་འབུལ་བ་(པ༡༤༩ན)


PTT001_Page_1165
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པར་ཕུལ། ཆུ་བར་གྱི་རི་ཐེབས་རྫངས། ཡར་རྒྱབ་ཏུ་ཕེབས་སྟེ་དཔལ་འབྱོར་རབ་བརྟན་གྱི་ཤིས་བརྗོད་མཛད། ཡར་སྟོད་ཏུ་ས་སྐྱོང་མི་འགྱུར་དབང་པོའི་སྡེ་གཤེགས་པའི་གྲལ་དབུར་སྤྱན་དྲངས། ས་སྐྱོང་རྣམ་རྒྱལ་འོད་ཀྱིས་གུས་པར་མཆོད་ཅིང་ཆོས་ཀྱི་བཀའ་དྲིན་བསྩལ། ཆོས་ལུང་ཚོགས་པ་དཔོན་སློབ་རྣམས་ལ་གསུང་ཆོས་ཅི་རིགས་པ་གནང༌། སྐུ་རྟེན་གྱི་རབ་གནས་མཛད། རྩེས་དང་གི་འདུས་པ་དང་ཚོགས་སྡེ་གསུམ་སོགས་ལ་མང་སྐོལ་དང་གསེར་འགྱེད་མཛད། དཔོན་ཆེན་ཀུན་དགའ་རིན་ཆེན་དབང་གི་རྒྱལ་པོ་རབ་ཏུ་ཕྱུང་སྟེ་ཨེ་ཝཾ་ཐམས་ཅད་མཁྱེན་པར་གྲགས། དེའི་ཚེ་སྟག་ལུང་རིན་པོ་ཆེ་མྱ་ངན་ལས་འདས་པས་ཆོས་རྗེ་སྐུ་མཆེད་སོགས་ཀྱིས་སྤྱན་དྲངས་སྟེ་འོན་དང་ཕན་ཡུལ་ནས་བརྒྱུད་སྟེ་བྱོན། ལམ་ན་གནས་པའི་བླ་དཔོན་དང་ནཱ་ལེནྡྲ་དང་རི་བོ་དགེ་ལྡན་སོགས་ཀྱི་ཆོས་སྡེའི་དཔོན་སློབ་ཐམས་ཅད་ཀྱིས་འདུད་ཅིང་ཅི་འབྱོར་གྱིས་མཆོད་པ་དང་ཆོས་ཀྱི་བཀའ་དྲིན་ཞུས། སྟག་ལུང་ཐང་དུ་ཕེབས་སྟེ་སྐུ་གདུང་རིན་པོ་ཆེ་ལ་མཆོད་པ་མཛད་ཅིང་དགྱེས་རྡོར་གྱི་སྒོ་ནས་གདུང་མཆོད་མཛད། སྐྱ་སེར་གྱི་འདུས་པ་མཐའ་ཡས་པ་ལ་མཆོད་སྦྱིན་ཆེན་པོ་མཛད་པའི་གྲལ་གྱི་ཐོག་མར་བཞུགས་སྟེ་མཆོད་བསྔོ་གནང༌། ཕྱག་ནས་ཀྱང་དགོངས་རྫོགས་ཀྱི་ཆེད་དུ་འབུལ་འགྱེད་རླབས་ཆེན་མཛད། དངུལ་གདུང་གི་རྒྱུར་ཡོ་བྱད་རླབས་ཆེན་གནང་ཞིང་ལུགས་གཉིས་ཀྱིས་ཆོས་རྗེ་སྐུ་མཆེད་ཀྱི་དབུ་འདོན་གནང༌། དེར་སྒོམ་སྡེ་སྣང་ཆེན་པ་སོགས་དང༌། བྲ་ཏི་ཕུར་ཚ་སོགས་མདོ་སྨད་ཀྱི་མཇལ་མི་ཆེས་མང་པོས་སླེབས་སྟེ་ཆོས་དང་ཟང་ཟིང་གིས་ཚིམ་པར་མཛད། སླར་ལྷ་སར་ཇོ་བོ་རིན་པོ་ཆེ་ལ་མཆོད་པ་མཛད། ས་སྐྱོང་ངག་དབང་རྣམ་རྒྱལ་རྒྱལ་བུར་བཞུགས་པས་(པ༡༤༩བ)


PTT001_Page_1166
[མ་དཔེ་གཟིགས་ན་འདིར་གནོན།]

སྣེ་འུར་མཆོད་ཅིང་རྡོ་རྗེ་རྣལ་འབྱོར་མའི་དབང་གནང༌། གསང་ནེའུ་ཐོག་དུ་ཆོས་རྗེ་རྣམ་གཉིས་ཀྱིས་གཙོས་པའི་དགེ་འདུན་རྣམས་ལ་ཆོས་དང་ཟང་ཟིང་གི་བསྡུ་བ་མཛད། བྲག་ཁར་དཔོན་སས་སྤྱན་དྲངས་ཤིང་སླར་གདན་ས་ཆེན་པོར་ཆོས་དང་ཟང་ཟིང་གི་སྐུ་འཁྱོས་གནང་སྟེ་སྐུ་མཚམས་དང་ཐུན་བར་དུ་དུས་འཁོར་གྱི་མངོན་དཀྱིལ་དང་རྣམ་བཤད་མཛད། ཁང་སར་ཆེན་མོར་ཚོགས་པ་རྣམས་ལ་མདོ་ཏིང་འཛིན་རྒྱལ་པོའི་བཤད་པ་མཛད། རྟེན་གསུམ་རྣམས་ལ་ན་བཟའ་ལ་སོགས་པས་རྒྱ་ཆེར་མཆོད། མེ་སྦྲུལ་གྱི་ལོ་སར་ལ་དཔོན་སས་མཇལ་ཞིང་ལོ་དེ་ལ་ཡར་སྟོད་སྨད་ཡར་རྒྱབ་སོགས་སུ་འགྲོ་དོན་དུ་མ་མཛད་ཅིང་གདན་སའི་འཇག་ལྕིལ་དུ་ཟངས་གསེར་ལས་གྲུབ་པའི་དབུ་གདུགས། སྟོན་པའི་ཚེམས་ལ་དངུལ་གྱི་ཟ་མ་ཏོག་མཁན་པོ་བོ་དྷི་ས་ཏྭའི་ཞལ་ཀོ་སོགས་ཞལ་ཀོ་རྣམས་ལ་རིན་པོ་ཆེ་དང་ཙནྡན་གྱི་བཞུགས་ཁང་རྣམས་ཡར་རྒྱབ་ཏུ་བསྒྲུབས་སྟེ་ཕུལ། གདན་ས་ཉིད་དུ་འགྲོ་དོན་དུ་མ་དང་ཙཱ་རིར་རི་ཐེབས་བརྫངས། དབུ་གདུགས་འཇག་སྤྱིལ་གྱི་སྒོ་ལ་ཤོང་ཐབས་མ་བྱུང་བ་ན་གསོལ་འདེབས་མཛད་པས་བདེ་བླག་དུ་ཚུད། ཨེ་ཝཾ་ཐམས་ཅད་མཁྱེན་པའི་གཤེགས་རྫོངས་ཀྱི་གྲལ་དབུ་མཛད། ས་རྟ་ལ་གནས་ནང་དུ་གསེར་འབུམ་ལ་ཟངས་གསེར་གྱི་ཆར་ཁེབས་ཕུལ་ཞིང་སྟག་རྩེར་ས་སྐྱོང་རྡོ་རྗེ་ཚེ་བརྟེན་ཞིང་འཕོས་པའི་གྲལ་དབུ་དང་ནང་རྟེན་འོད་དཔག་མེད་ཀྱི་སྐུ་འདྲར་རབ་གནས་མཛད། རྗེ་ཞ་ལུ་ལོ་ཙཱ་བ་ལ་མིང་གི་མངོན་བརྗོད་སྣ་ཚོགས་གསལ་བ་བསྒྱུར་བར་བཀའས་གནང་སྟེ་བསྒྱུར། ཡར་སྟོད་སྨད་དུ་འགྲོ་དོན་མཛད་ཅིང་ཏི་སེ་དང་ཆུ་བར་དུ་རི་ཐེབས་གནང་ཞིང་མངའ་རིས་སྐོར་གསུམ་སོ་སོར་བཀའ་ཤོག་གནང་བས་གནས་ཆེན་གྱི་ཞབས་ཏོག་ཐམས་ཅད་ཀྱིས་སྔ་མ་ལས་ཆེས་བླ་ལྷག་པ་བྱས། ཡར་རྒྱབ་ལ་སོགས་པ་ཐམས་ཅད་ཏུ་སོ་སོའི་འདོད་པ་བཞིན་ཆིབས་ཁ་ཡང་ཡང་དུ་བསྒྱུར་སྟེ་གཞན་ཕན་མཛད། དེའི་ཚེ་བྱ་གཙང་གི་དཔུང་ཆེན་(པ༡༥༠ན)


PTT001_Page_1167
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱི་ཤོད་དུ་ལྷགས་སྟེ་གཞིས་ཀ་སྣེལ་པ་འཇིག་པར་ཉེ་བ་ན་སྣེའུ་པ་ཉིད་ཀྱིས་ནན་གྱིས་ཞུས། སྟག་ལུང་པ་དང་བོལ་ཁ་བས་ངོ་ཆེན་ཞུས་སྟེ་དགུ་པའི་ཚེས་བརྒྱད་ལ་གདན་ས་ནས་བཏེག་སྟེ་བཀྲ་ཤིས་སྒང་གི་ན་ཁར་ཕེབས། ཐུགས་རྗེའི་རླབས་ཆེ་བ་དང་རྒྱལ་པོ་རྣམས་ཀྱང་སྔོན་གྱི་ལུགས་བཟང་པོ་མ་ཉམས་པའི་སྐབས་ཡིན་པས་བཀའ་ལ་ཚད་མར་བཟུང་སྟེ་སེར་འབྲས་ཀྱི་སྡེ་ལ་གནོད་པ་མེད་ཅིང་མཆོད་གཞིས་ཀྱང་སོ་སོར་གནས། སྣེལ་པའི་ས་སྐྱོང་ངག་དབང་ལྷུན་པོ་སྐུ་མཆེད་ལའང་སྐུ་སྐལ་གྱི་ས་ཕྱེ་སྟེ་གཞིས་ཀ་སྣེའུ་རང་གི་ཡོང་སྒོའི་ཁུང་ཇི་ལྟ་བ་གནང་ནས་གེགས་སྐྱོན་མེད་པར་མཛད། ཁྱད་པར་དུ་ལྷ་ས་རྣམ་གཉིས་ལ་འཚེ་བ་ཅུང་ཟད་ཀྱང་མེད། ཚལ་གུང་ཐང་དབུས་གླིང་ལ་སོགས་པ་གཟིགས་ཆོས་འཁོར་བསམ་ཡས་སོགས་ནས་བརྒྱུད་སྟེ་དཔོན་ས་ཁྲི་ཐོག་དུ་བསྐོས་ཤིང་ཤིས་བརྗོད་མཛད། ཆོས་མང་དུ་གནང༌། དཔོན་བློན་རྣམས་ཀྱིས་གདན་ས་ཡུན་སྲིང་དགོས་པའི་ཞུ་བ་ཕུལ། ལྷོ་རྒྱུད་དབང་པོ་དེའི་ཚེ་གཤེགས་པ་ལ་ཞལ་ངོ་རྣམས་ཐུགས་མི་ངལ་བའི་ཆབ་ཤོག་གནང༌། ཡང་དབེན་དུ་སྐུ་མཚམས་མཛད་པ་ན་མཚན་ལྟས་རྩུབ་པར་བྱུང་བ་ཕྱིས་གདན་སར་རྩུབ་འགྱུར་འབྱུང་བའི་ལྟས་སུ་གཟིགས། སླར་ཡར་རྒྱབ་ཏུ་དཔོན་ས་སྐུ་གཤེགས་པའི་གྲལ་དབུ་མཛད་ཅིང་བདེ་མཆོག་གི་སྒོ་ནས་ངན་སོང་སྦྱངས། ཉེ་གནས་ཆེན་མོ་འདས་པའི་དགེ་བ་རྒྱ་ཆེན་མཛད། རྗེ་ཟླ་འོད་གཞོན་ནུའི་གདན་ས་བ་སྒམ་པོ་ཆོས་རྗེ་བསོད་ནམས་རྒྱ་མཚོ་བསྙེན་པར་རྫོགས་པའི་མཁན་པོ་མཛད། ས་སྐྱོང་ཆེན་པོ་དོན་ཡོད་རྡོ་རྗེས་སྤྱན་དྲངས་སྟེ་གཙང་ལ་ཆིབས་ཁ་བསྒྱུར། དཔལ་འབྱོར་རབ་བརྟན་དུ་ཐུ་བཙུན་བསོད་ནམས་འབྱུང་གནས་དཔལ་བཟང་པོ་རབ་ཏུ་ཕྱུང༌། བསུ་བའི་བཀོད་པ་ཆེན་པོས་གཞིས་ཀ་རིན་སྤུངས་སུ་སྤྱན་དྲངས། ས་སྐྱོང་ཁུ་(པ༡༥༠བ)


PTT001_Page_1168
[མ་དཔེ་གཟིགས་ན་འདིར་གནོན།]

དབོན་ལ་རྫོགས་ཆེན་རྡོ་རྗེ་ཟམ་པ་སོགས་དང་ཆག་ལོ་གསུམ་པ་དང་བྱམས་ཆེན་མཁན་པོ་སོགས་ལ་རང་བྱུང་བཀའ་འབུམ་དང་ཁྲིད་སོགས་དུ་མ་གནང༌། བ་དོར་རྗེ་བཙུན་མར་པ་ཡབ་སྲས་ཀྱི་རྟེན་ལ་བཀུར་སྟི་མཛད། མར་པའི་ཆོས་ཁྲི་ལ་བཞུགས་སྟེ་བརྟག་གཉིས་རྒྱུད་གསུམ་དུ་བསྡུས་སྟེ་གསུངས། ཤངས་འབྲོང་ཁང་གི་རབ་དུ་ཕེབས། ས་སྐྱོང་ཆེན་པོ་སོགས་ལ་སྦྱོར་དྲུག་གི་ཁྲིད་མཛད། ཕྱོགས་དེའི་སྐྱ་སེར་མཆོག་དམན་ཀུན་གྱིས་གུས་པས་བཀུར་ཞིང་ཚོགས་ཆོས་གནང༌། དེ་བླ་མ་ཆོས་འཕགས་ལྟས་བཟང་པོ་དང་བཅས་ནས་འདས་པ་ལ་དགེ་བ་རྒྱ་ཆེར་མཛད། སླར་གཙང་པོ་བརྒལ་སྟེ་གསེར་མདོག་ཅན་དུ་པཎ་ཆེན་རིན་པོ་ཆེས་གཞི་ལན་མཛད། བསམ་གྲུབ་རྩེར་བསུ་བའི་བཀོད་པས་ཕེབས་ཅིང་དཔོན་བློན་ལ་དུས་འཁོར་རྒྱུད་ཕྱི་དང་སངས་རྒྱས་དབྱངས་ཀྱི་སྦྱོར་དྲུག་ལ་སོགས་པ་གསུངས། བཀྲ་ཤིས་ལྷུན་པོའི་དགེ་འདུན་ལ་ཚོགས་ཆོས་དང་ཁྱད་པར་དེའི་འདྲེན་པ་པཎ་ཆེན་ཡེ་ཤེས་རྩེ་མོ་ལ་མཁའ་འགྲོ་རྒྱ་མཚོའི་རྒྱུད་སོགས་དང་རྟ་ནག་ཐུབ་བསྟན་རྣམ་རྒྱལ་གྱི་འདྲེན་པ་ཀོང་སྟོན་དབང་ཕྱུག་གྲུབ་པ་ལ་ཨོ་ཌྱན་བསྙེན་སྒྲུབ་ཀྱི་གཞུང་བཤད་སོགས་བསྩལ། སྣར་ཐང་གནས་རྙིང་དགའ་བ་གདོང་སོགས་ཀྱི་ཆོས་དཔོན་ཐམས་ཅད་ཀྱིས་གུས་པས་བཏུད། ཞ་ལུ་གདན་ས་པ་རིག་འཛིན་རྒྱལ་པོ་སོགས་ཞ་ལུ་སྡེ་དགོན་གྱིས་གུས་པས་བསྐུར། སྐུ་ཅུང་ཟད་བསྙུན་པ་སྒྲོལ་དཀར་ལ་གསོལ་བ་བཏབ་པ་དང་སྐུ་རིམ་གྱིས་དྭངས། དཔལ་བསྣམས་པ་སྐོར་དུ་སྤྱན་དྲངས་སྟེ་མཆོད། ལམ་ན་གནས་པའི་སྐྱེ་བོ་མཆོག་དམན་རྣམས་ཀྱི་སོ་སོའི་འབྱོར་པ་བཞིན་མཆོད་སྟེ་སླར་རིན་སྤུངས་སུ་ཕེབས། བྱམས་ཆོས་ལུང་གི་དཔོན་སློབ་ཐམས་ཅད་ལ་གསུང་རྒྱ་ཆེར་གནང༌། བདེ་ལྡན་རྫོང་གི་དབེན་གནས་སར་པ་ལ་རབ་གནས་མཛད། རྩེ་ཤར་(པ༡༥༡ན)


PTT001_Page_1169
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་ལ་སྟོད་ལྷོ་བྱང་རྣམ་སོ་སོས་ཇ་འདྲེན་ཕུལ། ས་སྐྱོང་ཆེན་པོས་གཞིས་ཀ་ཐམས་ཅད་དུ་འབུལ་ཞབས་རྒྱ་ཆེན་ཞིང་ཁྱད་པར་རིན་སྤུངས་སུ་མཐོང་ཐོས་ཀྱི་སྐྱེ་བོ་ཧ་ལས་པའི་འབུལ་ཆེན་བྱས། སླར་དབུས་ལ་ཆིབས་ཁ་བསྒྱུར། ཡར་སྲིང་དུ་ཡ་འབྲོག་དཔོན་གྱིས་འབུལ་ཞབས་ཆེར་མཛད། བྱང་ཐང་ནས་ཆུ་ཤུལ་ལྷུན་པོ་རྩེ་བྱོན། གདན་སའི་ཁུར་རིང་དུ་གནང་དགོས་པར་ནན་གྱིས་ཞུས་པ་ལ་ཞལ་གྱིས་བཞེས། སྐྱི་སྟོད་སྨད་དུ་ཕེབས། ལྷ་སར་མཆོད་པ་དང་པོ་ཏ་ལའི་ཁང་སར་གྱི་རབ་གནས་མཛད། གསང་ཕུ་གུང་ཐང་དགའ་སྐྱོར་ཟུལ་གསུམ་འབྲས་སེར་ལ་སོགས་བཤད་གྲ་རྣམས་ཀྱིས་ཆོས་སྨྲ་བ་རྣམས་དང་སྒོ་ཡབ་ལ་སོགས་སྒྲུབ་གྲའི་བླ་མ་ཐམས་ཅད་ཀྱིས་མཇལ་ཞིང་སོ་སོའི་འདོད་ཆོས་ཞུས། མོན་དང་ཀོང་པོའི་འབུལ་སྐྱེལ་རྣམས་ལྷགས། འབྲི་ཁུང་གི་གདན་ས་པ་རྗེ་འཇིག་རྟེན་མགོན་པོ་དངོས་འབྱོན་པར་ལུང་བསྟན་པའི་རྗེ་ཀུན་དགའ་རིན་ཆེན་ཆེད་དུ་མཇལ་བའི་ཕྱིར་ལྷ་སར་ཕེབས་པ་དང་ཁྱམས་ཁྲ་ཆེན་མོར་མཇལ། དབང་རྒྱུད་མན་ངག་མཐའ་ཡས་པས་ཐུགས་ཚིམ་པར་མཛད། ས་སྐྱོང་ཆེན་པོས་འབྲི་གདན་གྱི་རིན་པོ་ཆེ་རྣམ་གཉིས་ལ་མཆོད་པའི་སྤྲིན་མཐའ་ཡས། སླར་འོན་ཕྱོགས་ལ་ཆིབས་ཁ་བསྒྱུར། སྨོན་མཁར་དུ་མཆོད་ཡོན་མཇལ། གདན་སར་ཕེབས་སྟེ་སྐུ་འཁྱོས་གནང༌། གནས་ནང་དང་དགའ་ལྡན་མ་མོར་གདན་ས་སར་དུ་བསྐོས། རྩེར་ཕེབས་སྟེ་ཆོས་དུ་མ་གནང༌། ལམ་དུ་ཡར་རྒྱབ་ནས་མཆོད་ཅིང་ས་སྐྱོང་ཆེན་པོས་བྱང་ཐང་ནས་མདུན་བསུས་སྟེ་ཇོ་མོ་ཁ་རག་གི་འདབས་སྟག་རྩེ་རྫོང་དུ་ཟླ་བ་དགུ་པའི་སྟོང་ལ་ཕེབས། ཁ་རག་གི་གནས་གཟིགས། ས་སྐྱོང་མཆོད་ཡོན་ལ་དུས་འཁོར་དབང་གོང་མ་མཛད། ཟླ་བ་དེའི་ཉེར་གསུམ་ནས་ལོ་(པ༡༥༡བ)


PTT001_Page_1170
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ཀྱི་བཅད་རྒྱ་དམ་པར་མཛད། ཐུན་བར་དུ་ཆོས་དྲུག་ལུང་སྦྱོར་ཆེན་མོ་མཛད། ལྕགས་བྱ་སར་ནས་མཱ་ཡའི་སྒྲུབ་ཐབས་སོན་མཛད། མནལ་ལྟས་ལ་སྤོས་ཀྱི་གླང་པོ་ཆེ་གངས་རི་ལྟ་བུ་ལ་ཆིབས་ནས་འབྱོན་པ་དང༌། འབྲུག་རིང་ཞིང་ཆེ་བ་དུ་བ་འཁྱིལ་བ་ལྟ་བུ་སྔོ་ནག་ལ་ཆིབས་སྟེ་ནུབ་ནས་ནུབ་བྱང་དུ་སོང་བ་ན་དེའི་མགོ་བོ་སྤྲིན་གྱི་དབུས་སུ་ཞུགས་ཤིང་འབྲུག་སྒྲ་དྲག་པོ་ཡུན་རིང་དུ་གྲག་པའི་ལྟས་གཟིགས་པ་བདེ་ཆེན་ཡངས་པ་ཅན་གྱི་ཆོས་སྡེའི་ལྟས་སུ་དགོངས། དབྱར་གཡུལ་རྒྱལ་རྫོང་དུ་བཞུགས་གནས་སྤོས་སྟེ་སྐུ་མཚམས་ཐུན་བར་དུ་གདན་བཞིའི་དཀྱིལ་ཆོག་དང་འདུས་པའི་སྐྱེད་རིམ་རྣམ་བཤད་སོགས་མང་དུ་མཛད། ཇོ་མོ་ཁ་རག་གི་བར་ཆད་སེལ་བ་དང་འཕྲིན་ལས་སྒྲུབ་པར་གཟིགས། རྒྱལ་བའི་མཆོད་རྟེན་རིན་པོ་ཆེའི་རང་བཞིན་འོད་འབར་བ་མནལ་ལམ་དུ་གཟིགས་པས་རྟེན་འབྲེལ་དུ་རྣམ་རྒྱལ་མཆོད་རྟེན་མཛད། སྐུ་མཚམས་ནང་མ་གྲོལ་ནས་སྦྱིན་བདག་ཆེན་པོ་མཆོད་ཡོན་སོགས་ལ་དུས་འཁོར་གྱི་དབང་རྫོགས་སོགས་དང་བྱང་ཆུབ་སེམས་སྡོམ་གནང༌། དགུ་པའི་ཉེར་དྲུག་ལ་བཏེག་སྟེ་ཆུ་བོ་རི་ནས་ལྷུན་པོ་རྩེར་མཆོད་ཡོན་ལྷན་ཅིག་པས་ཕེབས། མི་དབང་ཆེན་པོ་ལ་ཕྱག་རྡོར་འཁོར་ཆེན་གྱི་དབང་སོགས་དང་བྱམས་ཆེན་གདན་ས་པ་ལ་ཆོས་དྲུག་སོགས་གནང༌། མདོ་ཁམས་རྒྱ་སྟོན་པོ་སོགས་མང་དུ་འདུས་པ་ལ་ཆོས་དང་ཟང་ཟིང་གི་སྦྱིན་པ་མཛད། ས་སྐྱོང་ཆེན་པོས་ཁྱད་ནོར་མང་དུ་ཕུལ། སྲིན་པོ་རིར་བདེ་མཆོག་རང་བྱུང་ལ་མཆོག་ཅིང་སྨོན་ལམ་མཛད། བྱང་ཁའི་གཞུང་བརྒྱུད་སྦྲགས་མདར་ཡར་རྒྱབ་ནས་ཐུ་བཙུན་སྐུ་མཆེད་ཀྱིས་བསྙེན་བཀུར། ཟླ་བ་བཅུ་གཅིག་པའི་ཚེས་དྲུག་ལ་ཐེལ་དུ་ཕེབས། སྐུ་འཁྱོས་ཀྱི་མཆོད་སྦྱིན་མཛད། ཐར་མར་འོད་དཔག་མེད་ཀྱི་སྐུ་རྒྱབ་མཐོ་བཅོ་(པ༡༥༢ན)


PTT001_Page_1171
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པ་ཟངས་གསེར་ལས་བཞེང་དུ་བཅུག །དེའི་ཚེ་ནག་པོ་ཆེན་པོས་འདུད་པའི་མནལ་ལྟས་ཤར། ཆུ་ཁྱི་ཟླ་བ་དང་པོའི་ནག་པོའི་ཚེས་བཅུ་ལ་ཐེལ་གྱི་མཁན་སློབ་སོགས་དུ་མ་ལ་བདེ་མཆོག་ལྷ་ལྔའི་དབང་གནང་ཞིང་གྲུབ་མཆོད་ཀྱི་རྒྱུན་མཛད། རྟེན་ཆེན་ཐེལ་དུ་སྤྱན་དྲངས་སྟེ་གཟུངས་བཞུགས་གྲུབ་ནས་བཞི་པའི་ཡར་ཚེས་ལ་རབ་གནས་མཛད། དགའ་སྟོན་ཡོན་རྫོངས་སོགས་ཐེལ་ཕྱི་སྔར་སྲོལ་བཞིན་གནང༌། ཆུ་བར་དུ་རི་ཐེབས་བརྫངས། རྩེ་དང་འཕྱོང་རྒྱས་སུ་ཕེབས་སྟེ་སྐྱེད་མོས་ཚལ་དུ་སྐུ་མཚམས་མཛད། ཏི་སེར་རི་ཐེབས་གནང༌། དཔལ་རིའི་ལྷ་བབ་མཆོད་རྟེན་གྲུབ་པ་ལ་རབ་གནས་མཛད། ལྷུན་པོ་སྒང་དུ་ཕེབས་སྟེ་ལྷ་རིགས་ཆེན་པོས་མཆོད། གཡས་བཟང་སྤྱན་སྔ་སོགས་ཀྱི་བསྙེན་པར་རྫོགས་པའི་མཁན་པོ་མཛད། སླར་སྲོང་བཙན་དུ་ཕེབས་སྟེ་སྦྱིན་བདག་ཆེན་པོ་རྣམས་ལ་དུས་ཀྱིས་འཁོར་ལོའི་དབང་རྫོགས་པར་མཛད། འཕགས་སྡེ་ལ་མགོན་པོ་ཕྱག་བཞི་པའི་རྗེས་གནང་མཛད་སྟེ་ཆོས་སྐྱོང་དུ་འཛིན་པར་གྱུར། སླར་སྣེ་གདོང་དང་གྲག་ཁར་མཆོད་ཡོན་མཇལ་ཞིང་རྡོར་དབྱིངས་ཀྱི་དབང་སོགས་གནང༌། སླར་ཐེལ་དུ་ཕེབས་ནས་ཆོས་དབང་དུ་མ་གནང༌། དཔོན་སས་རྒྱལ་བཟང་གི་བར་སྐྱེལ་ཐུང་མཛད་སྟེ་སྐྱི་ཤོད་ལ་ཐེགས། འཕན་ཡུལ་རྒྱལ་གྱི་ཕུ་ནས་ས་སྐྱོང་ཆེན་པོས་སྟོད་ལུང་བདེ་ཆེན་ལྷ་འབངས་སུ་ཕུལ་བ་དེར་ཕེབས། ཟླ་བ་བརྒྱད་པའི་ཉེར་བརྒྱད་ཀྱི་ཉིན་ས་སྐྱོང་ཆེན་པོ་གཙོ་བོར་གྱུར་པའི་སྐྱེ་བོ་མཐའ་ཡས་པས་བསུས་སྟེ་ཨར་བྱང་ཆུབ་ཡེ་ཤེས་ཀྱི་ཆོས་གཞི་གནམ་རྩེད་ལྡེང་དུ་ཕེབས། རྗེ་ཀརྨ་པ་གཞུར་གདན་ཆགས་པ་དང་དུས་མཚུངས་པས་མཇལ་བར་བཞེད་ཅིང་སྦྱིན་བདག་ཆེན་པོས་མཚམས་སྦྱར་(པ༡༥༢བ)


PTT001_Page_1172
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སངས་རྒྱས་ཀྱི་བསྟན་པའི་སྐུ་ཆགས་དང་གདུལ་བྱ་རྣམས་སྐལ་བ་དམན་པས་ཞལ་མཇལ་མ་གྲུབ། དཔོན་སློབ་གཉིས་དགོངས་པ་དབྱེར་མི་ཕྱེད་ཀྱང་ཅུང་ཟད་མི་མཛེས་པའི་སྐྱེ་བོའི་ཡ་ཁ་བག་ཙམ་བྱུང༌། ཟླ་བ་དགུ་པའི་ཚེས་གཉིས་ནས་ས་སྐྱོང་ཆེན་པོ་ལ་འཆི་མེད་རྔ་སྒྲའི་དབང་བརྒྱ་རྩ་གནང་ཞིང་དེའི་ཚེས་དྲུག་ལ་ཚལ་པ་བཀའ་འགྱུར་ཤིན་དུ་དག་པ་གསུང་རབ་ཞུས་དག་གི་མའི་ཐེས་སུ་བཞེངས་པ་དེ་སོགས་དངོས་སྤྱད་དུ་མ་དང༌། འཐུས་བཙུན་ཉིས་བརྒྱ་དེའི་ཕོགས་ཐེས་ཀྱི་མཆོད་གཞིས་རྣམས་ཕུལ་སྟེ་སར་པ་རྣམས་དགེ་བསྙེན་དུ་བཅུག །བཅུ་པའི་ཚེས་ལྔ་ལ་བཏེག་སྟེ་སྙིང་དྲུང་སོགས་བརྒྱུད་ནས་སྟག་ལུང་ཐང་དུ་ཕེབས། ཆོས་རྗེ་སྐུ་མཆེད་ལ་རྡོར་དབྱིངས་ཀྱི་དབང་སོགས་ཆོས་བཀའ་དུ་མ་གནང་ཞིང་ཚོགས་པ་ཐམས་ཅད་ཆོས་དང་ཟང་ཟིང་གིས་ཚིམ་པར་མཛད། འབྲི་ཁུང་དུ་སྤྱན་དྲངས་སྟེ་ལམ་དུ་འགྲོ་དོན་མཛད་བཞིན་པས་ཇ་ལྡང་ཕུག་དུ་ཆོས་ཀྱི་རྗེ་ཐོག་ཁ་བ་དཔོན་སློབ་ཀྱིས་སྔུན་བསུས་སྟེ་མཚེའུ་ཁའི་གཟིམས་ཁང་ཆེན་པོར་ཕེབས། མཁར་ཐོག་དཔོན་བློན་གྱིས་འབུལ་ཞབས་མཛད། ཆོས་རྗེ་ཁུ་དབོན་ལ་འབུལ་ནོད་ཚོགས་སུ་མང་སྐོལ་འགྱེད་ཆས་གནང༌། བཅུ་གཅིག་པའི་ཚེས་བཞི་ལ་ཐེལ་དུ་ཕེབས་སྟེ་མཆོད་པ་དང་སྐྱོབ་པའི་བསྟོད་པ་མཛད། མཁན་སློབ་ཆོས་གསུམ་སོགས་བླ་མ་རྣམས་ལ་དབང་ཆོས་དུ་མ་གནང༌། ཆོས་རྗེ་རིན་པོ་ཆེ་ཁུ་དབོན་ལ་ཚེ་དབང་བརྒྱ་རྩ་དང་དུས་འཁོར་གྱི་དབང་སོགས་ཀྱིས་བཞེད་པ་བཀང༌། ཆུ་ཕག་གི་ལོ་སར་ནས་དང་པོའི་ཉེར་བརྒྱད་ལ་བཏེག །ཆོས་རྗེས་རེབ་ཚ་ཁར་སྐྱེལ་ཐུང་མཛད། བྱང་གི་ས་ཅི་རིགས་པར་བྱོན་སྟེ་ཉི་ཁྲི་ལ་སོགས་པར་གཞན་དོན་མཛད། འདམ་གཞུང་(པ༡༥༣ན)


PTT001_Page_1173
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སུ་ཕེབས་ཡོར་དགོན་དུ་སྐུ་འབུམ་ལ་མཆོད་པ་མཛད། དམ་ཅན་པས་བསུ་བ་དང་རྒྱན་དགོས་ཚུལ་སྟོན་པར་གཟིགས། རྩེང་ལྡེང་དུ་བྱོན་སྟེ་མཐུན་རྐྱེན་རྣམས་ས་སྐྱོང་ཆེན་པོས་རྟག་པར་སྦྱར་སྟེ་དགོན་ས་བརྟགས་པ་ན་ལྷ་བརྒྱད་ཀྱི་གངས་ཀྱི་ར་བའི་དབུས་རི་བོ་འབྲང་རྒྱས་ཅེས་བྱ་བ་གཉན་ཆེན་ཐང་ལྷའི་ཤར་ཕྱོགས་བདེ་ཆེན་གྱི་རི་བོ་ཉིད་འཐད་པར་གཟིགས་སྟེ་གསུམ་པའི་བཅུ་གསུམ་ནས་ས་སློང་བའི་ཆོ་ག་ཉིན་གསུམ་མཛད་པའི་གསུམ་པའི་ཐོ་རེངས་མནལ་ལྟས་དགེ་བ་གཟིགས་ནས་དེའི་ཉེར་བཞི་གཟའ་སྐར་བཟང་བ་ལ་དུས་འཁོར་ཐུགས་དཀྱིལ་དང་འབྲེལ་བར་ལྟོ་འཕྱེ་བརྟག་པ་སོགས་ས་ཆོག་བཀྲ་ཤིས་དང་བཅས་པ་མཛད། དགུང་ལོ་ང་གཅིག་པ་ཆུ་མོ་ཕག་ལོ་ཟླ་བ་བཞི་པའི་ཚེས་བཅུ་དགུ་གཟའ་སྐར་སྦྱོར་བྱེད་བཟང་པོ་ལ་གཙུག་ལག་ཁང་བླ་བྲང་དང་བཅས་པ་ཀ་བ་བདུན་བཅུ་དོན་དྲུག་གི་ས་ཡུལ་བླ་ཡེལ་ཆེན་མོ་སྐོར་ལམ་གྲ་ཁང་བརྒྱ་དང་གོ་བདུན་རྣམས་ཀྱི་རྨང་བཏིང༌། ཉེར་གསུམ་ལ་དཀོན་མཆོག་གི་མཆོད་པ་རྒྱ་ཆེན་དང་ལྷ་ས་བསམ་ཡས་སོགས་ལའང་མཆོད་པ་འབུལ་མི་གནང་སྟེ་གེགས་མེད་དུ་འགྲུབ་པའི་གསོལ་འདེབས་མཛད། ས་སྐྱོང་ཆེན་པོས་བསྒོས་སྟེ་གཙང་དབུས་ཁམས་འབྲོག་གི་ལས་མི་མཐའ་ཡས་པས་བརྩིགས། ཟླ་བ་དགུ་པ་ཡན་གྱི་གཙུག་ལག་ཁང་འོག་ཐོག་སྐོར་ཁང་ཉིས་ཐོག་ཁང་ཕྲན་རྣམས་ཕལ་ཆེར་གྲུབ། དགུ་པའི་ཉེར་གསུམ་ལ་འདུ་ཁང་ཞལ་སྲོའི་འབུལ་ཞབས་རྣམས་ས་སྐྱོང་རིན་ཆེན་རྒྱལ་མཆོག་གིས་བསྒྲུབས། རྩེ་འབྲི་གདན་སྟག་ལུང་སོགས་ཐམས་ཅད་ནས་ལེགས་ཇ་ཕུལ། དེ་དག་གི་སྐབས་སུ་ཁྲིད་ལུང་དུ་མ་གནང་ཞིང་སར་བུ་རྣམས་རབ་ཏུ་ཕྱུང་སྟེ་དབང་ཆོས་དུ་མ་གནང་ཞིང་ལག་ལེན་དུ་མ་བཙུགས། གནས་ནང་དང་ཆུ་ཤུལ་སྲིད་(པ༡༥༣བ)


PTT001_Page_1174
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཁར་དང་སླར་ཡང་གནས་ནང་རྣམས་སུ་བཞུགས་ཤིང་འགྲོ་དོན་མཛད། ཤིང་བྱི་སར་ནས་བསླབ་བཏུས་སོགས་གསུངས། གློ་བོ་ཆོས་རྗེ་བློ་གྲོས་རྒྱལ་མཚན་གྱིས་གངས་ཅན་དང་ཏི་སེ་གཅིག་གམ་ཐ་དད་དྲིས་པའི་ལན་མཁས་པའི་རྣ་རྒྱན་མཛད། སྐྱོར་ལུང་ལུམ་པ་ལ་སོགས་དང་བསམ་ཡས་ནས་ཆུ་བུ་བསྒྲལ་སྟེ་རྩེར་མཆོད་ཡོན་མཇལ། སླར་གདན་སར་ཕེབས་སྟེ་ཆོས་ཀྱི་འཕྲིན་ལས་དང་ཕྱོགས་ཀྱི་འབུལ་སྐྱེལ་བ་རྣམས་ལ་ཆོས་དང་ཟང་ཟིང་གི་སྦྱིན་པ་མཛད། ཡང་དགོན་ཕོ་བྲང་གི་རྟེན་སར་བཞེངས་རྣམས་ལ་ཤིས་བརྗོད་མཛད་སྟེ་བྱམས་པའི་གསེར་སྐུ་རྒྱབ་མཐོ་དྲུག་པ་གཞེང་བར་བཀའ་གནང་སྟེ་ཕྱིས་གྲུབ་པ་ན་རབ་ཏུ་གནས་པ་མཛད་སྟེ་མོན་ཆོས་སྡེའི་རྟེན་གཙོར་གནང༌། ཏི་སེར་རི་ཐེབས་བརྫངས། བདུན་པའི་ཚེས་དྲུག་ལ་སྣེ་གདོང་རྩེར་དཔོན་ས་ལ་འཇའ་ས་ཞུ་བ་དང་སྤྲུལ་སྐུ་ཆོས་དཔལ་ཡེ་ཤེས་ཀྱི་འཕྲིན་ལས་ཀྱི་རྒྱུན་གྱི་རྟག་འབུལ་དང་བཅས་ཛམ་གླིང་བདག་པོ་ཧུང་ཇིའི་དྲུང་དུ་གནང༌། སྤྱིར་གཡུང་པའི་དཔོན་དྲུང་ཚེ་དབང་གིས་རྒྱལ་རྩེ་བའི་སྟེང་དུ་དམག་བཏེག་པ་རྒྱང་རོར་བུབ་སྟེ་བཙོན་དུ་ཤོར་བ་ཐོག་མར་ལྷོ་སྟོད་པ་དགོས་དགོས་རྒྱ་ལའི་ཕྱག་དུ་ཕོག་པ་རྒྱལ་རྩེར་བཏད་པའི་ནད་ལན་གྱིས་རིན་སྤྲུངས་པ་དཔོན་བློན་ལྷོ་སྟོད་པ་ལ་ཐུགས་མ་བདེ་བར་ཡོད་པ་ལས་སྐབས་འདིར་དཔུང་རྣམས་དཀར་མོ་གླིང་ཁར་ཚོགས་སྟེ་ལྷོ་སྟོད་ལ་འདེགས་པར་ཐག་ཆོད་པ་ན་སྔར་གྱི་སྦྱིན་བདག་ཡིན་པའི་རྒྱུན་གྱི་ཐུགས་བརྩེ་བས་དགོངས་པ་མཛད་སྟེ་དཔོན་གཡོག་གི་ཞུ་འཇགས་གནང་བས་གཞིས་ཀ་ནས་ཀྱང་གསན། ས་སྣ་ཙམ་ཕུལ་བས་ཆོག་པ་བྱུང་སྟེ་ལྷོ་སྟོད་པའི་སྲིད་བརྟན་པ་རྗེ་འདིའི་བཀའ་དྲིན་ཡིན། རིན་སྤུངས་ནས་རྒྱལ་མཁར་བ་ཆོས་མཛད་གྲགས་པ་རིན་ཆེན་གྱི་ལག་ནས་སྤེ་ཆུང་ལེན་པར་མི་སྣ་མངགས་པ་ཕྱི་དྲོ་སླེབས་རྒྱུའི་སྔ་དྲོ་མགོན་སྐྱབས་(པ༡༥༤ན)


PTT001_Page_1175
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མི་སྣ་གནང་བ་སྔུན་ལ་སླེབས་པས་དབང་ལག་བྱས་སྟེ་སྤེ་ཆུང་ཁོང་རང་ལ་འཇགས་སུ་བཅུག་པས་ན་སྤེ་ཆུང་བ་གནས་པའང་རྗེ་འདིའི་བཀའ་དྲིན་ཡིན་ནོ། །དེ་ལྟར་འཕྱོང་རྒྱས་སུ་བཞུགས་སྟེ་འཕྲིན་ལས་ཆེན་པོ་དུ་མ་མཛད། རྩེ་བྲག་ཁ་ཐར་མ་སོགས་རྒྱུད་གདན་སར་ཕེབས། དེ་ཐམས་ཅད་རྒྱ་སྟོན་དབོན་ན་མཁའ་པ་སོགས་མང་པོ་ལ་ཆོས་གདམས་ངག་གནང་ཞིང་རབ་བྱུང་བསྙེན་རྫོགས་མང་དུ་བསྒྲུབས། རྩེར་ཕེབས་སྟེ་དབོན་ས་ལེགས་འཚོ་རྒྱལ་མོ་བཙུན་མོའི་ཐོག་མར་ཕེབས་པ་ལ་ཤིས་བརྗོད་མཛད། སྨན་ཁང་པ་རབ་ཏུ་ཕྱུང༌། ཡང་རྒྱབ་ཏུ་ཤིང་གླང་སར་ནས་གཞིས་ཀ་སོ་སོའི་ཞབས་ཏོག་དང་དབང་ཆོས་གནང་བ་སོགས་དུམ་མཛད། སྣེ་འུར་ཕེབས། འབྲས་སྤུངས་གདན་ས་མཁས་བཙུན་པ་སོགས་ལ་དབང་ཆོས་གནང༌། གཉིས་པའི་བཅུ་གཅིག་ལ་ས་སྐྱོང་ཆེན་པོ་དང་བཅས་པའི་མཆོད་ཡོན་ཐམས་ཅད་པོ་ཊ་ལར་ཕེབས། སྒོ་ཡབ་གདན་ས་པ་རིན་ཆེན་བྲག་པ་སྙུག་ལ་ཆོས་རྗེ་རྣམས་ལ་ཆོས་དུ་མ་གསུངས། སླར་སྣང་རྩེ་གནས་ནང་སྨོན་མཁར་བརྒྱུད་སྟེ་ཡངས་པ་ཅན་དུ་ཕེབས། གཙུག་ལག་ཁང་སོགས་སྤེན་བད་ཀྱི་བར་དུ་གྲུབ་འདུག་པའི་རི་མོ་ཤིང་རྩི་སོགས་ཀྱི་མགོ་བརྩམས། ཕྱོགས་ཀྱི་འདུས་པ་རྣམས་ལ་གསུང་ཆོས་ཅི་རིགས་གནང༌། ནད་ཡམས་ཅུང་ཟད་བྱུང་བ་དཀོན་མཆོག་ལ་གསོལ་བ་འདེབས་པ་དང་གཞི་བདག་གི་ཐུགས་དམ་བསྐུལ་བས་ཞི། བླ་མེད་ཀྱི་དཀྱིལ་འཁོར་སྒྲུབ་མཆོད་དུ་མ་བཙུགས། ཕྱོགས་ཐམས་ཅད་དུ་ཆོས་སྡེའི་སྙན་གྲགས་ཆེར་བྱུང་བ་སྔོན་འབྲུག་མགོ་སྤྲིན་གསེབ་ན་སྒྲ་སྒྲོག་པའི་རྟེན་འབྲེལ་དུ་སྣང༌། སྔོན་དཔལ་མཁའ་(པ༡༥༤བ)


PTT001_Page_1176
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་དབང་པོས་འདི་དང་མི་རིང་བའི་ཕུག་དུ་སྒྲུབ་པ་མཛད་པས་མཁའ་སྤྱོད་ཕོ་བྲང་དུ་གྲགས་ཤིང་དེ་ནས་མ་འོངས་པ་འདིར་ཁོ་བོའི་གནས་འབྱུང་ཞེས་ལུང་བསྟན་པར་སྣང༌། འདི་རྣམས་ཉིད་ཀྱིས་མཛད་པའི་རྟོགས་བརྗོད་ཨུཏྤ་ལའི་དོ་ཤལ་སྔ་ཕྱིར་དགུང་ལོ་ང་བཞིའི་བར་གྱི་རྣམ་ཐར་ཚིགས་བཅད་དུ་མཛད་པ་ལས་ཅུང་ཟད་རེ་བསྡུས་པ་ཡིན་ལ། དེ་ནས་ཡངས་པ་ཅན་དུ་རྟེན་ཆེན་གཙོ་འཁོར་རྣམས་བཞེང་བ་དང༌། ཞྭ་དམར་ཅོད་པན་འཛིན་པ་ན་རིམ་གྱི་གསེར་སྐུ་སྐུ་ཚད་མ། མགོན་ཁང་དུ་ཀར་ལུགས་དང་ཐེལ་པའི་ཆོས་སྐྱོང་གི་སྐུ། སྟེང་འོག་ཐམས་ཅད་དུ་རི་མོའི་བཀོད་པ་ཁྱད་པར་ཅན་སྨན་ཐང་པ་སྨན་བླ་དོན་གྲུབ་ཡབ་སྲས་དང་མཁྱེན་བརྩེ་བས་བྲིས། གཙུག་ལག་ཁང་ཕྱི་ནང་ཐམས་ཅད་ལྷན་ཅིག་དུ་གྲུབ་པས་གྲུབ་མགྱོགས་པ་དང་དངོས་གཙང་བ་དང་བླ་གབ་ཆེ་བ་འདི་ལྟ་བུ་སྔོན་མ་བྱུང་ཞེས་བདག་ཆུང་ངུའི་དུས་སྒྲོག་ཅིང་སྣང༌། བདུན་གྱི་ནེ་ཐང་ལ་གོས་སྐུའི་ཚད་ཀྱི་རས་བཀྲམ་པའི་སྟེང་དུ་སྨན་ཐང་འཇམ་དབྱངས་པས་གོས་ཆེན་གྱི་ལྷམ་གྱོན། ལག་དུ་སོལ་པིར་ཡུ་བ་ཅན་བཟུང་བས་ཐུབ་ཆེན་གྱི་སྐུ་བྲིས་སྟེ་ཚོན་ཡིག་བཏབ་ནས་དེ་ཇི་ལྟ་བར་གོས་ཆེན་ཁ་དོག་སོ་སོ་དྲན་ནས་བསྒྲིགས་པའི་གོས་སྐུ་ཤིན་དུ་ཆེ་བ་བསྒྲུབས་སྟེ་རབ་གནས་ལ་སོགས་པའི་དུས་སུ་ངོ་མཚར་གྱི་ལྟས་དུ་མ་བྱུང་སྐད། གོས་སྐུ་ཆེན་པོ་འདི་ལྟ་བུ་ལ་ཐིག་འདེབས་པ་སོགས་མེད་པར་ཧོལ་བྲིས་ལན་གཅིག་ལས་སྤོ་ལན་སོགས་མ་དགོས་པས་གཟོ་བོ་མཁས་པའི་ཕུལ་དུ་སྒྲོག་ཅིང་གཙོ་བོར་རྗེའི་ཐུགས་རྗེ་ཡིན་པ་སྙམ་མོ། །ཞིང་སྐྱོང་མི་ལ་བརླམས་སྟེ་དགའ་ལྡན་མ་མོའི་གཙང་ཁང་གི་ཀ་བ་ནང་མ་རུལ་ཡོད་པས་རྗེ་བ་ལ་ཕེབས་དགོས་པར་ཞུས་སྟེ་རྟ་ལོ་ལ་ཕབས་སྟེ་ཀ་བའི་རྨང་འབྱིམ་གསེབ་ཏུ་ནུབ་པའི་དབང་གིས་ཆེས་རུལ་འདུག་པ་བཅད་སྟེ་འཕྲུལ་གིས་གསོ་བ་(པ༡༥༥ན)


PTT001_Page_1177
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། དེའི་ཚེ་མཐུ་སྟོབས་ཆེན་པོའི་དཔུང་གཡེ་བླ་འབྲིང་དུ་ལྷགས་པས་ཐམས་ཅད་ཀྱིས་མགོན་སྐྱབས་ཞུས་སྟེ་ཟླ་གཅིག་ཞག་བཅུ་ནས་ཐེགས་སྟེ་དམག་ཞི་བ་དང་སྡེ་དཔོན་མང་ཞིག་མི་འཇིགས་པའི་སྦྱིན་པས་དབུགས་ཕྱུང༌། དགུང་ལོ་དྲུག་བཅུ་པ་སྤྲེལ་ལོ་ལ་བདག་གིས་རབ་བྱུང་གི་བཀའ་དྲིན་ནོད་པ་ཡིན། འདི་ཚེ་རྒྱ་ནག་གི་ཕོ་ཉ་རྣམས་འཁོར་སྟེ་ལུང་ལིང་ཇི་འབུལ་ནོད་རྒྱ་ཆེར་བྱུང༌། ས་སྐྱོང་དོན་ཡོད་རྡོ་རྗེ་གནམ་དུ་གཤེགས། དུས་མཐའི་ཆོ་གས་རྗེས་སུ་བཟུང༌། སྐྱི་གཡོར་གྱི་ལམ་བར་རྣམས་སུ་འགྲོ་དོན་མཛད་ནས་གདན་ས་ཐེལ་དུ་ཕེབས་སྟེ་ཕྲིན་ལས་ཆེན་པོ་དུ་མ་མཛད། སླར་ཡང་ཡངས་པ་ཅན་དུ་བྱམས་ཁང་ཆེན་མོ་ཁྱམས་རུང་ཁང་དང་བཅས་པ་ཀ་བ་བརྒྱ་ལྷག་གི་ས་མཛད་སྟེ་བྱམས་པའི་སྐུ་བཞེང་པར་བཞེད་ཀྱང་མནལ་ལྟས་སུ་སངས་རྒྱས་ཤཱཀྱའི་དབང་པོ་ཆོས་འཆད་ཅན་གཟིགས་པས་དེ་ལྟ་བུའི་གསེར་སྐུ་ཤིན་དུ་ཆེ་བ་འཁོར་དང་བཅས་པ་མཛད། བཀའ་འགྱུར་རོ་འཚལ་གསེར་ལས་བཞེང་བ་དང་ཐུགས་དམ་བསྟན་འགྱུར་བཞེང་པར་མཛད། མཚན་ལྡན་ཐོད་པ་སྨུག་ཆུང་གི་མཁའ་འགྲོ་མ་དེའི་སྐུ་སྐྱེ་བ་ལྔ་པ་རྗེ་བཙུན་མ་སྙན་གྲགས་བཟང་མོ་རབ་བྱུང་དང་དགེ་ཚུལ་མར་བསྒྲུབས་ཤིང་གསུང་ཆོས་དུ་མ་གསན་ནས་རྩ་བའི་སློབ་མར་གྱུར། མཁས་པ་ཆེན་པོ་འཇམ་པའི་དབྱངས་འཆི་མེད་དཔལ་བཟང་པོས་གསུང་ཆོས་མང་དུ་གསན། ཐུགས་དད་པ་ཐོབ་ཅིང་ཕྱག་ཆེན་རྣམ་བཤད་ཀྱི་ཐུགས་རྩོམ་ཞུས། འབྲི་ཁུང་དབོན་ཕུ་ལུང་པའི་བདག་རྐྱེན་མཛད་སྟེ་དགེ་ཚུལ་བསྒྲུབས་ནས་གསུངས་ཆོས་ཅི་རིགས་པར་གནང་ནས་འགྲུས་ཁང་པ་དང་དཔོན་སློབ་གཉིས་ཀྱིས་འབྲི་ཁུང་གི་གདན་སར་ནན་གྱིས་བསྐོ་བ་མཛད། གདུང་རྒྱུད་སྐུ་གཞོན་པ་རབ་ཏུ་ཕྱུང་སྟེ་ཐེལ་གྱི་གོ་སར་བསྐོས། རྗེ་ཀརྨ་པ་བརྒྱད་པ་ཀོང་པོར་ཕེབས་པ་ལ་གདན་འདྲེན་ཡང་ཡང་དུ་གནང་ཞིང་ཁྱད་པར་དཔོན་པོ་ཆོས་(པ༡༥༥བ)


PTT001_Page_1178
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་བ་གནང་སྟེ་ཁོང་གིས་ཀྱང་ཕེབས་པའི་ཞལ་བཞེས་མ་བྱུང་གི་བར་དུ་ཅི་ལ་ཐུག་ཡང་མི་འགྲོ་ཞེས་ཡུན་བསྲིངས་ནས་བསྡད། རྗེ་ཀརྨ་པ་ཉིད་ཕེབས་པར་སྤྲོ་ནའང་སྒར་པ་རྣམས་ཀྱིས་མི་ཕེབས་པར་ཞུས། སྤྲེ་ལོ་རྩེར་བཞུགས་དུས་རྗེ་རང་གི་ཕྱག་བྲིས་ངེད་རང་མཇལ་སྤྲོ་བར་ཡོད་རུང་སྒར་པ་རྣམས་ཀྱི་དབང་མ་འདུས་པས་མ་སླེབས་གསུང་བ་ཕེབས་པས་ཆབ་ཤོག་སྤྱི་བོར་གཞག་སྟེ་ངའི་བླ་མ་དེའི་དྲུང་ན་མི་གཞན་མེད་ན་ང་ལ་བཀའ་ཤོག་ནང་གཙང་བ་འདི་ལྟ་བུ་ཕེབས་ཤིང་ཡོད་པ་ཡིན་གསུང་ཞིང་དབུ་ཕྱག་གིས་འཕུར་ཞིང་ད་ནི་ཁོ་བོ་བསྡད་པ་ལ་དགོས་པ་མི་འདུག་གསུངས་ནས་དེ་མ་ཐག་རྩེ་ནས་ཕྱག་བཏེག་དཔོན་སས་དགོན་ཐང་དུ་ཞབས་སྐྱེལ་མཛད་པ་ན་གདན་ས་ཐེལ་གྱི་གོ་ས་འདི་ང་ལ་ཤིན་དུ་གནོད་པར་བྱུང་གསུང་ཞིང་ལམ་རྣམས་སུའང་མྱུར་བས་ཕེབས་སྟེ་ལྷ་ས་ཇོ་བོ་ལ་རིན་པོ་ཆེའི་བཞུགས་ཁྲི་ཕུལ་སྟེ་ཡངས་པ་ཅན་དུ་ཕེབས། རྗེ་ཀརྨ་པའི་དྲུང་དུ་ཀོང་པོ་སྟོད་དུ་མངགས་ཀོང་གི་མཚམས་ཙམ་དུ་མཇལ་བར་སྨོན་ཞེས་དང་དབོན་པོ་ཆོས་སྐྱོང་བ་ལའང་ལོག་ཤོག་གི་བཀའ་ལུང་ཕེབས་སྟེ་དགུང་ལོ་དོན་གཉིས་པ་སྤྲེལ་ལོ་ཟླ་བ་བཅུ་གཅིག་པའི་ཉེར་ལྔ་ལ་དགོངས་པ་ཡོངས་སུ་མྱ་ངན་ལས་འདས་ཤིང་སྐུ་གདུང་རིན་པོ་ཆེ་ནི་དངུལ་གྱི་མཆོད་རྟེན་རྨད་དུ་བྱུང་བ་བསྒྲུབས་པར་བཞུགས་སུ་གསོལ་ལོ། །མདོར་ན་རྗེ་འདི་ནི་གསན་པ་རྒྱ་ཆེ་ཞིང་རྣམ་པར་དག །སྒྲུབ་ཐབས་རྣམ་བཤད་དཀྱིལ་ཆོག་དྲི་ལན་ལ་སོགས་པའི་བསྟན་བཅོས་ཆེས་མང་བ་མཛད་པ་ཐམས་ཅད་ཀྱང་ཚིག་དོན་བཟང་རྒྱས་བསྡུས་འཚམས་དཔྱིས་ཕྱིན་གཟུ་བོར་གནས་པས་གཞན་ལས་ཕུལ་དུ་བྱུང་བ་ཤ་སྟག་དུ་སྣང་ལ། དེའི་དུས་ཀྱིས་དབུས་གཙང་དྭགས་ཀོང་མངའ་རིས་ཕྱིན་གྱི་འཇིགས་པས་མནར་བ་ཐམས་ཅད་ཀྱི་མི་འཇིགས་པའི་སྦྱིན་པའི་ཞུ་ས། བླ་དཔོན་ཐམས་ཅད་ཀྱི་མགོན་སྐྱབས་དཔུང་གཉེན་གཅིག་པུ་པར་བཞུགས་ལ་སློབ་མའང་གཙོ་བོ་རྣམ་ཐར་གྱི་ཞར་ལ་སྨོན་ཤིང་ཡངས་པ་ཅན་གྱི་འདྲེན་བའི་གཙོ་བོ་ནི་སྣར་ཐང་མཁན་ཆེན་ཤེས་རབ་དཔལ་ལྡན་པ་དང་ཕྱིས་སློབ་དཔོན་དགེ་འདུན་བཟང་གིས་མཛད་ཅིང་སློབ་མའི་གཙོ་བོ་ནི་སྟག་ལུང་ཆོས་ཀྱི་རྗེ་རྣམ་རྒྱལ་གྲགས་པ་ལ་སོགས་པ་ཡིན་ལ་སྤྱིར་གསུང་ཆོས་རྒྱ་ཆེ་ཆུང་ཅི་རིགས་ཞུས་པའི་སློབ་མར་མ་གྱུར་པ་ནི་བོད་ཀྱི་བླ་དཔོན་ཙམ་(པ༡༥༦ན)


PTT001_Page_1179
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མེད་དོ། །རྗེ་དུས་མཁྱེན་གྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་གདན་ས་ལྔ་ལས་ཁྱད་པར་དུ་གསུང་གི་གདན་ས་གདན་ས་བར་གྲགས་པ་ཀརྨའི་སི་དྷུ་བཀྲ་ཤིས་དཔལ་འབྱོར་ནི་སྒར་དུ་ཆོས་དོན་གཉེར་འདུས་པ་ཐམས་ཅད་ལའང་དབང་ཆོས་ཀྱིས་ཚིམ་པར་མཛད། ཁྱད་པར་དྲུང་ཉིད་ཀྱི་ལུང་བསྟན་ལ་བརྟེན། རྗེ་བརྒྱད་པའི་སྤྲུལ་སྐུ་ངོས་འཛིན་དང་ཞབས་ཏོག་པའི་ཐོག་མ་མཛད་པས་ཀར་བསྟན་ལ་ཕྱག་རྗེས་ཆེའོ། །སྤྱིར་ཡང་དེའི་དུས་རྗེ་ཐམས་ཅད་མཁྱེན་པ་ཞག་འགའ་ཟུང་ན་ཞལ་མཇལ་རེ་ལས་མི་ཡོང་ཞིང་གསུང་ཆོས་ཞུ་དཀའ་བ་ནས་རྗེ་ཉིད་ཀྱིས་སྐལ་ལྡན་གྱི་རྒྱུད་བྱིན་གྱིས་རློབ་པ་ཙམ་མཛད། ཆོས་ཀྱི་ཐོབ་རྒྱ་འདོད་པ་རྣམས་གོའི་ཤྲི་སྤྲུལ་སྐུ་དང་དྲུང་སི་དྷུ་པ་སྐུ་མཆེད་འབྲོང་བུ་གོའི་ཤྲི་རྣམས་ལ་ཞུ། ཁྲིད་དང་རབ་བྱུང་བསྙེན་རྫོགས་རྣམས་རྗེ་བཙུན་སྐྱ་སེས་མཛད་པས་རྗེ་འཕྲིན་ལས་པ་སོགས་ཀྱི་གསན་ཡིག་ན་ཡང་ལུང་རྣམས་འདི་དག་ལས་བརྒྱུད་པ་ཤས་ཆེའོ། །བྱམས་ཆེན་ཆོས་རྗེ་སྣ་ཚོགས་རང་གྲོལ་ནི་རིན་སྤུངས་པའི་ཞལ་ངོའི་སྐུ་སྐྱེ་གསལ་བར་བྱུང༌། རྗེ་བདུན་པ་ཉིད་རྩ་བའི་བླ་མའི་མཆོག་དུ་བསྙེན། གསང་སྔགས་ཀྱི་གདམས་པ་མཐར་ཐུག་པར་གནང་བའི་བུ་ཆེན་གྱི་མཆོག་དུ་གྲགས། བྱམས་ཆེན་ཆོས་སྡེའི་གདན་ས་མཛད། ཐུགས་དམ་གྱི་སྤངས་རྟོགས་མཆོག་དུ་གྱུར། ལྷ་སའི་གསེར་ཐོག་བརྙིངས་པ་སར་དུ་བརྗེས་ནས་འབུལ་བ་དང་རྙིང་པ་དེ་ཞིག་གསོ་མཛད་ནས་ཐུབ་ཆེན་ཆོས་འཁོར་གྱི་གཙང་ཁང་ལ་འགེབས་པར་དགོངས་ཀྱང་བོད་སྤྱིའི་བསོད་ནམས་དམན་པས་སྡེ་བཟར་གྱིས་མ་གྲུབ། དེའི་རྒྱུ་རྣམས་ལས་གསེར་དངུལ་གྱི་བཀའ་འགྱུར་རོ་འཚལ་བཞེངས་སྟེ་རྒྱུད་འབུམ་རྗེ་བརྒྱད་པའི་དྲུང་དུ་ཕུལ། གཞན་རྣམས་ཀར་སྡེ་རྣམས་དང་གཙང་གི་དགོན་ཆེ་བ་རྣམས་ལ་གནང༌། ཕྱིས་སྐུ་ཁམས་ཅུང་ཟད་བསྙུན་པའི་ཉིན་ཅིག་ཤར་ཕ་གི་ནས་སྤྲིན་དཀར་པོ་ཅིག་ཚུར་བྱུང་ངམ་ལྟོས་གསུངས། སྔ་དྲོ་ཙམ་ན་སྤྲིན་དཀར་པོ་མཐའ་འཇའ་ཚོན་གྱིས་བསྐོར་(པ༡༥༦བ)


PTT001_Page_1180
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཞིག་རིའི་རྩེ་ནས་རྒྱང་བྱུང་སྟེ་ཚུར་ཇེ་མགྱོགས་བྱུང༌། གཟིམས་ཁང་གི་སྟེང་ཙམ་དུ་སླེབ་བྱུང་ཞུས་པས་ངའི་སྟན་མཐོངས་ཀའི་ཐད་དེར་ཐེགས་གསུངས་སྟེ་སྤྲིན་དེ་ལ་གཟིགས་ཤིང་ཕྱག་ཐལ་མོ་སྦྱར་སྟེ་རྗེ་ཐམས་ཅད་མཁྱེན་པ་ཁོ་བོ་བསུ་བ་ལ་ཕེབས་བྱུང༌། ང་ནི་ཕྱག་ཕྱི་བྱས་སྟེ་དག་པ་མཁའ་སྤྱོད་དུ་འགྲོ་གསུངས་སྟེ་དེ་ཉིད་དུ་སྐུ་མདངས་ཡལ་གྱིས་སོང༌། ཀརྨ་གྲ་ཚང་གི་གྲ་སྒྲེས་རབ་འབྱམ་པ་བསོད་ནམས་རབ་འབྱོར་རྗེ་འདི་ལ་གདམས་པ་ཞུས་སྟེ་ཉམས་རྟོགས་བཟང་བར་སྐྱེས། འུ་ཡུག་གི་རི་ཁྲོད་ཅིག་ན་སྒྲུབ་པ་ལ་ཡོད་པས་གསལ་སྣང་ལ་སྐུ་འདས་པར་ཤེས་སྟེ་མཚམས་ཐོན་ནས་གག་ཚངས་སུ་ཕྱིན་པ་ན་སྐུ་གདུང་བཞུ་བ་དང་ཐུགས་སྟེ་མོས་གུས་ཀྱི་གསོལ་འདེབས་དྲག་པོ་བྱས་པས་ཐུགས་ཚེག་སྒྲ་དང་བཅས་སྟེ་སྲེག་རྫས་འབུལ་བའི་སྒོ་ཆུང་ལ་ཕར་སྟེ་ཁོང་གི་པང་དུ་བྱུང་བ་ལ་རྟེན་རིང་བསྲེ་ངོ་མཚར་ཅན་བྱུང་ཞེས་ཁོང་ཉིད་ལས་དངོས་སུ་ཐོས་སོ། །བྱ་འཇམ་དབྱངས་བཀྲ་ཤིས་རྣམ་རྒྱལ་ནི་གཙོ་བོར་རྗེ་བདུན་པའི་དངོས་སློབ་ཡིན་ལ། སྤྱིར་རྗེ་བཙུན་སྐྱ་སེ། རྗེ་འཕྲིན་ལས་པ། དུས་ཞབས་པ་རྣམས་བསྟེན་ཞིང་མཁས་པ་ཆེན་པོར་གྱུར། ནོར་སྤྱད་རྒྱ་མཚོ་སོགས་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་དང༌། ནང་དོན་གྱི་འགྲེལ་པ་པོད་ཆེན་བཞི་ལ་སོགས་པ་བསྟན་བཅོས་མང་དུ་མཛད། ཆོས་འཁོར་ལྷུན་པོ་བསྐལ་དུས་ཀྱིས་ཉམས་ཀྱང་སླར་པདྨ་བཀོད་པའི་དགེ་འདུན་གྱི་སྡེ་བཙུགས། ལུགས་གཉིས་ཀྱི་སྒོ་ནས་བསྟན་པའི་བྱ་བ་མཛད་དོ། །རྗེ་བཙུན་སྐྱ་སེ་རྟོགས་ལྡན་ནི། འཁྲུངས་ཡུལ་བྱང་སྟག་ལུང་བའི་སྐོར་གྱིས་སྐྱ་སེ་རུ་བ་ཡིན། སྔོན་ཁྱིམ་ནང་བཞུགས་དུས་སྐྱ་སེ་ཨ་མགོན་ཞེས་མིང་ཐོས་པ་ཙམ་གྱིས་མགྲོན་པོ་དང་རི་དྭགས་ཐམས་ཅད་འདར་ནུས་པའི་ཐུབ་ཚོད་དང་ཨར་ཇག་གི་དཔོན་མཛད། ཕྱིས་དགུང་ལོ་དྲུག་བཅུར་ཉེ་བ་ན་མགྲོན་ཚན་ཤིག་འཇོམས་པར་བརྩམས། དེ་དག་གིས་བརྒོལ་བ་ལ་རལ་གྲི་བསྣུན་པ་རྒོད་མ་སྦྲུམ་མ་ཞིག་ལ་ཕོག་སྟེ་ལྟོ་བ་རལ་ནས་(པ༡༥༧ན)


PTT001_Page_1181
[མ་དཔེ་གཟིགས་ན་འདིར་གནོན།]

རྟེའུ་ལྷུང་བ་ལ་མ་དེས་ལྕེས་ལྡག་པར་གཟིགས་པས་སྐྱོ་སྟེ་ཀུན་མཁྱེན་འཇམ་དཔལ་བཟང་པོའི་དྲུང་དུ་རབ་ཏུ་བྱུང་བསྙེན་རྫོགས་མཛད། དེ་ཕྱིན་རྡོར་དཀར་སྟན་གཅིག་ཐེམ་སྦངས་ན་བཟའ་ཆོས་གོས་གསུམ་པའི་སྦྱངས་ཡོན་མཛད་ཅིང་ཐུགས་དམ་གྱི་ཐིལ་གཅོད་ཡུལ་ལ་མཛད་སྟེ་གཉན་ཁྲོ་ཁོ་ན་འགྲིམས་པས་སྣང་སྲིད་ཀྱི་ལྷ་འདྲེས་འཕྲིན་ལས་ཐམས་ཅད་བསྒྲུབས། རྗེ་ཆོས་གྲགས་རྒྱ་མཚོ་ལས་ཕྱག་ཆེན་ཆོས་དྲུག་གི་ཐུགས་དམ་བརྙེས། ས་སྐྱོང་དོན་ཡོད་རྡོ་རྗེ་ལ་སོགས་དབུས་གཙང་གི་མི་ཆེན་ཐམས་ཅད་ཀྱིས་རྩ་བའི་བླ་མར་བཀུར། རྟོགས་ལྡན་འགལ་ལྟག་པ་ཅེས་རྣམས་དཔྱོད་ཆེ་བ་དེས་ཚིགས་བཅད་ཀྱི་སྐུར་བ་མང་དུ་བཏབ་ཀྱང་ཕྱིས་ཞལ་མཇལ་བ་ན། མི་ལ་རས་པ་སེར་པོ་ཞེས་ཆེས་དད་ཅིང་སྔ་མ་ལ་བཤགས་པ་དང་བསྟོད་པ་ཡང་དག་པ་ཕུལ། སྐུ་ཚེ་བྱ་བྲལ་གྱི་བརྟུལ་ཞུགས་ལ་བསྐྱལ། རྗེ་གོང་མའི་འཕྲིན་ལས་ཀྱི་འཕྲོ་ཀོང་པོའི་ཆོས་རྒྱ་དཀར་པོ་ཐམས་ཅད་དཔྱིས་ཕྱིན་པར་མཛད་སྟེ་ཕན་བདེ་ལ་བཀོད། སྒྲུབ་རྒྱུད་ཀྱི་བསྟན་པ་འཛིན་པ་ལ་མིག་ལྟ་བུར་གྱུར་སྟེ། སྐུ་ཚེ་མཐར་ཕྱིན་པ་དགུང་ལོ་དགུ་བཅུ་ལ་ཉེ་བར་བཞུགས་སྟེ་ཕྱིས་བྲག་གསུམ་ཞོ་ཁར་མྱ་ངན་ལས་འདས་ནས་གདུང་འབུམ་ཡང་དེར་བཞུགས་སོ། །དེ་ལ་སློབ་མའི་ཚོགས་ཤིན་དུ་མང་ཡང་སྔ་བུར་བྱོན་པའི་རྟོགས་ལྡན་ཀྲེ་ཆེན་དང་ཀྲེ་ཆུང་གཉིས་ནི་ཐུགས་དམ་ཤིན་དུ་བཟང་བ་བྱོན་ཡང་སྔ་མོ་ནས་གཤེགས་པས་གཞན་དོན་དངོས་སུ་མ་བསྟན། ཕྱི་ཚར་གྱི་ཀྲེ་ཆེན་ན་མཁའ་འོད་ཟེར་བ་ནི་ཕྱིས་བསམ་ཡས་མཆིམས་ཕུའི་སྒྲུབ་སྡེའི་བླ་མ་མཛད། ཀྲེ་ཆུང་ཆོས་ཀྱི་རྒྱ་མཚོ་ནི་རྡོར་དཀར་སོགས་རྗེ་བཙུན་སྐྱ་སེའི་རྣམ་ཐར་བཞིན་མཛད། ཕག་མོ་ནས་རིན་པོ་ཆེ་སྒོམ་པ་ཡབ་སྲས་རྣམས་དང་གཞིས་ཀ་རིན་སྤུངས་པ་སོགས་ཀྱིས་གུས་པར་བཀུར། སྒོམ་ཆེན་གྱི་བུ་སློབ་ནི་ཆེས་མང་ཞིང་སློབ་མའི་གཙོ་བོ་ཡང་རྗེ་བཙུན་དམ་པ་ཅེས་མཚན་འདོན་པའི་གློ་བོ་ཆོས་རྗེ་ཀུན་དགའ་སྒྲོལ་མཆོག་ཡིན་ཞིང་འདིས་ཀྱང་བྱང་(པ༡༥༧བ)


PTT001_Page_1182
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་ལུང་གི་ཆོས་རྗེ་སྐུ་མཆེད་དང་གཞན་ཡང་དབུས་གཙང་གི་བླ་མ་དང་ཆོས་སྡེ་ཆེ་གུའི་གདན་ས་པ་མཛད་དོ། །ཆོས་རྗེ་ཀྲེ་ཆེ་ཆུང་གཉི་ག་འཁྲུངས་ས་ཀྲེ་བོ་མ་ཡིན་ཡང་མཚུར་ཕུར་ཀྲེ་བོའི་ལས་ཚན་ལ་བཞུགས་པས་དེ་ལྟར་གྲགས་སོ། །ཁམས་སུ་འཁྲུངས་པ་བླ་མ་རུ་པ་བསམ་གཏན་རྒྱ་མཚོ་ནི་བཅུད་ལེན་གྱི་སྨན་ཅུང་ཟད་མ་གཏོགས་ཟན་ལ་སོགས་པ་མི་ཟས་རགས་པ་མི་གསོལ། སྒྲུབ་པ་གཙོ་བོར་མཛད། སྒོམ་པོ་སྤྱན་སྔ་བཀྲ་ཤིས་སྒང་པ་ཁུ་དབོན་རྣམས་ཀྱི་བླ་མ་མཛད། གཡེ་དྭགས་ཀྱི་ཕྱོགས་ལ་འཕྲིན་ལས་སྐྱོང༌། དེའི་སློབ་མའི་གཙོ་བོ་ནི་བྱར་པོ་རྟོགས་ལྡན་པ་སྟེ་གཅོད་ཀྱི་ཐུགས་དམ་མཐར་ཕྱིན་རྟོགས་པ་ཤིན་དུ་མཐོ། མངོན་ཤེས་མངའ་བར་གྲགས། སྣེ་གདོང་རྩེ་དང་གདན་ས་ཐེལ་ནས་རླངས་ལྷ་གཟིགས་ཀྱི་ཞལ་ངོས་སྤྱན་མ་འདྲོངས། འོན་ཀྱང་བློ་གཏད་ཀྱི་གནས་སུ་བྱས་ནས་སྲུང་མདུད་ཞུ་ས་བྱེད། དེའི་སློབ་མའང་འཕྲིན་ལས་ནུས་པ་བླ་མ་སྨོན་ལམ་རྒྱ་མཚོ་ལ་སོགས་པ་བྱུང་ངོ༌། །གཞན་ཡང་ནགས་ཕུ་ཆོས་འཕེལ་བ་སྐུ་མཆེད་ལ་སོགས་རྗེ་བཙུན་སྐྱ་སེའི་བུ་སློབ་ཆེས་མང་ངོ༌། །གྲུབ་ཆེན་ཆུ་འཕུར་བ་ནི་སྔོན་རྗེ་ཕག་མོ་གྲུ་པའི་སློབ་མ་གྲུབ་ཐོབ་ཉང་རས་སེ་བོ་ཞེས་གྲགས་པ་གྲུབ་ཆེན་ཀརྨ་པག་ཤིའི་སྐུའི་བཀོད་པར་ཞལ་གྱིས་བཞེས་པ་དེ་རྫུ་འཕྲུལ་གྱིས་གསང་ཕུ་བ་བཏུལ་ནས་རྒྱ་གར་དུ་མུ་སྟེགས་འདུལ་དུ་འབྱོན་པར་དགོངས་པ་ན་གསང་ཕུར་རྟེན་འབྲེལ་ལོག་པས་སླར་མདོ་ཁམས་ལ་བྱོན། དྲེལ་དཀར་མོ་ཞིག་ཡོད་པ་རྨ་ཆེན་པོམ་རའི་འདབས་སུ་ཤི་བ་པོམ་རའི་བར་ཆད་དུ་མཁྱེན་ནས་གངས་གཟིགས་སའི་ཕུག་པར་བཞུགས། གངས་ཀྱི་ཚལ་པ་ཅིག་བླངས་པ་ལ་གངས་རི་དེའི་དབྱིབས་བྱས། ཆང་ཟོམ་ཞིག་ཡོད་པ་ནས་བཙགས་ཤིང་གསོལ། ཆབ་བྱུང་ངོ་ཅོག་གངས་དེ་ལ་གསིལ་བས་དེ་ཇི་ལྟར་ཞུ་བ་བཞིན་པོམ་རའི་གངས་ནག་ཟང་གི་ཞུས་ནས་དེའི་ཤུལ་དེང་སང་ཡང་ཡོད་ཟེར། དེར་པོམ་རས་བཟོད་གསོལ་བྱས། (པ༡༥༨ན)


PTT001_Page_1183
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་སྙིང་ཕུལ་སྟེ་བཤགས་པར་དྲེལ་བརྒྱ་དང་བརྒྱད་འབུལ་བར་བྱས་པ་ན་ད་རེས་ང་ལ་མི་དགོས། མ་འོངས་པ་དགོས་དུས་སུ་ཕུལ་ཞིག་གསུངས་སྟེ་གདམས་ངག་དུ་མ་དང་མ་འོངས་ལུང་བསྟན་མང་པོ་མཛད་སྟེ་དེ་ཉིད་དུ་གཏེར་དུ་སྦས། ཕྱིས་གྲུབ་ཆེན་པར་འཁྲུངས་པས་སྔོན་གནས་གསལ་བར་དྲན་སྟེ་གཏེར་ཕྱུང༌། རྨ་པོམ་རའི་སྐོར་དུ་བྱོན་པས་དྲེའུ་དཀར་མོ་ཅོག་གིས་སྣ་དྲངས་སྟེ་དྲེའུ་འབུལ་བ་ཁོ་ན་བརྒྱ་དང་བདུན་དུ་ལོངས། དེ་ནས་དྲེལ་དཀར་མོ་ཅིག་བྱུང་བས་ད་འདིས་དོན་གྲུབ་གསུངས་ནས་འབྱོན་པའི་འཕྲིན་བཅད། འདི་ཀམ་པོ་རྡོ་རྗེ་དཔལ་བརྩེགས་དང་དེའི་རི་ཡིན་ཞེས་ཀྱང་ཕྱིས་ཐོས། སྤྱིར་རང་བྱུང་གི་ཐུགས་དམ་ཤར་བ་ཡིན་ཡང་རྩ་བའི་བླ་མ་རྗེ་བདུན་པ་ལ་འཛིན། ཁམས་ཀྱི་ཆུ་ཆེན་པོ་ཅིག་ལ་ན་མཁའ་ལ་འཕུར་བར་མཐོང་སྟེ་ཆུ་འཕུར་བར་གྲགས། རྗེ་ཙོང་ཁ་པ་དགེ་བའི་བཤེས་གཉེན་མཁས་ཤིང་བཙུན་སྒྲུབ་རྒྱུད་ལ་མཆོག་དུ་མོས་པས་འབྲི་གདན་སྟག་ལུང་པ་འབའ་ར་བ་སོགས་བཀའ་རྒྱུད་ཀྱི་བླ་མ་དུ་མ་ལ་ཆོས་ཕལ་ཆེར་གསན་པ་ཡིན་ཡང་ཕྱིས་རི་ཁྲོད་ཤིན་དུ་དབེན་པ་ཅིག་ན་བཀའ་རྒྱུད་ཀྱི་སྒྲུབ་པ་པོ་ལྔ་བཅུར་ཉེ་བ་མཚམས་འབའ་ཞིག་ལ་གནས་པ་ཡོད་པར་གསན་ནས་མཇལ་དུ་བྱོན། དྲི་བ་མཛད་པས་ཆོས་ཀྱི་གོ་བ་ཅུང་ཟད་ཀྱང་མེད་པའི་ལུག་རྫིས་རི་ལ་བསྡད་པ་ལྟ་བུ་ཞིག་འདུག་པས་ཐུགས་བྱུང་སྟེ་ད་ནི་འདི་རིགས་ཐམས་ཅད་འདི་འདྲ་བ་ཡིན་ཡོད་པར་འདུག་དགོངས་ཡང་ཤར། བསྟན་པ་ལ་མ་བཟོད་པའི་ཐུགས་ཀྱང་ཤར་བས་དྲི་བ་ལྷག་བསམ་རབ་དཀར་ལ་སོགས་པ་ཡང་མཛད། འབྲི་ཁུང་ཉེར་གཉིས་རིན་པོ་ཆེས་བསྟན་དགོངས་ཀྱི་བཤད་གྲ་འཛུགས་པའི་བླ་མ་རྗེ་ཙོང་ཁ་པ་བསྐོས། དབོན་པོ་སྐུ་མཆེད་དང་ཨ་མདོ་བ་དང་མངའ་རིས་པའི་གྲ་རྒྱུན་ཐམས་ཅད་གནང་ནས་རི་བོ་དགའ་ལྡན་བཏབ། འབྲི་ཁུང་(པ༡༥༨བ)


PTT001_Page_1184
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གྲ་རྒྱུན་ཐམས་ཅད་དེར་འདུས། བསྟན་དགོངས་སོགས་ཐོག་མར་འཆད་པའི་ཚུལ་དང་ཕྱིས་དགག་པར་ཡང་མཛད། འཕྲིན་ལས་ཤིན་དུ་རྒྱས་པས་མཚུར་ཕུ་ནགས་ཕུ་ཀརྨ་འབྲི་ཁུང་ཐེལ་གདན་ས་ཐེལ་སྒམ་པོ་སོགས་བཀའ་རྒྱུད་ཀྱི་གདན་ས་ཕལ་ཆེར་ཆོས་རྒྱུན་འགྱུར། བཀའ་རྒྱུད་ཀྱི་ཆོས་རབས་ཅད་པར་ཉེ་བ་ན་གྲུབ་ཐོབ་འདིས་ཟང་ཟིང་གི་མཆོད་སྦྱིན། ཆོས་ཀྱི་སྒྲུབ་ཚུགས་དང་བརྟུལ་ཞུགས་སོགས་རྣམ་པ་དུ་མས་དེ་ཐམས་ཅད་དུ་སྒྲུབ་རྒྱུད་ཀྱི་བསྟན་པ་དཔེལ་བ་ཡིན་པས་བསྟན་པ་ལ་བྱ་བ་ཟླ་མ་མཆིས་པ་མཛད་དོ། །སྤྱིར་ས་འབྲིའི་རྩོད་གཞི་ཡང་འབྲི་ཁུང་དབོན་རིན་པོ་ཆེ་བསོད་ནམས་གྲགས་པ་གཤེགས་པའི་དུས་ཏི་སེར་འགྲོ་བའི་རི་པ་ཚན་གཅིག་ས་སྐྱར་ཕྱིན། རྗེ་ས་པཎ་གྱིས། རིན་པོ་ཆེ་འོག་མིན་དུ་གཤེགས་སམ་གཤེགས་ལྟས་ཅི་བྱུང་གསུངས་པས་རི་པ་ཅིག་ན་རེ། འོག་མིན་ཅི་ཡིན་སྟེང་མིན་དུ་གཤེགས་མོད། རིང་སྲེལ་གྱི་ཆར་བབ། ཕྱག་རྒྱ་ཆེན་པོའི་གསེར་སྐུ་ཁྲུ་གང་བྱོན་ཟེར་བས་ཆོས་རྗེ་བ་ཅང་མི་གསུང༌། སང་ཉིན་ཆོས་གྲར་ངས་ཁྱེད་འཚོལ་ཁས་དྲག་གི་དྲིན་མེད་དེ་ཁ་སང་གི་ཁ་འཆལ་དེ་འདྲ་བ་ནས་མི་འོང་ཙམ་འདི་ངའི་དྲིན་ཡིན་གསུང་བ་ཐེལ་པས་ཐོས་པས་ཐུགས་ལ་མ་འཐད། དཔོན་རྡོ་རྗེ་དཔལ་གཙང་གི་དཔོན་བྱེད་དུས་དེའི་ཞེ་ནད་དུ་རྗེ་ས་པཎ་གྱི་ཆོས་གྲྭ་ལ་རྟ་བརྒྱུགས། ཟངས་མོ་ཆེ་ལ་རྟ་ཆུ་བླུད། སྤྱིལ་བུ་བཤིག་ནས་རྒྱ་སྲང་བཅོས་དེ་ལྟ་བུ་ལ་ས་སྐྱ་པ་རྣམས་ཐུགས་ལ་མ་རན། ཕྱིས་འཕགས་པ་རིན་པོ་ཆེ་ཐུགས་ཤིན་དུ་བཟང་བས་ཐམས་ཅད་ལ་ཕན་བདེ་འབའ་ཞིག་དགོངས་པས་བྱེད་ཐབས་མ་བྱུང་ཡང་སྐུ་གཤེགས་སུ་བཅུག་སྟེ་དེ་འཕྲལ་ནས་ས་འབྲིའི་རྩོད་ཆེན་བྱུང་བར་དེབ་དམར་ན་བྲིས་སྣང་བ་འདི་གཉིས་ཀྱི་གླེང་གཞིའི་ཐོག་མ་དབྱིབས་འདྲ་བར་སྣང་ཞིང་འདི་ཙམ་གྱི་གཡོས་ཐུབ་པ་ནི་གཞན་ལ་མི་འབྱུང་བས། སྔོན་དགེ་སྦྱོང་སྦེད་ཀྱིས་དགེ་སློང་བསད་པ་ལ་བདུད་(པ༡༥༩ན)


PTT001_Page_1185
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་ཅན་གྱིས་ལེགས་སོ་བྱིན་པས་མངོན་པའི་ང་རྒྱལ་སྐྱེས་པ་དང༌། འཕགས་སྐྱེས་པོས་སེར་སྐྱ་བསྐོར་ཚེ་སྡིག་ཅན་གྱིས་ཤཱཀྱ་རྒན་པོར་སྤྲུལ་སྟེ་ཚུལ་ཤིང་བླངས་པར་བཤད་པ་ལྟ་བུ། འདིར་ཡང་རྗེ་ས་པཎ་གྱི་དྲུང་གི་རི་པ་དེ་དང་རྗེ་ཙོང་ཁ་པས་གཟིགས་པའི་སྒོམ་ཆེན་དེ་ནི་ངེས་པར་བསྟན་པ་ལ་སེལ་འདི་ལྟ་བུ་སྐྱེས་པ་ལས་ན་བདུད་སྡིག་ཅན་དངོས་སོ་ཞེས་ཁོ་བོ་འབའ་ཞིག་སེམས་ལ། སྤྱིར་མཁས་པ་རྣམས་ཀྱིས་ཀྱང་མི་གཅིག་བླུན་པོར་མཐོང་བའི་རྟགས་ཀྱིས་མི་ཐམས་ཅད་བླུན་པོར་སྒྲུབ་པ་འདི་ལྟ་བུ་ནི་ཅིས་ཀྱང་མི་མཛད་པར་ཞུ་སྟེ་ཚད་མའི་རྟགས་ཀྱི་རྣམ་གཞག་ལ་ཐུགས་བསམ་ཐོང་ཞིག །གྲུབ་ཆེན་པས་ཕྱུང་བའི་གཏེར་ཡིག་རྣམས་ན་ཡང་རྗེ་བདུན་པ་མན་གྱི་ལུང་བསྟན་ཆེས་གསལ་བ་དུ་མ་ཡོད་པར་སྣང༌། གཞན་བླ་མ་ཀུན་དགའ་དཔལ་བ་ནི་རྗེ་བདུན་པ་ལས་ཆོས་གདམས་ངག་ཐམས་ཅད་གསན་སྟེ་མཁས་གྲུབ་ཆེན་པོར་བཞུགས། རབ་སྒང་གི་མཁས་པ་མི་ལྔའི་ནང་ནས་བྱམས་སར་བ་ཆེན་པོའི་སྔོན་གནས་གསལ་བར་དྲན་སྟེ་ཡིད་ཆེས་པའི་ངེས་པ་དུ་མ་བསྐྱེད། རབ་སྒང་གི་སྡེ་རྣམས་སྡེ་འཁྲུག་དུ་གྱུར་ནས་ཆོས་འཁོར་ཡུན་རིང་དུ་ཆག །སྡེ་རྣམས་ཀྱང་ཉམས་པའི་དུས་རྗེ་འདིས་འཁྲུགས་རྩོད་ཐམས་ཅད་བསྡུམས། དགེ་འདུན་གྱི་བཅའ་བ་གཞི་ནས་མཛད། ཆོས་འཁོར་གྱི་སྔར་སྲོལ་བསོས་སྟེ་རབ་སྒང་དུ་སངས་རྒྱས་ཀྱི་བསྟན་པ་གཞི་བཞེང་དུ་བཏང༌། ཁྱད་པར་བྱམས་སར་ལ་བསྟན་པའི་བྱ་བ་ཆེར་མཛད། རབ་སྒང་གི་དགེ་བཤེས་ཐམས་ཅད་དམ་པའི་ཆོས་ཀྱིས་བཏུལ། སྤྱིར་མདོ་སྨད་ཀྱི་སྐྱེ་བོ་ཐམས་ཅད་དད་པ་ལ་བཀོད་ཅིང་ཤིན་དུ་ཧོའི་རྒྱལ་པོ་དང་དར་རྩེ་མདོའི་མི་ཆེན་སོགས་རྒྱའི་བློན་ཆེན་མང་པོ་དང་རྒྱལ་བུ་དུ་མས་མཆོད། རྗེ་མི་བསྐྱོད་ཞབས་ཀྱིས་ཀྱང༌། སྔོན་ཚེ་གཙང་མའི་ཟས་ཀྱི་རིམ་གྲོ་པ། །པཎ་ཆེན་དབང་ཕྱུག་རྒྱ་མཚོ་དེ་ཡང་ཁྱོད། །ཅེས་སོགས་ཀྱི་སྔོན་གནས་དུ་མ་ལུང་བསྟན་ཡང་མཛད། མདོ་ཁམས་ཀྱི་བླ་མ་ཅིག་ལ་འཕྲིན་ལས་ཆེ། (པ༡༥༩བ)


PTT001_Page_1186
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཚེ་མཐའ་ཕྱིན་པར་འགྲོ་དོན་མཛད་ཅིང་དབོན་པོ་སྐུ་མཆེད་ལ་སོགས་པས་འཕྲིན་ལས་ཀྱི་རྒྱུན་སྐྱོང་ངོ༌། །ཟུར་མང་བྱ་བྲལ་བ་ནི་ཟུར་མང་གི་གདན་ས་ལས་ཀུན་སྤངས་བྱ་བཏང་གི་བརྟུལ་ཞུགས་མཛད་སྟེ་སྒྲུབ་པ་མཐར་ཕྱིན་གཞན་ཕན་ཤིན་དུ་ཆེའོ། །རྒྱ་སྟོན་བྱ་བྲལ་བ་ན་མཁའ་རྒྱལ་མཚན་ནི་རྒྱ་སྟོན་ཆོས་རྗེའི་སྐུ་སྐྱེར་རྗེ་མི་བསྐྱོད་ཞབས་ཀྱིས་བཀའ་བསྩལ། རྒྱ་སྟོན་པའི་གདན་ས་ལས་ཀུན་སྤངས་མཛད་སྟེ་གྲུབ་པའི་རྒྱལ་མཚན་བཙུགས། རྗེ་མི་བསྐྱོད་ཞབས་ཀྱི་ཐོག་མའི་ཞབས་འདེགས་པའི་གཙོ་བོ་མཛད་སྟེ་ཞབས་ཏོག་ཤིན་དུ་ཆེའོ། །གསི་དཀར་ཀུན་སྤངས་པ་ནི་གདན་ས་འོག་མའི་སྐོར་དུ་དབང་ཁྲིད་ཀྱི་འགྲོ་དོན་ཆེའོ། །བླ་མ་གྲགས་རྒྱལ་བ་ནི་རོང་པོའི་སར་འཁྲུངས། བཀྲ་ཤིས་ལྗོངས་ཀྱི་རྡོར་འཛིན་མཛད། སྒར་ཆེན་བདེ་མཆོག་གི་དཀྱིལ་འཁོར་དུ་རྟག་པར་གཟིགས། ཡི་དམ་གྱི་ཞལ་གཟིགས་པ་ལ་དྲུང་གོང་མའི་སློབ་མའི་ནང་ན་ཆོས་རྗེ་ངོ་ཁྲོ་དང་འདི་གཉིས་མང་ཞེས་རྗེ་བདུན་པ་གསུང་སྐད། སྔགས་ཀྱི་ནུས་པ་མཐའ་ཡས། སོགས་སྟེང་དང་ཚིལ་དགོན་པ་བཏབ་སྟེ་འཕྲིན་ལས་ཆེའོ། །པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་ནི་སྤྱིར་ཀོང་སྟོན་ཞིག་གི་སྲས་སུ་སྐྱི་ཤོད་དུ་འཁྲུངས། གསང་ཕུར་གསན་སྦྱོང་མཛད། དེ་དགུང་ལོ་བཅུ་གསུམ་བཅུ་བཞི་ནས་བསྟན་པ་ཡོངས་རྫོགས་ཀྱི་དགེ་བཤེས་ཚད་ལྡན་དུ་གྱུར་སྟེ་ཆེན་པོ་མཛད། དུས་དེར་གསང་ནེའུ་ཐོག་ཙམ་དང་བོད་ཡུལ་ཙམ་ན་མཁས་པར་གཟུར་གནས་རྣམས་གླེང་ཞིང་བསྟན་བཅོས་བརྩམས་པ་འབྲས་བུའི་རྟགས་ལས་ཀྱང་ཤེས། གཡས་རུ་གསེར་མདོག་ཅན་གྱི་ཆོས་གྲ་ཆེན་པོ་བཏབ་སྟེ་འཕྲིན་ལས་མཐའ་ཡས། ཕྱིས་རྗེ་བདུན་པ་དང་མཇལ་སྟེ་གདམས་ངག་གསན། ཐུགས་དམ་གྱི་རྩལ་རྫོགས་སྟེ་རྗེ་འདི་རྩ་བའི་བླ་མར་འཛིན་ལ། བཀའ་རྒྱུད་རིན་པོ་ཆེ་འདི་ནི་གང་ལས་ཕྱག་ཆེན་གྱི་རྟོགས་པ་སྐྱེས་པ་དེ་ཁོ་ན་རྩ་བའི་དཔོན་སློབ་(པ༡༦༠ན)


PTT001_Page_1187
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་འཇོག་པ་སྟེ་དཔལ་ཕག་མོ་གྲུ་པ་ཆོས་གསན་པ་གཞན་དུ་མང་ཡང་སེམས་ཀྱི་སྒྲོ་འདོགས་རྗེ་དྭགས་པོས་བཅད་པས་རྩ་བའི་བླ་མར་འཛིན་པ་ལྟ་བུ་དེའི་ཕྱིར་རྩ་བའི་སློབ་མར་བགྲངས་སོ། །མི་ཉག་རབ་འབྱམས་པ་མགོན་པོ་དཔལ་ནི་མི་ཉག་གི་སར་འཁྲུངས། ཆུང་ངུ་ན་རྗེ་བདུན་པའི་ཞབས་ལ་བསྙེན་པ་ན་དབུས་གཙང་དུ་སོང་ལ་འབྲས་ཡུལ་རྫོང་དཀར་དུ་སློབ་གཉེར་གྱིས་ལ་ཤོག་གསུངས་པ་བཞིན་བྱོན། ཀུན་མཁྱེན་བྱམས་ཆེན་རབ་འབྱམ་པ་ལ་བསྟེན་སྟེ་མཁས་པར་སྦྱངས། ཕྱིས་རྗེའི་བཀའས་ཀརྨ་གྲ་ཚང་བཙུགས་པ་སྔོན་མ་བར་ཆད་ཀྱིས་ཅུང་ཟད་འཐོར་ནའང་བཙུན་ཆུང་བདུན་ཙམ་ཞིག་ལུས་པ་ཁོ་ན་ལ་ཉིད་ཀྱིས་དབུ་མཛད་ཆོས་ཁྲིམས་བླ་མ་གསུམ་གའི་གོ་མཛད་སྟེ་དཀའ་བ་མཛད་པས་རིང་པོ་མ་ལོན་པར་བློ་གསལ་གྱི་དགེ་འདུན་མང་དུ་འཕེལ། སྐྱེད་ཚལ་གྱི་ཆོས་རྗེ་འཇམ་དབྱངས་པ་དང་དཔོན་སློབ་ཐུགས་ཤིན་དུ་བཅུགས་པས་མཁན་ཆེན་གཡག་པའི་ཆོས་གྲ་ན་སྐྱེད་ཚལ་འཛུགས་དུས་ཀྱི་གཎྜི་ཡིན་པ་ཅིག །བཅའ་ཡིག་ཆུང་བ། ཡ་འབྲོག་བཀའ་བཅུ་པ་ན་མཁའ་རྒྱལ་མཚན་པ་དང་བཅས་གྲ་ཚང་ཚུགས་པའི་ལེགས་ཇར་གནང༌། སྐྱེད་ཚལ་བ་སྨྱུག་ལ་སོགས་སུ་ཆོས་བར་ལ་འབྱོན་དུས་ཚོགས་དང་རིག་ལུང་སྲེ་བའི་སྲོལ་བྱུང༌། མདོར་ན་ཆོས་རྗེ་མི་ཉག་པ་དེ་ཐུགས་རྒྱུད་བཟང༌། སློབ་མ་ཐམས་ཅད་ལ་ཐུགས་ཐག་པ་ནས་བརྩེ་བས་ཅུང་ཟད་སློབ་གཉེར་སྨར་བ་རྣམས་ལའང་གསོལ་རས་དང་གནང་སྦྱིན་མཛད། དཔོན་ས་གསེར་ཁང་མ་སོགས་སྦྱིན་བདག་དད་འབྱོར་ཅན་མང་པོས་ཟླ་རེ་ཞིང་ཡང་ན་ཟ་ཆ་ཚང་མང་དུ་འབུལ་ཡང་སྐུ་ལ་གང་འབྱར་ཙམ་མ་གཏོགས་ཇར་བསྒྱུར་ནས་དགེ་འདུན་གྱི་མང་ཇ་འབའ་ཞིག་མཛད་ཅིང་གྲ་པ་གོས་མེད་པ་ལ་གནང༌། ན་བཟའ་ཕྱི་མ་ཡང་གོས་ཆེན་སར་རྙིང་བཟང་ངན་གང་ཡིན་ཡང་དེ་ག་ཉི་ཆར་ཐམས་ཅད་ལ་གསོལ་བ་མ་གཏོག་བཟང་ངན་གྱི་འདེམས་ཁ་དང་སྤོ་ལེན་(པ༡༦༠བ)


PTT001_Page_1188
[མ་དཔེ་གཟིགས་ན་འདིར་གནོན།]

མི་མཛད། གྲ་པ་བཅུ་བཅོ་ལྔ་ཙམ་ཉིན་རེ་ཞིང་བསྐོར་ནས་ཇ་གུང་ཚིགས་མ་ཆག་པ་རེ་མོས་ཀྱིས་གནང༌། སློབ་གཉེར་སྨར་བ་རྣམས་སྲོད་ཆོས་ཀྱང་ཞུས་ཆོག་ཐོར་ཆོས་ལ་རྟག་དུ་ཕེབས། ཆོས་འདོན་སྐུ་རིམ་ལ་ཡང་གྲལ་དབུ་ལ་རྟག་དུ་ཕེབས་ཤིང་སྤྱན་བཙུམས་ནས་ཐུགས་དམ་ཁོ་ན་མཛད། ཁ་ཆར་ལྷགས་པ་ཉིན་མཚན་ཅི་བྱུང་ཡང་གཡོ་བ་མེད་པར་བཤད་ཉན་ཁོ་ན་མཛད། སྐུ་ཚེའི་མཇུག་ལ་ཕར་ཚད་ལ་སོགས་པ་འདི་རྣམས་ལ་ཡིག་འཇོག་བྱས་ན་ལེགས་པར་ཤེས་པ་འདུག་སྟེ་སྒྲོས་མི་གཅིག་པའི་ཆགས་སྡང་གི་རྒྱུད་འགྲོ་བར་འདུག་པས་མི་བྱེད་གསུངས། བསྟན་པ་ལ་བསམ་པའི་འཆད་ཉན་པ་ཡིན་ན་སྤྱོད་པ་དེ་ལྟ་བུ་ཅིག་དགོས་རྒྱུར་སྣང་ངོ༌། །གྲ་པ་རྣམས་ཀྱང་ཤིན་དུ་གུས་ཞེན་ཆེ་བསམ་མཐའ་བསྙུན་པ་དང་སྐུ་འདས་པའི་དུས་ལྷུང་བཟེད་ཟླ་གམ་གཟན་ལྷག་པ་སོགས་ཡོད་དོ་ཅོག་མང་ཇ་དང་སྐུ་རྗེས་སུ་བཏང་སྟེ་གཟན་གཉིས་པ་ཡོད་པ་སུ་ཡང་མ་བྱུང་བ་སྐད། རྒྱལ་བའི་དབང་པོ་ལྷ་སར་ཕེབས་དུས་ལྗགས་ལ་རྒྱ་འཛེར་གྱི་བསྙུན་བྱུང་ནས་གཤེགས་པར་ཉེ་བའི་ཚེ་ཡང་ངའི་གྲ་པ་རྣམས་སྙིང་རྗེ་བས་ངའི་རྩར་ཐོང་ཡང་ཡང་གསུངས་ནའང་སྐུ་ཉམས་ཐག་པས་མ་བཏང༌། མཐར་གྲ་པ་རྣམས་སྙིང་རྗེ་ཁོ་བོ་ནི་དགའ་ལྡན་དུ་འགྲོ་གསུངས་སྟེ་གཤེགས། མེ་ཏོག་གི་ཆར་ཁ་བ་ལྟར་བབ་སྐད། དགེ་བཤེས་དཀའ་བཅུ་པ་བསྟན་དར་ཞེས་གསང་ཕུའི་ཚོགས་པས་ཀྱང་ཚད་མ་ལ་འགྲན་པར་མི་ནུས་པའི་སྟོན་བཟང་དེ་ལ་སོགས་པ་མཁས་པ་དང་ཁྱེ་ཐུལ་སྐུ་སྐྱེ་སོགས་གཞན་དོན་ནུས་པ་མང་དུ་བྱོན་ནོ། །ངོ་ཁྲོ་རབ་འབྱམས་པ་དབང་ཕྱུག་དཔལ་ནི་རྒྱལ་བའི་དབང་པོ་སྐུ་གཞོན་དུས་ངོ་འཁྲོའི་ཡུལ་དུ་ཕེབས་པ་ན་ཞབས་ལ་གཏུགས། དབུས་གཙང་ལ་སོང་ལ་གསེར་མདོག་ཅན་དུ་སློབ་གཉེར་གྱིས་ལ་ཤོག་གསུང་བས་བྱོན་སྟེ་པཎ་ཆེན་ཤཱ་མཆོག་པ་བསྟེན་སྟེ་གསུང་རབ་མཐའ་དག་བདེ་བླག་དུ་ཁོང་དུ་ཆུད། བེར་ནག་ཅན་ལ་སོགས་ཆོས་སྐྱོང་དང་ཡི་དམ་རྣམས་རྒྱུན་པར་གཟིགས། (པ༡༦༡ན)


PTT001_Page_1189
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་དུ་འཁྲུལ་ཞིག་ཆེན་པོར་བཞུགས། མཚུར་ཕུའི་ཆོས་འཆད་མཛད་སྟེ་ནང་དོན་གྱི་འགྲེལ་པ་སོགས་བསྟན་བཅོས་ཀྱང་དུ་མར་མཛད། སློབ་མའང་གཞག་བླ་མ་ཀུན་དགའ་དཔལ་དང༌། གཡམ་བཟང་སྤྱན་སྔ་བླ་མ་གྲུ་བཞི་པ་དང༌། བླ་མ་ཚེ་དབང་རྒྱལ་མཚོ། རྗེ་བློ་གྲོས་དབང་ཕྱུག་སོགས་དུ་མ་བྱོན་ནོ། །རྗེ་སྨྱུག་ལ་པཎ་ཆེན་ནི་དཔོན་ས་གསེར་ཁང་མའི་སྲས་སྨྱུག་ལ་བའི་ཞལ་ངོར་ས་སྟག་ལ་སྐུ་བལྟམས། སངས་རྒྱས་ཀྱི་བརྟན་པ་ལ་ཚུལ་བཞིན་དུ་ཞུགས་སྟེ་མཁས་པ་དང་བཙུན་པའི་མཐར་ཕྱིན། མཁན་ཆེན་རཏྣས་ལོ་པ་སྤྱན་སྔ་བསོད་ནམས་ལེགས་མཆོག་ལ་སོགས་པ་བསྟེན་སྟེ་བཀའ་གདམས་ཀྱི་སྲོལ་དངོས་འཛིན། སྤྱན་སྔ་ཚུལ་ཁྲིམས་འབར་གྱི་སྐུའི་སྐྱེ་བར་ཐམས་ཅད་ལ་གྲགས། རྗེ་དབུས་སྨྱོན་པ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་སྐབས་སྨྱུག་ལར་མི་གཅོད་མཛད་དབུ་ཐོད་རག་རུག་དུ་ཆག་རྡོ་ཕུང་ཆེན་པོས་མི་མཐོང་བར་མནན་ཡང་ཧར་གྱིས་བཞེངས་སྟེ་རླུང་རོ་གཅིག་བསལ་བས་སྐུ་ལུས་སྐྱོན་མེད་དུ་གྱུར་སྟེ་མགུར་ལེན་ཞིང་མགྱོགས་པར་བྱོན་པ་ལ་ཐུགས་དད་ཆེར་འཁྲུངས་སྟེ་ཆོས་མང་དུ་གསན་ཞིང་རིགས་དྲུག་འཁོར་ལོའི་ཁྱབ་བདག་རྡོ་རྗེ་འཆང༌། ཞེས་པའི་བསྟོད་པ་དང་རྣམ་ཐར་ཡང་མཛད། མཚན་ལྡན་ཞིག་མོ་དང་བསོད་ནམས་ལེགས་མཆོག་པ་སོགས་སྐྱེས་ཆེན་མང་དུ་བསྟེན་སྟེ་བཀའ་རྒྱུད་གདམས་པ་ཁོ་ན་ལ་ཐུགས་གཞོལ་ཞིང་རྗེ་ཆོས་གྲགས་རྒྱ་མཚོ་བླ་མའི་མཆོག་དུ་འཛིན། ཐུགས་དམ་གྱི་རྟོགས་པ་མཐར་ཕྱིན། གསུང་ཆོས་ཞུ་མི་མང་ཉུང་ཅི་ཡོང་ཀྱང་ཆོས་ཇ་འདེབས་རེ་མ་ཆག་པར་གནང་བ་དང༌། ཆོས་ཞུ་ཐམས་ཅད་ལ་འཚོ་བ་གནང་བ་སོགས་སྔོན་གྱི་དམ་བཅའ་ཡིན་གསུང་བཞིན་ཕྱག་ལེན་དུ་འདེབས། བཀའ་བདམས་གླེགས་བམ་ལོ་རེ་ལ་ལན་རེ་(པ༡༦༡བ)


PTT001_Page_1190
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བའི་དམ་བཅའ་མཛད། དེ་དུས་མེ་ཏོག་ཆར་ངེས་པར་འབབ་ཟེར་ཞིང་བདག་ཅག་གིས་ཞུས་དུས་ཐིག་ལེ་བཅུ་དྲུག་གི་དབང་གནང་དགོངས་མེ་ཏོག་གི་ཆར་ཐོག་གཉིས་བརྩེགས་ལ་མ་ཐོགས་པར་གཟིམས་ཆུང་གསེར་ཁང་གི་ཞལ་བ་ཐམས་ཅད་ཁྲ་ཆེམ་དུ་སོང་བ་བབ་འདུག་ཟེར། མདོར་ན་ཡུལ་དུས་དེའི་བོད་གངས་ཅན་གྱི་དགེ་བཤེས་སྒོམ་ཆེན་རྣལ་འབྱོར་པ་བླ་མ་ཆེ་ཆུང་ཐམས་ཅད་ཀྱི་འཚོག་ས་དང་དམ་ཆོས་ཞུ་ས་གཅིག་པུ་བར་སྣང་ངོ༌། །བཀའ་བདམས་གླེགས་བམ་གནང་དུས་ཇོ་བོའི་སྐུ་ཐ་དད་པ་རེ་ལ་མཆོད་པ་སྣ་ལྔ་རེ་བཤམ། ཇོ་བོའི་བསྟོད་པ་དང༌། ནང་གི་ཡན་ལག་བདུན་པ་རེ་འདོན། དེ་བཞིན་དུ་ཆོས་གང་གནང་དེ་དང་མཐུན་པའི་རྟེན་བཤམ་པ་སོགས་ཕྱག་བཞེས་ངོ་མཚར་བ་སྣང་ངོ༌། །རྒྱལ་སྲིད་ཀྱི་གནང་དགོས་ཤིན་དུ་རྒྱ་ཆེ་ནའང་དེ་རྣམས་གཟིམས་དཔོན་དོན་གྲུབ་པ་སོགས་བྱེད་འཇུག་པ་མ་གཏོགས་སྐུ་དྲུང་དུ་ཆོས་ཞུ་དང་བླ་མ་དགེ་བཤེས་མ་གཏོགས་པའི་ཁྱིམ་པ་ལ་གྲལ་ཡང་མི་མཛད་ཅིང་ཆེ་བཞག་ཆུང་བོར་ནས་ཆོས་ཀྱི་འཕྲིན་ལས་འབའ་ཞིག་མཛད་པར་མཐོང་ལ། ཁྱིམ་པ་ཞམ་རིང་དུ་འཁོད་པ་གཟིམས་དཔོན་སོར་འབྲང་བ་སོགས་ཀྱང་གཏན་ཁྲིམས་ལྔ་པ་དང་ཚངས་སྤྱོད་ཀྱི་དགེ་བསྙེན་ལ་གནས་པ་གོས་དཀར་པོ་ཅན་རྒྱན་སྤངས་པ་ཆོས་ཁོ་ན་ལ་གཞོལ་བ་དུ་མ་སྣང༌། དགུང་ལོ་ང་བརྒྱད་ལ་སྐུའི་བཀོད་པ་བསྡུས་སྟེ་དགའ་ལྡན་དུ་གཤེགས། འདིའི་དུས་སྟོང་ར་ཆོས་རྗེའི་མནལ་ལམ་དུ་ན་མཁའ་ལ་འཇའ་སྤྲིན་གྱི་གསེབ་ན་ཁང་བརྩེགས་ཁྱད་པར་ཅན་སྣང་བ་ནས་ས་སྟེང་གི་བར་ལ་གསེར་གྱི་སྐས་གསུམ་བཙུགས་ནས་དབུས་མ་ལ་སྤྱན་སྔ་ཚུལ་ཁྲིམས་འབར་འབྱོན་པ་ཡིན་ཟེར་ནས་ལྷ་རྣམས་མཆོད་པ་བྱེད་ཅིང་སྣང་བ་ན་རྗེ་སྨྱུག་ལ་བ་དབུས་མ་དེ་ལ་གཤེགས་ནས་ཁང་བཟང་གི་ནང་དུ་འབྱོན་པར་གཟིག་སྟེ་རྨི་ལམ་ངན་པས་སྐུ་རིམ་གནང་དགོས་(པ༡༦༢ན)


PTT001_Page_1191
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གསོལ་བར་སྣང༌། ལོ་བ་སྤྱན་སྔ་ལ་སོགས་སློབ་མ་གཞན་དོན་ནུས་པ་ནི་བགྲང་གིས་མི་ལང་ཞིང་གཟིམས་དཔོན་དོན་གྲུབ་པ་ནི་བླ་མའི་དགོངས་པ་རྫོགས་པར་མཛད་སྟེ་ཕྱིས་ཀུན་སྤངས་ཀྱི་ངང་ནས་ཐུག་དམ་མཐར་ཕྱིན་ནོ། །རྗེ་ཀརྨ་ཕྲིན་ལས་པ་ཕྱོགས་ལས་རྣམ་རྒྱལ་ནི། དགྱེར་གྱི་གདུང་རིགས་རྒྱལ་ཆེན་སྐུ་རབ་པའི་ཞལ་ངོ་འབྲུག་མདའ་དགེ་སྦྱོང་བའི་སྲས་སུ་མེ་བྱི་ལ་འཁྲུངས། སྐུ་ཆུང་ངུའི་དུས་ལ་ཐོག་ཟུར་མཁར་དུ་བཞུགས་སྟེ་སྐུ་ཞང་ཨ་བོ་ཆོས་རྗེ་ལ་སྨན་དཔྱད་གསན་ནས་མཁས་པར་གྱུར། སྡེ་བཟར་གྱི་དབང་གིས་གཉལ་ཕྱོགས་སུ་ཕེབས་སྟེ་བསྟན་པ་ལ་རབ་ཏུ་བྱུང་ནས་གསན་བསམ་མང་དུ་མཛད། ཟུར་མཁར་ཆོས་རྗེའི་གཅེན་པོ་དྭགས་པོ་པཎ་ཆེན་དོན་གྲུབ་རྒྱལ་མཚན་པ་དང་ལྷན་དུ་འབྲས་ཡུལ་རྫོང་དཀར་དུ་བྱོན། ཀུན་མཁྱེན་སངས་རྒྱས་འཕེལ། འཇམ་དབྱངས་ཀུན་དགའ་ཆོས་བཟང༌། པཎ་ཆེན་འབུམ་ཕྲག་གསུམ་པ་རྣམས་བསྟེན་སྟེ་སྡེ་སྣོད་མཐའ་དག་ལ་མཁས་པར་སྦྱངས། རྗེ་སངས་བསམ་པ་ལས་ཕྱག་ཆེན་དང་ཆོས་དྲུག་གི་ཐུགས་དམ་ཁྱད་པར་ཅན་འཁྲུངས། རྗེ་བཙུན་རྡོ་རྗེ་གདན་པ་ལ་སོགས་སྐྱེས་ཆེན་མང་དུ་བསྟེན། ཆོས་རྒྱལ་ལྷུན་པོར་རྗེ་ཆོས་གྲགས་རྒྱ་མཚོ་དང་མཇལ་སྟེ་ཆོས་དྲུག་གསོལ་བ་བཏབ་པས་བརྒྱུད་པ་འཛིན་པར་ཁས་ལོང་ཞིག་གསུངས་སྟེ་དེ་ལྟར་ཞལ་གྱིས་བཞེས། རྗེ་ཀརྨ་འཕྲིན་ལས་པར་མཚན་གནང་སྟེ་ཆོས་འཁོར་ལྷུན་པོའི་ཁྲི་ཐོག་དུ་བསྐོས། རྫ་དམར་ལ་སོགས་པར་དབེན་པ་ཡང་མཛད། ཕྱིས་ཀརྨ་གྲ་ཚང་གི་འདྲེན་པ་མཛད་སྟེ་ལེགས་བཤད་གླིང་གི་ཆོས་སྡེ་སར་དུ་བཏབ། རྗེ་ན་རིམ་བརྒྱད་པའི་ལས་ཀྱི་སློབ་དཔོན་མཛད་ཅིང་ཕར་ཚད་འདུལ་མངོན་དབུ་མ་སོགས་གཞུང་ལུགས་མཐའ་དག་ཕུལ། (པ༡༦༢བ)


PTT001_Page_1192
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་གླིང་དུ་རྒྱུད་པ་གྲ་ཚང་བཙུགས། ཀརྨ་རབས་བརྒྱད་ཀྱི་གསེར་སྐུ་དང་ཀརྨ་བཀའ་འབུམ་རྣམས་བཞེངས་པ་མཛད། མདོ་སྔགས་ཀྱི་བསྟན་བཅོས་མཛད་པ་པོ་ཏི་བཅུ་ཕྲག་ལྷག་ཙམ་བཞུགས། སྔོན་དགུང་ལོ་གསུམ་བཅུ་ཙམ་གྱི་དུས་གྲུབ་རྒྱལ་ཚེ་སྒྲུབ་ཀྱི་ཐུགས་དམ་སྐུ་མཚམས་མཛད་པའི་ཚེ་མནལ་ལམ་དུ་ཚེ་དཔག་མེད་ཀྱི་བྲིས་སྐུ་དེའི་ཐུགས་ཀ་ནས་འོད་ཟེར་མང་དུ་བྱུང་བ་ལ་སྒྲ་ཞིག་གིས་འོད་ཟེར་བདུན་ཅུ་དོན་གཉིས་ཡོད་ཟེར་བ་དང༌། ཡང་འོད་ཟེར་སྤྲོ་ཐེབས་བདུན་བཅུ་དོན་གཉིས་བྱས་པ་ཡིན་ཟེར་བ་ཡང་བྱུང༌། ཡང་མ་གཅིག་གྲུབ་པའི་རྒྱལ་མོ་ཡིན་ཟེར་བ་བུད་མེད་ཡར་རྒན་དར་གྱིས་གོས་གྱོན་པ་ཅིག་གིས་བུམ་པ་ཅིག་ལག་དུ་བཟུང་ནས་དེའི་ཁ་རྒྱན་གྱི་ཀུ་ཤ་མདུན་དུ་སྤྲུགས་བྱུང་བའི་གསེབ་ནས་ཚེ་དཔག་མེད་ཀྱི་སྐུ་ནས་ཙམ་མང་དུ་བྱུང་སྟེ་འདི་གྲོངས་ཅིག་ཟེར། བགྲངས་པར་བདུན་བཅུ་དོན་གཉིས་བྱུང༌། དེས་ན་ཚེ་ཚད་བདུན་བཅུ་དོན་གཉིས་ཡིན། སྤྱིར་བཤད་དུ་མི་སྟུབ་པ་ཡིན་ནའང་ད་རྒན་པོར་སོང་བ་དང་ཁྱེད་ལ་བཤད་པ་ཡིན་གསུངས། ཚེ་དཔག་མེད་ཀྱི་ཐུགས་དམ་ཐང་སྐུ་འདི་ལ་ཐུགས་རྩིས་ཤིན་དུ་ཆེ། རྗེ་མི་བསྐྱོད་ཞབས་ལ་ཚེ་དབང་བརྒྱ་རྩ་ཕུལ་བའི་རྗེས་ཆོག་གི་ཚེའང་དེའི་དབུ་རྒྱན་ལ་ནས་འབྲུ་ལྔ་ཙམ་དང་བུམ་པ་ལ་གསུམ་ཙམ་སོགས་མེ་ཏོག་མང་དུ་ཟུག་པ་ཐོག་མར་རྗེའི་དྲུང་གིས་གཟིགས་ཤིང་དེ་ནས་ཐམས་ཅད་ཀྱིས་མཐོང་ཞེས་དཔོན་སློབ་དུ་མ་གསུང༌། ཐང་སྐུ་ཁྲུ་ཚད་ཙམ་པ་རི་མོ་ལེགས་པོ་མིན་ཙམ་གྲུབ་རྒྱལ་མ་བཞེངས་སྐུ་ཅིག་ཡོད། དགུང་ལོ་རེ་བཞི་པ་ཙམ་གྱི་དུས་སྐུའི་བ་སྤུའི་བུ་ག་ཐམས་ཅད་ཁབ་ཀྱིས་བཙབས་པ་ལྟ་བུའི་མཉེལ་གཞི་དང་ཕྱི་ནང་གི་ལྟས་རྣམས་ཀྱང་འགྱུར་བའི་ཚེ་སྒྲོལ་དཀར་ལ་ཐུགས་དམ་མཛད་པས་སྐུ་ཁམས་དྭངས། ཕལ་(པ༡༦༣ན)


PTT001_Page_1193
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་ཞལ་གཟིགས་པར་གདོན་མི་ཟ་ཡང་མནལ་ལམ་ལ་བཏང་བའི་སྐས་མགོ་ཞིག་གི་ཞལ་པའི་ལོགས་ལ་སྒྲོལ་དཀར་གྱི་སྐུ་མཐོང་གསུང་བ་ཙམ་དང་སཱ་ཚ་འདེབས་མཁན་ཞིག་སྣང་བའི་སྐུ་སྤར་ནས་བྱུང་བ་དེ་དེས་ལག་གིས་ཕྱར་བའི་འོད་ཀྱིས་རྒྱ་ནག་གི་བར་ཁྱབ་པ་ལ་སོགས་པ་བྱུང་གསུང་ཞིང་འདི་ནས་རེ་ཞིག་མྱ་ངན་ལས་མི་འདའ་པར་ཞལ་གྱིས་བཞེས། རྗེ་འདི་ཀོང་པོར་རྗེ་བརྒྱད་པ་ལ་གསུང་ཆོས་འབུལ་ཞིང་བཞུགས། བདག་དྲོ་བོ་ལུང་ན་མཚམས་དམ་པར་ཡོད་དུས་རྨི་ལམ་དུ་བདག་དབུ་རྩེ་དམར་པོའི་མདུན་ན་འདུག་པ་ལ་ན་མཁའ་ལ་ངང་པའི་ཁྱུ་ཆེན་པོ་ཞིག་ལྷོ་ནས་བྱང་དུ་འཕུར་སོང་བའི་གསེབ་ན་ཅུང་ཆེ་བ་ཞིག་འདུག་པ་དེ་ཇེ་དམར་སོང་ནས་རྗེ་འཕྲིན་ལས་པ་སྐུ་ཆོས་བཞེས་པ་སེང་གེ་དམར་པོ་རལ་དམར་ཅན་ཞིག་ལ་ཆིབས་པར་སྣང་སྟེ་བདག་གི་མདུན་དེར་སེང་གེ་ལས་བབས་སྟེ་ཚུར་བྱོན། ཕ་ཚད་ན་རྗེ་གདན་འདྲེན་པ་ཡིན་ཟེར་བ་རྟ་སྒ་ཅན་ཁྲིད་པ་ཁ་ཅིག་སྣང༌། བདག་གི་བྱིན་རླབས་ཞུས་པ་ན། ཕྱག་གཉིས་དབུ་དང་བཅས་པ་བདག་གི་མགོར་བཞག་སྟེ་བུ་ཁྱོད་གསོལ་བ་གང་འདེབས་པ་དེ་དམ་པར་སྟེར་རོ་གསུང་བ་ན་རྗེ་ཉིད་ལོ་བརྒྱ་བཞུགས་པར་ཞུས་པས་ཞལ་གྱིས་བཞེས་སྟེ་སྤྱན་འདྲེན་པ་དེ་དག་ལ་སོང་ཞིག་པའི་བརྡ་མཛད་པས་དེ་དག་ག་ཤེད་དུ་སོང༌། ཕྱིས་སྨྱུག་ལོར་ཕེབས་འཕྲལ་ལྟས་འདིས་བརྟན་བཞུགས་འབུལ་མི་ཞིག་བཏང་བས་སྨྱུག་ལའི་ཀ་དྲུག་རྩེར་སྐུ་མཚམས་ཚེ་སྒྲུབ་ལ་བཞུགས་ཀའི་བཞུགས་སྟན་གཤོམ་པ་དང་དུས་མཚུངས་པས་དམ་ཚིག་གཙང་གསུངས་ནས་མཉེས། བརྟན་བཞུགས་ཀྱི་བཞུགས་སྟན་འདུག་གོ་ཅོག་ཐིང་གསུངས་ནས་བཏིང་པས་བརྒྱད་བཅུ་གྱ་བཞི་བྱུང་ཟེར་སྟེ་ཕྱིས་གྱ་བཞི་ལ་(པ༡༦༣བ)


PTT001_Page_1194
[མ་དཔེ་གཟིགས་ན་འདིར་གནོན།]

མྱ་ངན་ལས་འདས། རྗེ་ན་རིམ་བརྒྱད་པ། མཆོག་གི་སྤྲུལ་པའི་སྐུ་རྣམ་གཉིས། ཀརྨ་པའི་གདན་ས་གོང་འོག་གི་རིན་པོ་ཆེ་སྒམ་པོའི་སྤྱན་སྔ་སྒར་པ་སྐུ་མཆེད། བྱ་འཇམ་དབྱངས་བཀྲ་ཤིས་རྣམ་རྒྱལ་ལ་སོགས་པ་སྐྱེས་ཆེན་མཐའ་ཡས་པ་དང༌། ཀུན་མཁྱེན་རོང་པོའི་སྐུ་སྐྱེ་གསལ་བར་དྲན་ཞིང་མཁས་པ་ཟླ་མེད་པ་མཚུར་ཕུའི་ཆོས་རྗེ་ཉི་མ་བཀྲ་ཤིས། པདྨ་བཀོད་ཀྱི་འདྲེན་པ་མདོ་སྔགས་གཉིས་ལ་མཁས་པའི་སློབ་དཔོན་བསྟན་པ་རྒྱ་མཚོ། གདན་ས་ཟླ་གཅིག་དང་ཕྱིས་ས་ཐམ་རྒྱལ་པོའི་བླ་མ་མཛད་པ་ངོ་ཁྲོ་མཁྱེན་རབ་རྣམ་རྒྱལ། གདན་ས་པ་ཆོས་རྗེ་ཤེས་རབ་རྣམ་རྒྱལ། ས་ཐམ་རྒྱལ་པོའི་བླ་མ་བྱང་ཆུབ་བཤེས་གཉེན་ལ་སོགས་པ་རྗེ་ཉིད་ཀྱི་རྩ་སློབ་ཀྱི་རབ་འབྱམས་སྨར་བ་བརྒྱ་ཕྲག་དུ་ལོངས་པ་དང༌། འདྲ་བླ་མ་ཆོས་ཀྱི་འོད་ཟེར་ལ་སོགས་བཀའ་བཅུ་སྨྲ་བའི་འཕྲིན་ལས་ཅན་ཆེས་མང་པོ་དང༌། རྗེ་ཉིད་ཀྱི་དབོན་པོ་གཟིམས་ཁང་འོག་མའི་གདན་ས་པ་སྔ་ཕྱི་དང༌། རིན་ཆེན་བྲག་པའི་བླ་མ་ན་རིམ། ཤངས་ནས་སྐུ་རབ་ཆོས་རྗེ། ཆམ་དགོན་པ་དང་གླང་ལུང་པ་ལ་སོགས་ཡ་འབྲོག་གི་བླ་མ་ཕལ་ཆེར། དོ་བོ་རི་པ་སྔ་ཕྱི་རྣམས། ཀྲེ་ཆེ་ཆུང་སོགས་སྒྲུབ་གྲའི་བླ་མ་ཆེས་མང་པོ་ཡང་རྗེ་འདི་ལ་ཆོས་མང་དུ་གསན་པ་ཁོ་ན་འོ། །རྗེ་སྨྱུག་ལ་པཎ་ཆེན་དང་ཕར་སློབ་ཚུར་སློབ་མཛད་ལ་ཆུ་ཤུལ་མཁན་ཆེན་པ་དང༌། གཟིམས་དཔོན་ཀུན་སྤངས་པ་ལ་སོགས་ལུགས་གཉིས་ཀྱི་ཡོན་ཏན་དང་ལྡན་ཆེས་མང་ངོ༌། །སྤྱིར་ནཱ་ལནྡའི་གཟིམས་ཁང་འོག་མར་ཀུན་མཁྱེན་བཀྲས་རྣམ་པའི་གདན་སའང་མཛད་ཅིང་འཕྲང་པོ་བའི་ཆོས་རྗེ་གསེར་མདོག་པ་དང་བྲག་ཐོག་ཆོས་རྗེ་སོགས་(པ༡༦༤ན)


PTT001_Page_1195
[མ་དཔེ་གཟིགས་ན་འདིར་གནོན།]

ས་སྐྱ་པའི་དགེ་བཤེས་མང་པོ་ལ་ལམ་འབྲས་ངོར་རྫོང་གི་ལུགས་ཐ་དད་དང་གླེགས་བམ་མ། དཀར་མ། གཉགས་མ། སྨར་མ། པོད་ནག་མ། དཔེ་མཛོད་མ་ལ་སོགས་ལམ་འབྲས་ཀྱི་པོ་ཏི་ཉི་ཤུ་ལྷག་པའི་ལུང་ཁྲིད། རྒྱལ་ལམ་གྱི་དབང་སོགས་གནང་ཞིང་ས་ཀར་གཉིས་ཀའི་བསྟན་པ་ལ་བྱ་བ་མཛད་དོ། །རྗེ་དྭགས་པོ་རབ་འབྱམས་པ་མཁས་གྲུབ་ཆོས་རྒྱལ་བསྟན་པ་ནི་སྒམ་པོའི་མདུན་ཉག་ཉི་ཀླུང་དུ་ས་སྦྲུལ་ལ་སྐུ་བལྟམས། སྐུ་ཆུང་ངུ་ནས་ཡོམ་དགོན་དུ་གཙང་ཆེན་ཆོས་རྗེའི་དྲུང་དུ་རབ་བྱུང་མཛད། མཚན་ཆོས་རྒྱལ་བསྟན་པའི་རྒྱལ་མཚན། ཆོས་གདམས་ངག་མང་དུ་གསན། སྣེའུ་ཐང་དུ་མཚན་ཉིད་གསན། ཁྱད་པར་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་བུ་ལུགས་ཀྱི་ཕྱག་ལེན་ལ་སོགས་པ་ཆེས་མཁས་པར་སྦྱང་ཤིང་སླར་འབྲས་ཡུལ་སྐྱེད་ཚལ་དུ་ཀུན་མཁྱེན་སངས་རྒྱས་འཕེལ་གྱི་སྤྱན་སྔར་སྡེ་སྣོད་མཐའ་དག་ལ་སྦྱངས། མདོར་ན་རྗེ་ཉིད་ཀྱིས། ཕྱི་ནང་གཞན་གསུམ་སྦྱོར་བའི་རྩིས་ལ་མཁས། །སྐུ་གཟུགས་མཆོད་རྟེན་སོགས་ཀྱི་དབྱིབས་དང་ཚད། །གཟོ་རིག་ཕུལ་དུ་ཕྱིན་པ་གཞན་ཡོད་མིན། །རང་གཞན་གྲུབ་པའི་མཐའ་ལ་ཚད་མ་སྟེ། །བརྡ་སྤྲོད་པ་ལ་སྒྲ་ཡི་རིག་པ་ཤེས། །ནང་དོན་ཟབ་མོའི་གནས་ལུགས་ལྟ་བའི་ཚེ། །དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་མན་ངག་བཅས། །ཇི་བཞིན་ཤེས་ནས་གཞན་ལ་སྟོན་ནུས་མོད། །ཅེས་གསུང་པ་ལྟར་མཁས་པའི་ཕུལ་དུ་ཕྱིན་སྟེ་འཆད་རྩོད་རྩོམ་ལ་འགྲན་ཟླ་དང་བྲལ། རྩེས་དང་དུ་གྲ་སྐོར་ལ་བྱོན་དུས་ཆུ་བྱང་བའི་དགེ་བཤེས་པོད་ཆེན་བརྒྱད་བཅུ་ཡོད་པ་ཅིག་དང་འབུམ་རབ་འབྱམ་པ་རིན་ཆེན་ཆོས་དབང་སྟེ་རྣམ་གསུམ་ལྷན་ཅིག་དུ་བྱུང་བ་རྗེ་འདིས་པོ་ཏི་ཉི་ཤུ་རྩ་ལྔའི་བཤད་པ་མཛད་པས་ཆེས་བཤད་པ་བཟང་ཞིང་དཔྱིས་ཕྱིན་པ་དང་ཁྱད་པར་དུས་ཀྱི་འཁོར་ལོ་ལ་ཕུལ་དུ་ཕྱིན་པ་དེས་རྒྱུ་སྐར་གྱི་ནང་ན་ཟླ་བ་ལྟར་ཆེས་ལྷག་པར་གྱུར་སྟེ་(པ༡༦༤བ)


PTT001_Page_1196
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱིས་ངོ་མཚར་དུ་བྱས། དབོན་ས་ཚེས་གཉིས་རིན་པོ་ཆེས་ཁྱད་པར་དུ་བསྟོད་བསྔགས་མཛད་ཅིང་ཆོས་འཆད་དུ་བཞུགས་དགོས་པར་ནན་གྱིས་གསུངས་ཀྱང་བདག་གིར་མ་མཛད། བདག་གིས་ཀྱང་འཆད་རྩོད་རྩོམ་གསུམ་ག་ལ་སྦྱངས་པའི་མཁས་པའི་ནང་ན་རྗེ་འདི་ལྟ་བུ་གཞན་མ་མཐོང༌། རྒྱལ་བའི་དབང་པོའི་ཞབས་ལ་བསྟེན་པར་མཛད་སྟེ་ཟབ་ཆོས་མཐའ་དག་གསན་ཞིང༌། ཐུགས་དམ་གྱི་རྟོགས་པ་ཕུལ་དུ་ཕྱིན་ཞིང་འཁྲུལ་ཞིག་ཆེན་པོར་བཞུགས། རྗེ་ཐམས་ཅད་མཁྱེན་པས་ཀྱང་ཐུན་མོང་མ་ཡིན་པའི་སྲས་སུ་དགོངས་སྟེ་ཞྭ་ལྗང་གི་ཅོད་པན་དང་རྗེ་མཐོང་བ་དོན་ལྡན་གྱི་ཕྱག་དྲིལ་སོགས་གནང༌། རྗེ་འཕྲིན་ལས་པས་ཡེར་པའི་བླ་མ་ལ་གནང་བར་གསོལ་བ་བཏབ་པས་ཡེར་པའི་གདན་སར་གནང༌། ནང་དོན་གྱི་འགྲེལ་པ་ཤིན་དུ་ངོ་མཚར་ཆེ་བ་མཛད་སྟེ་རྗེ་ན་རིམ་བརྒྱད་པའང་ནང་དོན་གྱི་འགྲེལ་པ་འདི་ཁོ་ན་ལེགས་པར་འདུག་གསུང༌། ཆོས་གསུང་བ་རྣམས་ཀྱང་བཀའ་རྒྱུད་རིན་པོ་ཆེའི་དགོངས་པ་ཐུན་མོང་མ་ཡིན་པ་ཁོ་ན་གཞན་དང་ཕྱེ་སྟེ་གསལ་བར་སྟོན། བདག་ལོ་བཅུ་གཉིས་པའི་དུས་མཇལ་ཞིང་བཀའ་དྲིན་ཤིན་དུ་ཆེ། བདག་གིས་ཐུབ་ཆེན་དུ་སྤྱན་དྲངས་སྟེ་ཆོས་ཀྱི་གསོལ་བ་བཏབ་ནས་དབུས་ཀྱི་ཀར་སྡེ་རྣམས་ཀྱི་བླ་མ་དགེ་བཤེས་ཕལ་ཆེར་འདུས་པ་ལ་དུས་ཀྱི་འཁོར་ལོའི་དབང་དང་རྡོ་རྗེ་ཕྲེང་བའི་དབང༌། ཚད་མ་རིགས་གཞུང་རྒྱ་མཚོའི་ལུང་རྗེ་འདི་མ་གཏོགས་པ་གཞན་ལ་མི་བཞུགས་པས་དེའི་བཤད་ལུང་སོགས་གནང༌། སྤྱིར་བཀའ་རྒྱུད་རིན་པོ་ཆེ་དང་ཁྱད་པར་རྗེ་ཆོས་གྲགས་རྒྱ་མཚོའི་དགོངས་པ་ཁོ་ན་ལུགས་གཞན་དང་མ་འདྲེས་པར་འཆད། དགུང་ལོ་དོན་དྲུག་པ་ཤིང་སྤྲེ་ལ་ཁོ་བོ་ཡི་དབུ་ཞྭ་ལྗང་ཅོལ་པོའི་ཚུལ་དུ་ཟུང་ཞིག་ཞེས་སྐུ་སྐྱེ་བ་ཕྱི་མ་འབྱོན་པར་ཞལ་གྱིས་བཞེས་སྟེ་མྱ་ངན་ལས་འདས་ཤིང་སྒར་ཆེན་མི་མང་གི་བླ་མར་བསྐོས་པའི་དབང་གིས་སྒར་གྱི་དཔོན་ཆེན་ཆུང་ཐམས་ཅད་ཀྱི་བླ་མར་གྱུར་ཅིང་ཆམ་དགོན་པ་དང་སློབ་དཔོན་(པ༡༦༥ན)


PTT001_Page_1197
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་རྒྱ་མཚོས་གྲུབ་ཆེན་པཀྵིའི་བཀའ་འབུམ་དང་འདུལ་བ་ལུང་ཞུས་སྟེ་རྗེ་འཕྲིན་ལས་པ་ལ་ཕུལ་ལོ། །ཆོས་རྗེ་གསུང་རབ་མང་ཐོས་པ་ནི་དྭགས་པོ་སྐུ་རབ་དགོན་སར་དུ་རབ་བྱུང་མཛད། ཀུན་མཁྱེན་སངས་རྒྱས་འཕེལ་གྱི་སྤྱན་སྔར་སྡེ་སྣོད་ལ་སྦྱངས་སྟེ་མཁས་པར་གྱུར། རྗེ་བདུན་པ་རྩ་བའི་བླ་མར་བསྟེན་སྟེ་ཐུགས་དམ་གྱི་སྤངས་རྟོགས་རྫོགས། སེར་འབྲས་དགེ་གསུམ་གྱི་ཆོས་རྗེ་སྨོན་ལམ་དཔལ་དང་ལེགས་ཆོས་པ་སོགས་དང་སྒྲོས་གླེང་མཛད་པས་ཤིན་དུ་རྒྱལ་བ་སྐད། སྟག་ལུང་རིན་པོ་ཆེ་ངག་དབང་གྲགས་པ་ལ་འབྲི་ཁུང་དགོངས་གཅིག་ཞུས་པས་ཁྱེད་ས་སྐྱ་པ་ལ་ང་འབྲི་ཁུང་པའི་ཆོས་མི་འཆད་གསུངས། ནན་གྱིས་ཞུས་པས་འོ་ན་དགོངས་གཅིག་གི་གྲུབ་མཐའ་འཛིན་པ་དང་ལོ་རེ་ལ་ལན་རེ་འཆད་པར་ཁས་ལེན་དགོས་གསུངས་སྟེ་དེའི་དམ་བཅའ་མཛད་ནས་ལེགས་པར་གནང༌། རྗེ་ཆོས་གྲགས་རྒྱ་མཚོའི་དགོངས་པ་དང་དགོངས་གཅིག་གཅིག་པར་མཛད་ནས་ལམ་རིམ་བྱང་ཆུབ་ལྗོན་ཤིང་ཞེས་བྱ་བ་མཛད། དགོངས་གཅིག་རྟག་དུ་གསུང་ཞིང་བཀའ་བསྟན་བཅོས་ཐམས་ཅད་ཀྱི་པོ་ཏི་བརྩིགས་ནས་འདིའི་ནང་ནས་གང་འདེམས་ཟེར་ན་དགོངས་གཅིག་ཁོ་ན་འདེམས་ཞེས་ཐུགས་རྩིས་ཆེ་བར་མཛད། བདག་གི་བླ་མ་མཁས་གྲུབ་སངས་བློ་བའི་ཡང་ཆོས་གསན་པའི་བླ་མ་བཀའ་དྲིན་ཆེ་ཤོས་ཅིག་ཡིན། བསམ་ཡས་མཆིམས་ཕུའི་སྒྲུབ་སྡེའི་འདྲེན་པ་མཛད་སྟེ་འཕྲིན་ལས་ཆེ་བར་བྱུང་ངོ༌། །རྗེ་བཙུན་བཀྲ་ཤིས་འོད་ཟེར་ནི་མདོ་ཁམས་ལྕགས་དུལ་གསེར་གསུམ་ལས་དུལ་མོའི་སར་འཁྲུངས། ཐོག་མར་དབུས་གཙང་དུ་བྱོན་སྟེ་རི་བོ་དགའ་ལྡན་པའི་གྲར་སྡེ་སྣོད་དང་གསང་སྔགས་ལ་སྦྱངས་པས་ཤིན་དུ་མཁས་པར་གྱུར། ཡུལ་དུ་འབྱོན་པར་བཞེད་ནས་ལམ་དུ་རྗེ་བདུན་པ་དང་མཇལ་བས་ཞལ་གཟིགས་པ་ཙམ་གྱིས་བྱིན་རླབས་ཞུགས། དད་པ་རང་དབང་མེད་པ་བྱུང་སྟེ་ཡུལ་དུ་འབྱོན་པའི་སྤྲོས་པ་བཅད་ནས་གདམས་པ་ཞུས་སྟེ་རྩེ་(པ༡༦༥བ)


PTT001_Page_1198
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་དུ་ཉམས་ལེན་མཛད་པས་རྟོགས་པ་ན་མཁའ་ལྟ་བུ་ཤར། སྤངས་རྟོགས་ཀྱི་ཡོན་ཏན་རྫོགས་སྟེ་གཙོ་བོར་རི་ཁྲོད་ཁོ་ན་མཛད། ཕྱིས་ཕྲིན་ལས་ཀྱང་ཤིན་དུ་ཆེ་ཞིང་རྗེ་བརྒྱད་པའི་དྲུང་དུ་གདམས་ངག་ཁྱད་པར་བ་ཐམས་ཅད་ཕུལ། རྗེ་བཙུན་བཀྲ་ཤིས་རྣམ་གཉིས་ཅེས་སངས་རྒྱས་མཉན་པ་དང་སྐུ་གྲགས་པ་དཔལ་འབྱོར་ལ་སོགས་སྐྱེས་ཆེན་དུ་མ་དང་མདོ་ཁམས་ཀྱིས་ལྷ་སྡེ་མི་སྡེའི་ཆེན་པོ་ཐམས་ཅད་ཀྱིས་བླ་མ་གཅིག་པུ་པར་འཛིན་ཞིང་བཀའ་རྒྱུད་རིན་པོ་ཆེའི་དགོངས་པ་ཐུན་མོང་མ་ཡིན་པ་ཁོ་ན་སྟོན་པར་མཛད་དོ། །སྡེ་བདུན་རབ་འབྱམ་པ་དབང་ཕྱུག་རྒྱལ་མཚན་ནི་གཙང་རྟིང་ཁེབས་པའི་ཞལ་ངོ་ཡིན། གསེར་མདོག་ཅན་དུ་སྦྱང་པ་མཛད་ཅིང་གཙོ་བོར་ཚད་མ་སྡེ་བདུན་ལ་མཁས་པས་མཚན་དེར་ཐོགས་པཎ་ཆེན་གྱི་ཐུགས་རྩོམ་གི་པར་སྒྲུབ་པ་རྣམས་ཀྱི་དོ་དམ་མཛད་པས་ཞབས་ཏོག་ཤིན་དུ་ཆེ། རྗེ་བདུན་པའི་དྲུང་དུ་པཎ་ཆེན་གྱི་འབུལ་མོ་ཆེ་མཛད་པའི་སྐབས་སྡེ་བདུན་རབ་འབྱམ་པ་དབང་ཕྱུག་རྒྱལ་མཚན་གྱིས་གཙོས་པའི་བསྟན་པ་ཡོངས་རྫོགས་ཀྱི་དགེ་བཤེས་བཅུ་གཅིག་ཞེས་འབུལ་ཡིག་དུ་བཏབ་ནས་ཕུལ། ཀརྨ་གྲ་ཚང་གི་འཆད་ཉན་སློབ་དཔོན་མཛད་ཅིང་སློབ་མ་མང་དུ་བྱོན། ཕྱིས་གཡམ་བཟང་གི་མཁན་པོ་དང་བཤད་གྲྭའི་ཆོས་སྟོན་པ་པོ་མཛད་སྟེ་ལུང་རིགས་འཛིན་པ་མང་དུ་བྱུང་ངོ༌། །དུས་ཞབས་པ་ཤཱཀྱ་དབང་ཕྱུག་ནི་རུ་དགོན་སར་དང་ཞ་ལུར་སྦྱངས་པ་མཛད། སྡེ་སྣོད་དང་ཁྱད་པར་སྔགས་ཡོ་ག་དང་དུས་འཁོར་བུ་ལུགས་ལ་མཁས་པས་མཚན་དུས་འཁོར་ཞབས་པར་ཆགས། རྗེ་བདུན་པ་ལས་གདམས་ངག་གསན་ཞིང་དད་ཐོབ་ཀྱི་སློབ་མར་གྱུར། དྭགས་པོར་གསང་སྔགས་གླིང་བཏབ། རྗེ་སྨྱུག་ལ་པཎ་ཆེན་གྱིས་ཀརྨ་གསེར་ཕྲེང་ལ་གཡུང་གི་རྣམ་ཐར་ཉིད་མཛད་ཆེན་མོ་བཅུག །རྗེ་དེ་བཞིན་གཤེགས་པའི་རྣམ་ཐར་མི་ཉག་བློ་རིན་ཆེན་པས་མཛད་པ་སོགས་དང་སོག་དཔོན་པའི་རྣམ་ཐར་བརྒྱ་རྩ་མ་ཆུང་ངུ་དང༌། རྗེ་མཐོང་བ་དོན་ལྡན་གྱི་རྣམ་ཐར་ཧོར་སྟོན་སངས་རྒྱས་རྒྱལ་མཚན་(པ༡༦༦ན)


PTT001_Page_1199
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མཛད་པ་སོགས་དང༌། བན་སྒར་བ་དང་གོའི་ཤྲི་བའི་རྣམ་ཐར་གཞན་མ་རྙེད་ནས་རྗེ་ཉེད་ཀྱིས་བསྟོད་པ་རེ་མཛད་སྟེ་དེ་རྣམས་གླེགས་བམ་གཅིག་དུ་མཛད་ནས་ལོ་རེ་ཞིང་ངེས་པར་ལུང་དུ་མཛད། རྗེ་བདུན་པའི་རྣམ་ཐར་ཁྱེད་བསྟེན་ཡུན་རིང་ཐུགས་རྒྱུད་ཆེ་རྣམ་ཐར་རྩོམ་པའི་འོས་ཁྱེད་ལ་འདུག་པས་མཛད་དགོས་ཅེས་གསུང་ཆོས་ཕར་གསན་ཚུར་གསན་མཛད་པའི་སྐབས་སུ་བསྐུལ་བར་མཛད་ནས་རྗེ་དུས་ཞབས་པས་བརྩམས་པའི་རྣམ་ཐར་ཆེས་ལེགས་པ་ཅིག་ཡོད་ཅིང་རྗེ་པཎ་ཆེན་གྱིས་བདག་ལ་ལུང་ཡང་བསྩལ་མོད་ཀྱང་མ་ཕྱི་ཤིན་དུ་དཀོན་པར་སྣང་ངོ༌། །ཆོས་རྗེ་དོ་བོ་རི་པ་ནི་ཡ་འབྲོག་མངོན་དགར་རབ་བྱུང་མཛད། བཀའ་བཅུ་པ་ན་མཁའ་རྒྱལ་མཚན་ཞེས་རྩོད་པའི་ཁྱུ་མཆོག་དུ་གྲགས། ཀརྨ་གྲ་ཚང་གི་ཟུར་ཆོས་པ་མཛད། རྗེ་བདུན་པ་ལ་ཐུགས་དམ་གྱི་རྟོགས་པ་བརྙེས་སྟེ་སྒྲུབ་པ་གཙོ་བོར་མཛད་ཅིང་གཡུང་དོ་རི་དང་བྱིའུ་ཆུ་མིག་དུ་སྒྲུབ་སྡེ་མཛད། སྐྱིད་ཤོད་དགའ་ལྡན་པའི་དཔོན་ས་ཆོས་རྗེས་རྩ་བའི་བླ་མར་བསྐུར་ཞིང་ཕྱག་ཆེན་གྱི་ཐུགས་དམ་བསྐྱེད། ཆོས་རྗེ་ཀུན་སྤངས་པ་དང་བཀའ་བཅུ་པ་དབང་ཕྱུག་དཔལ་སོགས་སྒོམ་ཁྲིད་ཀྱི་འགོ་དོན་ཚུལ་བཞིན་དུ་ནུས་པ་དུ་མ་བྱུང་ངོ༌། །རྗེ་དཔའ་བོ་ཆོས་དབང་ལྷུན་གྲུབ་ནི་དབུས་ཡར་ལུངས་ཀྱི་སྟོད་རྒྱུད་སྨན་གྱི་གཉལ་སྟོན་གཞིས་ཀར་འཁྲུངས། གདུང་མི་ཉག་ཡབ་གོང་མ་ཀུན་དགའ་ལེགས་པའི་གསོལ་དཔོན་གྲགས་རྒྱལ་བ་ཡུམ་རྡོར་ཐོག་པའི་གདུང་རིགས་རྒྱལ་མོ་འཛོམ། སྐུ་མཆེད་གསུམ་ལས་འབྲིང་པོ་རྗེ་འདི་ཉིད་ཡིན་ལ། འཁྲུངས་མ་ཐག་ནས་སྔོན་གནས་དུ་མ་དྲན། ཡུམ་གྱི་པང་དུ་བླངས་སྟེ་ནས་རྔོད་པ་ན་འབྲུ་དེ་ཐམས་ཅད་འགྲོ་བ་རིགས་དྲུག་གི་བཀོད་པར་གཟིགས། སྐུ་སྐྱེ་བ་སྔ་མའི་གནས་ལོ་རོ་བྲག་དམར་ཡིན་པས་ཞལ་བྱེ་འཕྲལ་དུ་ང་བྲག་དམར་ལ་འགྲོ་གསུངས་པས་ཡབ་ཡུམ་རྣམས་བཙན་གནོད་པར་དོགས་པ་སྐྱེས། ཆུང་དུས་ཕྱག་མཛུབ་ཀྱིས་བྲུས་པས་རྡོ་རྗེ་གཞོན་ནུའི་ལུགས་སྐུ་ཆུང་ངུ་ཞིག་རྙེད། དེ་ནས་བརྩམས་སྟེ་སྣང་བ་ཐམས་ཅད་འོད་ལྔའི་ཐིག་ལེ་དང་ཐིག་ཕྲན་གྱི་ནང་དུ་ཞི་བ་དང་ཁྲོ་བོའི་(པ༡༦༦བ)


PTT001_Page_1200
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གྱིས་གང་བ་རྟག་པར་གཟིགས། ཡུམ་གྱི་རྒོལ་དུ་བྱུང་བས་བྲོས་སྟེ་སེ་ཕུང་ལ་འཆང་བས་སེ་བ་ཕྱག་རྗེས་གསལ་བར་བྱུང༌། ཡབ་ཀྱི་སྣེ་གདོང་དུ་གོང་མ་ཀུན་དགའ་ལེགས་པ་ལ་ཕུལ་སྟེ་གསོལ་ཇ་བར་བཅུག །འཁོར་བ་ལ་སྙིང་པོ་མེད་པར་རྟག་དུ་མཁྱེན་པས་ཆོས་བྲོས་ཡང་ཡང་མཛད་ཀྱང་ཡབ་ཡུམ་གྱིས་བཀག་སྟེ་མ་ཐོན། ཕྱིས་དགུང་ལོ་བཅུ་བདུན་པའི་ཚེས་དགུན་དུས་ཅིག་ཉུང་ཇ་ཐུགས་སྤྲོ་མཛད་པའི་གྲལ་གྱི་དབུས་སུ་ལྕགས་ཐབ་བཙུགས་པ་ལ་གསོལ་ཇ་བཀོལ་མཁན་མཛད་པ་ན་རྡོ་ཁོག་དུ་ཇ་མར་རྒྱབ་པས་མེ་དམར་ལྷབ་གྱིས་འབར་བས་ཐུགས་དམ་གྱི་ངང་དུ་ལྷན་སོང་སྟེ་སྐྱོགས་ཚགས་ཕྱག་གཡས་གཡོན་གྱིས་བཟུང་བཞིན་པར་སྤྱན་ལྟ་སྟངས་སུ་ཧ་རེ་ལུས། ཇ་གནམ་དུ་སོང་སྟེ་ཐལ་འཚུབ་གྱིས་ནང་གང་བས་ཡབ་ཀྱི་ཤག་དུ་ཁྲིད་ནས་བཀའ་བཀྱོན་མཛད་པའི་རྐྱེན་གྱིས་གསེར་ག་མ་གཏོགས་པའི་སྐུ་རྒྱན་རྣམས་བང་ཁེབས་སུ་དྲིལ་ནས་ཡབ་ཀྱིས་རྙེད་སར་སྦས། གསེར་ག་བསྣམས་སྟེ་ཟངས་རི་ཏེས་པོ་གྲག་དམར་ན་ལྷུན་བདེ་རབ་འབྱམས་པ་བཞུགས་པར་བྲོས། མདང་གུ་རུ་ཆོས་དབང་དང་མཇལ་བ་རྨིས། ཁྱེད་ལ་དེ་ལྟ་བུའི་འགྲོ་དོན་ཅན་འོང་ཞེས་མཚན་ཆོས་དབང་ལྷུན་གྲུབ་ཏུ་གསོལ་ཞིང་དགེ་ཚུལ་དུ་བསྒྲུབས། སྤྱན་སྔ་ལུགས་ཀྱི་ཕྱག་ཆེན་ཆོས་དྲུག་གི་ཁྲིད་བསྐྱངས་པ་ཙམ་ནས་ཅིག་ཆར་བའི་ཚུལ་དུ་རྟོགས་པ་ཤར། ཉིན་མཚན་གྱི་སྒྱུ་མ་གཅིག་དུ་འདྲེས། ལོ་ཕྱེད་གཉིས་ཙམ་ནས་གསང་སྤྱོད་ལ་འབྱོན་པར་བཞེད་སྟེ་རིམ་གྱིས་བྱོན་པ་ན་ལྷ་སར་ཕེབས་ཀའི་ཚེ་ལུང་པ་དང་གྲོང་སོགས་ཀྱི་རྣམ་པ་ཅི་ཡང་མེད་པར་ཐམས་ཅད་འོད་ཀྱི་རང་བཞིན་དུ་སོང་བའི་དབུས་ན་ཐུབ་པ་གཙོ་འཁོར་ལྔ་ཁོ་ན་བཞུགས་པར་གཟིགས་སྟེ་ཐུགས་ཉམས་འུར་ནས་ཐལ་བྱུང་དུ་ཇོ་བོའི་དྲུང་དུ་བྱོན་སྐུ་ལ་འཇུས་སྟེ་གསོལ་འདེབས་དང་སྨོན་ལམ་མང་པོ་ཤུགས་འབྱུང་དུ་གསུངས། དེ་ནས་བརྩམས་སྟེ་གནས་བྱིན་རླབས་ཅན་དུ་ཕེབས་པ་ན་ཕལ་ཆེར་ཐུགས་ཉམས་འུར་བ་མང༌། དེ་ནས་སྐྱིད་ཤོད་དང་བྱང་ཕྱོགས་སོགས་ཀྱི་གནས་རྣམས་སུ་གསང་སྤྱོད་དང་བར་བར་དུ་(པ༡༦༧ན)


PTT001_Page_1201
[མ་དཔེ་གཟིགས་ན་འདིར་གནོན།]

ལྕང་གླིང་པ་གཞོན་ནུ་བློ་གྲོས། སྟག་ལུང་ངག་དབང་གྲགས་པ། དཔལ་འཆི་མེད་གྲུབ་པ། རྗེ་བཙུན་ཀུན་དགའ་བཟང་མོ། ར་ལུང་རྒྱལ་དབང་ཆོས་རྗེ་སོགས་བླ་མ་མང་པོ་ལ་ཆོས་གསན། ལྕང་གླིང་ཆོས་རྗེ་རྒྱལ་དབང་ཆོས་རྗེ་ལྷུན་བདེ་བ་རྗེ་འདི་གསུམ་ལ་ཁྱེད་གསུམ་གྱིས་ངའི་སྐུ་རེ་གྱིས་གསུངས་པ་ན་གཞན་གཉིས་ཀྱིས་གསེར་སྐུ་རེ་མཛད་ཅིང་རྗེ་འདིས་རིན་པོ་ཆེ་ཀླུའི་འབྱིམ་པ་ལས་བརྐོས་པའི་སྐུ་འདྲ་སོར་ལྔ་ཙམ་ཞིག་བཞེངས་པས་ཤིན་དུ་མཉེས་སྟེ་ཁོ་བོ་འདི་འདྲ་རང་ཞིག་ཡོད་སྙམ་གསུངས་ནས་དབུ་ཞལ་དུ་འཇིབས་པའི་བྱིན་རླབས་ཅན་ཞིག་ད་ལྟ་བཞུགས། དབོན་པོ་ཁྱོད་ལ་འཕྲིན་ལས་ཆེན་པོ་འབྱུང་བ་འདུག་པས་སློབ་གཉེར་ཞིག་གྱིས་གསུངས་ནས་འབྲས་སྤུངས་སུ་བྱོན་ཡང་ལས་ཚན་གྱི་འཁྲུག་པས་ཐུགས་སྐྱོ་སྟེ་དབེན་པ་མཛད་པར་ཞུས། མཚུར་ཕུར་གཅོད་མཛད་ཆོས་ཀྱི་རྡོ་རྗེ་ལ་གཏུམ་མོའི་མན་ངག་གསན་སྟེ་རས་བུད་ཀྱི་ཐོ་རེངས་རས་ཆུ་གྲང་ལ་སྦངས་སྟེ་གསོལ་ནས་ཇ་ཡུན་རེ་ཙམ་ལ་སྐམ་ཞིང་རླངས་པ་ཆེན་པོ་འབྱུང་བ་དེ་ལྟ་བུ་གཞན་རྣམས་ལས་གསུམ་བཞིས་མང་བར་མཛད་པས་ངོ་མཚར་སྐྱེས་ཕྱིས་རས་བུད་མཛད་པ་ན་ཡང་རློན་རས་ཀྱི་ཕྱག་སྲོལ་འདི་མཛད་ཅིང་རླུང་ཁྲིད་མཛད་པ་ནའང་སློབ་མ་རླུང་འཛིན་བཅུག་ནས་སྣ་སྒོར་བྱ་སྤུ་བཞག །རླུང་བསུས་ལ་དབྱུག་པ་བསྣུན་སྟེ་བྱ་སྤུ་ལྡེག་མི་ལྡེག་ལྟ་བ་ལ་སོགས་པའི་ཕྱག་སྲོལ་ཡོད་པའང་བླ་མ་འདི་ལས་བྱུང་ངོ༌། །ཀོང་པོར་འབྱོན་པར་དགོངས་པ་ན་སྟོང་ཤོང་གི་ཟམ་ཁ་ཚུར་མར་མགོན་པོ་ཕྱག་དྲུག་པ་ཞལ་གཟིགས་སྟེ་སྐྱེ་བ་ཐམས་ཅད་དུ་ཆོས་སྐྱོང་ཞིང་འཕྲིན་ལས་སྒྲུབ་པར་ཞལ་གྱིས་བཞེས། ཟམ་ཁ་ཕར་མར་རྡོ་རྗེ་ཕག་མོ་བྱོན་སྟེ་བུ་ཁྱོད་ཟླ་བ་བདུན་པའི་ཚེས་བཅུ་ལ་ཙཱ་ཆུང་ཟངས་ཀྱི་མཚོ་བྲག་དུ་མ་སླེབས་ན་འདི་ཕྱིའི་རྟེན་འབྲེལ་འཕྱུག་གོ་གསུང་བས་དེ་ཉིན་ནས་འོལ་ཁ་བརྒྱུད། ལམ་ཐམས་ཅད་དུ་འཇིགས་ཉེན་ཆེ་ཡང་སྐྱོན་མི་འབྱུང་བའི་ཞལ་བཞེས་མཛད་པ་ཐོག་དུ་བབ་སྟེ་མགྲོན་པ་ཀུན་གུས། ཟངས་མཚོར་ཕེབས་ཉིན་འཇའ་འོད་ཁ་དོག་སྣ་ལྔ་པ་ནམ་མཁའ་(པ༡༦༧བ)


PTT001_Page_1202
[མ་དཔེ་གཟིགས་ན་འདིར་གནོན།]

དང་ས་གཞི་ལ་བསུ་བའི་ཚུལ་དུ་བྱུང༌། མཁའ་འགྲོ་དང་ཞིང་སྐྱོང་གི་བསུ་བར་གཟིགས། དེར་རྟོགས་པ་མཐར་ཕྱིན་རླུང་སྲོག་ཐུར་འདྲེས་པའི་འགྲུབ་ཆེན་ཀུན་བསམ་པ་ཡང་དེར་ཕེབས་པས་གཉི་ག་ཕན་ཚུན་དུ་དག་པའི་སྣང་བ་ཆེར་ཐོབ། རི་ཆོས་ལ་སོགས་པའི་ཆོས་དུ་མ་གསན། དེའི་ཚེ་རྗེ་དཔའ་བོ་འདི་ཐུགས་དམ་གྱི་གཙོ་བོ་མཁའ་འགྲོ་སྙིང་ཐིག་ལ་མཛད་པའི་དབང་གིས་སྤྱིར་ཐུགས་ཉམས་འུར་ཞིང་ཁྱད་པར་དུ་མཁའ་འགྲོ་མང་པོ་ཐུགས་རྒྱུད་ལ་ཞུགས་པའི་ཚུལ་གྱིས་སྔོན་མ་གྲགས་པའི་རྒྱུད་མང་པོ་ཤ་ར་ར་གསུང་བ་དང་ཆོས་ཉན་རྣམས་ཀྱི་དམ་ཚིག་ཉམས་ཆག་སེལ་བ་དང་མ་འོངས་པ་ལུང་སྟོན་པ་དང་མཚོའི་སྟེང་ལ་ས་གཞི་ལ་བྱ་བ་ལྟར་འབྱོན་པ་དང་མཚོ་ནང་ནས་ཞིང་སྐྱོང་གི་ཆིབས་རྗེ་རེ་མ་ཏིའི་སྐུ་སོགས་བསྟན་ཞིང་སླར་མཚོར་བསྐྱལ། ཕྱག་རྗེས་ཞབས་རྗེས་མང་དུ་བྱུང་བ་རྣམས་མཚོར་བསྐྱུར་ཞིང་སྦས་པ་སོགས་དཔག་མེད་བྱུང་བར་ཐམས་ཅད་ཧ་ལས་སྟེ་ཁ་ཅིག་གིས་སྨྱོ་བར་ཐག་བཅད། ཕལ་ཆེར་གྱིས་དཔའ་བོ་ཞིག་ཡིན་པ་འདྲ་ཞེས་མཚན་དཔའ་བོར་ཆགས། ཆོས་རྗེ་ཀུན་བསམ་པས་དངོས་ཉམས་རྨི་ལམ་གྱི་བརྟག་པ་མང་དུ་མཛད་པས་རྗེས་འདི་དང་མཇལ་ཕྱིན་ཆད་ཐུགས་དམ་ལ་སྐྱེད་ཆེར་བྱུང་བས་ཐུགས་འཆེས་སྟེ་བླ་མ་ལྟ་བུར་བསྐུར། རྣམ་ཐར་བདུད་རྩིའི་ཆར་འབེབས་མ་ཡང་མཛད། འདི་ལྟ་བུའི་ངོ་མཚར་ཧ་ལས་པས་སྐུ་ཚེ་ཐུང་དུ་དོགས་ཅེས། མཁའ་འགྲོའི་བྲོ་ར་ཟངས་ཀྱི་མཚོ་བྲག་དུ། །ཞིང་སྐྱོང་མཁའ་འགྲོ་ཡི་དམ་དུ་མ་གཟིགས། །བདེན་འཛིན་ཞིག་པས་ཕྱག་རྗེས་ཞབས་རྗེས་བཞག །སྤྲུལ་པའི་དཔའ་བོ་ཁྱོད་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཞིང་འདིར་བརྟན་པར་བཞུགས། །ཅེས་སོགས་ཀྱི་བརྟན་བཞུགས་མཛད། ཕན་ཚུན་མནལ་ལམ་བཟུང་ནས་གཟིགས་རེས་མང་དུ་མཛད། གཙང་ཕྱོགས་སུ་གསང་སྤྱོད་ལ་བྱོན་སྟེ་སྐབས་ལ་ལར་མི་གཅོད་དྲག་པོ་ཡང་མཛད། གཙང་བསམ་གྲུབ་རྩེར་དེ་དག་གི་སྐྱེ་བོས་གུས་པར་བྱས་པ་ན་གཙང་པོའི་(པ༡༦༨ན)


PTT001_Page_1203
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་གླིང་རྩྭ་ཤིང་གིས་ཁེབས་པ་ཅིག་ན་ཉིན་རེ་ཞིང་འཇའ་ཚོན་གྱི་གུར་དང་མེ་ཏོག་གི་ཆར་འབབ་ཅིང་མཚན་བཞིན་མཁའ་འགྲོ་དཔག་མེད་འདུ་བར་གཟིགས་སྟེ་དྲིས་པ་ན་སྤྲང་རྒན་བཟའ་མི་ཞིག་འདུག་ཟེར་སྟེ་བྱོན་པས་རྩྭ་ལྕིལ་ནས་ཉེ་གནས་མ་བགྲེས་མོ་ཞིག་ཚུར་བྱུང༌། བླ་མ་ལ་མཇལ་བར་ཞུས་པས་སུ་ལ་ཡང་མི་མཇལ་བ་ཡིན་ཟེར། ནན་གྱིས་ཞུས་པས་དེས་བླ་མ་ལ་ཞུས་སྟེ་དྲུང་དུ་བྱོན་པ་ན་བགྲེས་པོ་གཟི་བརྗེད་ཅན་ཞིག་འདུག་པ་ལ་ཕྱག་བྱས་པས་ཁྱོད་ལ་དགེ་སྦྱོར་ཅི་འདྲ་ཡོད་གསུངས། ཉིན་མ་ཡེངས་ཙམ་མཚན་མ་འཁྲུལ་ཙམ་ཡོད་ཞུས་པས། ཨ་རེ་སྡུག་ལམ་དང་པོ་རང་དུ་འདུག་གསུངས། བླ་མ་འདིས་སུ་ལ་ཡང་གཏམ་ཆེར་མི་གསུངས། ཉིན་མཚན་མེད་པར་བྷྲུཾ་བྷྲུཾ། ཞེས་དང་སྐབས་སུ་སྔོན་པོ་སེར་པོ་དམར་པོ་ལྗང་ཁུ་ཞེས་གསུང་བ་ཞིག་འདུག །ཁྱོད་སྐལ་ལྡན་དུ་འདུག་གསུངས་ནས་ཁོང་རང་གིས་སངས་རྒྱས་སྟོང་ལ་དངོས་སུ་གསན་པའི་སངས་རྒྱས་སྟོང་རྩའི་ཁྲིད་གསུངས། ལས་རྒྱུ་འབྲས་ལ་འཛེམ་པ་གལ་ཆེ། ང་ཡང་སྔོན་བརྟུལ་ཞུགས་ཆེ། མི་གཅོད་དང་གཉན་ས་ལ་བརྟུལ་ཞུགས་མང་དུ་བྱས། ཁྱད་པར་དོམ་ཚང་རོང་དུ་གཟའ་བདུད་གནས་པའི་ཤུག་སྡོང་ཞིག་གི་རྩར་གཅོད་བྱས་པ་ཚར་ལྷོངས་གང་ཡང་མ་བྱུང་བས་དྲག་གཅོད་བྱས་ཤུག་སྡོང་ལ་མེ་བརྒྱབ་པས་གཟའ་བདུད་ཀྱིས་ཐོག་ཕབ་ནས་འདི་བཞིན་བྱུང་བ་ཡིན་གསུངས་ནས་དབུ་གཙུག་བསྟན་བྱུང་བས་དབུ་ཐོད་དབུ་ཀླད་དང་བཅས་པ་ཐེ་བོང་ཤོང་ལྷག་པར་བུག་པ་ཧར་གྱིས་འདུག་པ་ལ་བདུད་རྩི་བྱུང་ཚད་དེར་བཅུག་ནས་འཇོག །ཐོག་མེད་རྐན་གཉེར་གྱི་ཁྲོད་ན་ཉུག་གེ་འདུག །འདི་ལ་ན་ཚ་ཟུག་གཟེར་ཆེ་བར་བྱུང་ནས་རྡོ་རྗེ་རྣམ་འཇོམས་ལ་འདོན་པར་ཞུས་པས་དེས་མ་ཐོན། དཔལ་རྟ་མགྲིན་གྱིས་ལན་གསུམ་བཏོན་པས་མ་ཐོན། སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཞུས་པས་དབུའི་གཙུག་ཏོར་ཕར་ཡོལ་ཚུར་ཡོལ་མཛད་ནས་ཨ་ར་ར་ང་མགོ་ན་སེམས་ཅན་གྱི་ལས་འདི་མཐུ་ཆེ་བར་འདུག་གསུངས། རྗེ་བཙུན་སྒྲོལ་མ་ལ་ཞུས་པས་འདི་བསལ་ན་(པ༡༦༨བ)


PTT001_Page_1204
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་མར་དམྱལ་བར་ལན་གཅིག་སྐྱེ་དགོས་པར་འདུག །ད་ལྟའི་འདི་དང་དུ་བླངས་ན་ཕྱི་མར་ཉམས་སུ་མྱོང་མི་དགོས་པར་འདུག་གསུངས་བས་འོ་ན་ད་ལྟ་ལས་བདག་གིར་དགྱིད་པར་ཞུས་པ་ཡིན་གསུངས། བསྐལ་པ་དཔག་མེད་ཀྱི་སྔོན་དུ་ད་ལྟའི་ཆོས་རྗེ་ཀརྨ་པ་དང་ང་གཉིས་བྱང་ཆུབ་ཏུ་སེམས་མཉམ་དུ་བསྐྱེད་པ་ཡིན་ནའང་ཁོང་ཚོགས་གཉིས་རྒྱ་ཆེ་བས་གཞན་དོན་རྒྱ་ཆེན་གྲུབ། ཁོ་བོ་དེ་ཙམ་མ་བྱུང་སྟེ་ཚེ་རབས་ཕྱི་མ་ནས་གཞན་དོན་རྒྱ་ཆེན་པོ་འབྱུང་གསུངས། ལ་ཕྱི་ལ་སོགས་པར་བྱོན། ལ་ཕྱི་དང་ལིང་བ་བྲག་ལ་སོགས་པར་རྗེ་བཙུན་ལ་བྱུང་བའི་ཆ་མཐུན་གྱི་ཚར་ལྷོངས་བྱུང༌། ཆུ་མིག་དངུལ་འབུམ་གྱི་རྩར་སྐྱེས་པ་ཅིག་དང་བུ་མོ་ཞིག་རྟ་འོལ་བ་ཞོན་ནས་བྱུང་བ་ལ་ཐུགས་འུར་སྟེ་ད་ལྟ་གང་དྲན་པ་ཅིག་ཕུལ་གསུངས་པས་བུད་མེད་དེས་ཤེལ་ཕྲེང་ཞིག་ཕུལ་བྱུང༌། ཐུགས་འུར་ནས་ཆུ་དེ་ལ་མ་ཐོགས་པར་བྱོན་པས་དེ་གཉིས་ཆེར་དད། ཀོ་རོ་ལ་ཐོག་དུ་ཇག་པ་མི་བདུན་དང་མཇལ་བ་ལ་མགུར་གསུངས་པ་སོགས་རྗེ་བཙུན་མི་ལའི་རྣམ་ཐར་དང་ཆ་མཐུན་པ་ཁོ་ན་བྱུང༌། སླར་དབུས་དང་ལོ་རོའི་སར་བྱོན་འཇོལ་སྣང་གི་ཡུལ་གཟིགས་པའི་ས་ནས་ཐུགས་ཉམས་འུར་སྟེ་ཕེབས། སྐྱུ་སྔའི་གནས་མ་གིན་ཁང་པ་ཁྲ་བོ་གསུམ་སྒེད་པོ་བཙུགས་པ་ལྟར་ཡོད་པ་ལ་ད་གཅིག་ལས་མི་འདུག་གསུང་བ་ལ་དབོན་པོ་ཤཱཀྱ་རྒྱལ་བ་ན་རེ་ནག་ཚང་ཁྲ་བོའི་རྩེ་ཕབ་མཆོད་ཁང་ཁྲ་བོ་འགྱེལ་བ་ཡིན་ཟེར། འཇོལ་སྣང་གི་ནང་དུ་བྱོན་ཚེ་གདུང་འབུམ་ལས་བདུད་རྩིའི་ཆུ་བབ། འཇོལ་སྣང་གི་རྒྱབ་འོང་གསེབ་ཏུ་ཕེབས་ནས་འདི་ན་མཆོད་རྟེན་ཆུང་ངུ་ཡོད་པ་དྲན་ནམ་གསུངས། ཡུལ་མི་རྒན་པོ་རྣམས་ཀྱིས་ཡོད་པ་དྲན་ཡང་ས་དམིགས་མ་དྲན་ཟེར་བས་ཞིང་གི་དབུས་ཅིག་དུ་འདི་ན་ཡོད་པ་ཡིན་རྐོས་དང་གསུངས། བརྐོས་པས་མཆོད་རྟེན་གྱི་རྨང་དང་སཱ་ཚ་མང་དུ་བྱུང་བས་ཡུལ་མིས་དེར་མཆོད་རྟེན་བྱས་(པ༡༦༩ན)


PTT001_Page_1205
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་སྐྱེ་དྲན་འབུམ་བར་གྲགས། སྤྲུལ་སྐུ་རྒྱལ་མཚན་དཔལ་བཟང་དང་སྤྲུལ་སྐུ་གཞོན་ནུ་ལྷུན་གྲུབ་ཀྱི་སྔོན་གནས་མང་དུ་གསུངས་པས་སྔོན་གྱི་གྲ་སློབ་ཀུན་ཡིད་འཆེས་སྐྱེས་སྟེ་སྤྲུལ་སྐུ་རྩོད་མེད་དུ་གྲགས། དེ་ཡང་ཆོས་རྒྱལ་རིན་ཆེན་གླིང་བའི་རྣམ་ཐར་རེ་བོ་བ་ན་མཁའ་འོད་ཀྱིས་མཛད་པར་ལུང་མང་དུ་དྲངས་སྟེ་ཆོས་སྐུ་འོད་དཔག་མེད་ཀྱི་སྤྲུལ་སྐུ་ཐུགས་རྗེ་ཆེན་པོས་ཛམ་གླིང་འདུལ་བ་ལས་རྒྱ་གར་དུ་རྒྱལ་པོ་ཆེན་པོ་ཅིག་གི་མཆོད་གནས་ནང་པའི་དགེ་བསྙེན་པཎྜི་ཏ་དང་ཕྱི་རོལ་རྒྱང་འཕེན་པའི་སྟོན་པ་རལ་པ་ཅན་གཉི་གའང་འཁོར་ལྔ་བརྒྱ་རེ་དང་བཅས་པ་ཡོད་སྟེ་རྟག་དུ་རྩོད་པ་ལས་ཕྱི་རོལ་པ་རྒྱལ་བར་ཉེ་བའི་ཚེ། དགེ་བསྙེན་པཎྜི་ཏ་དཀོན་མཆོག་ལ་གསོལ་བ་བཏབ་པས་དེའི་བཙུན་མོའི་ལྷུམས་སུ་ཐུགས་རྗེ་ཆེན་པོའི་འོད་ཟེར་ཞིག་ཞུགས་པ་ལས་རིང་པོ་མ་ལོན་པར་ཁྱེའུ་སྐྱེས་མ་ཐག་ཁ་ནས་སྒྲ་ཚད་ཀྱི་གཏམ་སྨྲ་བ་ཞིག་བྱུང༌། འཇམ་དཔལ་གྱིས་བྱིན་གྱིས་བརླབས་སྟེ་ངག་གི་དབང་ཕྱུག་ཐོབ། དེ་ལོ་བདུན་ལོན་པ་ན་མུ་སྟེགས་ཀྱིས་ད་ལྟ་ནས་ཚར་གཅོད་དགོས་ཟེར་ནས་རྒྱལ་པོ་དང་བཅས་པའི་རྩོད་པའི་གྲར་ཁྱེའུ་དེ་བོས་པ་ན། ཁྱེའུས་སྒྲ་རིགས་པའི་ཧཱུྃ་འདྲེན་བྱ་བ་ཤར་གྱིས་བཏོན་པ་ལ་མུ་སྟེགས་ཀྱིས་སྐྱོན་བཟུང་སྟེ་རྩོད་པས་མུ་སྟེགས་རབ་ཏུ་ཕམ་པར་བྱས་སྟེ་ཤེས་རབ་ཟླ་མེད་པར་མཚན་ཤེས་རབ་འབྱུང་གནས་སུ་ཐོགས། མུ་སྟེགས་རྣམས་ནང་པར་ཞུགས་སྟེ་འཁོར་དུ་གྱུར་ཡང་སློབ་དཔོན་མེད་པའི་ཡོན་ཏན་ལ་ཡིད་མི་འཆེས་ཟེར་བས་སླར་དཔལ་ཆོས་ཀྱི་གྲགས་པ་དང་སེང་གེ་བཟང་པོ་ལ་སོགས་པཎ་གྲུབ་མཐའ་ཡས་པ་བསྟེན། སློབ་དཔོན་ཆེན་པོ་པད་མ་འབྱུང་གནས་ལས་རྡོ་རྗེ་ཐེག་པའི་ལམ་མཐའ་དག་གསན་སྟེ་མཆོག་གི་དངོས་གྲུབ་བརྙེས། (པ༡༦༩བ)


PTT001_Page_1206
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཚེ་ཆེས་རིང་དུ་བཞུགས་སྟེ་ཕྱིས་ན་རོ་པ་སྒོ་སྲུང་ཕྱི་མ་མཛད་པ་ན་འདིས་ནཱ་ལེནྜ་ནུབ་སྒོ་སྲུང་བ་མཛད། མདོ་སྔགས་ཀྱི་འཁོར་གཉིས་སུ་ཡོད། མཐར་སོ་ས་གླིང་གི་དུར་ཁྲོད་དུ་བཞུགས་ཚེ་ནུབ་ཕྱོགས་ཨོ་ཌྱན་གྱི་ཡུལ་དུར་ཁྲོད་ཆེན་པོའི་དབུས་ཀེང་རུས་ཀྱི་ཕོ་བྲང་ཆེན་པོ་རྡོ་རྗེ་རྣལ་འབྱོར་མ་བཞུགས་པའི་སྐུ་ལས་འོད་ཟེར་བྱུང་སྟེ་སྐུ་ལ་ཕོག་པས་དཔལ་འཁོར་ལོ་སྡོམ་པའི་ངོ་བོར་གྱུར་སྟེ་རྡོ་རྗེ་རྣལ་འབྱོར་མའི་ཐུགས་ཀར་ཐིམ་པས་གཉིས་སུ་མི་ཕྱེད་པ་ལྷན་ཅིག་སྐྱེས་པ་གཅིག་གི་ངོ་བོར་གྱུར། ཅི་ཞིག་ན་ཐུགས་ཀ་ནས་ཡི་གེ་ཧྲཱིཿདམར་པོའི་རྣམ་པས་རྒྱལ་པོ་ཆེན་པོ་ཞིག་གི་བཙུན་མོའི་ལྷུམས་སུ་ཞུགས་སྟེ་ཟླ་བ་བཅུས་ས་བཅུ་བགྲོད་པའི་ཚུལ་གྱིས་ངོ་བོ་རྡོ་རྗེ་རྣལ་འབྱོར་མ་ཉིད་ལས་རྣམ་པ་མི་མོ་མི་ལས་འདས་པའི་ལུས་ཅན་དུ་སྐུ་བལྟམས། རབ་ཏུ་འབྱུང་བར་སོལ་སྟེ་བསྟན་པ་ལ་དགེ་སློང་མའི་དངོས་པོར་གྱུར། མཚན་བདེ་སྐྱོང་བཟང་མོར་གྲགས། གསེར་གླིང་པ་དང་ཆོས་བཤེས་དང་ཇོ་བོ་རྗེ་དང་ན་རོ་པ་རྣམས་ལས་གདམས་པ་ནོད། དགེ་སློང་མའི་རྣམ་པས་ཉིན་མོ་སྡེ་སྣོད་ཀྱི་ཆོས་སྟོན། མཚན་མོ་གྲུབ་པའི་གནས་ཐམས་ཅད་དུ་ཚོགས་ཀྱི་གཙོ་མོ་མཛད་སྟེ་རྡོ་རྗེ་ཐེག་པ་སྟོན་པས་འགྲོ་བ་འདུལ་བ་ན་མུ་སྟེགས་ཀྱི་སྟོན་པ་ཀ་ར་ཞེས་བྱ་བའི་ཟག་བཅས་ཀྱི་མངོན་ཤེས་ཀྱིས་ཤེས་སྟེ་དུར་ཁྲོད་འདིའི་དབུས་ན་སངས་རྒྱས་པའི་དགེ་སློང་མ་ཞིག་གིས་མུ་སྟེགས་ཀྱི་བསྟན་པ་གཞིག་པར་འདུག་ཁྱེད་ལང་ཚོ་ལ་བབ་པ་གསུམ་སོང་ལ་ཚངས་སྤྱོད་དང་ཕྲོལ་ཞིག་ཟེར་སྟེ་དེ་དག་འོངས་པ་ན་དགེ་སློང་མ་ཕྱག་གཡས་ན་གསེག་ཤང་ཐོགས་གཡོན་ན་ལྷུང་བཟེད་ཐོགས་སྟེ་གར་བྱེད་པ་ཅིག་མཐོང༌། དེས་གསེག་ཤང་བཏབ་པས་ཁོང་རྣམས་ཀྱི་ཕོ་དབང་ཚལ་བར་གས་པ་ནས་ཁྲག་དང་བྱང་སེམས་འདྲེས་པའི་རྒྱུན་བབ་པ་ལྷུང་བཟེད་ཏུ་(པ༡༧༠ན)


PTT001_Page_1207
[མ་དཔེ་གཟིགས་ན་འདིར་གནོན།]

བླུག་ནས་གསོལ་བས་གཟི་མདངས་རྒྱས་སྟེ་ཁོང་རྣམས་བྲོས་པ་ཕྱིས་བུད་མེད་དུ་གྱུར་པས་སྟོན་པ་དེ་ཁྲོད་ནས་ང་རང་འགྲོ་ཟེར་སྟེ་ཟག་བཅས་ཀྱི་རྫུ་འཕྲུལ་གྱིས་བསྙེམས་པས་ཕྱིན་པ་ན་རྡོ་རྗེ་རྣལ་འབྱོར་མའི་སྐུ་དངོས་སུ་གྱུར་ནས་ཁྱབ་འཇུག་གི་སྟེང་གར་བྱེད་པ་མཐོང་བས་འགྲོ་མ་ནུས་སྟེ་དུག་སྦྲུལ་ཆེན་པོ་ཅིག་དུ་བསྒྱུར་སྟེ་ཕྱིན་པ་ན་སྙན་གཡས་ཀྱི་སྟེང་ནས་ཕག་ཞལ་ནག་པོ་ཞིག་ཕྱུང་བས་སྦྲུལ་ཁྱུར་མིད་སྟེ་གསང་གནས་ནས་བཏོན་པས་རྫུ་འཕྲུལ་ཉམས་སྟེ་སྦྲུལ་ལས་ལྡོག་མ་ནུས། མུ་སྟེགས་ཀྱི་འཁོར་ལོ་ཐམས་ཅད་ནང་པར་བཙུད། བསྟན་པ་རྒྱས་པར་མཛད་ནས་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་བྱུང་བས་སྐད་ཅིག་གིས་དྲངས་སྟེ་ཧེ་རུ་ཀའི་ཐུགས་ཀར་གཉིས་སུ་མེད་པར་བདེ་བ་ཆེན་པོར་བཞུགས་སྟེ་ཅི་ཞིག་ན་ཧཱུྃ་ཡིག་གི་རྣམ་པས་འཕྲོས་སྟེ་རྒྱལ་པོ་ཆེན་པོ་ཞིག་གི་སྲས་བདུན་གྱི་ཐུ་བོར་བལྟམས། རྒྱལ་ཚབ་མཛད་པ་ན་བདོག་གུ་སྦྱིན་པར་བཏང་ཞིང་ཁྱད་པར་གླང་པོ་ཆེ་སྟོང་གི་སྟོབས་ཅན་གླང་པོ་ཆེ་ས་འགུལ་བྱ་བ་བྲམ་ཟེ་སློང་མོ་བ་ལ་བྱིན་པས་ཡབ་མཆེད་འབངས་ཐམས་ཅད་ཀྱིས་བཀྱོན་སྟེ་གནས་ནས་ཕྱུང་ལམ་དུ་བུ་སྨད་ཐམས་ཅད་བྱིན། ཞིང་སྐྱོང་གི་མཁའ་འགྲོ་མས་སྤྱན་དྲངས་སྟེ་དུར་ཁྲོད་ཆེན་པོ་རྐང་གླིང་གི་དབུས་སུ་དཀྱིལ་འཁོར་ཀྱི་ལྷ་ཚོགས་ཐམས་ཅད་བྱོན་སྟེ་དབང་བསྐུར། སྤངས་རྟོགས་ཐམས་ཅད་ཡོངས་སུ་རྫོགས་སྟེ་རྣལ་འབྱོར་གྱི་དབང་ཕྱུག་གསང་སྔགས་སྤྱོད་པའི་ཚུལ་གྱིས་འགྲོ་བའི་དོན་མཛད། རྣལ་འབྱོར་རོལ་པའི་ཡེ་ཤེས་ཅེས་བྱ་བར་གྲགས། མཐར་རྒྱ་ནག་རི་བོ་རྩེ་ལྔ་ན་འཇམ་དཔལ་བཞུགས་པའི་ཐུགས་ཀ་ནས་འོད་ཟེར་བྱུང་སྟེ་ཉིད་ཀྱི་ཐུགས་ཀར་ཕོག་པས་སྐད་ཅིག་གིས་འཇམ་དཔལ་གྱི་སྐུར་གྱུར་སྟེ་འོད་ཀྱིས་དྲངས་ནས་འཇམ་དཔལ་གྱི་ཐུགས་ཀར་ཐིམ་སྟེ་གཉིས་སུ་མེད་དོ། །(པ༡༧༠བ)


PTT001_Page_1208
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ཞིག་ན་ཐུགས་ཀ་ནས་འོད་ཟེར་མང་པོ་འཕྲོས། གཅིག་བྷཾ་ག་ལར་སོང་བས་རྡོ་རྗེ་རྣལ་འབྱོར་མའི་སྐུ་རང་བྱུང་བདུད་རྩིའི་རྒྱུན་འབབ་པ་ཅིག་བྱུང༌། གཅིག་བལ་ཡུལ་དུ་སོང་བས་ཐུགས་རྗེ་ཆེན་པོའི་སྐུ་མ་ཧེའི་ཞོས་མཆོད་པ་ཅིག་བྱུང༌། གཅིག་བོད་ཡུལ་གཡེ་ཆུང་དུ་ཐུགས་རྗེ་ཆེན་པོའི་སྐུ་སྐུ་སྟོད་གསལ་བ་ཞིག་བྱུང༌། གཅིག་བོད་དུ་སོང་བ་ལ་གཟིགས་པས་བོད་སེར་སྤྲིན་འཐིབས་པ་ལྟ་བུར་ནག་མུན་ནེ་འདུག་པ་ལ་གཡས་ཀྱི་རལ་གྲི་དེ་ལན་གཉིས་བརྒྱབ་པས་ལྷོ་ཕྱོགས་དེ་དཀར་ཝལ་གྱིས་བྱུང༌། གཡོན་གྱི་ཨུཏྤལ་དེ་མཐའ་ཞིག་དུ་བཙུགས་པས་ཨུཏྤལ་བཅུ་གཅིག་ཙམ་ལ་གསེར་དངུལ་སོགས་ཀྱི་རྡོ་རྗེ་ཐ་དད་པས་མཚན་པ་རེ་བྱུང༌། འདི་ལ་རལ་གྲི་ལན་གཉིས་ནི་དཔལ་ལྡན་སངས་རྒྱས་རོང་པ་དང་ཆོས་རྒྱལ་རིན་ཆེན་གླིང་པ་ཡིན་ལ་ཨུཏྤལ་བཅུ་གཅིག་པོ་རྣམ་ཐར་ལས་ནི་ཆོས་རྒྱལ་རིན་ཆེན་གླིང་པའི་བུ་ཆེན་དུ་བཤད་ཀྱང་སྐུ་སྐྱེ་བ་ཕྱི་མ་རྣམས་སུ་མི་འགལ་ལམ་ཞེས་སེམས་སོ། །དེ་ནས་ཧྲཱིཿཡིག་དཀར་པོའི་རྣམ་པར་སྤྲོས་ཤིང་འགྲོ་བའི་དོན་བྱས་ནས་བོད་ཀྱི་གཡུ་རུའི་རྒྱུད་ལོ་རོའི་ནང་དུ་སྐྱེ་བ་བཞེས་ནས་བླ་མ་ཞིག་གིས་ཁྱོད་སྔོན་གྱི་པནྜི་ཏ་ཤེས་རབ་འབྱུང་གནས་དེ་འདྲ་ཞེས་མཚན་དེ་ལྟར་བཏགས། སྟེང་པ་ལོ་ཙཱ་བ་དང་འབྲི་ཁུང་འཇིག་རྟེན་མགོན་པོ་དང་སྟག་ལུང་ཐང་པ་ལ་སོགས་པ་ཡོངས་འཛིན་དུ་མ་བསྟེན། སྡེ་སྣོད་དང་རྒྱུད་སྡེ་མཐའ་དག་ལ་མཁས་པའི་མཐར་ཐུག་སྟེ་སངས་རྒྱས་རོང་སྟོན་ཆེན་པོར་གྲགས། འགྲོ་བའི་དོན་ཆེར་མཛད། རྒྱ་གར་ལ་འབྱོན་པར་དགོངས་པ་ལ་སྟེང་ལོའི་གསུང་ནས་ཆོས་བོད་ན་ཡོད་པ་འདི་ཀ་ཡིན་སྐྱེ་བ་ཕྱི་མ་ལ་དོན་སྒོམ་པ་ལ་རིབ་ཅིག་འགྲོ་བར་འདུག་གསུངས། ཡུལ་ཐ་དད་པ་བཞིར་སྐུའི་བཀོད་པ་བཞིས་འཇོལ་སྣང་སོགས་གཙུག་ལག་ཁང་བཞི་དུས་གཅིག་ལ་བཏབ། དགུང་ལོ་དྲུག་བཅུ་རྩ་བཞིར་པོ་ཏ་ལ་ནས་ཐུགས་རྗེ་ཆེན་པོ་བཞུགས་པའི་ཐུགས་ཀ་ནས་འོད་ཟེར་བྱུང་བ་སྐུ་ལ་ཕོག་པས་འཇམ་དཔལ་གྱི་སྐུའི་(པ༡༧༡ན)


PTT001_Page_1209
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་གྱུར་པ་འོད་ཀྱིས་སྤྱན་དྲངས་སྟེ་ཐུགས་རྗེ་ཆེན་པོའི་ཐུགས་ཀར་ཐིམ། སྣང་བ་དག་པ་མང་པོས་ན་མཁའ་ལ་བྱོན་སྟེ་མི་སྣང་བར་ཡལ་ནས་ཆོས་གོས་སོགས་ལྷུང་བར་མཐོང༌། ནམ་ཞིག་ན་སངས་རྒྱས་ཐམས་ཅད་ཀྱི་འོད་ཟེར་གྱིས་བསྐུལ་སྟེ་ཧྲཱིཿཡིག་དཀར་པོའི་རྣམ་པར་འཕྲོས་སྟེ་ལོ་རོ་ཚེ་སྒྲོའི་ནང་དུ་ཡུམ་གྱི་ལྷུམས་སུ་བཞུགས། མཚན་མོ་ཞིག་སྐུ་བལྟམས་པ་ན་འོད་ཉི་མ་ཤར་བ་ལྟ་བུ་བྱུང༌། མེས་པོས་རང་གི་ཆོས་གདམས་ངག་ཐམས་ཅད་གསུངས། སྐུ་ཆུང་ངུའི་དུས་མནལ་ལམ་དུ་འཕགས་པ་ཀླུ་སྒྲུབ་བྱོན་སྟེ་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ནོ་ཞེས་ཕྱག་མཛུབ་སྦྲེལ། ཕ་དམ་པ་བྱོན་ནས་ཆོས་ཐམས་ཅད་རིག་པ་དྲི་མ་མེད་པ་ཡིན་ནོ་ཞེས་ན་མཁའ་ལ་ཕྱག་གཡུག་གི་བྱོན། སློབ་དཔོན་པད་མ་བྱོན་སྟེ་ཆོས་ཐམས་ཅད་གཟོད་ནས་ཡེ་རྫོགས་ལྷུན་གྲུབ་ཡིན་ནོ་ཞེས་ན་མཁའ་ལ་མཛུབ་མོ་བཙུགས། ཇོ་བོ་རྗེ་བྱོན་ནས་ཆོས་ཐམས་ཅད་ལམ་གྱི་རིམ་པ་ཡིན་ནོ་ཞེས་སྐས་ལ་འཛེགས་སྟེ་བཞུད། དེ་ལ་སོགས་པ་སྔོན་གྱི་བླ་མ་རྣམས་ཀྱིས་བྱིན་གྱིས་བརླབས། ཆོས་བྱེད་དམ་ཁྱིམ་བྱེད། སྔགས་པ་བྱེད་དམ་རབ་བྱུང་བྱེད་དྲིས་པས། འཁོར་བ་དུག་གི་ཁྱིམ་ཐབ་ང་མི་བྱེད། །གཏན་གྱི་མདུན་མ་དམ་ཆོས་བྱེད་པ་ཡིན། །མི་ཆོས་མ་སྤོངས་ལྷ་ཆོས་མ་གྲུབ་པ། །སྐྱེ་བོ་ཆས་ཀྱི་སྔགས་པ་ང་མི་བྱེད། །གཞོན་ནུ་རབ་བྱུང་བསླབ་གསུམ་ནོར་ལྡན་པ། །བསྟན་པའི་སྲོག་ཤིང་བཤེས་གཉེན་བྱེད་པ་ཡིན། །སོགས་གསུངས། ཆུང་ངུའི་དུས་ང་རོང་སྟོན་པ་ཡིན་གསུངས་པས་ང་རོ་འདོན་པ་ཡིན་ཟེར་བར་གོ་ནས་བརྡེགས་སྐད། ལོ་ལྔ་དྲུག་གི་དུས་གྲོག་ཕུག་ཞིག་དུ་ཐུགས་དམ་ལ་བཞུགས་པས་མས་བཙལ་བས་མ་རྙེད། ལོག་བྱོན་པ་ན་མས་འཐབས་པས། ང་ནི་རྟོགས་ལྡན་བླ་མའི་བུ། །མ་ལ་མ་སྐྱེས་རང་བྱུང་ཡིན། །མཚོ་སྐྱེས་མེ་ཏོག་པདྨའི་བཅུད། །ད་ལྟ་ཤི་ཡང་སྐྱེ་མི་དགོས། །ཅེས་གསུངས་(པ༡༧༡བ)


PTT001_Page_1210
[མ་དཔེ་གཟིགས་ན་འདིར་གནོན།]

པས་མ་ལ་མ་སྐྱེས་ན་སུ་ལ་སྐྱེས་ཟེར་ནས་ཆེར་འབར་བས་བྲོས་བྱོན་པ་ན་མེ་ཏོག་ཁ་དོག་ལྔ་ཀ་རྙེད་པ་བསྣམས་བྱོན་པ་མེས་པོས་གཟིགས་སྟེ་དགུན་སྒང་ཆེན་ལ་འདི་འདྲ་རྙེད་པ་སྤྲུལ་པའི་སྐུ་དངོས་ཟེར་ནས་ཕྱག་སྤྱི་བོར་བླངས། ཆུང་དུས་བྱིས་པ་ཐམས་ཅད་བསྡུས་ནས་གངས་སྲུབས་ཀྱི་ཚོགས་འཁོར་དང་ཛཱཔྲ་སོགས་མཛད། ཆོས་བཤད་དབང་བསྐུར་རྩེ་མོ་ཁོ་ན་མཛད་པས་བྱིས་པའི་ཕ་མ་རྣམས་ཀྱི་ཁྱོད་ཀྱིས་ངེད་ཀྱི་བྱིས་པ་རྣམས་མགོ་བསྐོར་བས་ལས་ཀ་མ་བྱུང༌། ད་དེ་ལྟར་བྱས་ན་བརྡུང་ཞེས་སྡིགས་མོ་བྱས་པས་སེ་བའི་མདའ་གཞུ་དང་འུར་རྡོ་བསྣམས་ནས་རྒན་ཐམས་ཅད་ལ་ཕོད་བཙུགས། བྱིས་པ་ཐམས་ཅད་བརྡུངས། ཐེམ་པ་མི་གཙང་བ་དང་སྲང་ཁ་ཚེར་མས་བཀང་བས་ཐམས་ཅད་ཀྱིས་བབས་བྱས་པས་རྩུབ་སྤྱོད་སྟེ་བཞག །དགུང་ལོ་བཅུ་གཉིས་མན་ལ་མ་ཕུར་ལ་སོགས་པའི་ཡབ་ཆོས་ཐམས་ཅད་མཁྱེན། བླ་མ་རིན་ཆེན་བྱ་བྲལ་ལས་རབ་ཏུ་བྱུང་སྟེ་གཉལ་སྐྱེ་རིར་བྱོན་ནས་མདོ་སྔགས་དུ་མ་ལ་ཐུགས་སྦྱོང་མཛད། བརྟག་གཉིས་ཟླ་བ་གསུམ་ལ་མཁས་པར་མཁྱེན་པས་ཐུགས་རབ་ཀྱི་མཆོག་དུ་གྲགས། བླ་མ་གསེར་སྒོ་བ་དང་བླ་མ་ཀླུ་ཕུག་པ་སོགས་མཁས་གྲུབ་མང་དུ་བསྟེན། རྨི་ལམ་དུ་ལུང་བསྟན་གྱི་རིགས་མང་དུ་བྱུང༌། གྲོགས་ཀྱི་དབང་གིས་བློ་བུར་དུ་ལྷ་སར་བྱོན་པས་ཇོ་བོ་བཅུ་གཅིག་ཞལ་གྱི་གསེར་སྲུང་བཅོལ་ནས་བཞུགས་ཚེ་གཙང་ལ་སྟོད་དིང་རི་ནས་ཡིན། བྱང་སེམས་ཀུན་དགའ་བྱ་བ་ཡིན་ཟེར་བ་ཞིག་གི་ཁ་བྱང་འདི་ཁྱོད་ལ་མཁོ་བར་འདུག་ཟེར་ནས་ཀོ་རོ་བྲག་གི་གཏེར་གྱི་ཁ་བྱང་ཕུལ། གཟིགས་པས་ཐོན་ངེས་སྙམ་པའི་སྤྲོ་བྱུང༌། མཁའ་འགྲོས་བཏད་རྒྱ་བཀྲོལ་བའི་རྟགས་ཀྱང་བྱང་ནས་ཟབ་མོ་ལྔ་ལྡན་ལ་སོགས་པའི་གཏེར་ཕྱུང༌། གཏེར་ཕྱུང་གི་བླ་མ་སྒྲུབ་པ་མཛད་པས་བླ་མ་སྤྲུལ་སྐུའི་ཞལ་གཟིགས། རྒྱ་གར་གྱི་རི་བོ་པོ་ཏ་ལ་དང་སུ་ཀ་ར་ཏིར་འབྱོན་དགོས་པའི་ལུང་བསྟན་འདུག་པས་རྒྱ་གར་དུ་བྱོན། (པ༡༧༢ན)


PTT001_Page_1211
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་མ་ཏའི་རྒྱལ་ཕྲན་ཞིག་གིས་མཆོད་གནས་སུ་བསྐུར་སྟེ་གུས་པར་བྱས། ཀ་མ་རཱུ་པ་བྱ་བ་ཤིང་གི་རིར་བྱོན་སྟེ་མུ་སྟེགས་སྲོག་གི་མཆོད་སྦྱིན་བྱེད་པ་རྣམས་ལ་བརྟུལ་ཞུགས་མཛད། དབང་ཕྱུག་གི་ལིངྒ་དར་ལ་དྲིལ་བ་ཞིག་གིས་ཐམས་ཅད་ལ་བྱིན་རླབས་བྱེད་ཅིང་འདུག་པ་ཕྲོགས་སྟེ་འཕངས། དམག་ཐབས་ཀྱིས་བསྐོར་ཡང་རླུང་རྟར་ཞོན་ནས་བྱོན་པས་མ་ཟིན། སླར་ཤིང་ཐོག་མཁྲེགས་པོ་ཞིག་འུར་རྡོར་བཅུག་ནས་འཕངས་པས་ཐམས་ཅད་བྱེར་ནས་བྲོས། ཆུ་ཆེན་པོ་ཉིན་ཞག་འགའ་ཡར་འགྲོ་དགོས་པ་ལ་ཤིང་རྩ་ཐག་གིས་སྦྲེལ་བ་ལ་གྲུའི་དོད་བྱེད་ཅིང་འདུག་པ་ལྟར་བྱས་པས་ཆུ་དབུས་སུ་དུམ་བུར་འཐོར་བ་ན་ཆོས་དང་འགལ་ན་ཤི་ཞིག་ཞེས་བདེན་སྟོབས་བརྗོད་པས་ཆོས་ཁུག་གི་ཐག་པས་ཤིང་བསྡུས་ནས་བྱུང་བ་ལ་བསྟེན་པས་བདེ་བར་ཐར། ཉིན་ལམ་མང་པོར་མི་མེད་ཀྱི་ནགས་སྟོང་གཅན་གཟན་གདུག་པ་ཅན་གྱིས་གང༌། ཤིང་ཐམས་ཅད་དུག་སྦྲུལ་གྱིས་འཁྲིགས། མི་མ་ཡིན་གྱི་སྒྲ་ལ་མཚམས་པ་མེད་པའི་ལམ་བགྲོད་ཀྱང་གང་ལ་ཡང་ཉམ་མི་ང་བར་བཏང་སྙོམས་འབའ་ཞིག་གིས་བགྲོད། རི་བོ་པོ་ཏ་ལ་མཐའ་ཆུས་འཁོར་བའི་དབུས་ན་བྱེ་མའི་ཐང་ཆེན་པོ་དེའི་དབུས་ན་བྱེ་མའི་རི་ཆེན་པོ་ལ་ཨ་རུ་ར་ལ་སོགས་པའི་ཤིང་སྣ་ཚོགས་སྐྱེས་པའི་རྩེ་ན་རྡོའི་ལྷ་ཁང་གྲུབ་བཞི་ཆུང་ངུ་ཞིག་ན་ཐུགས་རྗེ་ཆེན་པའི་རྡོ་སྐུ་རང་བྱུང་ཁྱེའུ་ལོ་བརྒྱད་པ་ཙམ་དུས་བཟང་ལ་སྐུ་ལས་བདུད་རྩི་སྨན་གྱི་ཟིལ་པ་འཛག་པ་ཡིན་ཟེར་བ་ཞིག་འདུག །དེར་ཞག་བདུན་སོང་བ་ན་ཏུ་རུ་ཀའི་སྨག་ལྷགས་སྟེ་དཀོན་གཉེར་དེ་ཡང་རྡོ་སྐུ་ཁུར་སྟེ་བྲོས། སྐུ་ལ་རྒྱ་ཚད་ཀྱི་བསྙུན་དྲག་པོ་ཡང་བྱུང༌། དམག་གིས་ཀྱང་སླེབས་སྟེ་ཆོས་ཁུག་དེ་རྩ་གསེབ་ཅིག་དུ་སྐྱུར་བ་མ་རྙེད་འདུག །གཞན་གསེར་ཡོད་ཟེར་ནས་ན་ཟ་ཐམས་ཅད་དུམ་བུར་བགོས་སྟེ་ཁྱེར། བརྡེག་འཚོག་སྣ་ཚོགས་པ་བྱས་ཀྱང་རྨི་ལམ་ཙམ་གྱི་སྣང་བ་ལས་མ་བྱུང༌། ཞག་མང་པོ་གསོལ་ཟས་ནི་མེད་པས་ཉམ་ཐག་ནའང་ཟླ་གཉིས་ཙམ་ན་བསྙུན་(པ༡༧༢བ)


PTT001_Page_1212
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དྭངས་སྐུ་ཁམས་བདེ་བས་གོ་ལེ་བྱོན་པས་ཆུ་མིག་གི་རྩར་སླེབས་སྟེ་རྡེའུ་དང་རྩ་བ་དང་འབྲས་བུ་དང་ལོ་མ་ཅུང་ཟད་བསྟེན་པས་སྐུ་སྟོབས་རྒྱས། ཐུགས་དམ་ཤིན་དུ་འཕེལ་སྟེ་སླར་ཟླ་གཅིག་ཙམ་བཞུགས། དེ་ནས་ལམ་བགྲོད་དཀའ་བ་དུ་མ་བགྲོད་སྟེ་སྔོན་སློབ་དཔོན་པདྨས་ཚེའི་རིག་འཛིན་བརྙེས་པའི་གནས་སུ་ཀ་ར་ཏི་ཞེས་བྱ་བ་ནགས་ཚལ་བགྲོད་དཀའ་བའི་དབུས་ན་འཛེང་དཀར་དང་ཤེལ་འདྲེས་པའི་ཕ་ཝང་ཤིན་དུ་ཆེ་བ་གུར་ཕུབ་པ་ལྟ་བུའི་ནང་ན་སྒྲུབ་ཕུག་ངོ་མཚར་ཅན་དཀྱིལ་འཁོར་མང་པོ་རང་བྱུང་དུ་ཡོད་པ་དེར་བྱོན་པ་ན་པཎྜིཏ་དཀར་པོ་འཁོར་བུ་མོ་གཞོན་ནུ་ཡོད་པ་ཅིག་བྱུང་སྟེ་དབང་བཞི་བརྡའི་ཚུལ་གྱིས་བསྐུར། འདིར་ལོ་གསུམ་སྡོད་ཟེར་བའི་བརྡ་བསྟན་སྟེ་སོང་དེར་ལོ་གསུམ་སྒྲུབ་པ་མཛད་པས་བླ་མ་ཡི་དམ་གྱི་གཟིགས་སྣང་མཐའ་ཡས་ཤིང་བླ་མ་ལོངས་སྐུ་གྲུབ། དེ་ནས་ལམ་བགྲོད་དཀའ་ཞིང་འཇིགས་སུ་རུང་བ་རྣམས་བགྲོད་ཅིང་བཙལ་བས་ཕ་ཝང་རུས་སྦལ་ནག་པོ་ཅེས་བྱ་བ་ཀླུ་བདུད་འཇིགས་སུ་རུང་བའི་གནས་མི་མ་ཡིན་མངོན་སུམ་དུ་འགྱུར་བ་དེ་རྙེད་ནས་བདེ་ཆེན་སྐོར་གསུམ་གྱི་གཏེར་ཕྱུང༌། གཏེར་སྒྲུབ་མཛད་པས་བླ་མ་ཆོས་ཀྱི་སྐུ་གྲུབ་ཅིང་དབང་བཞི་ཡོངས་སུ་རྫོགས། སླར་བོད་དུ་འབྱོན་པར་དགོངས་སྟེ་སྔོན་སྦྱིན་བདག་བྱེད་པའི་རྒྱལ་པོ་དེས་བཀུར་སྟི་ཆེར་བྱས། ཛོ་གི་མངོན་ཤེས་ཅན་བཟང་པོ་ཅིག་གིས་སྐུ་མཐོང་མ་ཐག་ཕྱག་དང་བསྐོར་བ་བྱས་གསོལ་བ་འདེབས་ཤིང་འདུག་པ་དེ་ལ་གཏེར་ཤོག་རྒྱ་ཡིག་ཁོ་ན་བྲིས་པའི་ཤོག་དྲིལ་ཐོགས་ཅིག་ཡོད་པ་རྒྱ་གར་བ་ཞིག་ལ་སྟེར་བར་གསུངས་འདུག་པ་དེ་ཡིན་པར་ཤེས་ནས་བྱིན། རྒྱལ་པོ་དེས་ནན་གྱིས་བཞུགས་པར་ཞུས་ཀྱང་མ་གསན་པར་བོད་དུ་བྱོན། སྐལ་ལྡན་གྱི་སློབ་མ་མང་དུ་འདུས། བོད་ཡུལ་ཐམས་ཅད་དུ་སྙན་པས་ཁྱབ། དགེ་བའི་བཤེས་གཉེན་གྱིས་རྒྱལ་པོ་དབང་དུ་འདུས་པ། གྲུབ་ཐོབ་ཀྱིས་ལམ་རྒྱ་ཚུགས་པ་སོགས་བཟང་རྟགས་གསུངས་པ་ལ། རྗེ་རང་བྱུང་རྡོ་རྗེས་ཧོར་རྒྱལ་པོ་དབང་དུ་(པ༡༧༣ན)


PTT001_Page_1213
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པ། གྲུབ་ཐོབ་ཅིག་གིས་དྭགས་ཀོང་ལ་ལམ་རྒྱ་ཚུགས་པས་ཚང་བར་མཁྱེན། སྒོམ་མས་བླ་མའི་གདན་ས་འཛིན་པ་ལ་སོགས་ངན་རྟགས་གསུངས་པའང་ཚང་བས་ཆོས་སྒོ་འབྱེད་པའི་དུས་ལ་བབ་པར་གཟིགས་ནས་དོམ་ཚང་ཤེལ་གྱི་བྲག་ཕུག་དུ་བདེ་ཆེན་སྐོར་གསུམ་གྱི་ཆོས་སྒོ་ཕྱེ་བས་ངོ་མཚར་མཐའ་ཡས་བྱུང༌། སྤྱིར་སྐལ་ལྡན་མཐའ་ཡས་པ་སྨིན་གྲོལ་དུ་མཛད་སྟེ་ཆོས་སྐུ་འོད་དཔག་མེད་དང་སློབ་དཔོན་པདྨ་ཐ་མི་དད་པའི་སྐུ་གསུང་ཐུགས་ཡེ་ཤེས་དང་གཉིས་སུ་མེད་པར་ཞུགས་སོ། །སྤྱིར་སྐུ་དངོས་བདེ་བ་ཅན་དུ་བྱང་སེམས་ཀྱི་ཚུལ་གྱིས་བཞུགས་ཤིང་སྤྲུལ་པའི་མིང་ཅན་སྐུའི་བཀོད་པ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བཀོད་པ་ལྔར་འབྱུང་བར་གསུངས་པའི་གཅིག་གིས་ཀོ་རོ་བྲག་འཛིན་པར་གསུངས་པ་དང༌། སྔོན་རིན་ཆེན་གླིང་པ་སྐུ་གཞོན་དུས་འཇོལ་སྣང་དུ་བྱོན་པས་དཀོན་གཉེར་གྱིས་སྒོ་བཀག་པས་ཐུགས་སྐྱེ་སྟེ། རང་གི་གནས་ལ་རང་གིས་སྤྱོད་པར་མི་དབང་ན། ཕྱི་མ་རང་གི་གནས་སུ་སྐྱེ་བར་ཤོག་ཞེས་གྲོ་ག་ལ་བྲིས་སྟེ་སྒོའི་ཐེམ་གྱི་བར་དུ་བཅུག །དེའི་རྟེན་འབྲེལ་གྱིས་འཇོལ་སྣང་དུ་སྐུ་སྐྱེ་བ་ཕྱི་མ་སྤྲུལ་སྐུ་གཞོན་ནུ་ལྷུན་གྲུབ་སྔོན་གྱི་དབོན་རྒྱུད་དུ་འཁྲུངས་པ་སྟེ། སློབ་དཔོན་པདྨའི་ཐུགས་ཀ་ནས་འཕྲོས་སྟེ་ལྟས་ངོ་མཚར་དུ་མ་དང་བཅས་སྟེ་འཁྲུངས། སྐུ་ཤིན་དུ་ཆུང་ངུ་ནས་མངོན་མཁྱེན་མགུར་གསུང་བ་ལ་ཐོགས་པ་མེད་ཅིང་སྔོན་གྱི་ཡི་གེ་ཕྱུང༌། ཕྱག་ཞབས་ཀྱི་རྗེས་མང༌། སློབ་དཔོན་པདྨའི་ཆོས་གཏེར་དུ་མ་རྙེད། འཕྲིན་ལས་ཧ་ཅང་མི་ཆེ་བར་གཞོན་ནུ་ལ་གཤེགས་ཤིང༌། དེའི་སྐུའི་སྐྱེ་བ་ཕྱི་མ་སྤྲུལ་སྐུ་རྒྱལ་མཚན་དཔལ་བཟང་ཞེས་པའང་སྔོན་གནས་ཆེས་གསལ་བས་ཐམས་ཅད་ཀྱིས་ཐེ་ཚོམ་ཆོད་ཅིང་སྒྲུབ་པ་གཙོ་བོར་མཛད། སྤངས་རྟོགས་ཀྱི་ཡོན་ཏན་གཞལ་བར་དཀའ་བ་བྱོན་ཡང་དགུང་ལོ་ཉེར་གཅིག་ལ་སྐུའི་བཀོད་པ་(པ༡༧༣བ)


PTT001_Page_1214
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པར་སྣང་ལ་དེ་རྣམས་ཀྱི་སྔོན་གནས་དུ་མ་དྲན་ནས་གསུངས་པར་སྣང་སྟེ་དེ་རྣམས་ནི་སྐུ་སྐྱེ་སྔ་མ་ལས་འཕྲོས་པའོ། །ཡུལ་ཕྱོགས་དེར་བཞུགས་པ་དགུང་ལོ་ཉེར་ལྔ་པའི་ཚེ་བསྙུན་ཤིན་དུ་ལྕི་བ་ཞིག་བྱུང་ནས། ནད་ལ་སྨན་པ་མི་འགུགས་ཤིང༌། །གདོན་ལ་རིམ་གྲོ་མི་བྱེད་པར། །སོགས་ཀྱི་མགུར་གསུངས། སྨན་དཔྱད་སོགས་མ་མཛད་པར་རོ་སྙོམས་ཁོ་ནས་གཞི་མེད་དུ་གྲོལ། བློས་བཏང་གི་སློབ་མ་འགའ་ཟུང་དང་བཅས་སྟེ་ཡུལ་ཕྱོགས་དུ་མར་བྱོན། སྤྱིར་རྗེ་འདི་སྔོན་བྱ་བྲལ་གྱི་བརྟུལ་ཞུགས་མཛད་དུས་སྐུའི་ཆ་བྱད་ནི་ངེས་མེད་དུ་མཛད། རེས་ལུང་སྟོང་གྲོག་མདོ་ལ་རྩེ་སོགས་སུའང་ཞག་མང་པོ་བཞུགས། སུ་དང་ཡང་གཏམ་མི་མཛད། རེས་འགའ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་སོགས་ལ་བསྟོད་པ་ཁོ་ན་མཛད་ཅིང་སྤྱན་ན་མཁའ་ལ་གཟིགས་ནས་འབྱོན་པ་ཉིན་མཚན་སྦྲེལ་མར་མཛད། རེས་སྐྱོ་ཤས་དང་ངེས་འབྱུང་གི་མགུར་ཁོ་ན་གསུང་ཞིང་སྤྱན་ཆབ་འབྱུང་ཞིང་ཡུལ་གྲུ་མ་ཐོས་པ་མང་པོའི་མི་ཆེན་ལ་སོགས་པ་ཤི་ནས་ངན་སོང་དུ་སོང་བ་སོགས་ཀྱི་ཚུལ་གསུང་ཞིང་བར་དོའི་སེམས་ཅན་ལ་ཆོས་བཤད་ཀྱི་མགུར་ཁོ་ནས་གསུང༌། རེས་རྡོ་རྗེ་ཐེག་པའི་རྒྱུད་ཀྱི་ཚིགས་སྔོན་མ་གྲགས་པ་དཔག་མེད་ཞལ་ཐོན་མཛད། རེས་རྟོགས་པའི་མགུར་དཔག་མེད་བཞེངས་སྟེ་སློབ་མ་རྣམས་ཀྱང་དེ་དག་ལ་མོས་པ་བྱེད་པ་མ་གཏོགས་ཆོས་ཙམ་མི་གསུང༌། རེས་སུས་ཅི་ཕུལ་ཡང་གཅན་གཟན་གྱི་མདུན་དུ་རྩྭ་བཞག་པ་ལྟར་འདོར། རེས་ཅུང་ཟད་རེ་ལའང་ཕངས་པ་ལྟར་མཛད། རེས་སུ་ཕྲད་ལ་མ་འོངས་པ་ལུང་དུ་སྟོན་པ་རྣམས་ཅུང་ཟད་ཀྱང་མི་སླུ་དེ་ལྟར་མ་ངེས་པའི་སྤྱོད་པ་མཛད། མངོན་མཁྱེན་ཡང་ཐུགས་ཉམས་འུར་ན་མ་གཏོགས་མི་གསུང་བའི་དམ་བཅའ་མཛད། སྤྱིར་གཞན་རྒྱུད་ཧལ་ཧོལ་ཤེས་པ་འདི་འདྲ་ཁོ་བོ་ལ་ལོ་གསུམ་ནས་ཡོད། ཁམས་ཀྱི་རྟེན་འབྲེལ་ལས་འབྱུང་བ་ཡིན་པས་(པ༡༧༤ན)


PTT001_Page_1215
[མ་དཔེ་གཟིགས་ན་འདིར་གནོན།]

འདི་འདྲ་ལ་བློར་མི་ཆུད་པ་མི་དགོས་གསུངས། དེ་ལྟར་དགུང་ལོ་སུམ་བཅུ་ལ་ཉེ་བའི་བར་དུ་གསང་སྤྱོད་ཚོགས་སྤྱོད་ཆུང་འབྲིང་དང་རིག་སྤྱོད་སྤྲོས་བཅས་སྤྲོས་མེད་དང་ཤིན་དུ་སྤྲོས་མེད་སྟེ། སྤྱོད་པ་དེ་ཐམས་ཅད་ལྷན་ཅིག་དུ་མཛད། དེ་ཕྱིན་ཕྱོགས་ལས་རྣམ་པར་རྒྱལ་དང་ཚོགས་སྤྱོད་ཆེན་པོ་ལྷན་ཅིག་དུ་མཛད་སྟེ་སྣོད་ལྡན་གྱི་སློབ་མ་རྣམས་ལ་སྨིན་གྲོལ་གྱི་ལམ་ཚུལ་བཞིན་དུ་སྩོལ། སྐྱེ་བོ་ཐམས་ཅད་ལའང་མཐོང་ཐོས་དྲན་རེག་གི་གཞན་དོན་མཛད། དཔལ་ལྡན་ལྷ་མོ་དུད་སོལ་མ་དང་ཁོལ་པོ་དར་ཐོད་ཅན་གྱིས་སྤྱན་འདྲེན་པར་གཟིགས་ནས་དྲོ་བོ་ལུང་གི་ཕྱོགས་བྱོན། དེའི་དུས་ཡུལ་དེ་དག་ན་ནད་ཡམས་ཡོད་པ་ལ་ལྷ་མོའི་འཁོར་ཞིག་མི་ལ་བབས་ནས་འདིར་ཨོ་ཌྱན་གྱི་སྤྲུལ་པ་ཅིག་འབྱོན། དེ་ནས་ནད་ཡམས་ཆད་འགྲོ་ཟེར་སྟེ་ཆོས་རྗེ་ཕེབས་མ་ཐག་ཆད། ཟུར་ཕུག་དང་ཁྱད་པར་ཟངས་ཕུག་དུ་སྐུ་མཚམས་དམ་པོ་ཡུན་རིང་པ་མཛད་པའི་ཚེ་རེས་མཚན་རིལ་གྱིས་ཆོས་སྐྱོང་གི་བསྟོད་པ་དང་བསྐུལ་མཛད་པ་ན་ཐམས་ཅད་ཟིལ་གྱིས་ལྡང་མི་ནུས་པ་ཙམ་བྱུང་སྐད། མོན་བུམ་ཐང་གཟིགས་པར་བཞེད་ནས་ཆུ་ཁྱེར་གྱི་བར་བྱོན་པ་ན་རྟེན་འབྲེལ་ཅུང་མ་འགྲིག་གསུངས་ནས་ཕྱིར་ཕེབས། ཐུགས་འུར་ནས་ལམ་མིས་ཐར་དཀའ་བ་རྣམས་ལའང་ཆིབས་རྒྱུག་མཛད་ནས་སྲས་མཁར་དུ་བྱོན། བུ་མོ་ཆུང་ངུ་ཞིག་ལམ་ན་འདུག་པ་ལ་ལག་པས་གང་ཟིན་ཞིག་ད་ལྟ་ཕུལ་གསུངས་པས་དེས་སྤེན་མ་ཞིག་བཅད་ནས་ཕུལ་བྱུང་བས་སྤེན་བད་ཅིག་བྱེད་དགོས་པར་འདུག་གསུངས་སྟེ་རྗེ་མར་པའི་སྐུ་མཁར་རྗེ་བཙུན་མི་ལས་བརྩིགས་པ་སྲས་མཁར་དགུ་ཐོག་གི་རྩེར་སྔར་རྗེ་མར་པའི་དུས་ཀྱི་སྤེན་བད་ཆེས་བརྙིགས་སྟེ་སྤེན་མའི་རྙིགས་མ་ཇ་ཕག་འདྲ་བ་དམ་དུམ་ཙམ་ལུས་པ་དེ་སླར་ལེགས་པར་བསོས་ཤིང་མཆོག་ཁང་གོང་འོག་དུ་མཆོད་པ་དུ་མ་མཛད། (པ༡༧༤བ)


PTT001_Page_1216
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཁར་བའི་ནང་སོ་ཀུན་བཟང་པ་ཤིན་དུ་དད་ཅིང་ཞབས་ཏོག་བྱས། སྲས་དྲོ་བོ་ལུང་གི་གནས་ཆེན་འདི་འབུལ་བས་བཞུགས་དགོས་ཞུས་པ་ན་ཁོ་བོ་ས་བདག་གིར་མི་བྱེད་པ་ཡིན་གསུངས་ནས་མ་བཞེས། སྐྱོལ་བྱ་བའི་རི་ཁྲོད་དུ་ལྷུན་གྲུབ་བྲག་ལེར་མིང་བཏགས་གཟིམས་སྤྱིལ་མཛད་ནས་བཞུགས། གསུང་ཆོས་སྨར་བར་གནང༌། འདི་ཕྱིར་གྲ་པ་མང་དུ་ཡོད་པ་རྣམས་ཀྱང་ཆོས་ལུང་ཚོགས་པ་དང་ཚོགས་དགེ་འདུན་སྒང་དང་ཕྱིས་སྒར་ཆེན་དུ་རྗེ་བཙུན་སྐྱ་སའི་དྲུང་དུ་བསྙེན་རྫོགས་ཞུ་བར་གཏོང་སྟེ་ཐོག་མ་དྲུང་ནས་ཤཱཀྱ་བས་དབུ་མཛད་པ་སོགས་རེ་རེ་ལ་ཉི་ཤུ་དང་བཅོ་ལྔ་སོགས་ཡོད་སྟེ་ཐམས་ཅད་བསླབ་ཚུགས་ཤིན་དུ་གཙང༌། བདེ་མཆོག་ལོ་ཧི་པ་དཔལ་ལྡན་བླ་མས་མཛད་པའི་མངོན་དཀྱིལ་དར་ཞིང་བསྙེན་སྒྲུབ་ལ་འགོད། ཨོ་ཌྱན་བསྙེན་སྒྲུབ་དང་ཆོས་དྲུག་སྲས་མཁར་མ་སོགས་ལ་སྨར་ཁྲིད་མཛད། དེ་སྐོར་དུ་ལོ་དུ་མ་བཞུགས། སླར་ལྷོ་ཤར་རྟ་ཤུལ་དུ་སྐུ་གྲིབ་ཀྱིས་བསྙུང་ཐིམ་རིམ་ཡང་ཕལ་ཆེར་རྫོགས་སྟེ་གཤེགས་པར་མཁྱེན་ནས་རྣལ་འབྱོར་པ་གྲོང་ཡུལ་དུ་འཆི་བ་ཕངས་བས་རི་ལོགས་ཡ་གིར་སྐྱོལ་གསུངས་པ་ན་ལྷ་བཞི་དགོན་པར་གདན་དྲངས་ཚེ་གཞི་བདག་ཚ་ལུང་བྲག་བཙན་དཔུན་བཞིས་ཆིབས་པའི་རྨིག་པ་ནས་འདེགས་པར་དུ་མས་མཐོང༌། དེར་ཕེབས་འཕྲལ་ནས་སྐུ་ཁམས་ཀྱང་དྭངས་པས་ཕྱིས་དེར་རིང་དུ་བཞུགས་ཤིང་སློབ་མ་མང་དུ་བྱུང༌། ཡུགས་སེ་ཚང་བྱ་བའི་གནས་སུ་བཞུགས། གྲ་བ་མང་ཞིག་ཕུག་ཆེ་བ་ཞིག་དུ་མུན་ཁང་ལ་བཞུགས། གཞན་རྣམས་ཕུག་སོ་སོར་མུན་ཁང་བྱས་ཐམས་ཅད་ཀྱི་བུག་སྒོར་ཞག་གཉིས་གསུམ་ལ་དམིགས་པ་སྐྱེལ་དུ་འབྱོན། འདིའི་ཚེ་རྗེ་ཆོས་གྲགས་རྒྱ་མཚོ་གཉལ་ཆོས་རྒྱལ་ལྷུན་པོར་ཕྱི་མ་ཕེབས་པའི་སྐབས་ཡིན། སྙན་གྲགས་ཀྱིས་བསྐུལ་བའི་ལྷོ་ཤར་ནུབ་ཀྱི་(པ༡༧༥ན)


PTT001_Page_1217
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བོ་མཐའ་དག་ཀྱང་མཇལ་དུ་སོང༌། དེའི་ཚེ་མུན་ཁང་བ་རྣམས་མཇལ་བར་འགྲོ་འདོད་ཀྱི་རྟོག་པ་དྲག་པོ་བྱུང་ཞིང་རྒན་པ་རྣམས་ཀྱིས་འབྱོན་པར་ཞུས་པ་ན། ཁོ་བོ་རྗེ་ཐམས་ཅད་མཁྱེན་པ་དང་འོད་གསལ་གྱི་ངང་དུ་འབྲལ་བ་མེད་པས་དངོས་སུ་མཇལ་མ་མཇལ་ལ་ལྟོས་པ་མེད། མཇལ་ནའང་སྔོན་གྱི་སྨོན་ལམ་ཞིག་གིས་ཐུགས་རྗེས་ནི་འཛིན་པར་ཡོད། ད་རེས་ཕྱིན་ན་ཁྱེད་རང་ཚོའི་དགེ་སྦྱོར་ནི་གཡེང་བས་འཁྱེར་བར་འདུག །འོན་ཡང་ཁྱེད་རྣམས་ཀྱི་འདོད་པ་དང་སྦྱར་ནས་འགྲོ་གསུངས་སྟེ་བྱོན། སྒར་གཟིགས་པ་ཙམ་གྱིས་ཐུགས་ཉམས་འུར། འབུལ་ཆེན་མཛད་པའི་དུས་སུ་འབུལ་བའི་དངོས་པོ་རེ་རེ་ལ་ཚིགས་བཅད་ལྷུག་གི་བསྔགས་པ་དཔག་མེད་མཛད་སྨོན་ལམ་རེ་དང་སྦྲགས་ནས་ཕུལ། སྐུ་གཟི་བརྗིད་ཆེ་གསུང་ཟླ་མེད་ཐུགས་མོས་གུས་དང་བྱིན་རླབས་ཀྱི་ཤུགས་གཞན་དང་མི་འདྲ་བས་ཁྲོམ་ཐམས་ཅད་སྣང་བ་འགྱུར་སྟེ་འུར་དིང་དུ་སོང༌། རྗེ་དྭགས་པོ་རབ་འབྱམ་པ་དང་ཐུགས་འདྲེ་བར་བྱུང་བས་ཞུས་སྣ་སོགས་མཛད། ཁྲོམ་ཆེན་པོ་ལ་རྗེ་ཐམས་ཅད་མཁྱེན་པས་གསུང་ཆོས་གནང་བ་ན་རྗེ་དཔའ་བོས་རྗེ་འཕྲིན་ལས་པ་ལ་མཎྜལ་ཞིག་ཕུལ་ན་ཞུས་པས་མངས་པས་མི་འགྲིགས་གསུངས། ས་གཞི་སྤོས་བྱུགས་ལ་མི་འགྲིགས་རྒྱུན་ཅི་ཡོད། འགྲིག་མི་འགྲིག་ལ་ཕན་ཡོན་ཁྱད་ཅི་ཡོད་སྙམ་བྱུང་གསུངས་སྟེ་བཞེངས་ནས་མཎྜལ་ཕུལ་བས་ཐམས་ཅད་དད་པས་འུར། སྔོན་ཁྲོམ་རྣམས་ཤབ་ཤུབ་བྱེད་པ་ལ་དེ་ཉིན་ཐམས་ཅད་ཞི་གནས་ཐོབ་པ་ལྟར་ཉན། མཇལ་ཉིན་ནས་རྗེ་ཐམས་ཅད་མཁྱེན་པ་ཤིན་དུ་མཉེས་པར་མཛད་ཅིང་ཇ་གྲལ་གྲོལ་ཁར་བླ་མ་དཔའ་བོ་ཅུང་ཟད་ཐེན་གསུངས་ནས་འཛུམ་མཛད་སྟེ་ཁྱེད་ཀྱིས་ངེད་ཀྱི་བཀའ་ཞིག་སྒྲུབ་དགོས་གསུངས། དེ་ལྟར་ཡང་ཡང་དུ་གསུངས། གསུང་ཆོས་ཀྱང་ཅི་རིགས་གནང་ཞིང་ཐུགས་ཡིད་གཅིག་དུ་འདྲེས་པར་གྱུར། ཕྱིས་ཅི་ཞིག་ན་(པ༡༧༥བ)


PTT001_Page_1218
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་དྲོ་བོ་ལུང་འདིར་ཀརྨ་པའི་བསྟན་པ་ཅིག་ཡོང་བའི་རྟེན་འབྲེལ་ཡོད་ནའང་སྔར་འགྲིགས་པ་ཅིག་མ་བྱུང་བ། ད་ཁྱེད་དེ་ཕྱོགས་ལ་འཕྲིན་ལས་ཆེ་བ་ཡོད་འདུག་པས་དེར་ངེད་ཀྱི་སྒྲུབ་སྡེ་གཅིག་ཅིས་ཀྱང་འདེབས་དགོས་གསུངས་པས་བདག་གིས་ཅི་ནུས་ཅིག་འདེབས། དེ་ནས་ཕྱག་ཉིད་དུ་འབུལ་བས་བླ་མ་ཞིག་གནང་བ་ཞུ་ཞེས་ཞུས་སྟེ་དྲོ་བོ་ལུང་དུ་བྱོན་པས་ནང་སོ་ཀུན་བཟང་ཤིན་དུ་མཉེས་སྟེ་རྗེ་མར་པ་རང་གི་ཐུགས་རྗེ་ཡིན། སྔོན་ཕུལ་བས་མ་བཞེས། ད་ཅིས་ཀྱང་གོ་བཅད་ཅེས་ཐོག་མར་སྐུ་མཁར་རིན་པོ་ཆེ་ཕུལ། སྔར་མཁར་ཞོལ་གྱི་བར་ཆད་ནས་སྲིན་ཟམ་ཕྲ་མོ་ལ་མི་རྩལ་པས་ཐར་ཙམ་ལས་མེད་ནས་དེ་རྣམས་ལེགས་པར་བཅོས། སྐུ་མཁར་གྱི་རྩེར་ཞལ་བ་བརྡུང་བ་ན་མཚན་མོ་མི་མ་ཡིན་གྱིས་བརྡུང་བ་ཆེས་མང་བར་བྱུང༌། མཆོད་ཡོན་གཉི་གས་དྲོ་བོ་ལུང་དུ་སྒྲུབ་སྡེའི་ས་ཡུལ་གཟིགས་པས་ཉིན་མང་པོར་ཐུགས་ཐག་མ་ཆོད། ཉིན་ཞིག་ལྷ་མོའི་སྐུ་འབག་རྒྱ་གར་མའི་དྲུང་དུ་གཏོར་མ་ཞིག་མཛད། ཐུགས་འུར་སྟེ་སྐུ་བག་ནས་ལྕག་གིས་བྲབས་སྟེ་སྡུག་རྒན་མ་ཁྱོད་ཀྱིས་བསྟན་པ་སྲུང་བར་ཁས་བླངས་ནས་ཁྱོད་ཀྱི་གནས་འདི་ན་བསྟན་པ་དེ་ཅི་འདུག །ཆོས་བྱེད་མཁན་སུ་འདུག་གསུངས་ནས་ཆེར་བཀྱོན། དེའི་སང་ནམ་ནངས་མ་ཐག་ལྷ་མོའི་དཀོན་ཉེར་ནག་ཚང་གདན་ས་བ་སྐུ་དྲུང་དུ་འོངས་སྟེ་གཟིམས་ཁང་སར་པ་ཅིག་མཛད་ན་མི་སྡེ་ལ་འུ་ལག་གཟན་པོ་ཡོང་བ་འདུག་པས་ང་རང་གི་དབུ་རྒྱན་འདི་འབུལ་པ་ཡིན། མི་མང་ལ་གསོན་དགེའི་ཚབ་བྱེད་ཟེར་ནས་ཕུལ་སྟེ་དེར་དབུ་རྒྱན་བདེ་ཆེན་རྩེར་མིང་བཏགས་སྟེ་གཟིམས་ཁང་མཛད། ཁོང་རང་དབང་བའི་མར་པ་མཁའ་རུ་ཡང་ཕུལ། དོན་ལ་ལྷ་མོས་ཕུལ་བར་བྱེད་པ་ཡིན། དེའི་སྐོར་དུ་སྒྲུབ་སྡེའི་ལྕིལ་པོ་མང་དུ་ཐེབས། འོན་ཡང་རྗེ་དཔའ་བོ་འདི་ལྕིལ་པོ་བླ་གབ་ཅན་བྱས་པ་ལ་ཆོས་མི་འོང༌། བུང་ཚད་(པ༡༧༦ན)


PTT001_Page_1219
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བ་ཆུང་རུག་གེ་བ་རེ་དགོས་པ་ཡིན་གསུངས་པས་དེ་ལྟར་ཡོད་པར་སྣང༌། སྔོན་མོན་མོ་སྒྲུབ་ཆེན་མས་རྒྱགས་གཅིག་སྐྱོང་དགོས་གསུང་བ་བསྒྲུབས་པས་ཆོས་ཞུ་ཐམས་ཅད་རྒྱགས་གཅིག་བྱེད། ཚ་དྲོའི་དུས་ཐུག་པ་ནག་ཚང་ནས་འགྱེད་ཅིང་རྒྱགས་སོ་སོར་སྐྱེལ། མཚམས་པ་ཐམས་ཅད་ཀྱང་ནང་དུ་ཐབ་མི་འཛིན། མཚམས་པ་ལ་བུག་སྒོར་བྱོན་ནས་ཆོས་གསུངས། སྐྱབས་འགྲོ་སེམས་བསྐྱེད་ཡིག་བརྒྱ་ཕག་མོའི་སྒོམ་བཟླས་བླ་མའི་རྣལ་འབྱོར་བསྒོམས་ནས་ཡན་ལག་བདུན་པ་བྱེད། ཀུ་ས་ལིའི་ཚོགས་སོག །དེང་ནས་སྲོག་གཅོད་མི་བྱ་ཞིང་སོགས་ཀྱི་སོ་ཐར་ལེན་པ། སྤྱོད་འཇུག་ལུགས་ཀྱི་སེམས་བསྐྱེད་ཀྱིས་བྱང་སྡོམ། རིགས་ལྔའི་སྡོམ་བཟུང་དང་བདེ་མཆོག་གི་ཉི་ཤུ་རྩ་གཉིས་ལེགས་པར་སྲུང་གིས་སྔགས་སྡོམ་ལེན་པ། གསོལ་འདེབས། ཏིང་ངེ་འཛིན་གྱི་དབང་བཞི་ལེན་པ། ཕྱག་ཆེན་ལ་མཉམ་པར་འཇོག་པ། རྗེས་བསྔོ་བ་སྨོན་ལམ་སྟེ་དེ་རྣམས་ཁྲིགས་སུ་མཛད་ནས་ཐབ་ཀ་བ་མ་གཏོགས་ཐམས་ཅད་ཀྱིས་སྔ་དྲོ་ཕྱི་དྲོ་སྲོད་ཐོ་རེངས་སྟེ་ཐུན་བཞིར་མ་ཆག་པ་བྱེད། དེ་ཡང་ཚིག་ཤུར་ཙམ་མ་ཡིན་པར་བྲེལ་བ་མེད་དུས་སྔ་དྲོ་སོགས་སོ་སོ་འཁྱོངས་པ་དང༌། ཤིན་དུ་བྲེལ་ན་ཡང་ཇ་འདེབས་གཉིས་ཀྱི་ཡུན་ཙམ་ངེས་པར་བྱེད། འདེབས་བཞུད་ཀྱི་སྔ་དྲོ་ཐམས་ཅད་ཆས་ཟིན་པ་ན་དགེ་འདུན་ཐམས་ཅད་བཞེངས་སྟེ་མ་ན་མའི་གསོལ་འདེབས་རྒྱས་པ་རེ་མཛད་པས་ཐུན་གྱི་ཚབ་བྱེད། དགེ་འདུན་ཐམས་ཅད་ཐར་ཐོར་དུ་མི་འགྲོ་བར་མ་རེག་ཙམ་ལ་སྔ་མ་དང་རྗེས་མ་མ་གཏོགས་ཐམས་ཅད་ངག་བཅས་ནས་དགེ་སྦྱོར་ལས་མ་ཡེངས་པར་འགྲོ་བ་སོགས་སྔོན་གྱི་བཀའ་རྒྱུད་གོང་མའི་ཆོས་སྲོལ་ཤིན་དུ་བཟང་བ་བཞིན་མཛད་དོ། །དབུ་རྒྱན་ཕུལ་ནས་བླ་གཡེ་ཟིན་པ་ན་རིན་ཆེན་བྲག་པའི་ཆོས་རྗེ་བསོད་ནམས་རྒྱལ་མཚན་པ་དཔོན་སློབ་ཀྱིས་དེར་ཆོས་ཁྲི་བརྩིགས་པས་རྟེན་འབྲེལ་ལ་མཉེས། སྒྲུབ་(པ༡༧༦བ)


PTT001_Page_1220
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་གྲུབ་ནས་སྲས་དྲོ་ལུང་སྒྲུབ་སྡེ་སོགས་ཀྱི་བཀོད་པའི་ཐང་སྐུ་བྲིས་འབུལ་ཆེན་དང་བཅས་རྗེ་ཐམས་ཅད་མཁྱེན་པ་གཙང་ལ་ཐེགས་པའི་ཡར་རིས་ཀྱིས་ལྷ་སར་ཕེབས་པ་དང་མཇལ། དེ་རེས་ཀྱང་འབུལ་བ་རེ་ལ་ཚིགས་བཅད་ཀྱི་བསྔགས་པ་དང་སྨོན་ལམ་མཛད་ཅིང་དད་པའི་གདུང་ཤུགས་དང་གསོལ་འདེབས་དྲག་པོ་མཛད་པ་ན་ཁྲོམ་ཐམས་ཅད་སྣང་བ་འུར། དེ་ཡང་ཉིད་དང་པོར་ཉན་ཐོས་ཀྱི་དགེ་ཚུལ་ཡིན་ཡང་བར་དུ་སྔགས་སྤྱོད་ཀྱི་སྐུ་ཆ་ལུགས་མ་ངེས་པས་བྱིས་པ་ལྟ་བུའི་སྤྱོད་པ་དང་སྨྱོན་པ་ལྟ་བུའི་སྤྱོད་པ་དང་སེང་གེ་ལྟ་བུའི་སྤྱོད་པ་སོགས་སྣ་ཚོགས་མཛད་ལ་ཕྱིས་རྗེ་ལྷུན་བདེ་བ་ལས་བསྙེན་རྫོགས་རྣམ་དག་མཛད་པ་ཁོ་ན་བཞེད་ཀྱང་ལྷུན་བདེ་བ་སྐུ་གཤེགས་པས་སྐུ་གདུང་གི་དྲུང་དུ་དབུ་སྐྲ་ཕུལ། བསྙེན་རྫོགས་ཀྱི་མཁན་པོར་འོས་པ་ཡང་མ་གཟིགས་ནས། སྔོན་གྱི་སྒྲུབ་རྟེན་སྒྲུབ་པ་མོ་དེ་ཞབས་ཕྱིར་ཡོད་པའི་སྐབས་ཡིན་པར་སྣང༌། དེའི་རྒྱུ་མཚན་ལས། སྐྱ་སེ་རྟོགས་ལྡན་པའི་གསུང་ནས་བླ་མ་དཔའ་བོ་དེ་གཞན་རྒྱུད་བྱིན་གྱིས་རློབ་ནུས་པ་ཅིག་འདུག །ལར་ཁོང་རག་ཡང་དགེ་མ་རག་ལ་མཉེས་དྲགས་ནས་གསུང་སྐད། མཁན་ཆེན་བདེ་ལེགས་པའི་གསུང་ན་རེ། ཁྲོམ་དེའི་ཁྲོད་ན་མི་ངུ་བ་སུ་ཡང་མི་འདུག །ང་ལས་མགོ་མཁྲེགས་པའི་མི་མེད། ཚེ་འདི་ལ་མཆི་མ་གཞན་འོང་མ་མྱོང་སྟེ་དེའི་ཉིན་མཆི་མ་རང་དབང་མེད་པར་ཤོར། བླ་མ་འདིའི་ཕྱག་ཕྱི་ལ་འགྲོ་དགོས་སྙམ། ཁོང་དཔོན་སློབ་ཀྱི་སྒར་དུ་ཕྱིན་པ་ན་བཙུན་མ་སྐྲ་ལོ་ཅན་ཞིག་མཐོང༌། འདི་ཕྱག་རྒྱ་མར་འདུག་ཟེར་བས་མཚན་ཉིད་པའི་དབུ་མཛད་ཡིན་པས་ཁ་ཟེར་གྱི་དོགས་ནས་ཆོས་མ་ཞུས་ཅེས་དངོས་སུ་གསུང་བ་ཐོས། སྲས་མཁར་དང་སྒྲུབ་སྡེ་སོགས་ཕུལ་བ་ན་སླར་ཁྱེད་རང་གིས་མ་བཟུང་ན་སྒར་པའི་མི་བཏང་བས་མི་ཟིན་གསུངས་ནས་སླར་ཆོས་རྗེ་ཉིད་ལ་བསྐོས་ཇ་གནང༌། བླ་མའི་བཀའ་མི་གཅོག་པའི་དམ་བཅའ་མཛད་པས་ཞལ་གྱིས་བཞེས། ས་སྐྱོང་དོན་ཡོན་རྡོ་རྗེ་(པ༡༧༧ན)


PTT001_Page_1221
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་བློན་གྱིས་ཀྱང་རྒྱལ་མཚན་ལ་སོགས་པ་གནས་ཆེན་དུ་མཆོད་པའི་ཡོ་བྱད་མང་དུ་ཕུལ། ཕེབས་ལམ་ཡར་འབྲོག་ནས་ར་ལུག་དང་གནག་ཕྱུགས་མང་དུ་ཕུལ་བ་ལས་སྲས་ཀྱི་དཀར་ཐོག་གི་རྒྱུན་འདི་བཙུགས། སྲས་མཁར་རྒྱལ་མཚན་ཟེར་བའི་གྲོ་ཤུལ་བ་གྲ་པ་སྙོམས་ཆུང་ཞིག་གིས་གཟན་ཞིག་བཙོངས་པའི་རིན་གྱིས་སྐུ་མཁར་ལ་ས་དཀར་གསོལ་བས་དེ་ཕྱིན་སྲོལ་དུ་ཆགས། སྔར་རྗེ་ཞྭ་དམར་བས་མཛད་པའི་སྒྲུབ་སྡེ་ཟངས་ཕུག་འཛིན་མི་བླ་མ་དཔལ་ལྡན་བཟང་པོ་སྔོན་གྱི་སློབ་མ་ཡིན་པས་ཆགས་སྡང་མི་འབྱུང་བའི་ཕྱིར་ཐུན་མོང་དུ་བསྐོ་བར་བཞེད་ཀྱང་ཁོང་གིས་མཇལ་དུ་མ་འོངས་པས་མ་གྲུབ། ཆོས་རྗེ་ཀུན་བསམ་པ་གཤེགས་པས་སྤྱན་འདྲེན་དྲག་དུ་བྱུང་བ་ལ་ནན་གྱིས་བཞུགས་པར་ཞུས། ལྷ་མོའི་སྐུ་འབག་ལ་སྤྱན་ཆབ་ཀྱི་རྗེས་བྱུང༌། གཏོར་མའང་ཕུལ་མ་ཐག་བྲུལ། ཐེགས་པར་བརྩམས་མ་ཐག་ཁ་བ་ཆེན་པོ་མིས་མི་ཐར་བ་བབ། ཐམས་ཅད་རྨི་ལམ་ཡང་རྩུབ་པས་བཞུགས་པར་ཞུས་པ་ན། ལྟས་བཟང་པོ་ངེད་རང་ལའང་མེད་ཀྱང་བླ་མའི་དམ་ཚིག་ཡིན་པས་འགྲོ་གསུངས་སྟེ་དབོན་པོ་མངའ་བདག་ཆོས་རྒྱལ་བ་གདན་སར་བསྐོས། ལམ་ལ་དཀའ་བ་ཆེན་པོ་མཛད་ནས་ཐེགས། སྐུ་རྗེས་ཀྱི་བྱ་བ་མཛད། དོལ་རྫས་པོར་སྐུ་ཚེའི་རྟེན་འབྲེལ་དུ་སྐུ་མཚམས་ཅིག་མཛད་པའང་རྐྱེན་གྱི་གོལ་དགོས་པ་བྱུང༌། འབྲོག་བདེ་སྟེང་དུ་ཆོས་རྗེ་རི་ཁྲོད་རས་ཆེན་ཧེ་རུ་ཀའི་ཆ་བྱད་ཅན་དཔོན་སློབ་མང་དུ་བྱོན་སྟེ་འབུལ་བ་ཆེར་མཛད། འབྱོན་དུས་ཁྱེད་རྣམས་ཀྱིས་ངུ་བ་སོགས་མ་བྱེད། བཀྲ་ཤིས་པའི་མགུར་ཐེན། ཐོར་ཚུགས་ཆིངས་ལ་སོང་གསུངས་ཀྱང་ཐུགས་འབྲལ་བར་མ་ཕོད་པས་ཐམས་ཅད་ཀྱིས་རལ་པ་བཤམས་ཤིང་བཤུམས་པས་ད་ནི་རྟེན་འབྲེལ་མི་འགྲིག་པར་འདུག །ཁྱོད་རང་ལོ་གསུམ་ཀྱི་བར་དུ་གཙང་མ་གཏོགས་ཤར་ཕྱོགས་ལ་ཁ་གཏད་ནས་མ་ཡོང༌། ཡོང་ན་ཚེའི་བར་ཆད་(པ༡༧༧བ)


PTT001_Page_1222
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གསུངས། དེ་ནས་ད་ནི་རྗེ་ཐམས་ཅད་མཁྱེན་པ་མཇལ་དགོས་པར་འདུག་གསུངས་ནས་སྒར་ཆེན་གཙང་ན་སྐྱི་ཤོད་དུ་ཕེབས་ཚེ་སྐུ་ཅུང་ཟད་བསྙུན་བཞིན་མཇལ་དུ་བྱོན། སྒར་དུ་ཕེབས་ཀར་གྲ་པ་ཀུན་བསགས་ནས། འོ་སྒར་ཆེན་འདི་འཁོར་ལོ་སྡོམ་པའི་ཕོ་བྲང་ཡིན། སྒར་པ་ལ་ཅི་ཡང་ཡོད་སྟེ་དཀྱིལ་འཁོར་གྱི་མཐའ་ན་དུར་ཁྲོད་ཡོད་པ་ལྟ་བུ་ཡིན་གང་ལའང་ལོག་ལྟ་མ་བྱེད། རྗེ་ཐམས་ཅད་མཁྱེན་པ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་སྤྱན་རས་གཟིགས་དངོས་ཡིན་གསོལ་བ་ཐོབ། སྡེ་པ་སྒར་པ་འདིའང་འཁོར་ལོ་སྡོམ་པའི་སྤྲུལ་པ་ཡིན། བསོད་ནམས་ཅན་ལ་སྒྲུར་ཡོད་པ་ཡིན། ཁྱེད་རང་རྣམས་འདི་གཉིས་ཀྱིས་སྡུག་དུ་མི་འཇུག་གསུངས། བྱང་ཐང་དུ་ཕྱག་ཕྱི་ཟིན་དུ་རེ་ཡང་མ་ཟིན། སྐྱི་ཤོད་རྣམས་སུ་མཇལ་སྟེ་འབུལ་ནོད་མང་དུ་མཛད། སང་སྒར་པ་ཐེགས་ཀའི་རྒྱབ་ཇའི་ཚེ་ཡུར་བའི་འགྲམ་ན་བཙུགས་ཤིང་གི་ཕྲེང་བ་ཡོད་པའི་ཤིང་དྲུང་དང་མི་རིང་བ་ན་རྗེ་ཐམས་ཅད་མཁྱེན་པ་བཞུགས། དྲུང་འཁོར་རྣམས་ཅི་བདེར་འཁོད་པ་ན་ཅི་ཞིག་ན་རྗེ་དཔའ་བོ་བཞེངས་ནས་སྐུ་མདུན་ནས་ཕྱག་འགའ་ཞིག་མཛད་ཅུང་ཟད་བཞུགས། ཡང་སྐུའི་གཡས་ཕྱོགས་དང་གཡོན་ཕྱོགས་ནས་ཀྱང་དེ་བཞིན་མཛད། ཅི་ཞིག་ན་རྗེ་དྭགས་རམ་པའི་དྲུང་དུ་བྱོན་ནས། བདུན་ཞལ་དང་གཡས་ཞལ་གཡོན་ཞལ་ནས་གསོལ་བ་བཏབ་དབང་བཞི་བླངས་ཟིན། ད་རྒྱབ་ཞལ་ནས་གསོལ་བ་བཏབ་ཆོག་གམ་ཞུས་གསུངས་སྟེ་དེ་སྐད་ཞུས་པས་རྗེ་ཐམས་ཅད་མཁྱེན་པ་ཞལ་འཛུམ་མཛད་སྟེ་ངེད་རང་ལ་ཁོང་གིས་གདོང་པ་བཞི་ཡོད་པར་མཐོང་བ་ཨེ་ཡིན་པར་འདུག །དེ་ཀ་བྱས་ཆོག་གསུངས་སྟེ་ལྗོན་ཤིང་དང་སྐུའི་བར་འདོམ་གང་ཙམ་ཡོད་པ་དེའི་བར་ནས་གསོལ་འདེབས་ཡུན་རིང་དུ་མཛད་ཅེས་རྗེ་དྭགས་རམ་པ་གསུངས། དེའི་ཉིན་སྙེ་ཐང་གི་མཁར་ནག་ཐང་དུ་སྒར་ཕེབས་སྟེ་བཞུགས། སྒར་ནས་(པ༡༧༨ན)


PTT001_Page_1223
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཚད་དུ་ཁོང་དཔོན་སློབ་ཀྱི་གཟིམས་གུར་མཛད། དེ་ཡང་དགུང་ལོ་ཞེ་དགུ་པ་ཕག་ལོ་ཟླ་བ་བདུན་པའི་ཚེས་གཅིག་དུ་སྣང༌། སྐུ་མདུན་དུ་ཇ་ལ་སྤྱན་འདྲེན་བྱུང༌། དཔོན་སློབ་རགས་པ་བཅོ་ལྔ་ཙམ་ཞིག་བྱོན། གསོལ་ཅོག་གི་གཡས་ཟུར་ན་མར་བཞུགས། སྤྱིར་རྗེ་དཔའ་བོ་འདི་བླ་མའི་དྲུང་དུ་བཞུགས་པ་ན་སྤྱན་ཆབ་ཕྱག་ཐལ་སྦྱར་དང་མི་འབྲལ། མོས་གུས་ཆེ་བའི་མཐར་ཐུག་པའི་ལོ་རྒྱུས་མང་དུ་ཡོད། སྤྱིར་སུ་ལ་ཡང་དམ་པའི་ཆོས་ཀྱི་ཚིག་ཙམ་མ་གཏོགས་ཕལ་པའི་གཏམ་མི་གསུང༌། གར་བཞུགས་ཀྱང་སྐུ་ལུས་གནད། སྤྱན་རྡོ་རྗེའི་ལྟ་སྟངས། བར་རླུང་གི་སྦྱོར་བ་དང་མི་འབྲལ་སྐད། མཆོག་དམན་ཐམས་ཅད་ལ་གོང་དུ་བཀུར་ཞིང་བཀུར་སྟི་མཛད། གསུང་འཇམ་ཞིང་ཞེ་སར་བཅས་པས་བརྗོད། དེ་ལྟར་ཞི་ཞིང་དུལ་ཡང་སུས་ཀྱང་ཟིལ་གྱིས་མི་ནོན། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་ཁ་བྱེ་བས་རྡོ་རྗེའི་མགུར་ལ་ཐོགས་པ་མེད། ཐུགས་འུར་བའི་དུས་ལྐོག་གྱུར་གྱི་གནས་དང་མ་འོངས་པ་ལུང་དུ་བསྟན་པ་རྣམས་བསླུ་བ་མེད། ཆར་འབེབ་གཅོད་སོགས་ལ་སྤྱན་ལྟ་སྟངས་ཀྱི་སྦྱོར་བས་གང་འདོད་འགྲུབ། སྙིང་རྗེ་ཆེན་པོ་ཚད་མེད་པ་མངའ། ཡོན་ཏན་གྱི་གཏིང་མཐའ་མི་དཔོགས་པ་ཡིན་ནོ་ཞེས་པ་ནི་འཕྲོས་པའོ། །དེ་ནས་ཇ་གྲལ་དེ་ཐོན་པ་དང་རྗེ་དཔའ་བོ་ཧར་བཞེངས་སྟེ་ཕྱག་གསུམ་མཛད་ནས་ཁོ་བོ་ནད་དམ་པོ་ཅིག་གི་ཟིན་བདོག་པས་གང་བདེ་བྱས་ཆོག་པ་གནང་དགོས་ཅེས་ལན་གསུམ་ཞུས་པ་ལ་རྗེ་ཐམས་ཅད་མཁྱེན་པས་ཀྱང་དེ་ག་ཆོག་གསུངས། འདི་མྱ་ངན་ལས་འདས་ཆོག་པར་ཞུས་པར་སྣང་བས་སྔོན་ཚེ་དང་ལྡན་པ་ཤཱ་རིའི་བུས་སྟོན་པའི་དྲུང་དུ་བདག་མྱ་ངན་ལས་འདས་པར་དགྱིད་དོ་ཅེས་ལན་གསུམ་ཞུས་པ་ན། མྱ་ངན་ལས་འདའ་བར་སྨྲའམ་འདི་ནི་འདུས་བྱས་ཀྱི་ཆོས་ཉིད་ཡིན་ན་ངས་སྨྲར་ཅི་ཡོད། ཅེས་གསུངས་པ་ལྟ་བུར་(པ༡༧༨བ)


PTT001_Page_1224
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ངོ༌། །དེ་མ་ཐག་དུ་བཞེངས་སྟེ་གྲལ་གྱི་སྐེད་སྨད་ཙམ་ན་རྗེ་སངས་བློ་བ་འདི་དགེ་འདུན་གྱི་བྱང་འདྲེན་མཛད་པ་དབུ་མཛད་སངས་བློ་ཞེས་མཚན་འདོན་པ་ཅིག་བཞུགས་པའི་ཕྱག་ནས་འཐེན་སྟེ་ཐམས་ཅད་མཁྱེན་པའི་སྐུ་མདུན་དུ་ཁྲིད་སྟེ་འདི་ལ་ད་ལྟ་དྲོ་བོ་ལུང་གི་གདན་ས་བསྐོ་བ་ཞུ་ཞེས་ཞུས་སྟེ་དེ་ཀར་ཕྱག་ནས་གནང་སྦྱིན་གནང༌། འདི་ཡང་དྲོ་བོ་ལུང་དུ་མངའ་བདག་ཆོས་རྒྱལ་བ་དེའི་ཉིན་གཤེགས་པར་འདུག་པས་མཁྱེན་པ་ཡིན་པར་སྣང༌། དེ་མ་ཐག་ན་བཟའ་གོས་ཟླམ་སྐུ་ཕྱམ་དམར་སེར་གཉིས་སྐུ་ཆོས་མེ་ལོང་མ། སྐུ་གཟན། སྐུ་རགས་སྐུ་ཤམ་གྱི་བར་དུ་ཕུལ། སྐུ་པང་དུ་དབུ་བཅུག་ནས་སྨོན་ལམ་མང་དུ་མཛད། ང་བླ་མའི་དྲུང་ནས་ཕྱིར་གཅེར་བུར་མི་འགྲོ་གསུངས་ནས་སྐུ་འགག་སྐུ་རགས་ཙམ་བཞེས་པས་སྒར་གྱི་དྲུང་སྐོར་དང་གྲ་པས་བསྐོར་སྟེ་ཡོལ་བ་བར་ལ་བསྐོར་བ་མཛད། ཞལ་གྱི་ཐད་དྲང་པོ་ནས་ཐལ་མོ་སྦྱར་སྟེ་ཞལ་ལ་སྤྱན་འབྲུ་ཚུགས་སུ་གཟིགས་ནས་རྗེ་ཐམས་ཅད་མཁྱེན་པ་ཁྱེད་ཀྱིས་ང་ལ་སྤྱན་ཡུན་རིང་པོ་ཅིག་གཟིགས་ཅིག་ཟེར་བ་ལན་གསུམ་དུ་གསོལ་བ་ན་རྗེ་ཐམས་ཅད་མཁྱེན་པས་ཀྱང་ཞལ་འཛུམ་དང་དབུ་དགུག་པ་ལན་གསུམ་དུ་མཛད། ད་ནི་ངའི་བསམ་པ་ཐམས་ཅད་རྫོགས་བྱ་བ་ཐམས་ཅད་ཟིན་གསུངས་ནས་ཕྱི་འགྲོས་ཀྱིས་ཡོལ་བའི་ཕྱིར་བྱོན། ཕྱིར་ཕེབས་མ་ཐག་གསུང་ཆེན་པོས་སྒར་པ་རྣམས་ལའང་དཀོར་ཟན་ཁྱེད་ཚོ་དཀོར་ཐམས་ཅད་ཟོས་ཐམས་ཅད་མཁྱེན་པའི་དགོངས་པ་མི་སྒྲུབ་པ་གསུངས་ནས་ཆེར་བཀྱོན། གྲ་པ་རྣམས་ལ་ཡང་མི་ཁྱེད་ཚོའི་བསོད་ནམས་དེ་རིང་གིས་ཟད་དོ་གསུངས། གཟིམས་གུར་དུ་ཕེབས་འཕྲལ་རྗེས་སངས་བློ་བ་ལ་ངས་བླ་མ་ཐམས་ཅད་ཀྱི་དགོངས་པ་དང་བསྟུན་པས་ཆོས་རྒྱུད་ཕྱོགས་མེད་དུ་བྱས་པ་ཡིན། ཁྱེད་ཀྱི་མ་འོངས་པའི་དགོས་པ་ཅིག་ཡོད་པས་ཆོས་རྒྱུད་ཞྭ་སྟབས་དང་བཅས་པ་འདི་ཀརྨ་པ་ཁོ་ནར་འདྲིལ་བ་ཞིག་གྱིས་གསུངས། དེ་ཕྱིན་གསུང་གཞན་ནི་མི་འབྱོན། སྐབས་སུ་(པ༡༧༩ན)


PTT001_Page_1225
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རང་ཚོ་སྡོད་ངས་ཆོས་བཤད་ཀྱི་གསུང་བ་ལན་རེ་ཙམ་གསུངས། སང་ཚེས་གཉིས་ལ་སྒར་ཆེན་ལྷ་སར་ཐེགས། དཔོན་སློབ་རྣམས་དེ་ཀར་བཞུགས། ཚེས་བཞིའི་ཐོ་རེངས་ཐུགས་འོད་གསལ་དུ་ཞུགས། རྗེ་སངས་བློ་བས་གཙོ་མཛད་པ་རྣམས་ཀྱིས་ཡོལ་བའི་ཕྱི་ནས་གདུང་མཆོད་མཛད། དེ་དུས་གཟིམས་གུར་ལ་འཇའ་འཁོར་མར་ཟུག་མེ་ཏོག་གི་ཆར་རྟག་དུ་བབ་པས་སྙེ་ཐང་པ་རྣམས་ཀྱིས་རྗེ་ཐམས་ཅད་མཁྱེན་པའི་གཟིམས་གུར་གྱི་ཤུལ་ཡིན་པར་བཟུང་ཕྱིས་སྒར་པ་དེའི་བླ་མ་ཞིག་གཤེགས་པར་འདུག་ཟེར་ནས་ཐམས་ཅད་བསྐོར་བ་ལ་འདུས། ཚེས་བརྒྱད་ཀྱི་ཉིན་གུང་ལ་ཐུགས་དམ་གྲོལ་བར་བསྟན་ཞིང་རྗེ་ཐམས་ཅད་མཁྱེན་པའི་དྲུང་དུ་བསྔོ་ཞུས་ལ་ཕྱིན་པ་ན་ཐོག་མར་ཞལ་ངོ་ནག་ཙམ་མཛད། དེ་ནས་ཆོས་རྗེ་མང་ཐོས་པ་ལ་གཟིགས་ནས་ངེད་སྒོམ་ཆེན་པ་འཆི་ན་ཉམས་དང་བཅས་ནས་འཆི་བ་ཡིན། ཞེས་ཞལ་འཛུམ་མཛད། སྒར་གྱི་བླ་མ་རྣམས་ལས་ཁྱེད་རང་ཚོ་སུ་མོས་པ་གཏོང་གསུངས་བས་རྗེ་དྭགས་རམ་པ་ཞུས་སྟེ་གདུང་སྦྱོང་དུ་གདན་དྲངས། ས་སྐྱོང་དོན་ཡོད་རྡོ་རྗེ་ཀྱང་མཆོད་པའི་སྤྲིན་སྤྲོས། སྙེ་ཐང་གི་དགོན་པ་གང་མོས་སུ་སྤྱན་དྲོངས་ཅེས་གསུང་བས་ནོར་བུ་བྲག་གི་ཞོལ་དུ་གདན་དྲངས། ཧོར་ཟླ་བདུན་པར་སོང་བས་སེར་བ་ཡོད་ངེས་ཞེས་མི་སྡེས་གདུང་མི་བཞུ་བར་སྡེ་པ་ལ་ཞུས་ཀྱང་དེ་འདྲ་མི་དགོས། ཡུལ་བྱིན་གྱི་བརླབ་པར་འགྱུར་བ་ཡིན་གསུངས། གདུང་བཞུ་གའི་ཚེ་ཐོག་མར་རླུང་ཆེན་པོ་བྱུང་སྟེ་སའི་ཉལ་ཉིལ་ཐམས་ཅད་ཕྱགས། དེ་རྗེས་འབྲུག་སྒྲ་དྲག་པོ་དང་བཅས་པའི་ཆར་ཞིག་བྱུང་བས་སྙེ་སྟོད་ཐང་དེའི་ཀྱོང་ཐམས་ཅད་ཆུས་གང་བས་ཡོན་ཆབ་བསྒྲིགས་པ་འདྲ་བ་ཞིག་བྱུང༌། དེ་ནས་ཆར་ཆད་དེ་ན་མཁའ་ཐམས་ཅད་འཇའ་ཚོན་ཁ་དོག་སྣ་ཚོགས་པས་ཁེབས། མེ་ཏོག་གི་ཆར་ཁ་བ་ལྟར་བབ་ཚེ་རྗེ་དྭགས་རམ་པ་བཞེངས་ནས་གཡུལ་ཁང་གི་སྟེང་དེར་བྱོན་སྟེ་མེ་ཏོག་གི་ཆར་འཛིན་པ་(པ༡༧༩བ)


PTT001_Page_1226
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕར་རྒྱུག་ཚུར་རྒྱུག་མཛད་ཟེར། སྤྱིར་རྫོགས་ལྡན་གྱི་དུས་ཟས་གོས་ཀྱི་ཆར་དང་རིན་པོ་ཆེའི་ཆར་འབབ་པ་དང་སངས་རྒྱས་འབྱོན་པའི་ལམ་བརྒྱན་པ་སོགས་ལའང་ཐོག་མར་རླུང་གིས་ཉལ་ཉིལ་འཕྱག །དེ་ནས་ཆར་གྱིས་རྡུལ་གནོན། དེ་ནས་མེ་ཏོག་གམ་ཟས་སོགས་འབབ་པ་སྟེ་གོ་རིམ་ནི་འདི་ཁོ་ནར་སྣང་ངོ༌། །ཕྱིས་རྗེ་དྭགས་རམ་པའི་ཞལ་ནས། ཁྱེད་ཀྱི་སྐྱེ་བ་སྔ་མ་དེའི་གདུང་བསྲེག་པ་ལ་ངས་ཕྱིན། གསོལ་དཀར་མི་ཉག་གན་ཀར་ཆེན་པོ་དེ་སྤུབ་པའི་ཡུ་བ་ནས་བཟུང་སྟེ་སྐོར་གྱིན་མེ་ཏོག་གི་ཆར་འདི་ཙམ་བྱུང་ངོ་ཨ། ངས་མེ་ཏོག་གི་ཆད་དེ་ལས་ཆེ་བ་མཐོང་མ་མྱོང༌། ཆོས་འབྲེལ་ཞིག་མ་ཞུས་སྙམ་ནས་འགྱོད་པོ་བྱུང༌། ད་ཁྱེད་ངའི་རྩར་བྱོན་བྱུང་བས་འགྱོད་མི་དགོས་པར་འདུག་གསུང་བ་བདག་གིས་དངོས་སུ་ཐོས། དབུ་ཀླད་རིལ་པོ་སྤོས་ཤེལ་ལྟར་དྭངས་པ་དང་རིང་སྲེལ་ངོ་མཚར་བ་མང་དུ་བྱུང་བར་སྣང་ཞིང་ཕྱིས་དབུ་ལྟག་གི་གདུང་ཟུར་གསུམ་པ་ཅིག་གི་ཟུར་ཅུང་སེར་ཙམ་འདུག་པ་ལས་ཕྱིས་མདུན་ལོགས་ཐམས་ཅད་སེར་པོར་གྱུར། དེའི་དབུས་ནས་དཀར་ཞིང་འོད་འཚེར་བ་ཞིག་ལ་ཐུགས་རྗེ་ཆེན་པོ་ཁརྶ་པཱ་ཎ་ཕྱག་གཉིས་པའི་སྐུ་ཆེས་གསལ་བ་ཟླ་ཕྱེད་རེ་ཞིང་ཇེ་གསལ་དུ་འགྲོ་བ་ཞིག་བདག་གི་ལག་ན་ཡོད་པ་ཕྱིས་ཆོས་རྗེ་རང་གི་སྐུ་འདྲ་ཞིག་དུ་བཞུགས་སོ་གསོལ་ཞིང་རིང་སྲེལ་དཀར་སེར་སྲན་རློན་ཙམ་པ་རྒྱ་མདུད་ཀྱི་དབྱིབས་ཡོད་པ་ཤིན་དུ་ལྕི་བ་བདར་ན་གྲུ་བཞི་སོགས་གཟོ་ཇི་ལྟར་བྱས་ཀྱང་བཏུབ་པ་ལ་སང་ཉིན་སྔ་མའི་རྒྱ་མདུད་དབྱིབས་སྔ་མ་ཇི་ལྟར་བ་དེ་ཀར་ལོག་འགྲོ་བ་ཞིག་ཡང་བདག་གི་མཐོང་སྟེ་རྗེ་བརྒྱད་པའི་བཀའ་ལས་དེ་རིང་སྲེལ་ཡང་དག་པ་ཡིན་ནོ་ཞེས་བཀའ་བསྩལ་ཏོ། །གདུང་ཚ་ལ་རིང་སྲེལ་བྱུང་བ་མང་ཟེར། གདུང་ཁང་གི་སོ་ཕག་གདུང་ཐལ་རྣམས་བཞུས་དེ་ཀར་མཆོད་རྟེན་བྱས་ནས་བཞུགས་ཤིང་བདག་ཆུང་ངུའི་དུས་ཀྱང་རིང་སྲེལ་རྙེད་ཀྱི་ཡོད་ཟེར་ཞིང་བསྐོར་མཆོད་བྱེད་པར་སྣང༌། ཚེས་བཞིའི་(པ༡༨༠ན)


PTT001_Page_1227
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་འཛིན་ས་རྣམས་ན་མེ་ཏོག་གི་ཆར་སོགས་འབྱུང་བ་ཡིན་ཟེར་བ་ཡུལ་ཅི་རིགས་ན་དུ་མ་སྣང་ངོ༌། །རྗེ་དེའི་བུ་སློབ་ཀྱང་མགོ་ཐོན་ཙམ་སྒོམ་ཆེན་ནི་ཆེས་མང་ལ། རྗེ་རི་ཁྲོད་རས་ཆེན་ནི་རྗེ་ཉིད་ཀྱི་གཅུང་པོ་ཡིན། རྗེ་ཉིད་ཀྱིས་དགེ་བསྙེན་གནང༌། མཚན་འཇམ་དབྱངས་ལྷུན་གྲུབ། གཙང་སྨྱོན་པ་དང་ཤར་ཁ་རས་ཆེན་དང་ལས་འབྲེལ་འདུག་པས་དེར་སོང་གསུངས་སྟེ་དེ་དག་གི་གདམས་ངག་རྫོགས་ཤིང་རི་ཁྲོད་རས་ཆེན་དུ་མཚན་བཏགས། ཧེ་རུ་ཀའི་ཆས་མཛད། སློབ་མའི་ཚོགས་མང་ཞིང་འཕྲིན་ལས་ཤིན་དུ་ཆེ། རྩ་བའི་བླ་མ་ནི་རྗེ་དཔའ་བོ་ཁོ་ན་ལ་འཛིན་སྟེ་རྗེ་གཤེགས་རྗེས་སློབ་མ་ཁ་ཅིག་གིས་གདན་སར་སྤྱན་དྲངས་པས་སྔོན་གྱི་ལུང་བསྟན་མཉེལ་ནས་དྲོ་བོ་ལུང་དུ་གདན་སར་ཕེབས་ཀྱང་བསྙུན་དམ་པོས་རིང་བར་བཏབ་སྟེ་བསྐོས་ཇ་ཞུར་བཏང་བའང་མ་སླེབས་པར་སྐུ་ཚེའི་བར་ཆད་དུ་གྱུར། ཕྱིས་སྐུ་སྐྱེ་གསལ་བར་བྱོན་སྟེ་ད་ལྟ་འགྲོ་དོན་མཛད། དེའི་སློབ་མ་ཟུར་པ་སྟོད་ཟུར་གྱི་སྔགས་སྟོན་སྒྲུབ་ཆེན་བསོད་བཀྲས་པ་དང༌། དེའི་སློབ་མ་ཀོ་བྲག་པ་ཤེས་རབ་རྒྱ་མཚོ་ཡིན་ནོ། །སྐུ་ཚེའི་སྟོད་ཀྱི་སློབ་མ་དཔོན་པོ་རྡོ་རྗེ་རྣམ་རྒྱལ་ནི་ཟངས་མཚོ་སོགས་སུ་བཞུགས་དུས་ཀྱི་སློབ་མ་ཡིན། ཕྱིས་གྲ་དར་ལུང་དུ་བཞུགས་སྟེ་སྨན་སྦྱིན་དང་བསྙུང་གནས་ལ་སོག་པས་འགྲོ་དོན་མཛད་ཕྲིན་ལས་ཤིན་དུ་ཆེ། བླ་མ་ཁྲོམ་སྟེང་པ་སྐུ་མཆེད་ཀྱང་རྩ་བའི་སློབ་མ་ཡིན། ཕྱིས་འཕྱོངས་རྒྱས་སྟག་རྩེའི་ཁྲོམ་སྟེང་ཉིད་དུ་བཞུགས་འཕྲིན་ལས་ལེགས་པོ་བྱུང་བར་ཐོས། དགེ་སློང་བདེ་ཆེན་དར་ཞེས་བྱ་བ་ཐུགས་དམ་ཤིན་དུ་བཟང་བ་ཞིག་ཁོ་བོ་རྒྱ་ནག་རི་བོ་རྩེ་ལྔ་ལ་འགྲོ་གསུངས་སྟེ་བྱོན། བླ་མ་དཔོན་ཡིག་པ་ནི་གྲར་འཁྲུངས། བྱམས་གླིང་པའི་དགེ་བཤེས་ཡིན། རྗེ་ལ་བསྟེན་སྟེ་གདམས་ངག་ཡོངས་སུ་རྫོགས། རྟོགས་པ་ཤིན་དུ་མཐོ། བཀའ་འབུམ་གྱི་བསྡུ་བ་པོ་ཡང་མཛད། མཚན་ལྷུན་གྲུབ་རྒྱ་མཚོ་ཡིན། མངོན་ཤེས་མངའ། བར་དོའི་(པ༡༨༠བ)


PTT001_Page_1228
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཤེས་གཟིགས། རིང་སྲེལ་མང་དུ་བྱོན་ནོ། །སྒྲུབ་ཆེན་ཤཱཀྱ་དྷྭ་ཛ་ནི་བྱར་ཆོས་སྡེའི་དགེ་བཤེས་རྗེ་ཉིད་ཀྱི་ཞབས་ལ་བཏུགས་ནས་སྤངས་རྟོགས་མཐར་ཕྱིན། རྗེ་གཤེགས་རྗེས་གདན་སའི་དོད་མཛད་སྟེ་ཞབས་ཏོག་ཆེ། བདག་ལོ་དགུ་པའི་བར་དུ་ཆོས་དང་ཟང་ཟིང་གིས་སྐྱོང་བར་མཛད། དེ་ནས་ལོ་བཅོ་བརྒྱད་ཙམ་གྱི་བར་ལ་འཁྲུངས་སའི་ལོ་རོའི་སྨད་ས་ལེ་གངས་མདབ་ཁོ་ནར་རྩེ་གཅིག་དུ་སྒྲུབ་པ་མཛད་ཅིང་སྒོ་བསྡུས་ཀྱི་ལུང་ནག་སྔོན་མ་ཎི་བགྲངས་ན་གཞི་བདག་ལ་ཕོག་ཡོང་ཟེར་བའི་སར་ཐུགས་དམ་མཛད་པས་ཞང་སྤང་དཀར་ཐུལ་སྟེ་ལྕང་ལོ་ཅན་གྱི་དགོན་པ་མཛད། དེ་ནས་ཡུལ་དེ་ཆོས་པ་དར་བ་ཡིན། རྗེ་སངས་བློ་བ་ནི་འབྲོག་པ་རི་སྨད་དུ་འཁྲུངས། རྗེ་དཔའ་བོ་མཇལ་ཞིང་ཆོས་གསན་པས་སྐྱེས་བུ་གསུམ་གྱི་ལམ་རྣལ་མ་འཁྲུངས་འབྲི་ཁུང་རས་ཆེན་པ་སོགས་བླ་མ་མང་དུ་བསྟེན། རིག་གནས་དང་མདོ་སྔགས་གྱི་མཁྱེན་པ་ཆེ་ཞིང་གསན་རྒྱ་མཐའ་ཡས། དྲོ་བོ་ལུང་གི་གདན་སར་བཞུགས་པའི་རྟེན་འབྲེལ་མ་འགྲིག་ནའང་བྲག་ལུང་བྲག་རྩའི་དགོན་བཏབ་སྟེ་དབང་ལུང་ཁྲིད་གསུམ་གྱི་འཕྲིན་ལས་ཤིན་དུ་ཆེ་ཞིང་བདག་ལའང་ཆོས་དང་ཟང་ཟིང་གི་བཀའ་དྲིན་ཆེ། སྒྲུབ་ཆེན་རྒྱ་གཤོངས་པ་བསོད་ནམས་གྲགས་པ་ཡང་རྗེ་འདི་ལ་གདམས་པ་དུ་མ་གསན། དོལ་ཕུ་རྒྱག་གཤོང་དུ་སྐུ་ཚེ་སྒྲུབ་པ་ལ་བསྐྱལ་མངོན་ཤེས་མངའ་བར་གྲགས་སོ། །བླ་མ་སྨོན་ལམ་བཟང་པོ་ནི་གཞུང་དུ་འཁྲུངས། གསང་ཕུར་མཚན་ཉིད་ལ་སྦྱངས་པས་ཤིན་དུ་མཁས། ཚལ་མིན་དུ་དུས་འཁོར་ལ་སྦྱངས་ཤིང་རྗེ་དཔའ་བོ་ལས་བསྙེན་སྒྲུབ་སོགས་གདམས་པ་མཐའ་དག་གསན་སྟེ་སྲས་ཀྱི་ཐུ་བོར་གྱུར། རྗེས་ལུང་བསྟན་སྟེ་དོལ་ཆོས་འཁོར་སྒང་བཏབ་ནས་འཕྲིན་ལས་ཆེའོ། །སྒྲུབ་ཆེན་ཆོས་དཔལ་བ་ནི་དོལ་དུ་འཁྲུངས། འཕྲིན་ལས་རྒྱ་ཆེར་མ་བྱུང་ཡང་ཚེ་རིང་བར་ཡོང་བའི་རྟེན་འབྲེལ་ཡོད་གསུང་བ་ལྟར་བྱུང༌། དགུང་ལོ་གྱ་གཅིག་པའི་ཚེ་(པ༡༨༡ན)


PTT001_Page_1229
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་ས་ནས་བདུན་དུ་འདོམ་དོ་ཙམ་ན་མཐོངས་ཀ་ཡོད་པའི་སྐས་ལ་ཕྱག་གཡོག་ཞིག་འཛེགས་ཡོང་བ་ལ་ཐོག་ཕོག་སྟེ་སྐས་སོལ་དུམ་ཐོར་རེ་བ་ལས་མ་ལུས། མི་དེ་ལུས་སྡུམ་ཙམ་ཞིག་ལུས། ལྕགས་ཕྲེང་ཞིག་ཡོད་པ་གོང་བུ་གཅིག་དུ་ཞུ་ཡང་ཁོང་རང་ལ་ལུས་ཅུང་ཟད་འཕར་བ་ཙམ་ལས་མ་བྱུང་སྐད། སྒྲུབ་ཆེན་བློ་ཤེ་བ་ནི་རྨི་ལམ་སྒྱུ་ལུས་ལ་མངའ་བརྙེས། དོལ་རྒྱང་གི་ཕུ་བྱ་མདའ་ཁོ་ནར་སྒྲུབ་པའི་རྒྱལ་མཚན་བཙུགས་སྟེ་དབུས་ཙམ་གྱི་སྒོམ་ཆེན་ལ་བཟང་བར་བྱེད་དོ། །གཙང་དུ་གཡུང་པ་རྟོགས་ལྡན་པ་ཅེས་ཕུང་པོ་རི་བོ་ཆེར་སྒྲུབ་པའི་འཕྲིན་ལས་མཛད་པ་དང༌། འབྲོག་མགྲོན་བུ་ལུང་པའི་བླ་མ་དད་པ་ཅན་དེའི་ཁང་པར་ཕྱག་ནས་ན་མཁའ་ལ་མང་དུ་ཆགས་པ་ལས་བ་ཐག་ཕྲ་མོ་ཞིག་ལ་ནས་བདུན་བརྩེགས་སུ་ཆགས་པ་བདག་གིས་ཀྱང་མཐོང༌། ཕའི་བུ་སྔགས་འཆང་ལྷུན་གྲུབ་མགོ་ལེགས་ཅེས་ཐུགས་རྩིས་ཆེ་བའི་གནས་བརྟན་སྔགས་འཆང་ཡང་གཉལ་གྱི་ཕུ་ཞིག་དུ་འགྲོངས་ཀར་བསྙུང་ཟུག་གིས་ཕྱག་ཞབས་གཡུགས་པའི་རྡོ་ཐམས་ཅད་ལ་རྗེས་བྱུང་ཟེར། དོལ་བདེ་ཤོངས་སུ་སྒྲུབ་པས་དུས་འདའ་བའི་སྒྲུབ་ཆེན་བསོད་ནམས་བརྟན་པ་ཅེས་བྱ་བའི་མཁས་གྲུབ་དེས་ཀྱང་གདམས་ངག་གསན་ནས་རྩ་བའི་བླ་མར་འཛིན་ནོ། །དགེ་སློང་ཐབས་ལྡན་དོན་ལྡན་ཞེས་བྱ་བ་སྐད་ཀྱིས་ཁྲོམ་ཐམས་ཅད་འདུ་ཐུབ་པ་ཕྱིས་རྒྱལ་པོ་རྣམས་ཀྱི་མགུར་མཁན་དུ་གྱུར་ཡང་འཆི་ཁར་རྐྱེན་སྣང་ཐལ་བྱུང་དུ་བཅད་དེ་བར་དོ་དང་པོ་ཟིན་ཞིང་ངོ་མཚར་གྱི་ལྟས་བྱུང་བར་སྣང་ངོ༌། །གྲ་ནས་ཅེ་ཏེ་ཆོས་མཛད་མ་ཟེར་བའི་གྲུབ་ཆེན་མ་ཇེ་འདིའི་རྩ་བའི་སློབ་མ་ཞིག་ཡང་ལོ་དྲུག་བཅུ་ཙམ་ན་གྲ་བསམ་འགྲུབ་ཆོས་རྫོང་གི་ཕ་རའི་དབོན་དགོན་ན་མཚམས་ལ་ཡོད་པ་ལས་ཐོག་བབས་སྟེ་མེ་ཐབ་སྦུག་བཅིངས་སུ་བསྡད་པའི་པུས་མགོ་གཉིས་དང་དཔྲལ་པའི་བར་ལ་ཐོག་མེད་སོང༌། གདན་གོས་དང་(པ༡༨༡བ)


PTT001_Page_1230
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་གི་ཤིང་མང་དུ་ཚིག་ཀྱང་མི་རྣམས་ཀྱིས་བལྟས་ཚེ་ལུས་གནད་ཀྱང་མ་ཞིག་ལ་མ་ཚོར་བར་འདུག་ཞིང་ཞག་འགའ་ཅུང་རིག་པ་མི་གསལ་ཙམ་བྱུང་ཡང་ཉེ་བར་སོར་ཆུད་ཟེར་སྟེ་བདག་ལོ་བཅུ་པའི་དུས་དངོས་སུ་མཐོང་ངོ༌། །གཞན་ཡང་ཡུལ་གྲུ་སོ་སོར་མངོན་མཐོའི་འགྲོ་དོན་ཅུང་ཟད་ཕེར་བའི་བླ་མ་དང་སྒོམ་ཆེན་རི་འཕེར་ཙམ་ནི་ཚད་མེད་དོ། །ཡར་རྒྱབ་ཀུན་སྤངས་པ་དང་གླག་ཚང་གདན་ས་པ་སོགས་ཆོས་འབྲེལ་ཐོག་པ་ནི་ཆེས་མང་ལ། བླ་མ་རུ་པའང་དབུ་རྒྱན་དུ་མཇལ་བས་ཆོས་དུ་མ་ཞུས། ལན་གཅིག་ཁྱོད་རང་ངའི་ཁྲི་ཐོག་འདིར་ཉོལ། འཕྲིན་ལས་གི་རྟེན་འབྲེལ་འོང་གསུངས་སྟེ་དེ་ནས་འཕྲིན་ལས་བྱུང་ཞེས་རྩ་བའི་བླ་མ་དང་མཚུངས་པར་འཛིན་ཞེས་ཐོས་སོ། །འབྲོག་ཕྱི་རྫ་ལ་བཞུགས་དུས་བཙན་རུའི་ཕ་ཇོ་སྔགས་པ་ཅིག་མཇལ་བས་དད་པ་ཐོབ་ཅིང་ཆོས་ཞུས། ཆོས་བྱེད་པར་གསོལ་བ་བཏབ་པས་ཁྱོད་རང་ཞལ་དེར་འཁྲུལ་ཞིག་པ་དང་ལས་འབྲེལ་འདུག་གསུངས་ནས་ལུང་བསྟན་པ་ནི་ཕྱིས་ཞལ་དེ་བ་ཀུན་དགའ་བསོད་ནམས་སྟེ་རྩ་བའི་བླ་མར་འཛིན་པར་སྣང་ངོ༌། །གྲུ་ཤུལ་དུ་བྲམ་ཟེ་སྙན་རྒྱུད་བཙུགས་པ་ན་ཆོས་ཞུའི་སྐྱེས་པ་གསུམ་ཆོས་བྱེད་པར་ཞུས་པ་ལ་རྗེ་ཐམས་ཅད་མཁྱེན་པའི་དྲུང་དུ་ལས་འབྲེལ་འདུག་པས་སོང་ཞིག་ཞེས་བཀའ་བསྩལ་སྟེ་ཁོང་གསུམ་ཕྱིན་པས་རྗེ་ཐམས་ཅད་མཁྱེན་པས་སངས་རྒྱས་རྒྱལ་མཚན་ཆོས་རྒྱལ་མཚན་དགེ་འདུན་རྒྱལ་མཚན་ཞེས་གནང་སྟེ་བྱ་བྲལ་གྱི་བརྟུལ་ཞུགས་བྱས་པས་མི་ལ་རས་པ་གསུམ་ཞེས་སྒར་པ་རྣམས་ཀྱིས་འདོན་པ་འདིའི་དང་པོ་ལ་རྐྱེན་དེས་བླ་མ་མི་ལ་ཞེས་གྲགས་སྟེ་ཁྲ་ཀརྨ་ཆོས་རྫོང་བཏབ། གཞན་གཉིས་སྒྲུབ་པ་མཐར་ཕྱིན་པ་རེ་བྱུང་ངོ༌། །གཞན་ཡང་བླ་མ་འབྲི་ར་བ། གླང་ཁུངས་པ་རྒྱལ་མཚན་དཔལ། གཉལ་ཨོ་ཌྱན་གླིང་པ་སོགས་ཀྱིས་རང་གནས་སུ་སྤྱན་དྲངས་སྟེ་གདམས་པ་མང་དུ་ཞུས་ལ། བླ་མ་ཆམ་དགོན་པ་གྲགས་པ་དཔལ་ལྡན་དང༌། (པ༡༨༢ན)


PTT001_Page_1231
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱང་ཆེན་བླ་མ་ལྷ་དབང་བ་སོགས་ཕྱག་ཕྱིར་ལོ་རེ་གཉིས་བཞུགས་པ་ནི་ཆེས་མང་ངོ༌། །དེ་ལྟར་རྗེ་དཔའ་བོ་འདི་ནི་མ་མཇལ་བའི་དུས་ནས་རྗེ་ཐམས་ཅད་མཁྱེན་པ་རྩ་བའི་བླ་མ་མཆོག་དུ་འཛིན་པ་དང༌། ཕྱིས་དཔལ་དྲོ་བོ་ལུང་གི་གདན་ས་ཆེན་པོ་ཀར་བསྟན་གྱི་རྟེན་འབྲེལ་འགྲིག་པའི་ཞབས་ཏོག་ཆེ་ཞིང་དགོངས་པ་རྫོགས་པར་མཛད་པས་ཆེས་བགྲང་འོས་པར་མཐོང་ངོ༌། །མཁན་ཆེན་ཤཱཀྱ་བཟང་པོ་ནི་མདོ་ཁམས་ཀརྨའི་ཉ་ལམ་གསལ་སྟོང་སྒོམ་ཤིའི་བཞུགས་གནས་དང་ཉེ་བར་འཁྲུངས། དབུས་སུ་བྱོན་སྟེ་མཚུར་ཕུར་གསང་སྔགས་ཀྱི་ཕྱག་ལེན་མཁས་པར་སྦྱངས། ཆོས་རྗེ་ངོ་ཁྲོ་ལས་གདམས་ངག་ཐམས་ཅད་ནོད། ཕྱིས་སྒར་གྱི་ཡང་རི་ལ་བཞུགས་ཤིང་གདམས་པ་ལེགས་པར་གསན། དྭགས་ལྷ་སྒམ་པོའི་བསྟན་པ་ཉམ་རྨས་དུས་སྤྱན་སྔ་སྣེའུ་ཐང་པས་རྗེ་ཐམས་ཅད་མཁྱེན་པའི་དྲུང་དུ་བདག་རྐྱེན་ཞུས་སྟེ་དར་རྒྱས་གསོལ་བ་བཏབ་པས་རྗེ་ཐམས་ཅད་མཁྱེན་པས་སྒམ་པོའི་མཁན་པོར་བསྐོས་དར་རྒྱས་ཀྱི་རྟེན་འབྲེལ་མཛད། འདིས་ཕྱག་མཁར་དུ་སྒྲུབ་སྡེ་མཛད། སློབ་མ་མང་དུ་འདུས། ལུགས་གཉིས་ཀ་ནས་སྒམ་པོ་དར་རྒྱས་སུ་མཛད་པས་སྒམ་པོའི་གནས་ལ་སྔོན་རྗེ་འཇིག་རྟེན་མགོན་པོ་ཡབ་སྲས་དང་ཕྱིས་རྗེ་འདི་བཀའ་དྲིན་ཆེ་ཞིང་སྤྱན་སྔ་བཀྲ་ཤིས་སྒང་པ་སྐུ་མཆེད་དང་སྤྱན་སྔ་སྒར་པ་སྐུ་མཆེད་དུ་བཅས་པ་རྣམས་ཀྱི་རྩ་བའི་བླ་མ་ཡིན། ཀོང་པོར་ཡང་ཆོས་རྒྱ་ཅི་རིགས་པ་དང་སྒྲུབ་སྡེ་གོང་འོག་གཉིས་མཛད་སྟེ་ཀར་བསྟན་ལ་གཅིག་དུ་མཛད་པ་ཆེའོ། །བླ་མ་ཆམ་དགོན་པ་གྲགས་པ་དཔལ་ལྡན་ནི་འབྲོག་སྦ་དོ་ཤུག་པར་འཁྲུངས། བླ་མ་མང་པོ་བསྟེན། ཁྱད་པར་དྲུང་པ་སི་དྷུ་པའི་ཕྱག་དཔེ་བྲི་ཞར་ལ་ཟབ་ཆོས་རྣམས་གསན་ཞིང་རྗེ་འཕྲིན་ལས་པ་ལའང་ཕུལ། ཕྱིས་ཆེ་ས་འགྲོ་བའི་མགོན་པོའི་ཏི་ཤྲི་མཛད་སྟེ་(པ༡༨༢བ)


PTT001_Page_1232
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་བོ་རིར་སྒྲུབ་གྲ་མཛད་དོ། །འགྲུས་ཁང་པ་བསོད་ནམས་རྒྱ་མཚོ་ནི་མདོ་ཁམས་འགྲུས་ཁང་པའི་ཞལ་ངོ་ཡིན། རྗེ་ཐམས་ཅད་མཁྱེན་པ་ལས་གསུང་ཆོས་རྣམས་གསན། རྗེ་ཀུན་དགའ་རིན་ཆེན་གྱི་སློབ་མ་མཛད་ནས་མདོ་ཁམས་སུ་བསྟན་པའི་བྱ་བ་མཛད་ཅིང་ཕྱིས་དབུས་སུ་བྱོན་སྟེ་དབོན་ཟུར་བཞུགས་པའི་བླ་མ་མཛད་དོ། །ཁྲེ་བ་ཁ་པ་དོན་གྲུབ་རྣམ་རྒྱལ་ནི་རྗེ་ཉིད་ཀྱི་རྩ་བའི་སློབ་མ་ཡིན་ལ་འབྲི་ཁུང་སྐོར་དུ་འཕྲིན་ལས་ཆེའོ། །བསམ་གཏན་གླིང་པ་ནི་ཀུན་མཁྱེན་འཇམ་དཔལ་བཟང་པོ་དང་རྗེ་བདུན་པའི་རྩ་སློབ་ཡིན་ལ་ར་སྒྲེང་གི་ལུང་ལག་ཞིག་དུ་སྒྲུབ་པ་མཐར་ཕྱིན་དུ་མཛད་པའི་སྒོ་ནས་འཕྲིན་ལས་ཆེའོ། །གཞན་ཡང་ངར་པ་རྟོགས་ལྡན་ལ་སོགས་པའི་གཞན་ཕན་ཅན་མཐའ་ཡས་པར་བྱོན་ནོ། །སྨྱུག་ལ་བའི་དཔོན་ས་གསེར་ཁང་མས་ཀྱང་སྐུ་གཤེགས་ཀར་ཞལ་གཟིགས་པར་གྲགས་ཤིང་ནང་སོ་འབྲོམ་པས་ཀྱང་ཆུ་བོ་རིའི་ན་མཁའ་ལ་རྗེ་ཀརྨ་པ་རས་རྐྱང་ཞྭ་ནག་ཅན་བྱོན་སྟེ་མེ་ཏོག་གི་ཆར་བབ་པའི་ཞལ་གཟིགས་ཐང་སྐུ་སྣང་ངོ༌། །དེ་ལས་སྐུ་སྐྱེ་བའི་ཕྱི་མའི་འདྲེན་པར་གྱུར་པ་ནི་སངས་རྒྱས་མཉན་པ་གྲུབ་ཐོབ་སྟེ་མདོ་ཁམས་འབྲི་ཆུའི་རྒུད་འདན་ལུང་པར་འདན་ཁྲི་དཔོན་གྱི་གདུང་རྒྱུད་དུ་ཤིང་གླང་ལ་འཁྲུངས། གདུང་མཉན་ཡུམ་དེ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཨོ་ཌྱན་གྱི་ཡུལ་དངོས་སུ་གཟིགས་པ་ཅིག་ཡིན། བཙས་མ་ཐག་ནས་གསུང་སྨྲ་བ་ལ་ཐོགས་པ་མེད་ཅིང་ཐུགས་དྲན་པས་དགུང་ལོ་གཅིག་ནས་ཟིན། སྐྱེ་འཆིས་ཐུགས་དངངས་སྟེ་དགུང་ལོ་ལྔ་ནས་དབུ་སྐྲ་རང་གིས་བཅད་སྟེ་རང་བཙུན་མཛད། ཀརྨ་པའི་མཚན་གསན་པ་ཙམ་གྱིས་བ་སྤུ་ལྡང་ཞིང་མཆི་མ་འཁྲུག་པའི་མོས་གུས་ཁྱད་པར་ཅན་འཁྲུངས་སྟེ་ཉིན་ཟས་མི་གསོལ། མཚན་མི་གཟིམ་པར་རྗེ་ཁོ་ན་ཐུགས་ལ་བརྣགས་པས་སྐུའི་ཉམ་ཡང་རིད་པ་ན་ཡབ་(པ༡༨༣ན)


PTT001_Page_1233
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་གྱིས་དགུང་ལོ་དྲུག་པ་ཅིག་ལ་མཇལ་དུ་མཛངས། མཇལ་མ་ཐག་ཕ་བུ་ཕྲད་པ་ལྟར་རྒྱུར། མཚན་བཀྲ་ཤིས་དཔལ་འབྱོར་དུ་གསོལ། དགུང་ལོ་བརྒྱད་པ་ལ་བླ་མ་རྣམ་གཉིས་ལས་རབ་ཏུ་བྱུང༌། དགུང་ལོ་དགུ་ནས་བཅུ་དྲུག་གི་བར་འདན་ཆོས་སྡེ་མཁས་པ་སངས་རྒྱས་དཔལ་བའི་དྲུང་བྱམས་ཆོས་སྤྱོད་ཕྱོགས་རིགས་ཚོགས་འདུལ་བ་གསང་འདུས་སོགས་མདོ་སྔགས་ཀྱི་སྦྱངས་པ་ཆེར་མཛད། ད་ནི་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་བ་ཞིག་གི་སྒྲུབ་པ་སྙིང་པོར་བྱེད། དེ་ཡང་བདག་རྐྱེན་རྩ་བའི་བླ་མ་ལ་རག་ལས་པར་དགོངས་རྗེ་ཐམས་ཅད་མཁྱེན་པ་དགུང་ལོ་བཅུ་དགུ་པ་པུམ་འབོར་གྱི་ས་ཟླ་ལམ་གཉིས་ཙམ་ན་བཞུགས་པའི་སར་གཅིག་པུ་བྲོས་ནས་ཉིན་མཚན་མ་བརྩིས་པར་བྱོན་པས་ཞག་བཅོ་བརྒྱད་ན་མཇལ། དཔོན་སློབ་རྣམ་པ་གསུམ་ལོ་བདུན་དུ་མ་བྲལ་བར་བསྟེན་སྟེ་ཁྱད་པར་ཅན་གྱི་གདམས་པ་མཐའ་དག་གསན་ཞིང་དེ་ཐམས་ཅད་ཐོབ་ལོར་མ་བཏང་བར་དབང་གིས་རྒྱུད་སྨིན་ངེས་པ་སྐྱེས་རིམ་དང་རྩ་ཐིག་རླུང་གསུམ་གིས་རྣམ་སྨིན་གྱི་ལུས་དག་པ་འོད་གསལ་དང་ཕྱག་ཆེན་གྱི་སྣང་སྲིད་སྐུ་གསུམ་དུ་ལ་ཟློས་པར་མཛད། ངེས་འབྱུང་དང་མོས་གུས་བྱང་ཆུབ་ཀྱི་སེམས་གསུམ་ལ་རྩལ་སྦྱངས། དཀའ་སྤྱད་ཀྱི་སྐུ་ལུས་གུད་ཅིང་ཉིན་ལྷགས་ཀྱིས་གདུངས་པས་མཚན་མཉན་དབོན་སྔོ་སྐྱོག་དུ་གྲགས། དགུང་ལོ་ཉེར་གསུམ་ན་ད་ནི་དགེ་སྦྱོར་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ཀླུངས་སུ་ཆུད་པར་བྱེད་པ་ལ་དབེན་པ་ཅིག་བསྟེན་དགོས་པར་འདུག་སྙམ་དུ་དགོངས་སྟེ་ཞུས་པ་ན་རྗེ་ཐམས་ཅད་མཁྱེན་པའི་ཞལ་ནས་འོ་དེ་ཀ་གྱིས་དང་པོར་མདོ་ཁམས་ཀྱི་གནས་གཉན་པོ་རྣམས་དང་དེ་ནས་དབུས་ཀྱི་ལྷོ་བྱང་གང་རིགས་ནས་མགོ་བཟུང་ལ་གནས་གཉན་པོ་རྣམས་སུ་སྒྲུབ་པ་གྱིས། ཁོ་བོའང་རིམ་བཞིན་དབུས་གཙང་དུ་འོང་(པ༡༨༣བ)


PTT001_Page_1234
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པས། དང་པོར་ཀམ་པོ་གནས་ནང་དུ་ལོ་གསུམ། སྦོམ་ཕུག་ན་ལོ་གཉིས། དེ་ནས་དབུས་སུ་བྱོན་སྟེ་མཚུར་ཕུར་ལོ་གཉིས། ཐང་ལྷ་ན་ལོ་གཅིག་སྟེ་མེ་མ་བུས་གཡོས་པའི་ཟས་མ་གསོལ་བར་རླུང་དང་རིགས་པའི་བཅུད་ལེན་ཁོ་ནར་ལོ་བརྒྱད་མཛད། སྤྱིར་ཡང་ཐོས་བསམ་གྱི་དུས་སུའང་ལོངས་སྤྱོད་ཤིན་དུ་ཆེ་ཡང་གང་ཡོད་གྲོགས་པོ་སྙོམས་ཆུང་ལ་གནང་ནས་ངན་ངོན་ལས་ལོངས་མི་སྤྱོད། ཚོགས་ཁང་དང་ཚོགས་སྟན་ཙམ་མ་གཏོགས་པ་དགེ་འདུན་གྱི་དཀོར་དང་སྒོས་མགྲོན་ཅུང་ཟད་ཀྱང་དང་དུ་མི་བཞེས། སྒར་དུ་བཞུགས་རིང་ཡང་ཇ་རོ་དང་གཏོར་ལྷག་སོགས་ཀྱིས་འཚོ་བ་མ་གཏོགས་དབོན་གྱི་སྐལ་བ་སོགས་དང་དུ་མི་བཞེས། དེ་ཐམས་ཅད་དུ་བླ་མ་མ་གཏོགས་ཐམས་ཅད་ལ་གསུང་བཅད་སྟེ་སུའི་ཡང་ངོ་མི་སྲུང༌། དེ་ནས་ཆུ་ཤིང་གི་གྲོགས་པོ་ལ་རྗེ་ཀརྨ་པས་གསེར་བྱ་བྲལ་བ་དགེ་འདུན་རྒྱལ་མཚན་རྫོང་བ་མཛད་སྟེ་ཁོང་གིས་གྲོགས་བྱས། བལ་བུ་རྟག་དུས་དབང་ལག་སོགས་ཀྱི་བཅུད་ལེན་ཁོ་ནས་འཚོ་བ་གནམ་མཚོའི་ཕྱི་ནང་དུ་ལོ་ལྔ། མོན་དོམ་ཚང་དྲོ་བོ་ལུང་ཟངས་ཕུགས་ཤམྦུ་གངས་རྣམས་སུ་ལོ་རེ་རེ་བཞུགས་ཤིང་སྟོན་དུས་ཀྱི་ཟླ་བ་གཉིས་གསུམ་ལ་བསོད་སྙོམས་ཅུང་ཟད་དང༌། དེའི་རིང་མདོ་དབུས་སུ་རྣལ་འབྱོར་པ་གཉན་པོར་བྱེད་པ་དང་སྤྲུལ་པའི་གང་ཟག་དུ་གྲགས་པ་དང་བཟང་པོར་གྲགས་པ་དུ་མ་མཇལ་བསྙེན་རྫོགས་དང་ཆོས་དུ་མ་གསན། དགུང་ལོ་བཞི་བཅུ་པ་ལ་ནུབ་ཕྱོགས་ཨོ་ཌྱན་དུ་འབྱོན་པར་བཞེད་ནས་གྲོགས་ཀྱི་ཉམས་བརྟག་པའི་ཕྱིར་ཁོ་བོ་ནི་ཤམྦྷ་ལར་འགྲོ་འདོད་ཁྱོད་ཅི་སྙམ་གསུངས་པས་གསེར་བྱ་བྲལ་བ་ན་རེ། ཨ་པ་རྩེད་མོ་མིན་ན་རུང༌། མན་ལུང་གུ་རུ་དང་ཨོ་ཌྱན་པས་མ་བགྲོད་པའི་གནས་བགྲོད་ཅི་ནུས། ཁྱེད་ལ་དེ་ཙམ་གྱི་བློ་གདེང་ཡོད་ན་རབ་ཨོ་ཌྱན་འབྲིང་ཏུ་རུཥྐའི་ཡུལ་གྱི་ནགས་ཚལ་རྟ་སྔོག་ཅན། ཐ་མ་(པ༡༨༤ན)


PTT001_Page_1235
[མ་དཔེ་གཟིགས་ན་འདིར་གནོན།]

ཛཱ་ལནྡྷ་ར་ཙམ་དུ་ཅི་སྙོགས་གྱིས་ཟེར་སྟེ་གཉིས་ཀ་ཨོ་ཌྱན་དུ་འབྱོན་པར་བྱས་པ་ལ་གྲོགས་པོ་ལ་ཀུན་རྫོབ་བྱང་སེམས་དུས་མིན་དུ་ལྷོངས་པའི་གེགས་ཤིག་ནད་དྲག་པོ་བྱུང་བ་ལ་ལྷ་སའི་འཛེ་སྤྲང་ཞིག་གི་ཤིག་ནད་ཀྱང་བླང་པས་ཁོང་སྐུ་གཤེགས། དེར་ཐུག་དགོངས་ལ་ཡང་བླ་མ་སངས་རྒྱས་ལས་ལྷག་པའི་རྡོ་རྗེ་ཕག་མོ་དང་ཨོ་ཌྱན་ག་ན་ཡོད། གྲོགས་དེ་ཡང་འདི་འདྲས་གཤེགས་པ་ཡིན་སྲིད། ད་ནི་སྐྱིད་སྡུག་རྗེ་ཀརྨ་པ་རང་མཁྱེན་སྙམ་ནས་རྒྱུ་མཚན་ཞུས་པས། ཁྱོད་རང་བསམ་མནོ་ཐོང༌། བསམ་པ་གང་ཤར་བ་དེ་ལ་ངས་གནང་བ་བྱེད། རྨི་ལམ་དུའང་ཁོ་བོ་མ་བརྗེད་པར་གྱིས་འོད་གསལ་ཟུང་ལ་གསོལ་བ་ཐོབ་གསུངས། དེ་ལྟར་བྱས་པས་མནལ་ལམ་ན་མི་དཀར་པོ་ཅིག་ན་རེ། ཁྱོད་རྩ་བའི་མ་ལ་ལན་གཅིག་བལྟས་སྟེ་ཆོས་ཀྱི་འབྲེལ་བ་གཅིག་མི་འདོགས་སམ་ཟེར་བ་བྱུང་ཡུམ་མཇལ་འདོད་དྲག་པོ་འཁྲུངས། དེ་སྐད་ཞུས་པས་མཉེས་པའི་བཀའ་བསྩལ་གནང་ནས་བྱོན། ལམ་བར་སུ་རི་བྲག་དུ་ཕེབས་དུས་གཟིགས་སྣང་ལ་ཡུམ་དུས་ལས་འདས་སྟེ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྔགས་སྐྱེས་ཀྱི་ངོ་བོ་ཞིག་དུ་གྱུར་པར་གཟིགས་སྟེ་བདག་ས་སྤྱོད་ནས་མཁའ་སྤྱོད་དུ་གནས་སྤར་བའི་ཕྱིར་བདེ་མཆོག་གི་དབང་བསྐུར་སྩོལ་བ་རྣལ་འབྱོར་པ་ཆེན་པོ་མཁྱེན་ཞེས་གསུང་བ་གཟིགས་པས་ཏིང་ངེ་འཛིན་གི་དབང་བསྐུར་མཛད། རྡོ་རྗེའི་མགུར་ཡང་གསུངས། ད་ནི་རྫ་གོ་བོ་ཕུག་གམ་སླེ་དུ་བྲག་གནམ་སྐས་ཅན་ལྟ་བུ་ཞིག་དུ་རུས་ཕུང་སྐྱ་ཁྲོལ་ལེ་བཏང་དགོས་སྙམ་དུ་དགོངས། འཆམ་ལ་ཁའི་སྐྱོ་དུ་བྲག་ལ་བཞུགས་པ་ན། ཡབ་ཡུམ་དུ་ཨ་གྲོ་དང་འདན་མ་གཉིས་འཁྲུགས་སྟེ་རྗེ་བླ་མའི་སྐུ་མཆེད་མི་ཆོས་ཀྱི་ཡོན་ཏན་ཅན་ཞིག་བསད། དཔུན་ཟླ་བྱ་བྲལ་བ་ཞིག་དབུས་ནས་ཕ་ཡུལ་དུ་ཡོང་གི་ཡོད་ཟེར་བ་ཐོས་ནས་གཤེད་མ་བཏང་བ་ན་གངས་ཁྲོད་ཀྱི་ཕ་ཝང་གི་སྐྱིབས་ན་ཤོ་མང་དང་ཟྭ་ཤིང་གི་སྟན་ལ་སྐུ་སྐམ་ལ་རིད་པ་རས་ཧྲུལ་གྱི་གཟན་གསོལ་བ་ཞིག་(པ༡༨༤བ)


PTT001_Page_1236
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བས་ཞེ་སྡང་རྩ་བ་ནས་ཤི་དད་པ་རང་དབང་མེད་པར་སྐྱེས་སྟེ་ཅི་ཡོད་ཐམས་ཅད་ཕུལ། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་གཉིས་རབ་ཏུ་བརྟན་པའི་ནུས་པས་ཡབ་ཚན་དང་དགྲ་བོ་གཉི་གས་རང་རེ་གཉིས་ཀྱི་འཁྲུག་པ་མཐའ་མེད་འདི་ལ་རྗེ་ཆོས་གྲགས་རྒྱ་མཚོའི་སློབ་མ་བྱ་བྲལ་བཀྲ་ཤིས་དཔལ་འབྱོར་ལྟ་བུ་དགྲ་གཉེན་རིས་མེད་དུ་གྲོལ་བ་དེ་སྤྱན་འདྲོངས་ན་འཁྲུག་པ་རྩེ་མེད་དུ་ཞི་ནུས་པས་དེ་སྤྱན་འདྲེན་ཟེར་ནས་གཉི་གས་སྤྱན་དྲངས་པ་ན་ལན་ཙམ་ཡང་མ་གནང་བར་ཁྲ་སྤོང་བྲག་དུ་གཤེགས་པ་ན། རྗེ་ཀརྨ་པས་ཁྱོད་ཀྱི་དགེ་འདུན་གྱི་སྡེ་གཙུག་ལག་ཁང་བཅས་པ་ཅིག་གྱིས། ངེད་དབུས་སུ་ཆོས་འཁོར་ཆེན་མོ་ལ་འགྲོ་རྒྱུ་ཡིན་པས་དེ་དུས་འབུལ་བ་ཡང་བསྐུར། དེ་རྣམས་ལ་ལྷོངས་སྣ་ཚོགས་འབྱུང་ཡང་དེ་ཐམས་ཅད་ལམ་དུ་ལྷོངས་སྟེ་བྱང་ཆུབ་ཀྱི་སེམས་ཀྱི་གྲོགས་སུ་འགྱུར་ཞེས་པའི་བཀའ་ཤོག་ཕེབས་པ་ན་བདག་ཡོན་ཏན་གྱི་རྩལ་གང་ཡང་མ་རྫོགས་པ་ལ་འདི་ལྟར་ཕེབས་པ་སྣོད་བརྟག་པ་ཡིན་དགོངས་ནས་སླར་བསྐོར་བྱང་ཞུས། སྒྲུབ་པ་མཛད་པར་གསོལ་བ་བཏབ་རུང་སྔ་མ་ལྟར་བཀའ་ནན་ཕེབས་པ་ན་ད་བླ་མའི་བཀའ་ཁོ་ན་མཆོག་གི་དངོས་གྲུབ་ཡིན་དགོངས་ནས་དང་དུ་བཞེས། ཨ་གྲོ་དང་འདན་ཡུལ་དུ་ཕེབས། གཉི་ག་ནས་སྤྱན་དྲངས་སྟེ་ས་མཚམས་ཨོ་ཌྱན་རི་ཁྲོད་དུ་དགུང་ལོ་ཞེས་གསུམ་ལ་དགོན་པ་བཏབ་ཤ་ཁོན་ཐམས་ཅད་སྦྱངས། སྐུ་མཆེད་བཀྲོང་བའི་ཨ་གྲོའི་ལག་དམར་རྣམས་ལ་ཆོས་དང་ཟང་ཟིང་གི་གནང་སྦྱིན་རྒྱ་ཆེར་མཛད་པས་དད་ཅིང་གུས། དེ་ལོ་ནས་ཁྲིད་སྐྱོང་བར་མཛད་སྟེ་སྐལ་ལྡན་གྱི་སྤོང་བ་པ་དུ་མ་འདུས། ཆོས་སྡེ་རྒྱ་ཆེར་བཏབ། རྟོགས་ལྡན་ཨ་འགག་ལ་སོགས་པ་སྤྲུལ་ཡུལ་བགྲོད་ཐུབ་པའི་སློབ་མ་དུ་མ་ཐོན། དེའི་ཚེ་ཡུལ་དེའི་སྡེ་དགོན་སྔར་ཡོད་མང་པོ་འཕྲིན་ལས་མ་བཟོད་ཅིང་ཁྱིམ་ལ་འཁྲན་པས་གོ་མཚོན་གྱི་སྦྱོར་བས་འོངས་པ་ན་གནོད་པར་མ་ནུས་ཀྱང་རེ་ཞིག་རྩོད་པ་(པ༡༨༥ན)


PTT001_Page_1237
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བར་མ་གྱུར་ཞིང་དེ་དག་གི་བསམ་སྦྱོར་ཞི་བ་མ་ཡིན་པ་རྒྱ་ཆེར་འཕེལ་བ་ན་ས་གཡོས་ཆེན་པོས་དེ་དག་གི་སྣོད་བཅུད་ཀྱང་ཕལ་ཆེར་ཞིག་པས་དྲག་པོའི་འཕྲིན་ལས་ཀྱི་སྙན་པ་ཡང་ཆེར་བྱུང༌། ཉིད་ཁང་པ་གཞི་བརྩེགས་ཀྱི་ཐོག་ན་བཞུགས་པའི་ཁང་པ་ཞིག་སྟེ་ཉིད་གྱང་མཐོན་པོ་ཅིག་གི་རྩེར་ཕེབས་པ་ན་འཕུར་བར་གྲགས་སྟེ་དེ་ཕྱིན་གཉན་པ་གྲུབ་ཐོབ་ཏུ་མཚན་གསོལ། དགོན་པ་ཀླུངས་སུ་སྤོས་སྟེ་བྱང་ཆུབ་གླིང་བཏབ། དུད་ཆེན་སྟོང་གི་ཡོང་སྒོ་སྦྱར་སྟེ་དགེ་འདུན་འདུ་བའི་སྒོ་ཆེས་བཟང་བར་སྦྱར། དེའི་ཚེ་རྗེ་ཐམས་ཅད་མཁྱེན་པས་ཁྱོད་ཀུན་སྤངས་ཀྱི་བརྟུལ་ཞུགས་ཀྱི་མདོ་སྟོད་ཐམས་ཅད་དུ་སློང་མོའི་སྤྱོད་པ་གྱིས་ཅིག་གསུང་བ་ཕེབས་པས་དེ་ཐམས་ཅད་དུ་བྱོན་སྟེ་ཀར་སྡེ་ཆེན་པོ་རྣམས་སུ་རྙིང་གསོ་སར་འཛུགས་རབ་བྱུང་བསྙེན་རྫོགས་ཁྲིད་སྐྱོང་མཐའ་ཡས་པ་དང་རབ་སྒང་སོགས་སུ་ཆོས་འཁོར་ཆེན་པོ་རྣམས་ཀྱི་གྲལ་དབུ་མཛད་སྟེ་ཆོས་རྒྱུད་སོ་སོ་བ་ཐམས་ཅད་ཀྱི་མཁས་པ་དང་གྲུབ་པར་གྲགས་པ་ཐམས་ཅད་ཀྱིས་སྤྱི་བོར་བཀུར། ཡུལ་གྲུ་ཐམས་ཅད་དུ་ཁོན་ཐམས་ཅད་སྦྱངས་སྟེ་ཞི་བར་འདུམས། དགེ་བསྐུལ་གྱི་ཚོགས་ནི་ཉིན་གཅིག་གི་འཕྲིན་ལས་ཀྱང་མཐའ་ཡས། ན་མཁའ་མཛོད་ལྟ་བུའི་ལོངས་སྤྱོད་འདུ་བ་ཐམས་ཅད་རབ་རྣམས་རྗེའི་དྲུང་དུ་འབུལ། འབྲིང་གིས་དགེ་རྒྱུན་རྣམས་མཛད། ཐ་མས་འཕྲལ་དགོས་དང་གྲ་སློབ་སྐྱོང༌། རྗེ་ཐམས་ཅད་མཁྱེན་པའི་དྲུང་དུ་ཁྲི་རྭ་ཅན་གྱི་འབུལ་བ་དང་འབུམ་རྭ་ཅན་གྱི་འབུལ་བ་ལན་བཞི་ལྔ་དང་སྟོང་རྭ་ཅན་གྱི་འབུལ་བ་གྲངས་མེད་པ་དང༌། རྗེ་ན་རིམ་བརྒྱད་པའི་དྲུང་དུའང་ཁྲི་འབུལ་ལན་མང་པོ་དང་སྟོང་འབུལ་འགྲང་གིས་མི་ལང་བར་མཛད། རྗེ་ཐམས་ཅད་མཁྱེན་པ་མྱ་ངན་ལས་འདས་པའི་འོག་དུའང་དགེ་འདུན་ཁྲི་ཕྲག་དུ་ལོངས་པའི་ཆོས་འཁོར་ཆེན་པོ་ལན་གསུམ་དང་སྤྱིར་གདན་ས་རྣམས་སུ་འབུལ་འགྱེད་མཐའ་ཡས་པ་མཛད། ཕྱིས་གསེར་མི་བོ་ཆེའི་ཁུར་དུ་ལོངས་པ་ཐུབ་ཆེན་ཆོས་འཁོར་གྱི་གསེར་ཐོག་གི་རྒྱུར་དམིགས་པ་མཛད། (པ༡༨༥བ)


PTT001_Page_1238
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་ན་རྗེ་ན་རིམ་བརྒྱད་པས་རྣམ་ཐར་དུ་བདག་གི་རྗེ་བླ་མ་འདི་ལྟ་བུ་ནང་དུ་ཆོས་བརྒྱད་ཀྱི་འཁྲི་བ་གྲོལ། ཀུན་རྫོབ་རྣམ་སྨིན་གྱི་རྩ་ཐམས་ཅད་ཀྱི་མདུད་པ་ཅིག་འགྲོ་འོང་གི་རླུང་ཐམས་ཅད་ཀྱི་འགྱུ་བ་ཆད། ཁམས་དཀར་དམར་འབར་ཞུའི་སྤྲོས་པ་བྲལ། ཡེ་ཤེས་ཀྱི་རླུང་དག་པ་གཉིས་ལྡན་གྱི་དྷཱུ་ཏིར་འདུས། གཉིད་འོད་གསལ་གྱི་ཀླུངས་སུ་ཚུད། སྙོམས་འཇུག་གི་སྒྲིབ་པ་འཕོ་བྲལ་དུ་མཛད། སྣང་བ་ལྷ་སྐུ་ཤར། མཆོག་དུ་མི་འགྱུར་བའི་བདེ་བས་ཐུགས་ཚིམ། རྫུ་འཕྲུལ་གྱིས་སྐལ་བ་དང་ལྡན་པ་རྣམས་འདུལ་ཞིང་བྱིན་གྱིས་རློབ། ཟུང་འཇུག་གི་སྐུ་རྣལ་འབྱོར་ཆེན་པོ་ལ་གསལ་སྣང་ཐེབས། ཅེས་གསུངས་པ་ཉིད་དེ་མཆོག་གི་གྲུབ་ཐོབ་ཆེན་པོར་བཞུགས། རྗེ་ཀརྨ་པ་བརྒྱད་པའི་ཡོངས་སུ་འཛིན་པ་མཛད་སྟེ་དབང་ཁྲིད་ལུང་མན་ངག་བཞུགས་སོ་འཚལ་ལོ་བཞི་ལྔའི་བར་དུ་ཕུལ། དགུང་ལོ་དྲུག་བཅུ་རེ་ལྔ་ལ་བབ་པའི་ཚེ་ད་ནི་ཤི་ཡང་བསམ་པ་རྫོགས་པ་ཡིན་གསུངས་སྟེ་གདན་ས་བར་པར་སྐུ་མྱ་ངན་ལས་འདས། ཞག་བདུན་པ་ན་རྗེ་བརྒྱད་པའི་མནལ་ལམ་དུ་ཡེ་ཤེས་ཀྱི་མཁའ་འགྲོའི་གླུ་ལས། སྔོན་གྱི་ཚེ་ན་རྒྱལ་བ་བདེ་བའི་གླུ། །རྙིགས་མའི་དུས་ན་དྲན་པ་ཡེ་ཤེས་རྙེད། །ད་ལྟ་བྱང་ཕྱོགས་རྣམ་པར་བཀོད་པ་ན། །དྲུག་འབུམ་བདུན་ཁྲིའི་དགེ་སློང་མདུན་མདར་སྟེ། །འདན་མ་གྲུབ་ཆེན་ཚུལ་ནི་དེ་ལྟར་རོ། །ཞེས་སོགས་གསན། པཎྜི་ཏ་སྨྲྀ་ཏྀ་གཞན་དོན་དུ་སྐུའི་བཀོད་པ་བཟུང་བར་སྣང་ལ། གཙོ་བོར་རྗེ་ཐམས་ཅད་མཁྱེན་པའི་རིགས་ཀྱི་བདག་པོ་ཡིན་ཞིང་གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་དུ་མཛད་པར་གདོན་མི་ཟ་ལ་སྤྱིར་ནི་ཁོ་བོ་ལ་རྟོགས་ལྡན་གྱི་སློབ་མ་འབྱུང་རྒྱུ་རྣམས་རྗེ་བརྒྱད་པའི་སློབ་མ་རྟེན་འབྲེལ་བསྒྲིགས་པར་བཀའ་བསྩལ་ཏོ།། །།(པ༡༨༦ན)


PTT001_Page_1239
[མ་དཔེ་གཟིགས་ན་འདིར་གནོན།]

༈ དུས་གསུམ་སངས་རྒྱས་ཐམས་ཅད་དང༌། །ལྷ་སྔགས་དཀྱིལ་འཁོར་ཐམས་ཅད་ཀྱི། །འབྱུང་གནས་གཅིག་པོ་རིགས་ཀུན་བདག །མི་བསྐྱོད་ཞབས་དེར་སྤྱི་བོས་འདུད། །དེ་ལ་བདག་གི་དཔལ་ལྡན་བླ་མ་རིགས་ཀྱི་བདག་པོ་མཚན་བརྗོད་པར་བཀའ་བ་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་གཅིག་པའི་གཟུགས་ཀྱི་སྐུར་བསྟན་པ་རྒྱལ་བ་མི་བསྐྱོད་ཞབས་ཇི་ལྟར་བྱོན་པའི་ཚུལ་ནི་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་རྒྱལ་བ་བྱམས་པས་ད་ལྟ་ཛམ་གླིང་ན་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ཉམས་རྨས་ལྔ་བརྒྱ་ཐ་མ་ལ་ཐུག་པས་སྐྱེ་བོ་ཐམས་ཅད་ངན་སོང་དུ་གཞོལ་བར་གྱུར་གྱི་དེ་ཐམས་ཅད་ལ་ཁྱོད་ཀྱི་ལས་ཉོན་དེ་དག་ཁོ་ན་ལས་བརྩམས་སྟེ་གང་འདུལ་དུ་སྟོན་ཞིག་ཞེས་བསྐུལ་བ་ན་ཡིད་བཞིན་གྱི་སྙིང་པོའི་པདྨ་འདབ་མ་འབུམ་པ་ལ་སྐྱིལ་མོ་ཀྲུང་གིས་བཞུགས་སྟེ་ཁམས་སྣ་ཚོགས་པ་འདུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ན་ཛམ་གླིང་གི་སེམས་ཅན་ཐམས་ཅད་ཀྱི་ཁམས་དང་དབང་པོ་དང་མོས་པ་ཐམས་ཅད་ཇི་ལྟ་བར་མཁྱེན། འདུལ་དཀའ་སླ་དེ་ཐམས་ཅད་ལའང་ཐུགས་མཉམ་པ་ཉིད་དུ་གྱུར་ཞིང་དེ་ཐམས་ཅད་གདུལ་བའི་ནུས་པ་མངའ་བར་གཟིགས་ནས་སངས་རྒྱས་དེ་ཐམས་ཅད་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པའི་སྤྲིན་རྒྱ་ཆེར་སྤྲོས་སྟེ་འོད་ཟེར་མཐའ་ཡས་པས་སེམས་ཅན་ཐམས་ཅད་སྨིན་པར་མཛད་སྟེ། བཅོམ་ལྡན་དཔའ་བོ་ཁྱོད་ནི་སྔོན་སངས་རྒྱས། །དགའ་ལྡན་བཞུགས་ནས་ཛམ་གླིང་གཤེགས་འཚལ་ལྟས། །བདག་ལ་མ་རུངས་འདུལ་བའི་ལུང་མནོས་སྟེ། །བྱང་ཆུབ་སྤྱོད་པའི་མགོན་མཛད་ངོ་མཚར་ཏོ། །ཅེས་སོགས་སྨོན་ལམ་དང་དམ་བཅས་ཆེན་པོ་མཛད་པ་ན་བྱམས་པའི་དབུ་གཙུག་གི་མཆོད་རྟེན་གཉིས་པ་ཅིག་སྤྲོས་སྟེ་དབུ་ཐོག་དུ་རིགས་བདག་དུ་བྱས་སྟེ་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ནི་མཉན་པ་གྲུབ་ཐོབ་བོ་ཅེས་གསུང་ཞིང་འཁོར་ལོ་སྡོམ་པ་ལྷ་དྲུག་བཅུ་རྩ་གཉིས་ཀྱི་དཀྱིལ་(པ༡༨༦བ)


PTT001_Page_1240
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་པའི་རྣམ་པས་རྒྱུ་རྡོ་རྗེ་འཛིན་པ་ལས་འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་སྟེ་རྡོ་རྗེའི་མཛད་པ་བཅུ་གཉིས་ཀྱིས་འགྲོ་བའི་དོན་ཇི་ལྟར་མཛད་པ་ལ་སོགས་པ་རྣམས་ནི་སྐལ་བ་མཆོག་གི་སྤྱོད་ཡུལ་སྟེ་རྣམ་ཐར་བདག་ཚུལ་བཅུ་གཉིས་པ་ལས་ཇི་སྐད་གསུངས་པ་ཉིད་སྟེ་དེ་སྐད་བཀའ་བསྩལ་བ་ཡང་རྒྱ་མཚོ་ལས་ཆུ་ཐིགས་ཙམ་བསྩལ་བར་ཟད་སྟེ་བསམ་གྱི་ཁྱབ་པའི་གནས་མ་ཡིན་ནོ། །ཐུན་མོང་གི་གདུལ་བྱའི་སྣང་བ་དང་བསྟུན་ན། རྗེ་ཆོས་གྲགས་རྒྱ་མཚོའི་ཞལ་ཆེམས་ཤོག་དྲིལ་བཞག་པར། བདག་ནི་སྐྱེ་བ་མེད་ལ་སྐྱེ་ཚུལ་སྟོན། །གནས་པ་མེད་ལ་གནས་ཚུལ་སྟོན། །འཆི་བ་མེད་ཀྱང་འཆི་ཚུལ་སྟོན། །སྐྱེ་བ་མེད་ཀྱང་སླར་ཡང་སྐྱེ་ཚུལ་སྟོན། །ཞེས་དང༌། བདག་ནི་གདོད་ནས་གཡོ་མེད་འགྲོ་འོང་མེད། །སྐྱེ་དང་གནས་དང་འཆི་སོགས་རབ་སྤངས་ཀྱང༌། །རྟག་དུ་ཕྱོགས་བཅུར་གཡོ་ཞིང་འགྲོ་འོང་དང༌། །སྐྱེ་གནས་འཆི་སོགས་རྣམ་པ་སྣ་ཚོགས་སྟོན། །ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུ་སྟེ། །དེ་བཞིན་དུས་རྣམ་ཀུན་དུ་ཤེས་པར་གྱིས། །ཅེས་སོགས་ཀྱི་ཚིགས་བཅད་དང༌། སྐུ་སྐྱེ་བ་ཕྱི་མའི་འཁྲུངས་ཡུལ་ཡབ་ཡུམ་སོགས་གསལ་བའི་ཤོག་དྲིལ་དུ་མ་རྒྱལ་ཚབ་སྤྲུལ་སྐུ་ལ་གཏོད་གསུང་བ་དང་སིདྷུ་པ་ལ་གཏོད་གསུང་བའི་ཞལ་ཡིག་ཅན་སོ་སོར་ཡོད་པ་མཛད་ནས་གསོལ་ཅོག་གི་སྟེང་དུ་བཞག་ཡོད་པར་སྣང༌། དེ་ལ་གང་དུ་སྐུ་བལྟམས་པའི་གནས་ནི་མདོ་སྟོད་ཀྱི་ས་དཔལ་ཀརྨའི་གདན་ས་ཆེན་པོ་དང་ཉེ་བ་ངོམ་ཆུ་རྒྱུད། དེ་ལས་གཡས་ལུང་ཀ་ར་ཏི་ཕུག་དེའི་བྱེ་བྲག་ས་ཏཾ་གྱི་གྲོང་དུ་སྐྱེ་བོས་ཕལ་བ་ལྟར་སྣང་བའི་ཡབ་ཡུམ་ལས་ལྟམ་པར་མཛད་ཏོ། །དེ་ཡང་རྗེ་ཉིད་ཀྱི་བཀའ་ལས་ཁོ་བོ་ལ་ཕྱི་ནང་གསང་བའི་ཕ་མ་ཡོད་སྟེ་ལོངས་སྤྱོད་རྫོགས་སྐུའི་ཞིང་དུ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཧྲཱིཿཡིག་གི་རྣམ་པས་གསང་བའི་ཡབ་ཆོས་རྗེ་འཇིག་རྟེན་དབང་ཕྱུག་འཁོར་ལོ་སྡོམ་པར་བཞེངས་པའི་(པ༡༨༧ན)


PTT001_Page_1241
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ནས་ཞུགས་སྟེ་གསང་བའི་ཡུམ་རྡོ་རྗེ་རྣལ་འབྱོར་མ་ཨ་སྒྲོན་གྱི་ལྷུམས་སུ་ཞུགས་ཤིང་འདི་གཉིས་ས་བཅུ་པའི་བྱང་སེམས་ཡིན་ལ་རྣམ་པ་གཡོ་སྒྱུའི་མཛད་པ་ལྟར་སྣང་བས་ཁོ་བོའང་མི་གཞི་ངན་པ་ལྟར་སྣང་བ་ཡིན། དེ་ནས་ལོངས་སྐུ་རྒྱུའི་ཧེ་རུ་ཀའི་རྣམ་པས་བལྟམས་སྟེ་སྔར་ས་ཧོར་གྱིས་བོད་ཆོལ་ཁ་གསུམ་བཟུང་དུས་ཀྱི་དམག་དཔོན་ཆེན་པོ་དགུ་པའི་རྒྱུད་ལས་སྐྱེས་པ་གསེར་བྱ་བྲལ་བྱམས་པ་བཤེས་གཉེན་གྱི་ཞལ་ནས་ཞུགས་ཤིང་འཁྲུངས་སའི་ཆུ་མིག་དང་ཤུག་ཕུང་གི་བདག་མོ་ཀླུ་མོ་ད་ར་གསལ་སྒྲོན་གྱི་ལྷུམས་སུ་བབ་སྟེ་དེའི་རྟེན་འབྲེལ་གྱིས་ངག་ཅུང་ཟད་མི་བདེ་བ་དང་དཔུན་ཟླ་རྣམས་ཤེས་པ་མི་གསལ་བ་ཡིན། ནང་གི་ཕ་མ་འདི་དག་ནི་སྔགས་ཀྱི་སྦྱོར་ལམ་པ་ཡུལ་ཉེར་བཞི་ཐམས་ཅད་དངོས་སུ་ཚོགས་འཁོར་ལ་དབང་བ་ཡིན། དེ་ལྟར་གསང་བ་དང་ནང་གི་ལྷུམས་སུ་རྡོ་རྗེ་ཐེག་པའི་ནང་གི་དབང་བསྐུར་ཐམས་ཅད་ཡོངས་སུ་རྫོགས་སྟེ་དག་པ་སྣང་བའི་སྤྲུལ་སྐུའི་རྣམ་པས་ནང་གི་ཡུམ་གྱི་ལྷུམས་ནས་བལྟམས་སྟེ་ཕྱིའི་ཡབ་ཨ་བྱམས་དང་ཡུམ་ལྡོང་མཁའ་སྤྱོད་པའི་དབོན་མོ་ལྡོང་བཟའ་བླ་མ་སྒྲོན་གྱི་ལྷུམས་སུ་ཞུགས་པ་ཡིན། ཕྱིའི་ཡབ་ཡུམ་འདི་གཉིས་ཀྱང་སྔགས་ཀྱི་ཚོགས་ལམ་ཆེན་པོ་པ་རྨི་ལམ་དུ་ཡུལ་ཉེར་བཞི་རྣམས་བགྲོད་པ་ཡིན་ནོ་ཞེས་བཀའ་བསྩལ་ཏོ། །དེ་ཡང་རབ་བྱུང་མེ་ཡོས་ཀྱི་ལོ་ཧོར་ཟླ་གཉིས་པའི་ཚེས་བཅུའི་སྲོད་ལ་འོད་ཀྱི་གོང་བུ་འོད་ཟེར་འཕྲོ་བ་ཞིག་ཁང་ཐོག་དུ་བབས་ནས་སྐར་ཁུང་ནས་སིལ་སྒྲ་དང་བཅས་པས་ནང་དུ་སོང་ནས་ནང་ཐམས་ཅད་ཉི་མ་ཤར་བ་ལྟར་གསལ་བ་ཞིག་བྱུང་ཚེ་ལྷུམས་སུ་ཞུགས་སྟེ་ཇི་ལྟར་ཡུམ་གསོ་སྦྱོང་སྤྱོད་པའི་ལྷུམས་སུ་བྱང་ཆུབ་སེམས་དཔའ་ཞུགས་པ་ལྟར་ཟད་ཀྱི་དཀར་དམར་གྱི་ས་བོན་ལ་ལྟོས་པ་ནི་མ་ཡིན་པར་སྣང་ངོ༌། །དེའི་ནུབ་ཡུམ་གྱི་མནལ་ལམ་དུ་ཐང་ཆེན་པོ་མེ་ཏོག་གིས་གང་པའི་དབུས་ན་གུར་ཆེན་པོ་ཤིན་དུ་ལེགས་པ་(པ༡༨༧བ)


PTT001_Page_1242
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུང་ཐུགས་རྟེན་ངོ་མཚར་བས་གང་བ་དུང་གི་མཆོད་རྟེན་ཁ་བ་ལྟར་འབབ་པ་ཅིག་དུ་སོན་ནས་རུས་པའི་རྒྱན་དྲུག་དང་བཅས་སྟེ་གར་བྱེད་ཅིང་འདུག་པའི་རྒྱབ་རི་འཇའ་གུར་དང་ན་བུན་གཡུའི་མདོག་གིས་གཏིབས་པ་ཁྱེའུ་བུ་མོ་ལྟར་མི་ངོམས་པ་ནོར་བུའི་རྒྱན་ཅན་མཆོད་པ་སྣ་ཚོགས་འཛིན་པས་ཕྱི་ནས་བསྐོར་བ་དང་གླུ་གར་གིས་མཆོད་པ་མཐོང་ཞིང་དེའི་ཚེ་མཆོད་གྲལ་ནས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་བླངས། བུད་མེད་རལ་པ་ཁམ་ཤར་རེ་བ་ཞིག་གིས་དུང་ཆེན་པོ་ཅིག་འབུད་ཅིང་འདུག་པའི་དུང་བླངས་ནས་བུས་པས་སྐད་ཆེར་བྱུང་ཚེ་ཁྲི་ཐོག་ན་བླ་མ་ཞིག་བཞུགས་འདུག་པ་ན་རེ། དུང་སྐད་དེ་རྒྱ་དབུས་ཐམས་ཅད་ཐོས་ནས་ཐལ་ཟེར། ཕྱི་རོལ་ཐམས་ཅད་ཁྲོམ་གྱིས་གང་འདུག་པ་ལ་ཡབ་ཀྱི་མ་ཎི་ལག་བསྐོར་ཆེན་པོ་ཅིག་ཐོགས་ནས་ཐམས་ཅད་ལ་མ་ཎི་བསྐུལ་ཞིང་འདུག །བླ་མ་དེས་དུང་གི་མཆོད་རྟེན་གྱིས་མདོ་འཛིན་བྱས་པའི་ཕྲེང་བ་ཞིག་ཡུམ་རང་ལ་གཏད་ནས་འདིས་མ་ཎི་བགྲོངས་ཟེར་སྟེ་འདྲེན་བདོ་བ་ལ་མནལ་སད་ཚེ་ལུས་བདེ་ཉམས་དང་བཅས་པའི་སྔར་ལས་ལྗི་ཙམ་ཞིག་དུ་སོང་འདུག །དེ་ཕྱིན་རྨི་ལམ་དུ་ཁང་ལྟག་ནས་ཆུ་བཅུས་པས་གཟར་བུའི་ནང་དུ་སྤྱན་རས་གཟིགས་ཡིན་ཟེར་བའི་བྱིས་པ་ཆུང་ངུ་ཞིག་བྱུང་ནས་དེས་རིན་པོ་ཆེའི་ཁྲི་ཆེན་པོ་ལ་བཞུགས་ནས་སྐྱེ་བོ་མཐའ་ཡས་པ་ལ་ཐུགས་རྗེ་ཆེན་པོའི་སྒོམ་ལུང་གསུང་ཞིང་ཐམས་ཅད་ཡིག་དྲུག་འདོན་པ་དང༌། ཁང་ཐོག་ན་གསེར་ཁྲི་ཞིག་འདུག་པ་ལ་རང་གི་པང་ན་བྱིས་པ་ཅིག་འདུག་པ་དེ་སོང་ནས་དེ་ལ་འདུག་སྟེ་འགྲོ་བ་མཐའ་ཡས་པས་ཕྱག་བསྐོར་བྱེད་པ་རྨིས་ཤིང་བུད་མེད་གཞན་ཞིག་ལའང་དུས་མཚུངས་པར་རྨི་ལམ་དེ་སྣང༌། ནུབ་ཕྱོགས་ནས་འོད་དར་ཡུག་བརྐྱངས་པ་ལྟ་བུ་ལ་འཇའ་ཚོན་ཁ་དོག་སྣ་ཚོགས་པའི་དྲ་བ་འབྲེལ་བ་ཁང་བཟང་ལྟ་བུའི་ནང་ནས་སེང་གེ་ཆེན་པོ་གཡུ་རལ་ཅན་གྱི་སྟེང་དུ་འཇའ་འོད་ཀྱི་གུར་ཕུབ་པའི་ནང་ན་བླ་མའི་སྐུ་འོད་ཟེར་འཕྲོ་བ་(པ༡༨༨ན)


PTT001_Page_1243
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་ཞྭ་རིང་པོ་གྱོན་པ་འོད་ཀྱི་གཡས་གཡོན་དུ་བཙུན་པ་རྔ་བརྡུང་མི་དུ་མ་དང་མཐའ་ཐམས་ཅད་ལྷ་མི་མཆོད་པ་བྱེད་པས་གང་བ། འོག་གི་ས་གཞི་ཁྲོམ་ཆེན་པོས་གང་བ་དེ་ཐམས་ཅད་ཀྱིས་རང་ཉིད་ལ་མཆོད་པ་དང་སྨོན་ལམ་མང་པོ་མཛད་ནས་ནུབ་ཕྱོགས་སུ་བྱོན་པར་མཐོང་སྟེ་འདི་ནི་སློབ་དཔོན་པདྨས་བྱིན་གྱིས་བརླབས་པར་སྣང་ངོ༌། །ཡང་ཉི་ཟླ་སྐར་གསུམ་འཛོམ་པ་ལ་བླ་མ་རྣལ་འབྱོར་པའི་ཆ་བྱད་རྟ་དཀར་པོ་ཅན་འཁོར་རང་འདྲ་བརྒྱ་སྟོང་གིས་བསྐོར་བས་ཁང་མཁྲིས་སུ་ཁལ་མང་པོ་ཕོག་སྟེ་རྟེན་སྒམ་ནས་རྟེན་དཔག་མེད་བཏོན་པ་དང་མཉམ་དུ་ཡུམ་ལ་བུ་ཞིག་སྣང་བ་དེ་རྟེན་སྒམ་དུ་བཅུག་ནས་ངས་འདི་ད་བར་མ་རྙེད་ཟེར། དེ་མ་ཐག་དུ་དེ་རྟ་དཀར་པོ་གསེར་སྒ་གསེར་ཆས་ཅན་ལ་བསྐྱོན་སྟེ་དར་འཕྱར་དུང་འབུད་རོལ་ཆ་མང་པོ་དང་ན་མཁའ་སྤོས་དུད་ཀྱིས་ཁྲིགས་པས་ནུབ་ཕྱོགས་སུ་སོང་བར་སྣང་སྟེ་འདི་ནི་ཕྱིས་རྒྱལ་ཚབ་སྤྲུལ་སྐུས་སྤྱན་འདྲེན་པ་མཐོང་བར་སྣང༌། ཡང་རང་གི་ཞིང་དཀྱིལ་ན་གུར་ཆེན་པོ་མཐའ་ཅོག་པུས་བསྐོར་བ། གུར་དེ་སྐུ་གསུང་ཐུགས་རྟེན་གྱིས་གང་བའི་དབུས་ན་ཁྲི་ཞིག་འདུག་པ་ལ་རང་གི་བུ་ཞིག་འདུག་པ་དེ་སོང་བ་བཙུན་པ་མཛེས་པོ་ཅིག་དུ་གྱུར་ནས་འདུག་ཞིང་དེའི་བདག་པོ་བླ་མ་བགྲེས་ཉམས་ཡོད་པ་ཅིག་གིས་བྱེད་པར་རྨིས་སྟེ་ཕྱིས་སངས་རྒྱས་མཉན་པས་ཞབས་ཏོག་མཛད་པ་གཟིགས་པར་འདུག །དངོས་སུ་ཡང་ལྷུམས་སུ་ཞུགས་ཕྱིན་ཁང་པའི་ཕྱི་ནང་ཐམས་ཅད་དུ་བརྒྱད་སྟོང་པ་ལ་སོགས་པའི་གསུང་རབ་འདོན་པའི་འུར་སྒྲ་དང་མ་ཎིའི་འུར་སྒྲ་ཁྲོམ་ཆེན་པོ་ཚོགས་པ་ལྟ་བུ་གྲགས་ཞིང་རེས་ཉན་ན་མི་ཐོས་རེས་མ་ཉན་ནའང་ཐོས་པ་རྒྱུན་དུ་བྱུང༌། ཡུལ་མི་འགས་ཡུམ་གྱི་ཁང་པའི་ཕྱི་ནང་ཐམས་ཅད་མེ་འབར་བར་མཐོང༌། ཡུམ་སྐུ་ཡང་ཞིང་བདེ། ཟས་མ་ཟོས་ཀྱང་བཀྲེས་པའི་སྣང་བ་མེད། ཉི་མ་གཅིག་ལ་ནས་དགོན་ཞོ་དྲུག་གི་མལ་གྱི་ཡུར་མ་ཟིན་(པ༡༨༨བ)


PTT001_Page_1244
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ལུས་ངལ་བ་ཙམ་ཡང་མ་བྱུང༌། ས་བོན་བྲེ་དོ་བཏབ་པར་ནས་ཁལ་བཞི་ཐོན། ཡང་ལན་གཅིག་ཡུམ་རམ་པ་འཐུ་བར་སོང་ནས་ཅུང་ཟད་བསྡད་ཡོད་ཙ་ན་ཁོག་པ་ནས་སྐད་ཕྲ་མོ་ཞིག་གིས། ཏོག་ཏོག་མ་བྱེད་འགྲོ་སེར་བ་འོང་ལེ་ཡོད། ཟེར་བ་ཞིག་བྱུང༌། ཡུམ་རང་གི་ཨ་ཇེ་ཤི་བ་དེའི་སྐད་ཡིན་པར་ཡང་དོགས། ཟླ་བོ་ལ་ཁྱོད་ཀྱིས་ཅི་སྨྲས་དྲིས་པས་ངས་ཅང་མ་སྨྲས་སྐས་ཕྲ་ཆུང་ཞིག་ནི་གྲག་ཟེར་བས་ལོག་ཕྱིན་པ་ན་ཁྱིམ་དུ་སླེབ་མ་ཐག་སེར་དྲག་ཐུ་མོ་ཞིག་བྱུང༌། ཁོང་ནས་ཡིག་དྲུག་གསུང་བ་དུ་མས་ཐོས། ཡབ་ཡུམ་འཐབ་མོ་བྱུང་ནས་ཡབ་ཀྱིས་ཡུམ་ལ་གླ་ངའི་ཡུ་བ་བརྒྱབ་པས་ཁོང་པའི་ནང་ནས་ངེད་མ་བུ་ལ་འདི་ཙམ་བྱེད་པའི་ལས་མ་བྱས་ཅེས་གསུང་བྱོན་པ་ནང་མོ་ཐམས་ཅད་ཀྱི་ཐོས་པས་ཡབ་ཀྱི་ཁྲོ་བའང་ཞི། འདི་དག་ལས་ན་བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པ་ལྷུམས་ན་ཙནྡན་སྦྲུལ་སྙིང་གི་ཁང་བརྩེགས་ན་བཞུགས་པ་ལྟར་ཕུང་ཁམས་སྐྱེ་མཆེད་ཡོངས་སུ་རྫོགས་པ་པདྨ་ལས་བརྫུས་སྟེ་སྐྱེས་པ་ལྟ་བུར་ལྷུམས་ན་བཞུགས་པར་སྣང་ངོ༌། །ཡུམ་འོ་མ་བཤིག་ཅིང་ཡོད་ཚེ་ཨ་ཁུ་ཨ་ཐར་གྱིས་ཁྱོད་ལ་འདྲེའི་ཕྲུག་གུ་ཡོད་ཏམ་ཟེར་ནས་གྲི་བརྒྱབ་པ་ལྟོ་བ་ལ་ཚུད་ཀྱང་ཅི་ཡང་མ་ཉེས་འོ་མ་རྐྱལ་པ་རལ། ཡབ་ཀྱི་རྨི་ལམ་ན་གསེར་སྐུ་ཆེན་པོ་ཅིག་གི་བདག་བཅོལ་བ་དང༌། གསེར་སྐུ་བཞེང་བར་འདོད་པ་ན་ཁྱོད་ཀྱིས་བཞེང་མི་དགོས་ང་རང་རང་བྱོན་དུ་ཡོང་བ་ཡིན་ཞེས་ཐུབ་དབང་གི་གསེར་སྐུ་ངོ་མཚར་ཅན་བྱུང་བ་དང༌། སློབ་དཔོན་པདྨས་ཁྲོམ་ཆེན་པོ་ལ་ཆོས་བཤད་ནས་དུང་ཕྲེང་མིག་ཡོད་མེད་འདྲེས་པ་སིལ་བུ་རས་ཁུག་ཆེན་པོ་གང་བཏང་སྟེ་འདི་ཁྲོམ་ལ་ཁྱེ། འབྲེལ་ཚད་ངས་འདྲེན་པ་ཡིན་འཇིག་རྟེན་ན་ང་བས་ལྷག་པ་མེད་གསུང་བ་རྨིས། ཉིན་ཞིག་རྩས་མ་བརྩས་སྟེ་འོངས་པ་ན་དངོས་སུ་(པ༡༨༩ན)


PTT001_Page_1245
[མ་དཔེ་གཟིགས་ན་འདིར་གནོན།]

དྲེལ་ཁལ་དང་མི་མང་པོ་བྱུང་བ་ནས་དྲེའུ་དཀར་པོ་གཅིག་ལ་རྟེན་སྒམ་བཀལ་རྒྱན་དྲུག་བཅིངས་པའི་མི་ཞིག་གིས་རྟེན་ཁུག་ཞིག་ནས་ཞྭ་ཞིག་ཕྱུང་སྟེ་ལག་དུ་གཏད་བྱུང་མ་ཐག་དེ་རྣམས་ཡལ་སོང༌། ཡང་རྨི་ལམ་ན་ཁྲོ་བོ་རལ་གྲི་འཛིན་པ་དང་བུད་མེད་རུས་རྒྱན་ཅན་དཔག་མེད་ཀྱི་ནང་ནས་སྔོན་མོ་རྒོད་ཀྱི་ཐུལ་པ་གསོལ་བ་བཅུ་གསུམ་གྱིས་ཁྱོད་ཀྱིས་ལག་དུ་ཁམས་གསུམ་གསལ་བའི་ནོར་བུ་ཐོབ་པ་ཡོད་དེའི་ཇ་འདྲེན་ཡིན་ཟེར་བ་རྨིས། གཅེན་མོ་ཀླུ་སྒྲོན་གྱིས་ཡུམ་གྱི་སྟེང་དུ་འཇའ་གུར་མཐོང་ནས་བསྟན་པས་གཞན་གྱིས་ཀྱང་མཐོང་དེ་ལ་སོགས་པ་རང་གཞན་གྱི་དངོས་ཉམས་རྨི་ལམ་གྱི་མཚན་ལྟས་ངོ་མཚར་བ་ནི་མཐའ་ཡས། སྐྱེ་བའི་སྡུག་བསྔལ་མ་མཐོང་སྟེ་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་སྤྲུལ་པ་སྤྲུལ་བ་དང་འདྲ་བར་བྱུང་གསུངས། དེ་ལྟར་ལྷུམས་སུ་ཟླ་བ་བརྒྱད་ལྷག་པར་བཞུགས་སྟེ་ལྐོག་གྱུར་གྱི་གདུལ་བྱ་མཐའ་ཡས་པའི་དོན་མཛད་སྟེ་ཟླ་བ་བཅུ་གཅིག་པའི་ཡར་ཚེས་བཞིའི་སྔ་དྲོ་ཡུམ་ལ་གནོད་པ་མེད་པར་བལྟམས་པའི་རོལ་པ་བསྟན་ཚེ་དྲི་བཟང་གི་ངད་ཆེན་པོ་བྱུང༌། དྲིལ་ཕྱི་བྱས་ནས་ཅུང་ཟད་སོང་བ་ན་སྤྱན་ཧྲིག་ཧྲིག་མཛད་ནས་ཀརྨ་པའོ་ཞེས་ལན་གཉིས་གོ་ཙམ་གསུངས། དེའི་ཚེ་ཁང་ཐོག་དུ་འཇའི་ཀ་བ་ཟུག་མེ་ཏོག་གི་ཆར་བབ་ཅིང་ཡུམ་ལ་ཞག་མང་པོར་དྲི་བཟང་གི་ངད་བྲོ་བར་གྱུར། དེའི་ཚེ་དཀར་པོའི་ལྷ་ཐམས་ཅད་ཀྱིས་སྙན་པ་བསྒྲགས་པས་སྐྱེ་བོའི་ཚོགས་ཐམས་ཅད་རང་བཞིན་གྱི་འདུས་ཤིང་ངོམ་དུ་ཀརྨ་པའི་སྐུ་སྐྱེ་འཁྲུངས་ཅེས་སྙན་པས་ཕྱོགས་ཐམས་ཅད་དུ་ཁྱབ་བོ། །དེའི་ཚེས་ཀརྨ་སིདྷུ་པ་རྒྱལ་སྲས་བཀྲ་ཤིས་དཔལ་འབྱོར་ཕྱོགས་དེར་ཕེབས་པ་ལ་ཟླ་བ་དེའི་ཚེས་བཅུ་གསུམ་ལ་ཡབ་ཨ་བྱམས་ཀྱིས་མཇལ་དུ་བྱོན་ནས་ངེད་ཚང་ལ་བྱིས་པ་ངོ་མཚར་ཆེ་བ་ཞིག་ཡོད་ཞུས་པས་ཕྱག་སྒམ་ནས་ཤོག་དྲིལ་ཞིག་ཕྱུང་སྟེ་གཟིགས་ནས་ཁྱེད་ཡབ་ཡུམ་(པ༡༨༩བ)


PTT001_Page_1246
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཅི་མིང་ཁང་པའི་ལྟག་འོག་དུ་ཤུག་ཕུང་དང་ཆུ་མིག་སྒོ་ཤར་དུ་བསྟན་པ་རྣམས་ཨེ་ཡོད་གསུངས། དེ་རྣམས་ཡོད་ཚུལ་ཞུས་པས་ཁྱོད་ཀྱི་མིང་དེ་མི་མཐུན་འདུག །ཡབ་ལ་བྱམས་པ། ཡུམ་བླ་མ་མཚོ་ཟེར་བ་འདུག །འོན་ཀྱང་ཨ་བྱམས་དང་བླ་མ་སྒྲོན་ཞེས་ཕྱོགས་མཐུན་ཙམ་ཡིན་པ་འདྲ། སྐུ་ཚེའི་རྟེན་འབྲེལ་དུ་འབྲུག་ལོ་ཟླ་བ་གསུམ་པའི་བར་གསོངས་ལ་ཉ་ར་དམ་པོ་གྱིས་གསུངས་ནས། རྟེན་བསྡུས་རིལ་བུ་བདུན། རས་ཀྱི་བག་ལེ་ཁ་གང༌། ཇ་དང་མར། གུ་གུལ་དཀར་ནག་འདྲེས་པ་ཕུལ་གང་ཙམ་བསྐུར་ནས། འདི་ཀརྨ་སི་དྷུ་པས་ཁྱོད་ལ་ན་བཟའ་དང་ཇ་འདྲེན་ཡིན་ཞུས། སྤོས་འདིས་བདུག་པ་གྱིས། རྟེན་བསྡུས་རིལ་བུ་འདི་རྣམས་དྲོངས་དང་སྤྲུལ་སྐུ་ཡིན་ན་ཅི་ཡང་མི་ཡོང༌། མིན་ན་ནང་པར་ནས་རྟགས་ཅིག་སྟོན་པ་ཡིན། དེའི་ཚེ་མང་ན་ཚིག་བཞི་ཉུང་ན་གསུམ་གསུང་བ་ཡིན། དེ་བྱུང་ན་ཁྱོད་འདིར་ཤོག་གསུངས། ཡབ་ཀྱིས་དེ་རྣམས་བྱས་པས་ན་བཟའ་ཇ་འདྲེན་ཡང་བག་འཕྱིས་ཙམ། ཨེ་མ་ཧོ། ང་ལ་ཐེ་ཚོམ་མ་བྱེད་དང༌། །ང་ནི་ཀརྨ་པ་ཅེས་བྱ། །གསུངས། གཞན་འགའ་ཡར་གསུང་བ་མ་ཟིན། ཇ་སྐོལ་ཞིང་ཡོད་ཚེ་སྤྲུལ་སྐུ་བལྟམས་ནས་ཞགས་བཅུ་གསུམ་ཙམ་ལོན་པ་དེ་བཞེངས་ནས་གར་མཛད་ངོམ་སྟོད་ཀྱི་ལྡོང་ལྷ་རྒོད་ཀྱི་བུ་མོ་དཔོན་གཡོག་གཉིས་ཀྱིས་མཇལ་ཉིན་འཇའ་དང་མེ་ཏོག་གི་ཆར་བྱུང༌། ཐམས་ཅད་མཁྱེན་པ་གོང་མ་དངོས་དང་མཇལ་བའི་དད་པ་སྐྱེས། དད་རྟེན་ཞུ་བ་ལ་ན་ཟ་བག་ལེའི་དུམ་བུ་ཅུང་ཟད་ཅིག་བྱིན་པ་ལ་ཁོང་གཉིས་རྩོད་པས་ཁྱེད་གཉིས་དེ་འདྲ་མ་བྱེད་གསུང་ཞིང་ཡིག་དྲུག་འགའ་ཞིག་གསུངས། ཤེལ་ཁྱམ་དཔོན་ཉ་སྐྱབས་ཀྱིས་ངའི་ཕས་དྲུང་གོང་མ་སྐུ་ཆུང་ངུས་ན་བཟའ་ཞིག་ཕུལ། ད་རེས་ངས་ཀྱང་སྐུ་དྲུང་དུ་ན་བཟའ་ཞིག་འབུལ་ཞེས་ཕུལ་བ་ན་ཕྱག་དུ་བཞེས་སྟེ་འབུལ་བ་ལེགས་གསུངས། སྐུ་འཁྲུངས་ནས་(པ༡༩༠ན)


PTT001_Page_1247
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་གཅིག་ན་རི་བོ་ཆེའི་སྒོམ་ཆེན་གསེར་ཕུར་བས་མཇལ་སྟེ་ཁྲོམ་མང་པོ་ཡོད་སར་ཇ་ཞུས་ཚོགས་འཁོར་བྱས། ཕྱག་དུ་ཁོང་གིས་ཌ་དྲིལ་ཕུལ་བས་དགྱེས་པས་འཁྲོལ་ཞིང་ཐམས་ཅད་ལ་ཕྱག་དབང་མཛད། ཁྱེད་ཀརྨ་པ་ཡིན་ན་རྩེ་ལྷ་སྒང་དུ་ང་ལ་ཆོས་གནང་བ་དེ་གང་ཡིན་ཞུས་པས་ཕྱག་རྒྱ་ཆེན་པོ་དང་ན་རོ་ཆོས་དྲུག་ཡིན་གསུང༌། དྲུང་སི་དྷུ་པས་སྤྲུལ་སྐུ་བརྟག་པར་ཡོན་བདག་མཚོ་སྐྱེས་བཏང་ཚེ་ཡིག་དྲུག་ལན་མང་པོ་གསུངས། དབུ་དུམ་པ་གསེར་ཇིས་མཇལ་སྟེ་སྐུ་ལ་དྲི་བཟང་པོ་རྒྱུན་དུ་བྲོ་བ་ལ་བསྣམས་སྟེ་གཙུག་ཏོར་དང་མཛོད་སྤུ་མ་གཏོགས་མཚན་ཐམས་ཅད་རྫོགས་པར་འདུག་ཟེར་ནས་རི་བོ་ཆེར་སྙན་པ་བསྒྲགས་སོ། །དེ་རྣམས་ངོམ་ས་སྒང་བྱ་བ་དྲུང་ན་རིམ་གྱི་བུ་ཆེན་ཞིག་གི་དགོན་ད་ལྟ་ཆོས་རྒྱུད་དགེ་ལྡན་པ་བྱེད་པ་དེར་ཐོས་ནས་ཇ་འདྲེན་ཕུལ་དགེ་འདུན་པ་ཀུན་གྱིས་མཇལ་ཚེ་ཡིག་དྲུག་དང་ཨ་ལི་ཀཱ་ལི་གསུང་ཆེན་པོས་གསུངས་པས་ཐམས་ཅད་དད། ལྡོང་ཁྱི་སྤྲང་མས་མཇལ་ཚེ། སྒྱུ་མའི་རང་བཞིན་ང་ནི་སྐྱེ་འགག་གནས་དང་བྲལ། །ཞེས་གསུངས་པས་དད་པ་ཐོབ་སྟེ་མི་སྡེ་རྣམས་མཇལ་བར་བསྐུལ་ཞིང་དེ་ཐམས་ཅད་ལ་མཉེས་པས་ཕྱག་དབང་མཛད། དཔོན་སྤྲང་རྒྱལ་བྱ་བས་མཇལ་བས་ཁྱོད་སྡིག་ཅན་ཡིན་གསུངས་ནས་བཞད། དེས་ཀྱང་བཤགས་པ་བྱས། པ་བོང་པའི་བླ་མ་ཞིག་གིས་ངས་རྩེ་ལྷ་སྒང་དུ་གསེར་སྲང་གང་ཕུལ་ནས་བྱིན་རླབས་ཞུས་པ་ཡིན་པས་དེ་རིང་ཕྱག་དབང་ཞབས་དབང་གནང་དགོས་ཞུས་པས་མཉེས་པར་མཛད་ཅིང་ཡང་ཡང་བྱིན་རླབས་མཛད། བླ་མ་ཞབས་རྗེན་པར་མཇལ་སྟེ་གསུང་ཞིག་འབྱོན་དགོས་ཞུས་པས་རྡོར་སྐྱིལ་དང་ཕྱག་བསྣོལ་སྟབས་མཛད་སྟེ་སྤྱན་ན་མཁར་གཟིགས་ནས་ཅང་མི་གསུང་བ་བཞུགས་པས་ཁོང་དད་པ་ཆེར་ཐོབ། སྐུ་འཁྲུངས་ནས་ཟླ་བ་གཉིས་ན་ནུ་མ་གཡས་པའི་གོང་དུ་རིང་སྲེལ་དཀར་པོ་ཡུངས་ཀར་ལྟ་བུ་གསུམ་འཛོམས་སུ་ཤར་བ་(པ༡༩༠བ)


PTT001_Page_1248
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱིས་མཐོང་བར་ཟླ་བ་ཙམ་སྣང༌། ཕྱིས་གྲིབ་ཅན་ཞིག་གི་མཐོང་བས་ཡལ། ཟླ་ངོ་གསུམ་པ་ལ་ཚེམས་སེའུ་ཡུངས་ཀར་ཙམ་གཉིས་བྱུང་བ་ན་ཡབ་ཨ་བྱམས་ཀྱིས་རེག་སྟེ་འདི་ངེད་དཔུན་ཟ་བའི་འདྲེ་སོ་ཨེ་ཡིན་ཟེར་བས་དེ་ནུབ་རང་ཡལ་ལྗགས་ཅུང་དིག་པར་སྣང༌། སྤྱིར་གསོན་པོ་རིང་སྲེལ་འཛག་པ་དང༌། ཞེས་མི་ཤིས་པར་འཆད་མཁན་སྣང་ཡང་འདི་ལ་ཁུངས་མ་མཐོང་ཞིང་དབུ་སྐྲ་དང་སེན་མོའང་སྐུ་བལ་གྱི་རིང་སྲེལ་ཡིན་པས་དེ་ལྟ་ན་གསོན་པོའི་སྐྲ་སེན་ཡང་མི་ཤེས་པ་དང་གཟུངས་སྔགས་ནི་གཟུངས་ཀྱི་རིང་སྲེལ་ཡིན་པས་གསོན་པོས་གཟུངས་བཤད་པའང་མི་ཤིས་པར་ཐལ་བས་འདི་ནི་རང་གཟོར་གོར་མ་ཆག་གོ །ཨ་ཐར་གྱིས་ཀརྨ་པ་ཡིན་ན་འདིས་མི་གནོད་ཟེར་ནས་སྨན་ཆེན་ཞུན་མར་དང་སྦྱར་སྟེ་དྲངས་པས་དེ་ཕྱིན་སྐུ་ལུས་ལ་འབུར་ཞིབ་མང་པོ་བྱུང༌། ལན་ཅིག་ཡུམ་བལ་འཁེལ་བའི་འཕང་ནས་བཟུང་སྟེ་འཁེལ་མ་བཅུག་པས་མི་ཁ་རྒྱང་གྲགས་འདི་བས་ཉིན་པ་མ་བྱུང་ཟེར་ནས་ཐལ་ཅག་བརྒྱབ་པས་ཨ་མ་རང་ཁ་རོག་སྡོད་མ་ཎི་ཐོན། ང་ལ་བདག་པོ་ཅིག་ཡོང་བ་ཡོད། ཨོཾ་མ་ཎི་པདྨེ་ཧཱུྃ་གསུངས། དེ་ནས་ཡུན་མ་ཐོགས་པར་རི་བོ་ཆེ་བ་དང་ལྷོ་རོང་པའི་གདན་འདྲེན་སླེབས། སོ་སོའི་དར་ཁ་ཞུ་ཡིག་ཕྱག་གི་བཞེས་ཤིང་མཉེས་པར་མཛད། སྤྱན་དྲངས་སྟེ་རི་བོ་ཆེར་མེ་ཏོག་བཀྲ་མཆོད་ཀྱི་མཆོད་བསྟོད་ཀྱི་ཚེ་ཕེབས་པས་བསུ་བ་ལྟ་བུར་བྱུང༌། དེ་དུས་ཟླ་ངོ་བདུན་བཞེས་ལ་ཆོས་རྗེ་སྟེང་པས་རྒུན་འབྲུམ་སྡེར་གང་གི་སྟེང་དུ་བུར་རྡོག་གསུམ་བཞག་པ་བྱུང་བས་ཤིན་དུ་དགྱེས་ནས་བུར་རྡོག་གསུམ་སྐུ་གསུམ། རྒུན་འབྲུམ་སྡེར་གང་དུ་མ་རོ་གཅིག་ཞེས་གསུངས་ནས་ཕལ་ཆེར་བཞེས། ཁྲོམ་ཐམས་ཅད་ལ་ཕྱག་དབང་མཛད་ཅིང་ཡིག་དྲུག་གསུངས། སྔོན་ཡབ་ལ་ཁྱོད་ཀྱི་བུ་ཀརྨ་པ་ཡིན་ན་ཅིར་ཐལ་ཡང་ང་བྱིན་རླབས་མི་ཞུས་ཞེས་ཁ་ངན་བྱས་པ་ཅིག་ལ་ཕྱག་དབང་མ་མཛད་པས་ཁོ་(པ༡༩༡ན)


PTT001_Page_1249
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཡང་དད། རི་བོ་ཆེ་བའི་ཞལ་ངོ་མི་དཔོན་རི་མཚམས་དགེ་སྒོམ་ཐམས་ཅད་ཀྱིས་སོ་སོ་ནས་ཇ་འདྲེན་ཕུལ། སོ་སོ་ནས་དྲུང་གོང་མའི་བཀའ་ཤོག་བྱིན་རླབས་རྟེན་སོགས་སོ་སོ་ངོས་འཛིན་ཞུས་པ་རྣམས་ལ་ཐ་དད་དུ་ཡིད་འཆེས། ཆོས་ཀྱི་རྗེ་འཇིག་རྟེན་དབང་ཕྱུག་གིས་འདི་ཀརྨ་པའི་སྤྲུལ་སྐུ་རྩོད་མེད་དུ་འདུག་པས་ཁྱེད་རང་ཞབས་ཏོག་པའི་འོས་ཡིན་པས་ཞབས་ཏོག་གྱིས་ཅེས་ལྷོ་རོང་པ་ཡུམ་སྲས་ལ་བཀའ་གནང༌། ཆིབས་པ་སོགས་རྫོང་འབུལ་དང་བཅས་སྟེ་ལྷོ་རོང་རྫོང་སར་དུ་ཕེབས་སོ། །འདིའི་ཚེ་རྒྱལ་ཚབ་སྤྲུལ་པའི་སྐུ་ཁྲོམ་སྦྲུལ་ལྕེ་སྟེང་ན་བཞུགས་ཚེ་ནང་ཞིག་བླ་མ་བསོད་ནམས་རྒྱལ་མཚན་གྱིས་ངས་ཁ་སྐད་སྙན་པོ་ཅིག་ཚོར། མདང་ལ་པ་ཅིག་སླེབས་བྱུང་བས་ཐམས་ཅད་མཁྱེན་པ་ངོམ་ན་སྐུ་འཁྲུངས་པའི་ངེས་པ་ཅན་འདུག་ཞུས་པ་དང་གཟིམས་གུར་ལ་ཉི་མ་ཤར་བ་དང་གསོལ་ཇ་དང་པོ་གསོལ་དཀར་དུ་ཞུས་པ་གསུམ་དུས་མཉམ་པའི་རྟེན་འབྲེལ་བྱུང༌། ཁོ་བོའང་ལུས་སེམས་བདེ་རྟེན་འབྲེལ་ཤིན་དུ་བཟང་གསུངས། འདིའི་དུས་བླ་མ་ཨ་མདོ་བ་རྒོད་རླབས་ཅན་ཞིག་གིས་ཁོང་རང་གི་བུ་ཞིག་བྱུང་བ་ལའང་ཕ་མ་ལ་རྨི་ལྟས་བཟང་བ་དང་ལྟས་བཟང་པོ་བྱུང་བ་ལ་བརྟེན་ནས་བུ་ལ་བསླབས་སྦྱང་ཡང་དུ་མ་བྱས་ནས་ཐམས་ཅད་མཁྱེན་པའི་སྤྲུལ་སྐུར་གྲགས་སྟེ་བྲག་གསུམ་ན་བཞུགས། སྒར་པ་ཕལ་ཆེར་ཡང་ཟས་ཆང་གིས་མགུ་བར་བགྱིས་ནས་ཕྱོགས་སུ་ལྷུང་བར་བྱས། བླ་མ་རིན་པོ་ཆེ་སྐྱ་སེ་གདན་དྲངས་སྟེ་སྐུ་སྐྱེར་ངོས་འཛིན་མཛད་ནའང་ཟླ་བ་གཉིས་ཙམ་ན་བླ་མ་ཉིད་སྐུ་གཤེགས། རྒྱལ་ཚབ་རིན་པོ་ཆེ་སྔོན་གྱི་ལུང་བསྟན་སོགས་ནས་སྤྲུལ་པའི་སྐུ་ཉིད་ལ་འཆུག་མེད་ཀྱི་ཐུགས་ངེས་ཤེས་ཡོད་རུང་རེ་ཞིག་སྒར་པ་མི་མང་གི་ཁ་ངོ་ཅུང་ཟད་གཟིགས་དགོས་པ་ནས་འཇིག་རྟེན་མཐུན་འཇུག་གི་སྤྱོད་པས་བྲག་གསུམ་དུ་ཕེབས་ནས་ཨ་མདོ་བའི་སྲས་དང་མཇལ་བ་མཛད། (པ༡༩༡བ)


PTT001_Page_1250
[མ་དཔེ་གཟིགས་ན་འདིར་གནོན།]

མཇལ་དར་སྣ་མོ་གསུམ་བཏང་བ་གསུམ་ག་ཚུར་བསློག་བྱུང་བའི་རྟེན་འབྲེལ་ལའང་མ་མཉེས། འབྲུག་གྲག་འཕྲོག་ལ་སྐད་ཆག་པའི་མནལ་ལྟས་ཀྱང་སྤྲུལ་སྐུ་འདི་ལ་ལྟ་བ་འདྲ་གསུངས། འོན་ཡང་ཐབས་མཁས་ཀྱི་མཛད་པས་དྲུང་བཀྲ་ཤིས་དོན་གྲུབ་པ་དང་བཀའ་བསྒྲོས་སྟེ་རྩེ་ལྷ་སྒང་དུ་སྤྱན་དྲངས་ནས་སྐུ་མཚམས་ལ་བཞུགས་སུ་གསོལ། མནལ་ལམ་བརྟགས་པ་ནའང་ནུབ་ངོས་ཀྱི་ས་ཐམས་ཅད་ནག་ཞིང་མི་སྡུག་པ་དང་ཤར་ངོས་ཀྱི་ཡུལ་ཐམས་ཅད་དཀར་ཞིང་ཉམས་དགའ་བར་གཟིགས། སྙེ་བོ་ས་ཕུག་ན་བཞུགས་དུས་ཀྱང་སེང་གེ་ང་རོ་འབྱིན་མི་ནུས་པ་ཅིག་འདུག་པ་ཤར་ནས་འབྲུག་ཆེན་པོ་ཅིག་གྲག་པའི་མོད་ལ་དེ་ཁྱིར་གྱུར་པའི་མནལ་ལྟས་ལས་ཤར་གྱི་སྤྲུལ་སྐུ་འདི་རྩོད་མེད་ཡིན་པ་འདྲ་ཞེས་རོང་བོ་བླ་མ་གཅོད་པ་ལ་སྔ་མོ་ནས་གསུངས་པར་སྣང༌། བདག་ལོ་དགུ་པ་ཅིག་ཐུབ་ཆེན་ཆོས་འཁོར་ན་སླེབས་པའི་ཚེ་ཁྲིམས་དཔོན་ཆེན་པོ་འདན་མ་གོའི་ཤྲིས་གྲལ་འཕྲོས་ལའང་སྤྲུལ་སྐུ་འདིའི་ཡབ་དེ་ཡབ་རྒོད་ཅིག་ཨེ་ཡོད། ངེད་ཀྱི་བྲག་གསུམ་སྤྲུལ་སྐུ་འདི་ལ་ནི་ཡབ་རྒོད་ཅིག་ཡོད་པ་ཡིན། ཡབ་རྒོད་བྱུང་ཕྱིན་སྤྲུལ་སྐུ་སློབ་པ་ལ་ཚིག་གཉིས་ཀྱིས་ཆོག་སྐད། དྲན་ནམ་ཟེར་ན་དྲན་གྱིས། མ་དྲན་ནམ་ཟེར་ན་མ་དྲན་གྱིས། ངོ་ཤེས་སམ་ཟེར་ན་ཤེས་གྱིས། མི་ཤེས་སམ་ཟེར་ན་མི་ཤེས་གྱིས། འདིས་ཆོག་པ་ཡིན་པར་འདུག་ཞེས་གསུང་བ་སོགས་དཔྱོད་ལྡན་ཐམས་ཅད་ནི་སོམ་ཉི་ཙམ་ཡང་མི་བྱེད་པར་སྣང་ངོ༌། །མཆོག་གི་སྤྲུལ་པའི་སྐུ་ནི་ལྷོ་རོང་རྫོང་སར་དུ་གདན་དྲངས་སྟེ་ན་མཁའ་མཛོད་ཀྱི་ལྷ་ཁང་ལ་སོགས་པར་ཕེབས། སྔོན་གྱི་དབུ་ཞྭ་དང་ལས་ཞྭ་གཞན་མའི་སྒམ་བསྒྲིགས་པ་དང༌། སྐུ་འདྲ་དངོས་དང་གཞན་མ་ན་བཟས་བཏུམས་སྟེ་བསྒྲིགས་པ་དང་དྲུང་གོང་མའི་ཚེམས་དང་རྒྱ་སྟོན་པའི་ཚེམས་ཐམས་ཅད་མཁྱེན་པའི་ན་བཟའ་དུམ་བུ་དང༌། (པ༡༩༢ན)


PTT001_Page_1251
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་གཞན་གྱི་ན་བཟའ་དུམ་བུ་བཤིབས་སྟེ་ཁྱེད་རང་གི་དབུ་ཞྭ་སོགས་གང་ཡིན་ངོས་ཟུང་ཞེས་ཞུས་པ་ཐམས་ཅད་ལ་དྲུང་གོང་མའི་རྣམས་ཁོ་ན་ངོས་བཟུང༌། སྤྱིར་མཆོག་གི་སྤྲུལ་པའི་སྐུ་འདི་ལྟ་བུ་ལ་བརྟག་པ་འདི་རིགས་ནི་རྟ་མཆོག་རིན་པོ་ཆེ་ལ་གོམ་པ་བསྒྱུར་ཤེས་མི་ཤེས་བརྟག་པ་ལྟ་བུ་ཡིན་མོད་ནའང་འདི་རྣམས་ཕྱི་ཚས་འདྲ་འདྲ་བཟོས་ནས་བྱེད་པར་སྣང་བས་ཚུར་མཐོང་གི་ཡིད་འཆེས་ཀྱི་གནས་ཅུང་ཟད་ནི་སྣང་ངོ༌། །རྒྱ་སྟོན་བྱ་བྲལ་བས་ཀྱང་ཞུ་ཡིག་མཛད། དབུ་ལོ་འདྲ་འདྲ་གཉིས་ངོས་འཛིན་ཞུས་པ་ན་དྲུང་གོང་མའི་དབུ་ལོ་ལ་འདི་ངའི་སྐྲ་ཡིན་འདི་བླ་མ་གཞན་ཞིག་གི་སྐྲ་འདུག་གསུངས་པས་ངེས་ཤེས་ཐོབ། དྲུང་གོང་མའི་ལྕམ་མོ་དབོན་མོ་དགའ་བས་མཇལ་བས་ཨ་ཇ་གསུངས་ནས་མཁྱེན། དྲུང་གོང་མའི་རིང་སྲེལ་དང་རིང་སྲེལ་གཞན་ངོས་འཛིན་ཞུས། བྱུ་རུའི་ཐུག་དམ་ཕྱག་ཙེ་སྐོར་ཡོད་པ་ངོས་འཛིན་ཡང་མཛད། སྲུང་བའི་ལོགས་ལ་དྲུང་གོང་མའི་ཡུམ་གྱི་མེ་ལོང་ཞིག་ཡོད་པ་ལ་འདི་སུའི་རེད་ཞུས་པས་ཨ་མ་གསུང་ནས་ཕྱག་གིས་འཇུས། ཁྱེད་ཆོས་གྲགས་རྒྱ་མཚོ་ཡིན་ན་མཁའ་འགྲོ་རྒྱ་མཚོའི་གར་མཛོད་ཞུས་པས་ཤིང་གཉིས་རྡོ་རྗེ་འདྲིལ་བུའི་ཚུལ་དུ་བསྣམས་ནས་གར་གྱི་ཚུལ་དང་ནས་འབྲུ་འཐོར་ནས་བཀྲ་ཤིས་ཤོག་གསུངས། དགུང་ལོ་བཞི་པ་ལ་དྲུང་པ་གྲགས་པ་བཀྲ་ཤིས་པས་ཕྱག་ཕྱི་མཛད་སྟེ་རི་བོ་ཆེར་བྱོན་པའི་ལམ་དུ་ཀི་ནོག་བླ་མ་བསོད་ནམས་རིན་ཆེན་གྱིས་གཡུ་ཞིག་ཕུལ་སྟེ་ཁྱེད་ཀརྨ་པ་ཡིན་ན་ང་ལ་གསུང་ཞིག་བྱོན་ཞུས་པས། ང་ལན་རེ་པདྨ་འབྱུང་གནས་ཡིན། ལན་རེ་ས་ར་ཧ་པ་ཡིན། ལན་རེ་བྱམས་པ་མགོན་པོ་ཡིན། གསུངས། བྱམས་པ་ཇི་ལྟར་བཞུགས་ཞུས་པས་བཟང་པོའི་སྟབས་མཛད། རི་བོ་ཆེ་འཕྱམས་དཔོན་པས་གདན་དྲངས་པ་ན་བེར་ནག་ཅན་གྱི་འཕྱམས་ཡུན་རིང་པོར་མཛད། རྟེན་མཆོག་འདི་རྣམས་ལ་དྲུང་གོང་མས་ཕྱག་ནས་མཛད་པ་ཨེ་འདུག་ཞུས་པས་བེར་ནག་ཅན་གྱི་(པ༡༩༢བ)


PTT001_Page_1252
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་སྐུ་འདི་ངས་ཁྱོད་ལ་མཚུར་ཕུར་བྱིན་པ་དེ་ཡིན་གསུངས་པས་ཁོང་དད་སྟེ་མཆི་མ་བྱུང༌། རི་བོ་ཆེར་བླ་མ་སྐུ་དོ་བས་ཁྱེད་ཀྱིས་ཆོས་རྗེ་འཇིག་རྟེན་དབང་ཕྱུག་ལ་ཕྱག་ཕུལ་གསུངས་པས་ང་ཀརྨ་པ་ཡིན་པས་ཕྱག་མི་འཚལ། ཁྱོད་རང་ང་ལ་ཚོལ་གསུང༌། ཆོས་རྗེའི་དྲུང་དུ་བཞུགས་སྟན་བཤམས་པ་ལ་ཡང་ཞལ་ཕྱིར་བསྒྱུར་ནས་བཞུགས། བུ་ཆུང་ཁྱོད་ང་ལ་ཕྱག་ཚོལ་བྱིན་རླབས་ཞུས་གསུངས་ནས་ཕྱག་བརྐྱངས་པས་དབུ་དགྱེད་མཛད་སྟེ་ཕྱག་མི་འཚལ་བྱིན་རླབས་མི་ཞུས་གསུངས། ཅུང་ཟད་ན་ཕྱག་བརྐྱངས་ནས་ཁྱོད་ལ་ངས་བྱིན་རླབས་བྱེད་པ་ཡིན་གསུངས་པས་དཔོན་སློབ་ཀུན་ངོ་མཚར་དུ་གྱུར། ཆོས་རྗེས་དྲུང་གོང་མའི་ན་བཟའ་གོས་ཆེན་ཞིག་དང་ཆུ་འཕུར་བའི་ན་བཟའ་གོས་ཆེན་ཞིག་བཤིབས་སྟེ་ཁྱེད་རང་གི་གང་ཡིན་གསུངས་པས་ན་བཟའ་དེ་ངོས་འཛིན་མཛད། གཙུག་ཞྭ་ཞྭ་སེར་སྒོམ་ཞྭ་རྟ་རྨིག་མ་ཞིག་རྣམས་དྲུང་དུ་བཞག་སྟེ་ཞྭ་གང་གསོལ་ཞུས་པས་གཙུག་ཞྭ་དེ་བཞེས་ནས་གཞན་གཉིས་ཕྱིར་དོར། སྟ་ཤོད་དུ་བུ་ཆུང་ཁྱོད་རི་བོ་ཆེར་ཇ་འཐུང་དུ་འགྲོ་འམ་ཀོང་པོར་ཟན་ཟར་འགྲོ་གསུངས་པས་ཀོང་པོར་ཟན་ཟར་འགྲོ་གསུངས་པས་ཆོས་རྗེའི་གསུངས་ནས། ཐུགས་ཞན་ལ་ཐ་འཁོབ་གདུལ་བྱ་ཆེ་བར་དགོངས་པར་འདུག །འདི་ཀརྨ་པ་མིན་རྫོ་བ་ཨང་གསུང༌། དེ་ནས་རི་བོ་ཆེ་པ། རྒྱ་སྟོན་པ། ལྷོ་རོང་པ་སྟེ་སྡེ་པ་ཁག་གསུམ་གྱིས་བཀའ་བསྒྲོས་མཛད། སྒར་དུ་མི་སྣ་མངགས། དྲུང་གོང་མའི་དབུ་ཆེ་ཞལ་སློབ་ཆེ་བ་རྣམས་བཞུགས་རིང་སྤྲུལ་སྐུ་འདི་ཁྲི་ཐོག་དུ་ཕེབས་པ་འཐད་ཅེས་ཞུས་བ་བསྐུར། དགུང་ལོ་ལྔ་པ་ལ་འོ་ལུང་དུ་དབོན་མོ་དགའ་བ་ཅན་དུ་བཞུས་པ་ན། ངའི་སྤྲུལ་པ་གཅིག་མཚུར་ཕུ་ན་ཡོད། གཅིག་ཡུལ་གཞན་ཞིག་གསུང་བ་མ་གོ་སྐད། ཡང་དབོན་མོ་དགའ་བས་ཨ་མདོ་བུ་ཀརྨ་པ་ཡིན་པ་འདྲ་ཞུས་པས། ཀརྨ་པ་ང་ཡིན་ཨ་མདོ་བུ་ཟུར་མང་སྐུ་སྐྱེའི་སྐྱེ་བ་ཡིན། ཁོ་ངའི་གྲ་པ་ཡིན་གསུངས། འོ་ན་རྩེ་ལྷ་སྒང་ན་(པ༡༩༣ན)


PTT001_Page_1253
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པ་དེ་ཡིན་ནམ་རྩར་བཤིས་ན་འདས་པ་དེ་ཡིན་ཞུས་པས། རྩར་བཤིས་ན་འདས་ལེ་དེ་ཡིན་གསུངས་སྟེ་གསུང་འདིས་ལས་བྲག་གསུམ་སྐུ་སྐྱེ་ཕྱིས་ཟུར་མང་གི་སྐུ་སྐྱེ་ཆུང་ཚང་དུ་གྱུར་ནས་ཚེར་ལུང་གི་བླ་མ་མཛད་པ་ཡིན་ནོ། །ཁམས་སུ་གྲུ་ཤན་མི་ཡོང་ནའང་མེ་ཏོག་ར་བ་ལ་གྲུབ་འདྲ་ལེ་འདི་ཅི་ཡིན་གསུངས། གྲུ་གར་གཟིགས་ཞུས་པས་དང་པོ་མཐོང་བ་ཡིན་གསུངས། སྐབས་སུ། ང་ནི་ས་ར་ཧ་པ་སྟེ། །ང་ནི་ཀརྨ་པ་ཡིན་ནོ། །ཞེས་ཡང་ཡང་གསུངས། ཡུལ་པའི་རྗེ་མོ་ཞིག་བསྔོ་བ་ཞུས་བ་ལ་མོས་ན་ནིང་ང་ལ་སྐུར་པ་བཏབ་པས་བསྔོ་བ་མི་བྱེད་གསུངས། དབོན་མོས་དྲིས་པ་ན་ན་ནིང་ཀརྨ་པ་ཡིན་ན་གོག་པོ་མི་བྱེད་ལས་ཆེ། འདི་པ་གོག་འདུག་བྱས། གཞན་མ་ཞུས་ཟེར། དྲུང་པ་སྤྲུལ་སྐུའི་སྒར་ཀོང་པོ་ནས་བྲག་གསུམ་དུ་ཁྱོགས་འདུག་ཟེར་བ་ཐོས་པ་ན། མ་ཁྱོགས་ཀོང་པོར་ཡོད་གསུང་བས་ཕྱིས་དེ་བཞིན་དུ་འདུག །ཡང་ཌ་དྲིལ་བ་སྙམས་སྟེ་མགོན་པོའི་འཕྱམས་དང་སློབ་དཔོན་པདྨའི་འཕྱམས་དང་མཁའ་འགྲོ་རྒྱ་མཚོའི་གར་ཡིན་གསུང་བ་ཡང་ཡང་མཛད། ཡང་ཡུམ་ལྷ་མོ་སྐྱིད་ཅེས་གསུང་བ་ན་དབོན་མོས་དེ་སུ་ལགས་ཞུས་པས་ཁྱོད་ཀྱི་མ་ཡིན་གསུངས་ནས་ཞབས་གྱོལ་སྟངས་མཛད། ང་ལ་ཨ་མ་གཉིས་ཡོད་པ་ཡིན་གསུངས། དྲུང་གོང་མའི་དབོན་པོ་སངས་རྒྱས་རྒྱལ་མཚན་གྱི་སྐུ་རྩེད་ཞུས་པ་ན་ཚ་བོ་དེ་འདྲ་མ་བྱེད་ཅེས་སུས་ཀྱང་མ་ཞུས་པར་གསུངས། ཡུལ་མི་གཟིགས་མ་མྱོང་བ་ཞིག་ལ་ཨ་འབུམ་གསུངས་ནས་གསོལ་རས་གནང་སྟེ་མཚུར་ཕུར་ངའི་གྲ་པ་ཅིག་ཤི་བའི་སྐྱེ་བ་ཡིན་གསུངས། སྒར་པ་རྣམས་ཀྱིས་སྤྱན་སྔ་ཐམས་ཅད་མཁྱེན་པ་ཞྭ་དམར་བའི་དྲུང་དུ་བྲག་གསུམ་སྤྲུལ་སྐུ་ལ་ཇ་འདྲེན་གནང་དགོས་ཅེས་ཞུས་པ་ན་ཡང་སྤྲུལ་སྐུ་ནི་ཁམས་བཞུགས་པ་དེ་ཡིན་པར་རྩོད་མེད་མཛད། སྒར་པའི་ངོ་འཛིན་ཙམ་དུ་ཇ་ཞུས་ཀྱི་རྣམ་པ་ཙམ་ཞིག་ལས་མ་གནང༌། (པ༡༩༣བ)


PTT001_Page_1254
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་སྟོན་བྱ་བྲལ་བས་འོ་ལུང་དུ་མཆོག་གི་སྤྲུལ་སྐུའི་དྲུང་དུ་གཟིམས་གུར་དང་ཆིབས་སོགས་ཀྱི་འབུལ་ཆེན་མཛད། རྟེན་སོ་སོའི་ན་བཟའ་བརྗེས་པའང་མཁྱེན་ནས་བཀའ་བསྩལ། ཟླ་གཅིག་ཙམ་ཞབས་ཕྱིར་བཞུགས་སྟེ་མི་རྣམས་ཅི་བསམ་མི་ཤེས། ང་ནི་དྲུང་གོང་མའི་མཛད་པ་དང་དྲུང་འདིའི་མཛད་པ་ལ་ཁྱད་པར་མི་འདུག་བསམ་གསུངས། རྔོད་ཤཱཀྱ་བའི་གྲ་པ་གསུམ་གྱིས་དྲུང་གོང་མའི་ཞལ་མཐོང་བ་ངེད་གསུམ་སུ་ལགས་ཞུས་པ་ན་དབུས་མ་དེའོ་ཞེས་མཁྱེན་པར་མཛད། ཉིན་ཅིག་མཆོད་ཤོམས་ཀྱི་སྟེང་གི་ན་མཁར་རིང་དུ་གཟིགས་སྟེ་སློབ་དཔོན་པདྨ་མཁའ་འགྲོ་གཉིས་དང་བཅས་པ་སྣང་གསུངས། གཞན་ཡང་ཞལ་གཟིགས་མང་དུ་གསུངས་མོད་ཀྱང་ཨ་མདོ་སྤྲུལ་སྐུ་ལའང་དེ་དུས་རྣམ་ཐར་མང་དུ་བྲིས་པར་སྣང་བ་མཐོང་བ་ནས་ཆེར་མ་བཀོད་པར་སྣང༌། ཡང་ཡུམ་ལ་ཀརྨ་ན་སི་དྷུ་པ་འདས་ཡོད་གསུངས། ཞག་བཅོ་ལྔ་ན་དྲུང་པ་གཤེགས་ཟེར་ནས་སྒར་དུ་འགྲིམ་པ་འགྲོ་མི་རྣམས་ལམ་དེར་བྱུང༌། རྫོང་ན་བཞུགས་དུས་འཇང་འདྲུལ་བ་དུ་མ་དང་སྲི་ཀར་ནང་སོའི་གྲ་པ་མང་དུ་བྱུང་བ་རྣམས་མཇལ་མ་ཐག་ཐམས་ཅད་མཁྱེན་པ་དངོས་ཀྱི་གུས་འདུན་གྱི་མཆི་མ་འབྱིན་ཞིང་འབུལ་བ་དུ་མ་བྱས། བུ་ཁྲལ་ཞིག་ལ་སྨན་ཇ་ཞལ་གང་གནང་ཞིང་དབུ་མཛད་དེ་ལ་ཕྲེང་བ་དང་སྨན་གནང་ནས་རྫོང་བ་ཡིན་གསུངས། སྒར་ནས་ང་འབོད་མི་ཡོངས་གསུང་བ་ལ་རིང་པོར་མ་ཐོགས་པར་སྤྲེ་ལོ་ཧོར་ཟླ་བཅུ་པ་ལ་སྒར་ནས་བླ་མ་ཡང་རི་བ་དང་དེ་བཞིན་གཤེགས་དབོན་གདན་འདྲེན་ལ་བྱུང༌། དྲུང་པས་སྤྲུལ་སྐུ་རྩོད་མེད་ཡིན་ན་འདི་ལོང་ཞིག་པའི་བདེན་སྟོབས་དམོད་བོར་མཛད་པའི་དར་ཐུམས་དང་དེའི་ཟླར་དར་ཐུམས་གཅིག་སྟེ་ངོ་མི་ཤེས་པ་གཉིས་བསྐུར་སྟེ་ཕུལ་བ་ན་དངོས་དེ་དང་པོ་ཉིད་ཏུ་ཐེ་ཚོམ་མེད་པར་བཞེས། ཕོ་ཉ་བ་གཉིས་ཐེ་ཚོམས་མེད་པའི་དད་པ་སྐྱེས། སྤྲེ་ལོ་ཟླ་བ་བཅུ་(པ༡༩༤ན)


PTT001_Page_1255
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པའི་ཚེས་བཅོ་ལྔ་ལ་རྫོང་སར་ནས་བཏེག་སྟེ་འོ་མ་ལུང་དུ་སྐུ་འདྲ་ལ་ཕྱག་ནས་མཛད། རྒྱ་སྟོན་བྱ་བྲལ་བས་འབྲང་ར་དགོན་དུ་འབུལ་ཞབས་མཛད། རུ་ཤོད་ཆོས་འཁོར་སྟེང་དུ་ཨ་ཁུ་ཨ་ཁྲ་སོགས་ལ་ཁྱེད་ཐམས་ཅད་ཞྭ་ཕུད་ལ་སྡོད་གསུངས། དགུན་འདི་མགོ་གྲང་འདུག་ཞུས་པས་ཞྭ་གྱོན་ན་གཏུམ་མོ་བསྒོམས་པ་ལ་དགོས་པ་ཅི་ཡོད་གསུངས། བྱུས་ལེགས་ཉེས། མགྲོན་སླེབ་མི་སླེབས་སོགས་ཀྱི་མངོན་མཁྱེན་ཆེས་མང་ཞིང་ཁྱད་པར་གཏིང་དཔག་དཀའ་བའི་རྣམ་པར་ཐར་པ་མཐོང་སྟེ་ཨ་ཁུ་ཨ་ཁྲ་བྱ་བའི་དཔྱོད་ལྡན་དེ་ཆེར་དད། ཚང་རག་སུམ་མདོར་སྒང་པའི་མགྲོན་གཉེར་བ་བྱང་ཆུབ་འོད་ཟེར་ཇ་འདྲེན་ལ་སླེབས། སྲུང་བ་གཉིས་ངོས་འཛིན་ཞུ་བ་ལ་དྲུང་གོང་མས་གནང་བ་དེ་ངོས་བཟུང༌། ཆིབས་གོང་དུ་མནལ་ཡུར་བ་སངས་ནས་བླ་མ་ཡང་རི་བ་གཞི་བདག་ཐམས་ཅད་རྟ་པ་གོ་ཁྲབ་དར་མདུང་ཅན་རྐང་ཐང་དང་བཅས་པ་ཇ་འདྲེན་དང་བསུ་བ་སྣང་གསུངས། དེ་ནས་སྒར་དུ་སྤྲུལ་པའི་སྐུ་དང་ཞབས་ཕྱིར་ལྷོ་རོང་གོའི་ཤྲི་པ་དཔོན་གཡོག་རི་བོ་ཆེ་པའི་མི་སྣ་དང་བཅས་པ་འབྱོན་པའི་སྔ་འཕར་བཏང་བ་སླེབས་ཁར་ནམ་ཟླ་དགུན་ཡིན་ཡང་ཁུ་བྱུག་ལན་གསུམ་དུ་གྲག་པ་དང་འབྲུག་སྐད་ལན་གསུམ་བྱུང༌། རྒྱལ་ཚབ་སྤྲུལ་སྐུ་ལ་སོགས་པས་གཉི་ག་གསན། གཞན་ཁ་ཅིག་གི་ཁུ་བྱུག་གི་སྐད་ཐོས། ལ་ལས་འབྲུག་ཚོར། སྒར་དཔོན་རྣམས་ཀྱིས་ལྷོ་རོང་པ་ཡུམ་སྲས་ལ་ཇ་འདྲེན་ཕྱག་མཇལ་བྱེད། སྤྲུལ་སྐུ་གཉིས་ངེས་པ་མ་འདྲོངས་ཀྱི་བར་ཕྱག་མི་འབུལ་མཇལ་དར་མི་གཏོང་ཞེས་ཁྲིམས་བྱས་པ་ལྷོ་རོང་བ་ལ་བསྐོར་བ་ན་ཁྱེད་རང་སྒར་པ་ཅི་མཛད་ཡིན་གསུངས། དེ་ནས་ཕྱི་མདར་མཇལ་བ་ན་དཔོན་ཆེ་ཆུང་ཐམས་ཅད་དབང་མེད་དུ་སྣང་བ་འགྱུར་སྟེ་ཁྲིམས་རང་དྲལ་ནས་ཕྱག་དང་མཇལ་དར་ཕུལ། ཐམས་ཅད་མཆི་མ་དང་བཅས་སྟེ་ཐུགས་རྗེས་གཟིགས་ཅིག་ཟེར་ནས་འུར་དིང་དུ་སོང༌། སྤྲུལ་པའི་སྐུས་ཀྱང་ནང་སོ་(པ༡༩༤བ)


PTT001_Page_1256
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རིན་པ་སོགས་ལ་ངོས་འཛིན་མཛད། བྱ་ལོ་ཧོར་ཟླ་དང་པོའི་ཚེས་གཅིག་ལ་སྒར་དུ་ཕེབས། དེ་དགོང་རྒྱལ་ཚབ་སྤྲུལ་པའི་སྐུས་སྤྱན་དྲངས་སྟེ་གཟིམས་གུར་དུ་བྱོན། ཁྱོད་ཀྱིས་ང་ངོ་ཨེ་ཤེས། ང་སུ་ཡིན་པ་འདུག །གུར་དང་བཀོད་པ་སྔར་དང་ཨེ་འདྲ་དོ། གུར་འདིའི་བདག་པོ་སུ་ཡིན་ཞུས་པས། ཁྱོད་ངས་ངོ་ཤེས། སྙེ་བོ་གོའི་ཤྲི་ཡིན། ཁྱེད་ཀྱིས་ཀྱང་དབུ་སྐྲ་རིང་པོ་བཞག་འདུག །ཐོ་ཅོ་མ་བྱེད། གུར་དང་བཀོད་པ་སྔར་དང་འདྲ་དོ། གུར་གྱི་བདག་པོ་ཁྱེད་ཡིན་གསུངས། དྲུང་གོང་མའི་དྲུང་འཁོར་ཞིག་ལ་ངོས་འཛིན་དང་དགྱེས་དགྱེས་མཛད། ཚེས་གསུམ་གྱིས་ཉིན་དྲུང་གོང་མའི་སྐུ་ཕྱམ་གསེར་མ་སྐུ་འདྲ་ཐང་སྐུ་གསེར་སྐུ་དབུ་ཞྭ་ཉིན་མོ་བདེ་ལེགས་རྣམས་ངོས་བཟུང༌། ན་བཟའ་གསེར་མ་བསྣབས་ཤིང་འཁྲབ་པ་མཛད། ད་དུང་ངས་མི་རྫོགས་འདུག་གསུངས། ཚེས་ལྔའི་ཉིན་རྒྱལ་ཚབ་རིན་པོ་ཆེའི་ལས་ཞྭ་དྲུང་གོང་མས་གནང་བ་གསེར་གྱི་དབུ་ཞྭ་སེང་དམར་པོས་གཡོགས་པ་དང་ལས་ཞྭ་གཞན་ཞིག་གི་སྒམ་དྲུང་དུ་བསྒྲིགས་པས་འདི་ངས་ཁྱེད་ལ་བྱིན་པ་དེ་ཡིན་ཡང་ཡང་གསུངས། དེར་ཐམས་ཅད་མཁྱེན་པའི་བཞུགས་ཁྲིའི་སྟེང་དུ་ཞབས་བཞག་ནས་འབྱོན་པར་བརྩམས་པ་དཔོན་སློབ་ཐམས་ཅད་ཀྱིས་བཀག་ཚེས་བཅུ་བདུན་གྱི་ཉིན་དབོན་པོ་བཀྲ་ཤིས་བཟང་གིས་ཐང་སྐུ་དྲིལ་བ་གཉིས་ཕྱག་དུ་གཏད་པ་ན་འདི་མཁའ་འགྲོ་མ་ཞིག་རེད་གསུངས་ནས་ཕྱིར་གནང་བ་སྒྲོལ་མར་འདུག །འདི་ངའི་སྐུ་ཡིན་གསུང་བ་དྲུང་གོང་མའི་བྲིས་སྐུར་འདུག །ལྷ་རྗེ་འཇམ་དབྱངས་ལ་ཁྱོད་ཀྱི་ཁུག་མ་ན་ངའི་དངོས་པོ་ཅིག་ཡོད་གསུངས་སྟེ་ཆིབས་ཛམ་གླིང་ནོར་བུའི་མཆིན་པ་རིང་སྲེལ་ཅན་ཕྱག་དུ་བསྣམས། ཉིན་གཅིག་ཨ་ཁུ་ཨ་ཁྲ་དང་མགྲོན་གཉེར་བྱང་འོད་གཉིས་ལ་གྲོས་བྱེད་རྒྱུད་ཡོད་གསུངས། ཁྱེད་སྒར་པ་དཔོན་སློབ་སུས་ཀྱང་གྲོས་མི་ཤེས་འདུག །ངས་ངོས་འཛིན་དེ་ཙམ་བྱས་ནའང་ལྟ་མི་དང་གོ་མི་སུ་(པ༡༩༥ན)


PTT001_Page_1257
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མི་འདུག །ཨ་མདོ་བའི་བུ་དང་བདག་ལིའི་བུ་གཉིས་ལ་ངོས་འཛིན་གྱིས་ཟེར་ཞིང་སྡད་པས་གྲོས་ཐག་ཨེ་ཆོད། དྲུང་པ་སྙེ་བོ་གོའི་ཤྲི་ལའང་འདི་མཛད་མི་འདུག་ལྷ་དང་ཞེས་ཡང་ཡང་གསུངས། འོ་གྲོས་ཙུག་བྱེད་ཞུས་པས་གྲོས་ཐག་སེམས་ལ་ཆོད་གསུངས། དེར་རྒྱ་སྟོན་བྱ་བྲལ་པ་དཔོན་སློབ་བརྒྱ་ལྷག་ཀྱང་བྱོན། ཁོང་གི་གྲ་པ་ཅིག་ལ་ཐུགས་ཁྲོ་བའི་ཚུལ་གྱི་ཁྱོད་ལ་བྱིན་རླབས་མི་དགོས། ཁྱོད་ཀྱིས་ང་ལ་བྱས་ལེ་ཡོང་གསུངས་ནས་བྱིན་རླབས་མ་གནང༌། དེའི་རྒྱུ་དྲིས་པས་སྤོ་བོ་ཆུ་མདོ་བས་ཟར་བེ་གཟིམས་ཁང་བཤིག་པའི་དུས་ང་ཡང་དམག་ལ་ཡོད་པས་དེ་དགོངས་པ་རེད། ད་ནི་ང་ཡང་ཐུན་མོང་མ་ཡིན་པའི་དད་པ་ཡོད་ཟེར། དེ་ནས་ཤར་ནུབ་ཀྱི་སྤྲུལ་སྐུ་གཉི་ག་སྤྱན་དྲངས། སྐྱེ་བོའི་ཚོགས་སྟོང་ཕྲག་དུ་མ་ཚོགས་སྟེ་སྤྲུལ་སྐུ་གཉིས་ལ་ལུགས་གཉིས་ཀྱི་དྲི་བ། ངོས་འཛིན་བསྐུལ་བ། སུན་འབྱིན་དམའ་འབེབས། སྡིགས་མོ་སོགས་སྣ་ཚོགས་པ་བྱེད་པ་ན། རྗེ་འདི་ནི་རི་རབ་ལྟར་གཡོ་བ་མེད། སྙིང་རྗེ་ཆེན་པོ་ཡང་འཁྲུངས། ངོས་འཛིན་སོགས་ཀྱང་བཏང་སྙོམས་སུ་མཛད་སྟེ་མི་གཡོ་བར་བཞུགས། འོན་ཡང་སྐབས་སུ་བབ་པའི་ལུགས་གཉིས་ཀྱི་བཀའ་བསྩལ་བ་རྣམས་ནི་སུས་ཀྱང་ལྡོག་དུ་མེད། ཨ་མདོ་སྤྲུལ་སྐུ་བས་ནི་དགུང་ལོ་བདུན་པར་སོན་ཡང་ཡབ་ཡུམ་དང་ཟས་སྐོམ་གྱི་མིང་ཙམ་མཁྱེན། རེས་འགའ་ངོས་འཛིན་ལྷ་རྟེན་མཆོད་ཆ་གང་ཟིན་ཟིན་གང་འདུས་འདུས་བསྣམས་ནས་འབྱོན། རེས་བཤུམ་ཞིང་ཏབ་ཏབ་བོར་ཡང་གྱུར། ཁོང་གི་སྲུང་འཁོར་བ་གཅོད་པ་དང་སྔགས་པར་རློམས་པ་འགས་ཀྱང་སྔགས་ཀྱི་སྦྱོར་བ་དང་ཕགས་ཤར་བྱེད་པ་སོགས་མི་འཚམས་པ་དུ་མ་བྱས་ཀྱང་རི་བར་ལ་རླུང་ལྟར་གཡོ་བར་མ་ནུས། འོན་ཡང་རྗེ་འདི་རྙིགས་དུས་ཀྱི་འདུས་པ་བླུན་པོའི་རང་བཞིན་མཁྱེན་པས་ངོས་འཛིན་མ་མཛད། ཁོང་གིས་ལག་གི་གང་(པ༡༩༥བ)


PTT001_Page_1258
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་ཐུ་བར་ཤོང་ཚད་ཁྱེར་བ་ན་ཁོང་རང་གི་འཁོར་གཡོག་དང་ཕྱོགས་འཛིན་གྱི་སྒར་པ་རྣམས་ཀྱིས་རྟ་བརྒྱུགས་བསངས་གསོལ་དུ་མ་བྱས། སྒར་པ་རྣམས་ཨ་མདོ་བས་ཟང་ཟིང་གིས་བསྡུས་ཟིན་པས་རྒྱལ་ཚབ་རིན་པོ་ཆེའང་མཛད་དཀའ་བ་ན་སྤྲུལ་སྐུ་རྩོད་མེད་དུ་འདུག་ནའང་ད་རེས་ལ་ངེད་ལ་དབང་མ་བྱུང་བས་ཁྱེད་རང་སྡེ་པ་ཁག་གསུམ་གྱིས་ཤར་གྱི་སྤྲུལ་སྐུ་གདན་དྲོངས་གསུངས་པ་ན། ལུང་པ་དེ་རྣམས་ལྷོ་རོང་པ་དང་རྒྱ་སྟོན་པའི་མངའ་ཞབས་ཡིན་པས་སྤྲུལ་སྐུ་ཡིན་ངེས་ནས་ཀྱང་ཁྲི་ཐོག་དུ་མི་འདོན་ན་ནུབ་ཕྱོགས་པ་འཁོར་བཅས་མེད་པར་བྱེད་ཟེར་ནས་དམག་གསོལ་ལ་ཞུགས། དེས་སྒར་པ་རྣམས་ཀྱང་སྐྲག་སྟེ་གོའི་ཤྲི་རིན་པོ་ཆེའི་དྲུང་དུ་ང་ཉིད་ཀྱིས་གང་དགོངས་པ་དེ་ཡིན་ཞུས། དྲུང་པ་ཉིད་ལའང་ཤར་གྱི་སྤྲུལ་སྐུ་ཕེབས་ནས་ཁྱོད་ང་ལ་ཚད་མར་མ་འཛིན་ན་གཞན་བྱེད་རྒྱུད་ཅི་ཡོད་གསུངས་ནས་བཀའ་བཀྱོན་པ་དང་བུད་མེད་དཀར་མོ་ཞིག་གིས་དུང་ཆེན་པོ་ཅིག་ཁྱེར་ནས་ངས་འདི་ཐམས་ཅད་དུ་བསྒྲགས་ཀྱང་ཁྱོད་ཀྱིས་ཚགས་བྱེད་མ་ཉན་ཟེར་ནས་ཁྲོས་པ་དང༌། བུད་མེད་དམར་མོ་ཞིག་ཁྲོས་ནས་ཁྱེད་རྫུན་མ་ཁོ་ནའི་ཁ་ལ་ཉན། ད་གྲིབ་ཀྱིས་བསྐྱེད་པའི་ནད་དྲག་པོ་འབྱུང་ཟེར་བ་གཟིགས་པས་སྒར་པ་ཐམས་ཅད་ཀྱང་གཉིད་སད་པ་ལྟར་གྱུར་སྟེ་ཧོར་ཟླ་གཉིས་པའི་ཚེས་བཅུ་བཞིའི་ཉིན་རྒྱལ་ཕུར་གྱི་འགྲུབ་སྦྱོར་ལ་སེང་གེའི་ཁྲི་ཆེན་པོར་ཕེབས་སྟེ་བཀྲ་ཤིས་ཀྱི་མངའ་གསོལ་བ་མཛད། སྒར་པ་ཐམས་ཅད་ཐུན་མོང་མ་ཡིན་པའི་དད་པ་སྐྱེས་སྟེ་སྔར་ངེད་རང་ཚོ་དེ་འདྲར་འཁྲུལ་བ་ཅི་བྱུང་ངམ་ཞེས་གླེང༌། དེའི་ཚེ་གོའི་ཤྲི་རིན་པོ་ཆེས་ཀྱང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རྗེ་ཆོས་གྲགས་རྒྱ་མཚོ་འོད་ཟེར་འཕྲོ་བ་བཞུགས་འདུག་གསུངས་ནས་ཕྱག་མཛད་ཅིང་གཞན་རྣམས་ཀྱང་ཕྱག་ཚོལ་གསུངས། ཛམ་གླིང་བདག་པོ་གོང་མ་ཅིང་དེའི་འབུལ་བའི་ཐོག་མ་ཡང་ན་བཟའ་གསོལ་སྤྱད་སོགས་མཐའ་ཡས་པ་དང༌། (པ༡༩༦ན)


PTT001_Page_1259
[མ་དཔེ་གཟིགས་ན་འདིར་གནོན།]

ཇ་སྔར་མ་ཐོན་པའི་ངར་ངད་ཅན་ཟི་ཕོལ་དང་ཐོས་བོལ་དང་ཨ་ཏྲ་པ་ཏྲ་ཟེར་བ་སོགས་མཐའ་ཡས་པ་བཞུགས་ཁྲི་ལ་ཕེབས་པའི་ཐོག་མར་ཕུལ་ཞིང་འདིའི་ཚེ་འབྲུག་ཆེར་གྲགས་ཞིང་མེ་ཏོག་གི་ཆར་དང་འཇའ་འོད་བྱུང༌། བྱ་སྔོན་མ་མཐོང་པའི་ངོ་མཚར་ཅན་ཞིག་བྱུང་ནས་རེ་ཞིག་བསྡད། ཁྲི་ཐོག་དུ་ཕེབས་ནས་སྤྱན་སྔ་ཐམས་ཅད་མཁྱེན་པས་ཇ་ཞུས་འབུལ་ཞབས་རྒྱ་ཆེར་ཕུལ་སྟེ་མཆོག་གི་སྤྲུལ་པའི་སྐུར་ངེས་ཤེས་བསྐྱེད་པར་མཛད། བྱ་ལོ་ཟླ་བ་གསུམ་པའི་ནང་དུ་དབུས་གཙང་དུ་གཏམ་སྙན་སླེབས་སྟེ་ཀར་སྡེ་ཐམས་ཅད་དུ་དར་འཕྱར་དང་དགའ་སྤྲོ་ཆེར་བྱེད་པ་བདག་ལོ་བཅུ་པ་ཅིག་གིས་མཐོང༌། འདི་ཕྱིན་ནས་བླ་མ་ཡི་དམ་ཆོས་སྐྱོང་གི་ཞལ་གཟིགས་སྔོན་གནས་རྗེས་དྲན་གྱིས་གསུང་འབྱོན། ལྐོག་གྱུར་ལུང་སྟོན་པ་སོགས་ནི་ད་ལྟ་ཡི་གེར་སྣང་བ་ཡང་བརྗོད་ཀྱིས་མི་ལང༌། ཁྱད་པར་བྲག་གསུམ་སྐུ་སྐྱེའི་ཞེན་པ་འཛིན་པའི་སྒར་པ་རྣམས་ཀྱིས་ལྐོག་དུ་སྐུར་ཞུས་བྱས་པ་ཐམས་ཅད་སོ་སོ་ལ་དངོས་སུ་བཀའ་བསྩལ་བས་དད་པར་མཛད། ཨ་མདོ་བ་ལ་ཐུགས་རྗེས་འཛིན་པར་དགོངས་རུང་མ་ཉན་པར་ཕྱིར་སོང་བ་བསོད་ནམས་ཉམས་པར་མཐོང་ཆོས་ལ་མི་དགེ་བ་རྣམ་པར་སྨིན། གོའི་ཤྲི་རིན་པོ་ཆེས་སྟག་ལོ་ནས་ཡོས་ལོའི་བར་གར་བྱོན་ཞུས་པས་སྟག་ལོ་ལ་ང་ཤི་ནས་དགའ་ལྡན་དང་བདེ་བ་ཅན་དུ་བསྡད་པས་སྐྱིད་པོ་བྱུང༌། མི་རྣམས་ལ་ཡིད་ཆད་པས་སྐྱེ་བ་མི་ལེན་བསམ་ནའང་བྱམས་མགོན་དང་མཁའ་འགྲོ་མ་རྣམས་ཀྱིས་ཡང་ཡང་བསྐུལ་སྟེ་སྐྱེ་བ་བླངས་ནས་ད་ལོ་བར་ལྷོ་རོང་དུ་བསྡད་ཀྱང་ཁྱེད་སྒར་པར་སར་མ་ཉན་གསུངས། དེ་ལྟར་གཞོན་ནུ་རོལ་རྩེད་ཀྱི་རྣམ་ཐར་ཅུང་ཟད་ཙམ་དགེ་སློང་བྱང་ཆུབ་བཟང་པོ་ཞེས་བྱ་བ་དྲུང་གོང་མའི་དཔོན་ཆེན་ཨ་ཁུ་ཨ་ཁྲ་ཞེས་གྲགས་པ་དེས་བསྒྲིགས་པའི་རྣམ་ཐར་ལས་བསྡུས་པ་ཡིན་ལ་འདི་ཕྱིན་གྱི་མཛད་པ་ས་བོན་ཙམ་ཉིད་ལ་ཉིད་ཀྱིས་བསྟོད་པ་དང་སྦྱར་སྟེ་བརྗོད་པར་བྱའོ། །དེ་ཡང་(པ༡༩༦བ)


PTT001_Page_1260
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་མེད་སྟོན་པའི་བསྟན་པ་གང་ཡིན་པ། །འཆུག་མེད་དངོས་ཉིད་ལེགས་པར་བཙལ་བྱས་ནས། །ཡང་དག་ཚུལ་ལ་བསྙེན་པའི་རྟུལ་ཞུགས་ཅན། །བསྟན་ལ་ངེས་པར་རྫོགས་དེར་གསོལ་བ་འདེབས། །ཅེས་པ་ནི་སངས་རྒྱས་ཀྱི་བསྟན་པ་དངོས་ལ་ཞུགས་ཤིང་རྫོགས་པའི་རྣམ་པར་ཐར་པ་སྟེ། དེ་ཡང་ཐུན་མོང་གི་བསྟན་པའི་དབང་དུ་བྱས་ན། སངས་རྒྱས་ཀྱི་བསྟན་པ་འཆུག་མེད་ནི་འདུལ་བ་ཡིན་ལ་དེ་ཡང་སོ་ཐར་རིས་བདུན་ལས་དགེ་ཚུལ་ནི་བསྟན་པ་ལ་ཞུགས་པ་ཙམ་དང་དགེ་སློང་གི་སྡོམ་པ་ནི་བསྟན་པ་ལ་རྫོགས་པ་སྟེ་བརྟན་མཁས་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པ་ནི་གནས་བརྟན་སྟོན་པ་ལྟ་བུ་ཉིད་ཡིན་པའི་ཕྱིར། དེས་ན་འཁོར་བ་མེ་འབར་བའི་ཀླུང་ལྟ་བུ་ལས་སེམས་ཅན་ཐམས་ཅད་གདོན་པར་བྱ་བའི་ཐེག་ཆེན་གྱི་ངེས་པར་འབྱུང་བས་ཀུན་ནས་བསླངས་སྟེ་ཐོག་མར་དགུང་ལོ་བདུན་པའི་ཚེ་ཉིད་ན་རྒྱལ་ཚབ་སྤྲུལ་པའི་སྐུ་བཀྲ་ཤིས་རྣམ་རྒྱལ་དཔལ་བཟང་པོ་ལས་ཐེག་པ་ཆེན་པོའི་དགེ་བསྙེན་ཡོངས་རྫོགས་ཡན་ལག་བརྒྱད་པའི་གསོ་སྦྱོང་དང་བཅས་པ་ནོད་པར་མཛད་ཅིང་བར་མ་དགེ་བའི་ངོ་བོར་རྟེན་གཎ་དྷོ་ལའི་དྲུང་དུ་གཙུག་ཕུད་ཕུལ་ཞིང་རབ་བྱུང་གི་རྟགས་བཞེས་པ་དང་ཆོས་སྐྱབས་གྲགས་པ་དཔལ་བཟང་པོ་ཞེས་མཚན་གསོལ་བ་དང་སངས་རྒྱས་མཉན་པ་ལས་དགེ་ཚུལ་གྱི་དངོས་པོ་སྒྲུབ་པར་མཛད་ཅིང་ཕྱིས་དགུང་ལོ་ཉེར་གཅིག་པ་ན་ཕག་ལོ་ཟླ་བ་བཅུ་གཅིག་པའི་ཉེར་གསུམ་ལ་དགེ་འདུན་སྒང་པའི་འདྲེན་པ་སྲས་དགྲ་ཅན་ཟིན་བཟང་པོའི་སྐུའི་བཀོད་པ་བརྟན་པའི་ཡན་ལག་བསྙེན་པར་རྫོགས་ནས་ལོ་བཅུ་ཕྲག་ལྔ་ལྷག་པ་ལོན་ཞིང༌། མཁས་པའི་ཡན་ལག་སྡེ་སྣོད་གསུམ་འཛིན་མཁས་གསལ་རིག་གི་ལྔ་ཚན་བཞི་རྫོགས་ཤིང་རྡོ་རྗེའི་ཐེག་པ་ལས་མཆོག་གི་དངོས་གྲུབ་བརྙེས་པ་དཔལ་ཆོས་གྲུབ་སེང་གེའི་ཞབས་ཀྱིས་མཁན་པོ་དང༌། ཀརྨ་པའི་འཕྲིན་ལས་པ་ཆེན་པོ་ཕྱོགས་ལས་རྣམ་པར་(པ༡༩༧ན)


PTT001_Page_1261
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བས་ལས་བྱེད་པའི་སློབ་དཔོན། སྒམ་པོའི་དགེ་འདུན་མང་པོའི་མཁན་པོ་དཔལ་ཤཱཀྱ་བཟང་པོས་གསངས་སྟེ་སྟོན་པ། གྲིབ་ཚོད་པ་བླ་མ་དཔོན་ཡིག་པ་བཀྲ་ཤིས་བཟང་པོ་ལ་སོགས་པ་བདུན་གྱི་ཚོགས་ལས་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཡང་དག་པར་ནོད་ཅིང་སངས་རྒྱས་ཀྱི་བསྟན་པའི་མཛད་པ་མཐའ་དག་ལ་དེ་བཞིན་གཤེགས་པ་ཉིད་དང་ཐ་མི་དད་པར་གྱུར་ཏོ། །ཐེག་ཆེན་ཐུན་མོང་མིན་པའི་དབང་དུ་བྱས་ན་སངས་རྒྱས་ཀྱི་བསྟན་པ་འཕྱུག་མེད་དངོས་ནི་ཐེག་པོ་ཆེན་པོ་ཡིན་ལ་གང་ཐེག་པ་ཆེན་པོར་འཇོག་བྱེད་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཁོ་ནར་ཟད་ལ་དེ་ཡང་སྨོན་པའི་སེམས་འདུན་པ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་ཡང་དག་པར་ཞུགས་པ་དང་འཇུག་པའི་སེམས་གཏེར་ལྟ་བུ་ལ་སོགས་ཕ་རོལ་དུ་ཕྱིན་པ་ཐམས་ཅད་ངོ་བོ་ཉིད་ཀྱིས་ལེགས་པར་རྫོགས་པའམ། ཡང་ན་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་རྒྱ་ཆེན་པོས་གཞན་དོན་གཟུགས་ཀྱི་སྐུའི་བར་ཡང་དག་པར་ཞུགས་པ་དང་དོན་དམ་བྱང་ཆུབ་ཀྱིས་སེམས་འཁོར་གསུམ་ཡོངས་སུ་དག་པས་རང་དོན་ཆོས་ཉིད་ཀྱི་སྐུར་ཡང་དག་པར་རྫོགས་པ་སྟེ་དགེ་བའི་བཤེས་གཉེན་དེ་དག་ཉིད་ལས་བྱང་ཆུབ་སེམས་པའི་སྡོམ་པའི་ཆུ་བོ་མཐའ་ཡས་པ་ཐམས་ཅད་ནོད་ཅིང་རྒྱལ་བའི་སྲས་ཆེན་པོ་ཐམས་ཅད་དང་མཉམ་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་འཇུག་ངོགས་གཅིག་པུ་པར་གྱུར་ཏོ། །རྡོ་རྗེ་ཐེག་པ་བླ་ན་མེད་པའི་དབང་དུ་བྱས་ནས་སངས་རྒྱས་ཀྱི་བསྟན་པ་འཕྱུག་མེད་དངོས་ནི་རྡོ་རྗེ་ཐེག་པ་བླ་ན་མེད་པ་ཉིད་ཡིན་ལ་འདི་ཉིད་ལ་རྡོ་རྗེའི་སློབ་དཔོན་དམ་པ་དེ་རྣམས་ཉིད་ལས་སྨིན་བྱེད་དབང་གིས་བསྙེན་པ་དང་གྲོལ་བྱེད་ཀྱི་ལམ་ལས་རྫོགས་པའམ། ཡང་ན་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དབང་སྔ་མ་གསུམ་གྱི་ལམ་གྱིས་སྐུ་རྡོ་རྗེ་མངོན་བྱང་ལྔའི་བདག་ཉིད་མཆོག་གི་སྤྲུལ་པའི་སྐུ་དང་ཐུགས་རྡོ་རྗེ་བདེན་དོན་བཅུ་གཉིས་ཀྱིས་བདག་ཉིད་ལོངས་སྤྱོད་རྫོགས་སྐུ་དང་གསུང་རྡོ་རྗེ་དགའ་བ་བཅུ་དྲུག་གི་བདག་ཉིད་ཆོས་ཀྱི་(པ༡༩༧བ)


PTT001_Page_1262
[མ་དཔེ་གཟིགས་ན་འདིར་གནོན།]

སྐུའི་ངོ་བོར་ཡང་དག་པར་བསྙེན་པ་དང༌། ཡེ་ཤེས་རྡོ་རྗེ་དབང་བཞི་པའི་ལམ་ཕྱག་རྒྱ་ཆེན་པོ་མཆོག་དུ་མི་འགྱུར་བ་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་ལྷན་ཅིག་སྐྱེས་པའི་སྐུར་ཡོངས་སུ་རྫོགས་པས་སངས་རྒྱས་ཐམས་ཅད་ཀྱི་རིགས་ཀྱི་བདག་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་ཉིད་མངོན་དུ་མཛད་པའོ། །བཅས་དང་རང་བཞིན་ཁ་ན་མ་ཐོའི་ཆོས། །ལྟར་སྣང་དམ་པའི་ཆོས་སུ་བཅོས་པ་རྣམས། །སྦུན་ལྟར་ཕྱི་རོལ་གྱུར་པ་ཉིད་གཟིགས་ནས། །དོན་བཟང་ལེགས་བཤད་འདོམས་དེར་གསོལ་བ་འདེབས། །ཅེས་པ་ནི་སྡོམ་པ་གསུམ་གྱི་མི་མཐུན་པའི་ཕྱོགས་ཡོངས་སུ་སྤངས་པའི་རྣམ་པར་ཐར་པ་སྟེ། དེ་ཡང་སོ་ཐར་གྱི་སྐབས་སུ་རང་བཞིན་གྱི་ཁ་ན་མ་ཐོ་བ་ནི་གང་སྤྱད་ན་མཐོ་རིས་དང་ཐར་པ་ལ་སྒྲིབ་པ་དེ་ཡིན་ལ་བཅས་པའི་ཁ་ན་མ་ཐོ་བ་ནི་ཟླ་འཇོག་གི་སྤང་བ་སོགས་རྒྱུད་ནས་འདོད་པ་ཆེ་བའམ་གཡེང་བའི་རྒྱུད་ཅུང་ཟད་འགྱུར་བ་རྣམས་སོ། །བྱང་སྡོམ་གྱི་རང་བཞིན་གྱི་ཁ་ན་མ་ཐོ་བ་ནི་རང་ཉིད་ངན་སོང་དུ་སྐྱེ་བ་ལ་འཇིགས་པས་མི་ནག་མདུང་ཐུང་ཅན་ལྟ་བུ་མི་དགྲོལ་བ་སོགས་ཡིན་ལ་དེའི་བཅས་པ་ནི་གཞན་སེམས་སྲུང་བར་བཅས་པ་ལྟ་བུ་སྟེ་འདས་ན་བརྒྱུད་ནས་གཞན་དོན་ལ་ཅུང་ཟད་གནོད་པའོ། །སྔགས་སྡོམ་གི་རང་བཞིན་གྱི་ཁ་ན་མ་ཐོ་བ་ནི་གང་སྤྱད་ན་རྩ་ལྟུང་དུ་འགྱུར་བ་རྣམས་སྟེ་ཕུང་སོགས་ལ་ལྷ་མིན་པར་དོགས་པའི་ཐེ་ཚོམ་དང༌། ཆོས་ཉིད་དུ་དམིགས་པ་སོགས་ཀྱང་ཡིན་ལ། བཅས་པ་ནི་ཚོགས་གྲལ་དུ་ལས་ཀྱི་རྡོ་རྗེ་བསླབ་པ་རྒན་པས་བྱིན་པ་ལེན་པ་ན་ཡེ་ཤེས་ཀྱིས་རྒན་པ་མ་གཏོགས་པས་སྔོན་དུ་ཕྱག་བྱེད་དགོས་པར་བསྟན་པ་ལྟ་བུ་སྟེ་འདས་ན་རྡོ་རྗེ་དཔུན་ལ་མ་གུས་པ་སོགས་ཀྱི་ཉེས་པའི་ཆ་ཙམ་འདྲེན་པའོ། །མདོར་ན་ལས་ཀྱི་རྒྱུ་དང་འབྲས་བུ་ལ་མཁས་པས་ཐེག་པ་སོ་སོའི་ལས་ཀྱི་རྣམ་པར་གཞག་པ་ཐམས་ཅད་ལ་གཞན་དྲིང་མི་འཇོག་པའི་སྤོབས་པ་བརྙེས་ཤིང་རྒྱུ་འབྲས་མངོན་སུམ་དུ་གཟིགས་པའི་སྤྱན་དང་ལྡན་པས་བླང་དོར་གྱི་མཚམས་(པ༡༩༨ན)


PTT001_Page_1263
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བས་ཇི་ལྟར་དུ་བསྟན་པ་རྣམས་ལས་ཅུང་ཟད་ཀྱང་མི་འདའ་བ་སྟེ། དེ་ཡང་དེང་སང་བོད་ཡུལ་ན་བསྟན་པ་རྙིང་ཆེས་པས་གྲུབ་མཐའ་དང་ཆོས་ལུགས་ཐ་དད་པ་ཁས་འཆེ་བ་མང་མོད་ཀྱི་བསྟན་པ་དངོས་སུ་ཆུད་ནུས་པ་ནི་ཤིན་དུ་ཉུང་སྟེ། ཉན་ཐོས་པར་འཇོག་པ་ལ་འཁོར་བའི་བཙོན་ར་ལས་ཐར་བའི་མྱང་འདས་འཐོབ་འདོད་ཀྱི་བསམ་པ་དགོས་ཀྱང་དེང་དུས་ཚེ་འདིའི་གྲགས་སྙན་རྙེད་བཀུར་ཁོ་ན་བསྒྲུབ་བྱར་བྱེད་པར་མཐོང་བས་ཉན་ཐོས་པར་མི་ཆུད། ཐེག་ཆེན་པ་ལ་གཞན་ཕན་གྱི་བསམ་འབའ་ཞིག་དགོས་ཀྱང་དེང་སང་དགྲ་ཕྱོགས་ལ་གནོད་འཁྱོལ་ན་གྲུབ་རྟགས་སུ་རྩི་བར་སྣང་བས་ཐེག་ཆེན་པར་མི་འགྱུར། སྔགས་སྡོམ་གྱི་ཚེ་ཆོས་ཐམས་ཅད་ཡི་དམ་གྱི་ལྷར་དག་དགོས་ཀྱང་སྣང་ཚད་དགྲར་ལངས་ཀྱི་སྔགས་པ་ལ་དེའི་རེ་བ་ཅི། དེས་ན་བོད་ཡུལ་པ་རྣམས་སྤང་བླང་གི་མིག་ལྡོངས་སྟེ་སྡོམ་པ་གསུམ་གྱི་ལག་ལེན་སྲུང་མཚམས་ཐམས་ཅད་འཁྲུག་སྟེ་བཅས་རང་གི་ཁ་ན་མ་ཐོ་བ་སྤང་བྱར་བསྟན་པ་རྣམས་ལག་དུ་ལེན་པ་སོགས་ཆོས་ལྟར་བཅོས་པ་ཁོ་ན་ཟིང་ཟིང་པོར་གྱུར་པ་ན་དེ་ཐམས་ཅད་སྦུན་པ་ལྟར་སྤངས་སྟེ་བླང་དོར་ཡང་དག་པར་སྟོན་པའོ། །འདི་དང་གཏན་གྱི་འདུན་མ་ཐམས་ཅད་པ། །ཡོངས་འཛིན་དགེ་བའི་བཤེས་ལས་འབྱུང་སེམས་ནས། །ཟློག་མེད་མོས་པ་གོང་འཕེལ་ཕུལ་བྱུང་བ། །དད་པའི་ཕ་རོལ་སོན་དེར་གསོལ་བ་འདེབས། །ཅེས་པ་ནི་ཆོས་ཀྱི་རྩ་བ་དད་པའི་མཆོག་མངའ་བའི་རྣམ་པར་ཐར་པ་སྟེ། དེ་ཡང་ཐར་པའི་རྩ་བ་ནི་དད་པ་ཁོ་ན་ཡིན་ལ་དེ་ལ་སོ་སོ་སྐྱེ་བོ་རྣམས་ནི་ཐོས་བྱུང་གི་ཤེས་རབ་ཙམ་གྱི་དད་པར་ཟད་ལ། བྱང་སེམས་འཕགས་པ་རྣམས་ཀྱང་སྐྱེས་པའི་རབས་རྒྱ་མཚོ་རྣམས་སུ་གོམས་པ་ཙམ་གྱིས་འཇུག་པར་ཟད་ལ། དེ་བཞིན་གཤེགས་པ་རྣམས་ཀྱིས་ནི་ཕན་ཡོན་ཡང་དག་པར་མངོན་སུམ་དུ་གཟིགས་པས་ན་གུས་པ་རབ་ཀྱི་མཐར་སོན་པ་ཡང་དག་པར་མངའ་བ་སྟེ་གསང་བ་(པ༡༩༨བ)


PTT001_Page_1264
[མ་དཔེ་གཟིགས་ན་འདིར་གནོན།]

རིང་བསྲེལ་གྱི་མཆོད་རྟེན་གཟིགས་པ་ན་དེ་བཞིན་གཤེགས་པ་ཉིད་ཀྱང་བཤུམས་མོ་མཛད་ཅིང་བླ་གོས་མཆོད་རྟེན་ལ་གསོལ་བ་ལྟ་བུའི་ཕྱིར། དེ་བས་ན་དགེ་བའི་བཤེས་གཉེན་དེ་དག་བསྟེན་པར་མཛད་པའི་ཚེ་ཡང་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་དང༌། ཐར་པའི་འཇུག་ངོགས་སྣང་བར་བྱེད་པ་དང་བདུད་ཀྱི་ཕྱོགས་ནུབ་པར་བྱེད་ཅིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྒོ་སྟོན་པའི་འབྱུང་གནས་གཅིག་པུ་པར་མཁྱེན་པས་བཀུར་སྟི་དང་སྲི་ཞུ་དང་རིམ་གྲོ་དང་ཕུ་དུད་མཆོག་གིས་བསྟེན་པར་མཛད་ལ་ཐ་ན་ཀུ་རེ་ཙམ་དུའང་བཀའ་མི་ལྡོག་པར་མཉེས་པ་ཐམས་ཅད་ཀྱིས་མཉེས་པར་མཛད་ཅིང་ཇི་ལྟར་རྒྱ་མཚོ་ལ་ཆུ་བོ་རྣམས་བཞིན་དུ་རིག་པའི་གནས་ལྔ་སྡེ་སྣོད་གསུམ་རྒྱུད་སྡེ་བཞི་བཀའ་བསྟན་བཅོས་ཐམས་ཅད་ཀྱི་ཆུ་བོ་འཇུག་པའི་ཆུ་གཏེར་གཅིག་པུ་པར་གྱུར་ཏོ། །ཐོག་མར་གོའི་ཤྲི་རིན་པོ་ཆེ་ལས་ཆོས་གསན་པའི་དུས་དེ་དག་དུའང་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་ཆོས་སྐྱོང་གི་གཟིགས་སྣང་དང༌། དྲུང་གོང་མའི་རྣམ་ཐར་དུ་མ་གསུང་ཞིང་བཞུགས་གནས་བད་སྒྲོམ་གྱི་བཀོད་པ་གསུང་བ་དང༌། དྲུང་དཔལ་འབྱོར་དོན་གྲུབ་ལ་བླ་མ་གཅོད་པ་རབ་ཏུ་བྱུང་ཚུལ་སོགས་སྔོན་གནས་གསུང་བ་དང༌། གོའི་ཤྲི་རིན་པོ་ཆེས་སྔོན་རོང་པོ་པར་ཐང་དུ་དྲུང་གོང་མའི་བཅུ་བཞི་མཆོད་པ་མཛད་ཚེ་ཕྱག་མཆོད་ཀྱི་ཆུ་དྲི་རོ་བཟང་པོར་གྱུར་པ་སོགས་བྱིན་གྱི་བརླབས་པའི་ཚུལ་གསུངས། དྲུང་པའི་སྐུ་སྲུང་གི་ནང་ན་དྲུང་ན་རིན་གྱི་གདུང་རིང་སྲེལ་ཐམས་ཅད་བཞུགས་པ་སོ་སོར་ངོས་བཟུང་ཞིང་ཕྱག་སྒམ་ནས་ཕྱག་དཔེ་ཞིག་ལ་འདི་ཅི་ལགས་ཞུས་པས་ཐམས་ཅད་མཁྱེན་པའི་ཕྱག་དཔེ་པོ་ཏི་དཀར་ཐུང་མ་ཡིན་གསུང་ཞིང་ཞལ་ཕྱི་ནས་གླེགས་ཤིང་གི་ཀརྨ་པཀྵིའི་སྐུ་འདི་ཆོས་གྲགས་རྒྱས་མཚོས་བྲིས་ལེ་རེད་གསུངས། གཞན་ཡང་གཟིགས་སྣང་གི་ཚོགས་མཐའ་ཡས་ཤིང་ངེས་དོན་གྱི་ཆོས་སྐད་ངོ་མཚར་བ་མང་པོ་གསུངས། ཡུལ་ཕྱོགས་དེ་དག་གི་མི་མ་ཡིན་ཐམས་ཅད་ཀྱི་གུས་པར་བཏུད། (པ༡༩༩ན)


PTT001_Page_1265
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཅན་ལ་སོགས་པའི་བཀོད་པ་གསུངས་ཤིང་སངས་རྒྱས་འོད་དཔག་མེད་སེར་པོར་འདུག་གསུངས། ཡང་ཟུར་མང་རིན་པོ་ཆེ་བློ་གྲོས་རྒྱ་མཚོ་བ་དང་སྐུ་སྐྱེ་རྒྱལ་བཟང་པ་དྲུང་ན་བཞུགས་པ་ལ། ད་ལྟ་ཡི་གེ་ལ་བྲིས་གསུངས་ནས། སངས་རྒྱས་འོད་སྲུང་ཡང་ང་ཡིན། མར་མེ་མཛད་ཀྱང་ང་ཡིན། བེར་ནག་ཅན་ཡང་ང་ཡིན་གསུངས། དྲུང་བཀྲ་ཤིས་དོན་གྲུབ་པས་གསའ་ཕུ་བླ་མ་དཔོན་ཡིག་བཀྲ་ཤིས་བཟང་པོ་དང་གསོལ་ཇ་བ་ན་མཁའ་སོགས་བཏང་བ་སླེབས། དཔོན་ཡིག་པས་ཞམ་རིང་འབྲལ་མེད་དུ་མཛད། བྱ་ལོ་ཟླ་བ་དགུ་པའི་ཚེས་ཉི་ཤུ་ནས་རྫོང་སར་ནས་མདོ་ཁམས་ཤར་ཕྱོགས་སུ་བཏེག །རྔུ་ཆུ་བརྒལ། འདི་ཐམས་ཅད་དུ་གཟིགས་སྣང་མང༌། རི་བོ་ཆེས་པས་ཞབས་ཏོག་ཆེར་མཛད། ཆོས་རྗེ་འཇིག་རྟེན་དབང་ཕྱུག་གི་བསྟན་པ་དབྱར་གྱི་ཆུ་བོ་ལྟར་རྒྱས་པའི་རྟེན་འབྲེལ་བྱུང་གསུངས། ལྷ་ཁང་རྣམས་མཇལ་ཞིང་བར་ཁང་དུ་སྐུ་འདྲ་ཆེ་བ་ཞིག་ལ་རབ་གནས་མ་ལེགས་པར་འདུག་པ་བགེགས་སྐྲོད་དང་རབ་གནས་བསྐྱར་མ་མཛད་པས་ཕྱག་ནས་ཟུག་འབུམ་གསུམ་ཆོས་ཁྲི་ཁར་སྐྱེ་བོ་ཁྲི་ཚོ་ལ་ཆོས་གསུང་ཤིང་ཁ་མཆུ་རྣམས་ཞི་བར་མཛད། ཕྱོགས་གླང་ཆོས་གྲགས་ཆོས་བགྲོ་བ་གཟིགས། ཉིད་ཀྱི་འཁྲུངས་ས་གཟིགས་གསུངས་ནས་དེར་ཚོགས་གཏོར་མཛད་པ་ན་མདུན་རིའི་རྩེར་སློབ་དཔོན་པདྨས། ང་ནི་པདྨ་འབྱུང་གནས་སྟེ། །ཁྱོད་ནི་རྒྱལ་བ་མཆོག་དབྱངས་སོ། །དབྱེར་མེད་རྡོ་རྗེ་འཆང་ཆེན་ཡིན། །གསུངས་པ་གསན། ས་སྒང་པ་ཡོན་མཆོད་ཀྱིས་བསུ་བའི་ཚེ་ར་ཁྱུ་ཞིག་ཕྱག་ཕྱིར་བཀག་མ་ཐུབ་པར་འབྲངས་པ་སྔོན་གྱི་མི་མ་ཡིན་འདུལ་འཕྲོ་གླགས་ལྟར་བྱུང་པ་ལ་དམ་ཅན་བྲན་དུ་བཀོལ་ནས་ཚར་བཅད་པ་ཡིན་གསུངས། ས་སྒང་གི་གདན་སར་བསྟན་པ་རྒྱལ་མཚན་བསྐོས། དེ་དག་དུ་མགོན་པོ་ཕྱག་དྲུག་པ་དང་བེར་ནག་ཅན་ཡང་ཡང་གཟིགས། རེ་སྣེ་དགོན་དུ་དཔལ་ལྡན་བཀྲ་ཤིས་བསྐོས། ཀར་དབོན་བཀྲ་ཤིས་གྲགས་པ་ཇ་འདྲེན་ལ་བྱུང་(པ༡༩༩བ)


PTT001_Page_1266
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་ཁྱོད་ཀྱི་མིག་གཡས་པ་ལ་ཅི་བྱུང་གསུངས། ཀརྨ་པ་དང་རི་བོ་ཆེ་བ་འཐབ་ཚེ་ཤོར་བ་ཡིན་ཞུས་པས། ཁྱེད་ཁ་གཉིས་སུ་རྒྱལ་ཡང་བསྟན་པ་ལ་བྱ་བ་མི་བྱེད་དེ་ཀ་ཡིན་གསུངས། རྟ་དབོན་ཨ་རག་དང་རོང་པོ་ཤཱཀྱའི་བར་དོའི་རྣམ་ཤེས་གཟིགས། རྗེ་དོན་ལྡན་ཞབས་སྐུ་བལྟམས་ངས་ངོམ་ཤེལ་ཁྱམ་དུ་ན་མཁའ་རྒྱལ་མཚན་བསྐོས། ཀརྨར་བསུ་བ་ཆེན་པོས་སྤྱན་དྲངས་ཤིང་དག་པའི་གཟིགས་སྣང་ཆེས་མང་ངོ༌། །རིམ་གྱི་ལི་ཐང་དུ་ཕེབས་སྟེ་འབུལ་ནོད་མཐའ་ཡས་ཤིང་གཞི་བདག་མཁའ་འགྲོ་མ་དེས་མདུན་རི་རྩེར་སྤྱན་དྲངས། དེའི་དད་པའི་རྟེན་དུ་ཞབས་རྗེས་ཀྱང་བྱུང༌། དུས་དེར་གོའི་ཤྲི་རིན་པོ་ཆེ་ཞིང་འདིའི་མཛད་པ་རྫོགས་པས་མྱ་ངན་ལས་འདའ་བར་བསྟན་པའི་དགོངས་རྫོགས་རྒྱ་ཆེར་གནང༌། ཐུབ་ཆེན་གྱི་གསེར་ཐོག་རྒྱུར་ཇ་བརྒྱ་མཛོ་ལྔ་བཅུ། གསེར་ཞོ་སྟོང་ཕྲག་གཅིག་ཟངས་དོས་བཅུ་བཞི་སོགས་དབུས་སུ་བརྫངས། འདོབ་སྤང་ཕུག་དུ་བླ་མ་ནང་སོ་བསྐོས་ཤིང་སྒྲུབ་སྡེ་སར་དུ་མཛད། དུང་ལུང་མགོ་དང་འགོམ་སྒང་དུ་ཕེབས། མདའ་ལང་དུ་རབ་སྟོང་ཚར་སྒང་གི་གཞི་བདག་གཞག་ར་ལྷ་རྩེས་སྲོག་སྙིང་ཕུལ། ཉག་རོང་གྲུ་ཁར་ཁོང་མཆོད་ཡོན་རྣམས་ཀྱིས་གྲུ་ཁ་ཕན་ཚུན་གྱི་གཞིས་མ་ལག་ཕུལ། མཁས་པ་འཇམ་དབྱངས་གྲགས་པའི་སྒྲུབ་གནས་ཛཱ་ལཎ་དྷ་རར་ཞིག་གཟོའི་ཞལ་བཀོད་གནང༌། རབ་སྒང་གི་གྲུབ་ཐོབ་རྣམ་གསུམ་དང་མཁས་པ་མི་ལྔའི་དགོན་ཆེན་བཀའ་བཞི། སྟོང་མགོ་རིན་ཆེན་གླིང༌། བྱམས་གསར། ར་ཏི་དགའ་ལྡན་གླིང་རྣམས་སུ་ཕེབས། སོ་སོའི་མཁན་སློབ་དགེ་འདུན་ཐམས་ཅད་ཀྱིས་བསུ་བའི་བཀོད་པ་དང༌། ཁྲི་འབུལ་དུ་མ་བྱས་ཤིང་གུས་པ་ཐོབ། ཞིང་གི་མི་ཆེན་གྱིས་སྤྱན་དྲངས་སྟེ་དར་རྩེ་མདོར་ཕེབས། ཕོ་བྲང་ཤིན་དུ་ཧོ། འགག་ཇུས། ལི་ཇུས། འགོ་ཐུམ་སོགས་ཀྱི་སྐྱེ་བོ་བགྲང་བ་ལས་འདས་པ་ལ་ཆོས་འབྲེལ་མཛད། སླར་ར་ཏིར་ཕེབས། རབ་འབྱམས་པ་སྨོན་ལམ་དཔལ་བླ་མར་བསྐོས། དེ་ཡང་དུས་དེར་རྗེ་ཐམས་ཅད་མཁྱེན་པའི་རྡོ་རྗེ་སློབ་དཔོན་རིགས་ཀྱི་བདག་པོར་འོས་པ་ནི་(པ༢༠༠ན)


PTT001_Page_1267
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་སྔ་ཐམས་ཅད་མཁྱེན་པ་ཡིན་ཡང་མདོ་ཁམས་སུ་ཕེབས་མ་ཐུབ་པ་དང་དྲུང་གོང་མ་དཔོན་སློབ་མཇལ་ཕྲད་ཕྱི་མ་མ་འགྲིག་པའི་རྟེན་འབྲེལ་གྱིས་ཞལ་མཇལ་བ་ཞིག་མ་ཤར། དྲུང་གོང་མ་ཉིད་ཀྱིས་ཞལ་ཆེམས་དངོས་སློབ་ཀྱི་ནང་ནས་བླ་མའི་འོས་མཛད་པ་ནའང་སངས་རྒྱས་མཉན་པ་ལ་བསྔགས་པ་ཆེ་བ་དང་སྤྱན་སྔ་ཐམས་ཅད་མཁྱེན་པས་ཀྱང་དྲུང་འདིའི་བླ་མར་མཉན་པ་གྲུབ་ཐོབ་པ་འོས་ཅེས་གསུངས་ལ། གོའི་ཤྲི་རིན་པོ་ཆེ་ལས་བརྒྱུད་པའི་དབང་མན་ངག་དུ་མ་གསན་ཡང་རིང་པོར་མི་ཐོགས་པར་མྱ་ངན་ལས་འདས། སྔོན་གྱི་བུ་སློབ་ཐམས་ཅད་ཀྱིས་མཇལ་བ་ན་ཡང་རྗེ་བཙུན་བཀྲ་ཤིས་རྣམ་གཉིས་ལ་ཐུགས་དད་པར་གྱུར་སྟེ་དགེ་བའི་བཤེས་གཉེན་དུ་བསྙེན་པའི་རྟེན་འབྲེལ་ཀྱང་མཛད། རྗེ་བཙུན་དེ་དག་ལའང་བླ་མ་དང་ཡི་དམ་ཆོས་སྐྱོང་གིས་ལུང་བསྟན་སྟེ་བྱི་བ་ལོ་ཟླ་བ་བཅུ་གཅིག་པ་ནས་རྗེ་སངས་རྒྱས་མཉན་པའི་དྲུང་དུ་དང་པོར་སོ་ཐར་གྱི་སྡོམ་པ་ནོས་སྟེ་དེའི་བསླབ་བྱ་སྟོན་པའི་གཞུང་ཆེ་ཆུང་རྣམས་དང༌། ཤིང་རྟའི་སྲོལ་གཉིས་ལས་བྱང་ཆུབ་ཏུ་སེམས་བསྐྱེད་སྟེ་དེའི་བསླབ་བྱ་སྟོན་པའི་སྤྱོད་ཕྱོགས་ཀྱི་གཞུང་འགྲེལ་མན་ངག་རྣམས་དང༌། རྒྱུད་སྡེ་བཞིའི་དཀྱིལ་འཁོར་གྱི་གཙོ་བོ་རྣམས་སུ་དབང་བསྐུར་བས་སྨིན་པར་མཛད་ནས་རྩ་བཤད་ཕྱི་མ་དང་ཕྱི་མའི་ཕྱི་མ་ལ་སོགས་པའི་རྒུད་ཆེན་པོ་འགྲེལ་པ་མན་ངག་དང་བཅས་པ་རྣམས་དང༌། དེང་སང་རྒྱ་བོད་དུ་གྲགས་པའི་མན་ངག་གི་གཙོ་བོ་སྦྱོར་དྲུག་ལམ་འབྲས་ཞི་བྱེད། གཅོད་ཡུལ། ཤངས་ཆོས། ཇོ། ཞལ། བློ་སྦྱོང་ལ་སོགས་པའི་མན་ངག་མཐའ་དག་དང༌། ཁྱད་པར་མཉམ་མེད་དྭགས་པོ་བཀའ་རྒྱུད་ཀྱི་བྱིན་རླབས་དོན་གྱི་བརྒྱུད་པ་མར་མེ་གཅིག་ལས་གཉིས་པ་མཆེད་པ་ལྟར་ཐུགས་ལ་འཕོས་པས་བྱིན་རླབས་ཀྱི་བཀའ་བབས་རྫོགས་པར་གྱུར་ལ། འདི་དག་གི་ཚེ། རབ་ཀོ་བར། ར་འོག་ལ། ཚེར་ལུང་མདའ། ཀྲེ་ཡུལ་དོམ་ཚ་ནང་སོགས་ན་ཇོ་ནང་པའི་ཆོས་གྲྭ་(པ༢༠༠བ)


PTT001_Page_1268
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ཛམ་ཐང་གི་བར་དུ་ཕེབས། ཁོང་རྣམས་ཀྱིས་འབུལ་ཞབས་ནི་མཐའ་ཡས། འཛི་ག་ལྷ་མོ་ངོར་ཐོག་དུ་བཞུགས་ཐོག་ཛམ་གླིང་བདག་པོ་ཅིང་དེ་རྒྱལ་པོས་ཆོས་ཀྱི་རྗེ་དེ་བཞིན་གཤེགས་པ་ཏའི་མིང་རྒྱལ་པོས་སྤྱན་དྲངས་པའི་གའུ་ལེ་བཞིན་རྗེ་མི་བསྐྱོད་རྡོ་རྗེ་ཕོ་བྲང་དུ་སྤྱན་འདྲེན་པའི་ལུང་ཕེབས་ནས་རྒྱ་བོད་ཀྱི་གསེར་ཡིག་པ་དོམ་ཚ་ཧོ་ཙི་དང༌། ཕོ་བྲང་གི་མི་ཆེན་ཐའི་ཀྱེན་ལེའུ་ཡུན་འཁོར་བཅས་མངགས། ཕོ་བྲང་ནས་བཏེག་ནས་ཞག་བཅུ་སོང་བ་ནས་དུ་གང་རྡོ་རྗེ་བཟང་པོ་ལ་སོགས་པའི་གསེར་ཡིག་པ་རྣམས་དྲུང་དུ་མངགས་པ་སླེབས། དེ་མ་ཐག་མགྲོན་གཉེར་གྲགས་བློ་དང་བཅས་པ་ལྷན་དུ་བརྫངས། བླ་མ་རྒྱལ་བ་རིགས་ལྔ་གཅིག་བསྡུས་པའི། །རྣམ་འཕྲུལ་རིགས་གསུམ་མགོན་པོ་ཀརྨ་པས། །བཀྲ་ཤིས་བྱས་ནས་ཧུ་ཙི་རྒྱལ་སྲས་པ། །བསོད་ནམས་རྒྱལ་མཚན་བསམ་དོན་འགྲུབ་གྱུར་ཅིག །ཅེས་པའི་སྨོན་ལམ་བཀུར། འདྲ་ཡུལ་དང་རོང་པོ་རྨེ་བའི་མཚམས་ཚེར་ལུང་མདར་དགོན་པ་འདེབས་པའི་ཆ་རྐྱེན་དང་བཀའ་བཀོད་མཛད་སྟེ་འདྲ་བླ་མ་ཆོས་ཀྱི་འོད་ཟེར་བསྐོས། དོམ་ཚ་སི་ལི་ཐང་དུ་ཕེབས། ཅི་ནང་དུ་འཕགས་པ་ཀླུ་སྒྲུབ་གཟིགས་ནས་བསྟོད་པ་མཛད། ལྕགས་མོ་ཐོང་རྗེ་ནང་དུ་ཕེབས། འགྲུས་ཁང་ཆོས་རྗེ་བསོད་ནམས་རྒྱ་མཚོ་ལ་འདས་མ་འོངས་ཀྱི་ལུང་བསྟན་བཀའ་ཤོག་གནང༌། གླིང་དྲུང་པ་ཏིང་འོད་པ་ཁུ་དབོན་གྱིས་སྤྱན་དྲངས། ཟིལ་མདར་ཕེབས། ཁྲི་རྭ་ཅན་གྱི་འབུལ་བ་དང་དབོན་གྱིས་ཐོག་དྲངས་པའི་གྲ་པ་ཡང་བརྒྱ་ལྷག་ཕུལ། དེར་ལྕགས་མོ་ཀོན་ཏིང་གོའི་ཤྲི་འོད་ཟེར་རྒྱལ་མཚན་པ་ལ་འདས་མ་འོངས་ཀྱི་ལུང་བསྟན་ཆབ་ཤོག་དུ་གནང༌། གླིང་དྲུང་པ་ལ་ལུང་བསྟན་དུ་མ་དང་གདམས་པ་གནང༌། ཚེར་ཕུར་དྲུང་པ་གྲུབ་ཐོབ་པ་ལ་དུས་འཁོར་འགྲེལ་ཆེན་གསན་པ་ན་དུས་ཀྱི་འཁོར་ལོ་དང་རྗེ་མི་ལ་གཟིགས་པ་རྗེ་གྲུབ་ཐོབ་པ་ལ་ཐིམ་པར་གཟིགས་ནས་བསྟོད་པར་མཛད། འགྲུས་ཁང་ཆོས་རྗེ་དང་སྦོམ་འབོར་བ་རྣམས་ཀྱིས་ནན་གྱིས་སྤྱན་དྲངས་(པ༢༠༡ན)


PTT001_Page_1269
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཧོར་སོགས་རྒྱུག་པར་འདུག་པས་མི་འགྲོ་གསུངས་ཀྱང་དཔོན་རྣམས་དབང་ཆེ་བས་ཐེགས་ཚེ། དྲུང་པ་གྲུབ་ཐོབ་ལ་ཁྱེད་ཞབས་མི་བདེ་བས་བྲོས་མི་ཐར་གསུངས་ནས་བཞུགས་སུ་གསོལ། ལ་ཁ་ཞིག་ནས་གཟིགས་པ་ཙམ་ལ་རུ་སྡེ་རྣམས་སོག་པོ་བཏབ་ནས་ཕྱིར་མགྱོགས་པར་ཕེབས། འདི་རེས་སོག་པོས་གནོད་འཚེ་ཤིན་དུ་ཆེ། གཉན་བྱང་ཆུབ་དགོན། སྟག་རོང་ཚ། སྟག་གཟིགས་ཨ་ལེབ་ནང༌། སྐྱོ་མདའ་བརྒྱུད་སྟེ་ཀརྨར་ཕེབས། རྡོ་རྗེ་གདན་དུ་ཐུབ་དབང་ལྔ་སྡེ་དང་བཅས་པ་གཟིགས། སྒོ་ང་ལ་ཐོག་བརྒྱུད་ནས་སྒོམ་སྡེ་སྙེ་ཐང་དུ་ཕེབས། རྫ་ཆུ་ཁ་ར་བ་ཐང་དུ་ཕེབས། ཐའི་ཀྱེན་ཆེན་པོ་བརྫངས་པའི་མི་དཔོན་ལས་ཀ་ཅན་གསུམ། བོད་ཀྱི་ཚ་ཐོག་ཐུ་གོན་སོགས་རྒྱ་འགྲུལ་ལྔ་བརྒྱ་ལྷག་སླེབས། གོང་གི་འབུལ་ཡིག་ཐའི་ཀྱེན་ཆེན་པོའི་ཞུ་ཡིག་ཕོ་བྲང་དུ་འབྱོན་དགོས་ཚུལ་དང་བཅས་པ་སླེབས། སླར་ཀརྨར་ཕེབས། རྗེ་དུས་མཁྱེན་གྱི་སྐུ་འདྲའི་དྲུང་དུ་བཞུགས་པ་མཛད་དུས་རྗེ་དུས་མཁྱེན་གྱིས་ད་ལན་རྒྱ་ནག་དུ་མ་འགྲོ་གསུང་བ་གཟིགས། དྲུང་བསོད་ནམས་རྣམ་རྒྱལ་ཀརྨའི་སི་དྷུར་བསྐོས། སི་དྷུར་བཀྲ་ཤིས་དཔལ་འབྱོར་བའི་སྐུ་སྐྱེ་ཆོས་ཀྱི་འོད་ཟེར་ལ་སྒ་ཤུབས་སྟན་དམར་གནང༌། དེ་ལྟར་ལོ་ངོ་ཧྲིལ་པོ་ཕྱེད་གསུམ་ཙམ་དུ་ཉིན་མཚན་བར་མེད་དུ་དབང་ལུང་བཤད་པ་ཉམས་ཁྲིད་རྣམས་གསན། དེའི་དོན་ཐུགས་ཉམས་སུ་བཞེས། ཕྱག་དཔེ་གཟིགས་རྟོག་གི་སྒོ་ནས་དོགས་པའང་འཕྲལ་དུ་གཅོད་པར་མཛད་ཅིང་ཇི་ལྟ་ཇི་སྙེད་ཀྱི་མཁྱེན་རྟོགས་ཕུལ་དུ་བྱུང༌། བདག་གིས་འབུལ་བའི་ཚུལ་ཙམ་ལས་མི་དགོས་པར་འདུག་གསུངས་ནས་གྲུབ་ཐོབ་ཆེན་པོ་ཉིད་རང་ཡང་གུས་པ་ཕུལ་དུ་ཕྱིན་པ་འཁྲུངས། ད་ནི་ཁོ་བོའི་བསམ་པ་མཐར་ཕྱིན། ཚེ་ཡང་འདི་ཙམ་རན་པ་ཡིན་གསུངས་ནས་མྱ་ངན་ལས་འདའ་བར་བསྟན་སྟེ་དེའི་ཚེ། ཆོས་དབྱིངས་རབ་འབྱམ་ཕྱག་རྒྱ་ཆེ་བརྙེས་(པ༢༠༡བ)


PTT001_Page_1270
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང༌། །མ་རིག་ནས་བཟུང་རྒ་ཤི་འགགས་གྱུར་ཀྱང༌། །གཉིས་སྣང་སྐྱེ་བོའི་རྟག་འཛིན་གཞོམ་སླད་དུ། །གཟུགས་སྐུའི་སྣང་བརྙན་སྡུས་པར་མཛད་པ་ལ། །གདུང་བའི་དབྱངས་ཀྱི་འབོད་དོ་ཀྱེ་མ་ཀྱེ། །ཞེས་གསུངས་པས་ལྷ་ཆེན་གྱི་དཔུང་པ་གཡས་པར་གྲུབ་ཐོབ་ཆེན་པོ་དངོས་སུ་བྱོན། ཟབ་རྒྱས་ཀྱི་གསུང་བྱོན་ནས་ཡལ་བར་གཟིགས། དེ་ཕྱིན་ནས་རྗེ་བཙུན་བཀྲ་ཤིས་འོད་ཟེར་བསྟེན་པར་མཛད་སྟེ་བདེ་དགྱེས་གསང་འཇིགས་མཱ་གདན་སོགས་ཀྱི་རྒྱུད་སྡེ་ཆེན་པོ་མཐའ་དག་གི་ཕྱག་ལེན་བཤད་པ་མན་ངག་ཐམས་ཅད་དང་བརྒྱུད་པའི་མན་ངག་ཐམས་ཅད་དང་ཁྱད་པར་དྲུང་གོང་མ་ལས་གསན་པའི་ཟབ་ཆོས་མཐའ་དག་བུམ་པ་གཅིག་ནས་གཅིག་དུ་བྱོ་བ་ལྟར་གསན་པར་མཛད། ཐུན་མོང་གི་སྣང་བ་ནི་སངས་རྒྱས་མཉན་པ་སྐུ་གཤེགས་རྗེས་རི་བོ་ཆེ་ཚ་བ་སྒང་བརྒྱུད་ནས་ལ་བར་དགོན་དུ་ཕེབས། བྱམས་ཆེན་ལ་ཕྱག་ནས་མཛད་པས་ནས་བྲེ་གསུམ་འཐོར་བ་ཕྱིས་བསྡུས་པས་བྲེ་བདུན་བྱུང་སྐད། སུམ་པ་གྲུ། མགོ་ཟླ་དགོན་སོགས་ནས་གོན་གྱོའི་ས་རྗེ་དུས་གསུམ་མཁྱེན་པའི་སྒྲུབ་གནས་འདུ་ལོང་དགོན་དུ་ཕེབས། སླར་དམར་ཁམས་མོད་འགྲམ་བརྒྱུད། སློབ་དཔོན་པདྨའི་སྒྲུབ་གནས་རྡོ་རྗེ་གྲོ་ལོད་དུ་གཟིགས་སྣང་དུ་མ་གཏན་ལ་ཕབ་ཅིང་ཞབས་རྗེས་བྱུང༌། གསེར་འབུམ་སྒང་དང་འབྲི་ཆུ་གྲུ་ཁ་བརྒྱུད། བ་ཐང་ཤི་སུ་ཕེབས། བཻ་རོ་ཙ་ནའི་གནས་སྒོ་ཕྱེ། གནས་སྒོར་ཀམ་པོ་རྡོ་རྗེ་དཔལ་བརྩེགས་ཀྱིས་བཏུད་སྟེ་དར་དཀར་པོ་ཅིག་ཕུལ་ཞིང་ཞི་བའི་འཕྲིན་ལས་སྒྲུབ་པར་ཞུས། རྗེ་དུས་མཁྱེན་དབྲ་རེ་དགེ་ཆོས་བརྩོན་དང་བཅས་པའི་ཞལ་གཟིགས། ལེ་ཐང་དུ་ཕེབས་སྟེ་རྒྱ་འགྲུལ་ཁིང་ཀྲས་གསུམ་གྱིས་ཇ་འདྲེན་འབུལ་ནོད་ཕུལ། དོམ་ཙ་ཧུ་ཅི་སླེབས་སྟེ་གོང་གི་འཇའ་ས་དང་འབུལ་བ་ཕུལ། ཉག་རོང་གྲུ་ཁར་ཞབས་རྗེས་བྱུང༌། ཆོར་ལུང་མོད། ཤེལ་ཁོག །ཇོ་གི་དགོན། ཤལ་ར་མ་སྒང་སོགས་སུ་ཕེབས། དེར་དབུས་ནས་འདན་མ་ཁྲིམས་དཔོན་པས་(པ༢༠༢ན)


PTT001_Page_1271
[མ་དཔེ་གཟིགས་ན་འདིར་གནོན།]

འབྲི་གདན་གྱི་དབང་གཉིས་ཀྱི་ཞུ་ཡིག་དང༌། སྤྱན་སྔ་ཐམས་ཅད་མཁྱེན་པའི་ཞུ་ཡིག་འབུལ་དང་སྤྱན་འདྲེན་ལ་སླེབས། ཁོང་ལ་སྔ་ཕྱིར་བཀའ་ལུང་ཇི་ལྟར་ཕེབས་པ་རྣམས་གསུངས་པ་ན་སྔོན་གྱི་གསུང་ཇི་ལྟ་བར་བྱུང་ནས་དད་པ་ལྷག་པར་སྐྱེས། དེ་མ་ཐག་ལྕགས་མོ་གོའི་ཤྲིས་བྲིས་ཀྱང་མཇལ། འགའ་ཐག་དུ་ཕེབས་དུས་རབ་སྒང་གི་གཞི་བདག་རྣམས་ཀྱིས་བསུ་བར་གཟིགས། འབྲུག་ལོ་ཟླ་བ་བཞི་པ་ལ་ར་ཏི་དགའ་ལྡན་གླིང་དུ་ཕེབས་ནས་གསེར་ཡིག་པ་རྣམས་ཀྱིས་མཇལ་བར་སྣང་སྟེ་འདི་རྣམས་ཀྱི་དུས་རྗེ་དུལ་མོ་བ་ལས་གསན་བསམ་སྒོམ་པ་ཁོར་མོར་མཛད་པ་སྣང་ངོ༌། །ཕྱིས་རྣམ་ཐོས་ཀྱི་རི་བོར་བསྙེན་པ་རྫོགས་པའི་ཚེ་མཁན་པོ་ལས་ཚེ་དཔག་མེད་གྲུབ་རྒྱ་ལྷ་མང་གི་ཚེ་དབང་དང་རྣམ་སྲས་མདུང་དམར་ཅན་ཆོས་སྐྱོང་དུ་ཕུལ་ཞིང་གཞན་སྟོང་གི་བཤད་ཆེན་དུ་མ་མཛད་ནས་ལྟ་བ་འཛིན་དགོས་པར་ཞུས་པ་ལས་ཕྱིས་ཕར་ཕྱིན་ཇོ་ཟིའི་ལུགས་སུ་འགྲེལ་བར་མཛད། འདུལ་བ་མེ་ཏོག་ཕྲེང་བརྒྱུད་ཕུལ་སྟེ་བསྟན་པ་ལ་བྱ་བ་མཛད་པར་ཞུས། ཟབ་ལམ་ཡན་ལག་དྲུག་གི་རྣལ་འབྱོར་སྙིང་པོར་དྲིལ་བ་ཡང་གསན། བསྙེན་རྫོགས་འབུལ་ཚེ་སྣམ་སྦྱར་གསེར་མ་ལ་རྗེ་འཕྲིན་ལས་པས་གསེར་མ་ལ་བྱིན་རླབས་མི་ཆགས་ཞུས་པ་མཁན་པོ་སེ་གོལ་མཛད་ཅིང་འདི་ཁོང་ལ་གསེར་དུ་སྣང་བ་ཡིན་པར་འདུག་གམ་ཀརྨ་པ་ལ་གསེར་དང་བོང་བ་ལ་ཁྱད་པར་ཅི་ཡོད་གསུངས་སྐད། བསྙེན་རྫོགས་ཕུལ་ནུབ། ངས་རྗེའི་དྲུང་དུ་བསྙེན་རྫོགས་ཕུལ་ཟིན་ནས་ཀོང་པོ་ད་ལའི་རི་རྩེ་ང་རང་བློ་བདེ་བར་བསྡད་པ་རྨིས། ཚེ་དབང་ཕུལ་ནུབ། ངས་སཱ་ཚ་བཏབ་སཱ་ཚ་རྣམས་ལས་འོད་ཟེར་རབ་ཏུ་འཕྲོ་བ་བྱུང་སྟེ་བསྟན་པ་ལ་བྱ་བ་ཆེན་པོ་མཛད་པར་འདུག་གསུང༌། མཁན་ཆེན་རིན་པོ་ཆེའི་ཕྱག་ཕྱི་པ་རྣམས་ཀྱིས་བསྟོད་པ་བརྟན་བཞུགས་ཅིག་ཞུས་པ་ན་རྣམ་ཐར་གྱི་ཚུལ་ལས་མི་རིང་བར་ཤམྦྷ་ལར་ཐེགས་པའི་ལུང་བསྟན་དང་བཅས་པ་ཅིག་གནང༌། (པ༢༠༢བ)


PTT001_Page_1272
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་བསྙེན་རྫོགས་འབུལ་དུ་ཕེབས་ཀར་རྗེ་ཞ་ལུ་ལོ་ཙཱ་བ་ལ་ཐུགས་དམ་བརྟག་པ་ཞུས་པས་བསྙེན་རྫོགས་བར་ཆད་མེད་པར་འབུལ་ཐུབ་ཅིང་ཡར་ཕེབས་ནས་ངེད་རང་མཇལ་ཙམ་ཡོང་གསུང་བ་ནས་བསྙེན་རྫོགས་འབུལ་ཐུབ་མ་ཐག་ནས་ཡར་ཐུགས་རིངས་པ་མཛད། བཀའ་དྲིན་གཏང་རག་གི་མཆོད་སྦྱིན་རྒྱ་ཆེར་སྤྲོས་པས་ཉང་ཁ་བརྒྱུད་ནས་ཐེགས། ལོང་པོའི་ནགས་ཁྲོད་ཅིག་དུ་གདན་བཞེས་མཛད་པ་ན་གསོལ་ཇ་བས་མེ་མ་བསད་པར་བཞག་པ་མཆེད་ནས་ནགས་ཚལ་ཆེར་སྲེག་ཞིང་རླུང་ཆེན་པོས་དེད་སྟེ་ཆིབས་རགས་ལས་བརྒལ་བ་ཙམ་དུ་བྱུང་བ་ན་རྒྱལ་ཆེན་གཏོར་མ་དེ་དེང་སང་མ་བྱུང་བ་ཡིན་པར་འདུག །ད་ལྟ་ཤོམས་གསུངས་ནས་ཆིབས་ལས་གཞོལ་སྟེ་གཏོར་མ་བསྔོས་ནས་མེའི་སྟེང་དུ་འཕེན་པ་གནང་མ་ཐག་ཆུས་བསད་པ་ལྟར་ཞི་ཞེས་ཐོས། རྒྱལ་ཆེན་གླིང་དུ་ཕེབས་ནས་རྗེ་ལོ་ཆེན་དང་མཇལ་ཞིང་དགྱེས་པར་གྱུར་སྟེ་མི་རིང་བ་ན་ཅུང་ཟད་བསྙུན་པའི་ཚུལ་མཛད། ཤམྦྷ་ལར་ཆོས་འཛུགས་པ་འཕྱིས་ཡོང་བ་འདུག །སེང་གེ་སླེབས་བྱུང་གདིང་བ་གཏོད་གསུངས་ནས་མྱ་ངན་ལས་འདས། རྗེ་ལོ་ཆེན་ལ་མི་ཞུ་བར་བྱས་ཀྱང་ཁྱེད་ཚོས་གསངས་པས་མི་ཐུབ། ད་ནི་ཁོ་བོའང་འགྲོ་གསུངས་སྟེ་དེ་མ་ཐག་གཤེགས་པར་ཐོས། རྗེ་འཕྲིན་ལས་ཞབས་ལས་ཐོག་མར་མངོན་རྟོགས་རྒྱན་གྱི་འགྲེལ་བ་དོན་གསལ་ཉིན་རེ་ཐུན་གསུམ་གྱིས་གསན་པར་མཛད་པ་ན་ཐུན་མང་དུ་སྤར་བར་ཞུས་པས་དེ་ལྟར་ན་གསན་ལོ་ལས་མི་ཡོང་ངམ་གསུང་བ་ན་སླར་ཚིག་དོན་རྣམས་ཇི་ལྟ་བ་བསྐྱར་བས་ཐུན་བརྒྱད་དགུ་ཙམ་མཛད་སྟེ་ཟླ་བ་གཉིས་ཙམ་གྱིས་དཔྱིས་ཕྱིན་པར་མཁྱེན་ནས། སླར་བྱམས་ཆོས་གཞན་བཞི། ཚད་མ་ཀུན་ལས་བཏུས། རྣམ་འགྲེལ་ངེས། རིགས་ཐིག །བྱེ་པའི་བསྟན་བཅོས་བཞི། མངོན་པ་གོང་འོག །འདུལ་བ་མདོ་རྩ་དབུ་མ་རྩ་ཤེ་འཇུག །བརྟག་གཉིས་རྩིས་ཀུན་བསྡུས་པ་སོགས་མདོ་སྔགས་ཀྱི་(པ༢༠༣ན)


PTT001_Page_1273
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ཆེན་རྣམས་དང༌། བོད་ཡུལ་གྱི་རྔོག་ལོ་དང་ཕྱ་གཙང་གི་ཡིག་ཆ། ས་པཎ་གྱི་སྡོམ་རིག་ལ་སོགས་མདོར་ན་གཞུང་ཆེན་ཉེར་ལྔའི་ཚིག་དོན་ཐམས་ཅད་བདེ་བླག་གིས་ཁོང་དུ་ཆུད་པར་མཛད། དེ་དག་གི་བར་རྣམས་སུ་དབང་རྗེས་གནང་མན་ངག་ཁྲིད་གསན་ནི་མཐའ་ཡས། དེ་ལྟར་གསན་པའི་ཡུན་ལོ་ངོ་གསུམ་ཟླ་བ་དངོས་བཅུ་བཞི་ལ་གསན་བསམ་བར་མ་ཆད་པ་ལོ་གཅིག་ཁོ་ནར་སྣང་རུང་དེ་སྲིད་གསོལ་ཇའང་ཅུང་ཟད་ལས་མི་བཞེས་པར་ཉིན་མཚན་བར་མེད་པར་ཚིག་དོན་བསམ་པ་དཀའ་གནས་ལ་དོགས་དཔྱད་རྒལ་བརྟག་སོགས་ཀྱི་ཆོས་སོ་སོའི་གཏིང་དཔོགས་པར་མཛད་སྟེ། སློབ་དཔོན་རིན་པོ་ཆེས་ཀྱང་འདི་ལྟ་བུའི་ཐུགས་ཀྱི་བརྩོན་པ་དང་མཁྱེན་པ་ཅེས་བསྔགས་པར་མཛད། ཀརྨ་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས་ལས་ཀ་ཙན་སོགས་བརྡ་སྤྲོས་ཡན་ལག་དང་བཅས་པ་སྦྱོང་བའི་ཚུལ་བསྟན། མདོར་ན། ལེགས་བཤད་བྱིས་པ་དག་ལས་ཀྱང༌། །མཁས་པ་རྣམས་ཀྱིས་ཡོངས་སུ་ལེན། །ཞེས་པ་ལྟར་གང་ཟག་འདི་ལྟ་བུ་ཞིག་ཆོས་འདི་ལྟ་བུ་ཞིག་ལ་འདྲིས་སོ་ཞེས་གྲགས་པ་ཐམས་ཅད་ལའང་དེ་ལས་བརྩམ་པའི་དགྱེས་པ་དང་མཐོང་བཀུར་མཛད། དེའི་དྲི་བ་དཔྱིས་ཕྱིན་པར་མཛད། སྤྱིར་མཁས་པའི་ཡོན་ཏན་ཇི་ལྟ་བུ་ཞིག་གིས་ཀྱང་ཐུགས་ཀ་མི་ཁེངས། ཆུང་ངུ་ལས་མི་ཤེས་པ་རྣམ་ལའང་བརྙས་པ་མི་མཛད། བོད་ཙམ་ན་འགྲན་ཟླ་མེད་པའི་མཁས་པ་དག་དྲུང་དུ་འོངས་པ་ན་ཡང་ཟིལ་གྱིས་ནོན་སྟེ་དྲི་ལན་ཞུ་མི་ནུས་ཅིང་ཅུང་ཟད་ཞུས་པ་རྣམས་ལའང་ཕྱིས་འགྱོད་པའི་གནས་སུ་འགྲོ་འོན་ཡང་ངེད་རང་ཤེས་རབ་ཆུང་ཐོས་པ་དམན་པས་ཅི་ཡང་མི་ཤེས་གསུང་བ་འབའ་ཞིག་འབྱོན་ཞིང་དེ་ཡང་ཁེངས་སྐྱུངས་ཙམ་མིན་པ་ཐུགས་ཐག་པ་ནས་དེ་ལྟར་དགོངས་པར་སྣང༌། ཕྱིས་སུ་དབུས་གཙང་ལ་ཕེབས་པ་སོགས་ཀྱི་སྐབས་སུའང་(པ༢༠༣བ)


PTT001_Page_1274
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་བཤེས་གཉེན་ཚད་ལྡན་གཟིགས་ན་ས་དགེ་འབྲི་སྟག་ཇོ་ཞལ་སར་རྙིང་སུའི་ཁྲོད་ན་འདུག་རུང་བཤེས་གཉེན་དུ་བསྟེན་ཞིང་བཀུར་ཏི་མཛད་པ་ཁོ་ནར་དགོངས་འདུག་ཀྱང་དེ་ལྟ་བུའི་ཡུལ་སུ་ཡང་མ་བྱུག་བས་སླར་རྗེ་བཙུན་བཀྲ་ཤིས་རྣམ་གཉིས་དང་སངས་རྒྱས་མཉན་པ་ལ་ཐུགས་དད་པ་མི་ཕྱེད་པར་འཕེལ་བའི་རྐྱེན་དུ་སོང་སྟེ་རྗེ་བླ་མའི་སྤྱན་སྔར་བསྙེན་པའི་རབས་དེ་ལྟ་བུ་བྱུང་བའི་སྡེ་ལ་སོགས་པ་མཛད། སྤྱིར་གཞུང་ཆེན་རྣམས་ལ་རྒྱན་དྲུག་མཆོག་གཉིས་སོགས་ལས་བཀའ་བགྲོར་ཡོད་པར་སྣང་ཞིང་སྔགས་ཀྱི་ཐུན་མོང་མ་ཡིན་པའི་ཟབ་གནད་རྣམས་ལ་བརྒྱུད་པའི་མན་ངག་ལས་བྱུང་བ་དང་ཡེ་ཤེས་ཀྱི་མཁའ་འགྲོའི་གསུང་ལས་བྱུང་བ་ཞེས་ཐ་དད་དུ་སྟོན་པར་མཛད་པས་ན་དགེ་བའི་བཤེས་གཉེན་ལོངས་སྤྲུལ་ལ་དངོས་སུ་བསྙེན་ཞིང་བྱང་སེམས་ཐམས་ཅད་དང་ཆོས་བགྲོ་ནའང་དེང་དུས་ལ་ལྟོས་པའི་ལེགས་བཤད་སྣ་ཅུང་ཟད་རེ་གསན་པ་ལའང་དགྱེས་ཚོར་དང་རྗེས་སུ་ཡི་རང་བ་དུ་མ་མཛད། རྗེ་ཤཱཀྱ་མཆོག་པའི་སློབ་མ་པཎ་ཆེན་རྡོར་རྒྱལ་བ་དང་བྱ་འཇམ་པའི་དབྱངས་བཀྲ་ཤིས་རྣམ་རྒྱལ་དུས་ཀྱི་འཁོར་ལོ་ལ་མཁས་ཅེས་དེ་དུས་གྲགས་པ་ནས་སོ་སོར་བཀའ་ཤོག་གིས་བསྐུལ་བ་གནང༌། ཆོས་ཀྱི་འབེལ་གཏམ་གནང་བར་བཞེད་ཅིང་དཔྱད་པར་བཟོད་ན་ཡོངས་འཛིན་དུ་བསྟེན་པར་དགོངས་ཀྱང་པཎ་ཆེན་པའང་ངེས་པར་བླ་མ་འཆོལ་ན་འབྱོན་བྱ་བ་སོགས་དེང་སང་གི་སྐྱེ་བོ་དག་གི་སྲོལ་རྙེད་བཀུར་གྱི་ཆེད་ཏུ་གཙིགས་དབབ་པའི་ཞུ་བ་ཕུལ། རྡོ་རྗེ་རྣལ་འབྱོར་མའི་སྐུ་མེ་རིའི་གསེབ་ཐམས་ཅད་ལཉྩའི་ཡི་གེ་ཕྱིར་བསྟན་འཕྲོ་བ་གཟིགས་པས་རྟེན་འབྲེལ་མི་འགྲིག་པར་དགོངས་ནས་བཀའ་ནན་མ་གནང༌། ཕྱིས་འབྲི་ཁུང་དུ་ཕེབས་ཚེ་ཁང་སར་ཆེན་མོར་གཞི་ལེན་གྱི་བཞུགས་གྲལ་གྱི་གྲལ་འཕྲོས་གཞི་ལེན་པའི་གཙོ་བོར་ཁོང་བཞུགས་པ་ལ་བདག་ལ་བཀའ་ཕེབས་(པ༢༠༤ན)


PTT001_Page_1275
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་སྡོམ་གསུམ་རབ་དབྱེར། ཉན་ཐོས་སྡེ་པ་བཅོ་བརྒྱད་ལ། །འདུལ་བ་མི་འདྲ་བཅོ་བརྒྱད་ཡོད། །ཟེར་བ་དེ་ལྟ་ན་གྲུབ་མཐའ་བཅོ་བརྒྱད་ཡོད་ཡོང་བས་མི་འདྲ་བ་ཅི་ལྟ་བུ་ཡོད་གསུང་བའི་བཀའ་ལུང་བསྒྱུར་བ་ན་གསུང་ཆེ་ཞིང་གདངས་དང་བཅས་པས་མངོན་པ་དང་དབུ་ཚད་ལ་གྲགས་པའི་བྱེ་མདོའི་ཐར་ཐོར་མང་དུ་ཕུལ་ཞུ་བ་མཛད་ཀྱང༌། ད་སྡེ་པ་བཅོ་བརྒྱད་ཀྱི་བགྲུད་ཀྱི་གྲུབ་མཐའི་ཁྱད་པར་དྲིས་གསུངས། དེ་དག་ལ་ལན་བྱིས་པ་མགུ་བྱེད་ས་སྟོང་འགོག་པ་ཙམ་མང་དུ་ཕུལ་ཡང་ད་འོ་ན་གྲུབ་མཐའ་བཅོ་བརྒྱད་པོ་ཞུ་རྒྱུ་མེད་ཟེར་བ་ཨེ་ཡིན་དྲིས་གསུང་ཞིང་རྗེས་སུ་གསུང་འདར་བ་དང་བཅས་པ་ཆུང་ངུའི་སྒོ་ནས་དོན་གྱིས་དེ་ལྟར་ཡིན་ཚུལ་ཞལ་བཞེས་མཛད་སོང༌། ཡང་བྱེ་སྨྲ་རང་རིག་ཁས་མི་ལེན་པར་འདུག །མདོ་སྡེ་པ་ཁས་ལེན་པར་འདུག །སེམས་ཙམ་པ་རང་རིག་དོན་དམ་དུ་འདོད་པར་འདུག །དབུ་མ་པ་རང་རིག་འགོག་པར་འདུག །སྔགས་ནས་རང་རིག་ན་འཚང་རྒྱ་བར་བཤད་འདུག །རང་རིག་དེ་རྣམས་ཀྱི་ཁྱད་པར་ཅི་ཡིན་དྲིས་ཕེབས་པ་ན། སྔ་མ་ལས་གསུང་ཆུང་ཞིང་འདར་བས་ཚད་མ་བའི་གཟུང་རྣམ་འཛིན་རྣམ་སོགས་ཀྱི་འབྲེལ་མི་ཆེ་བ་མང་དུ་ཞུས། མཐར་འོ་ན་རང་རིག་དེ་རྣམས་ཀྱི་ཁྱད་པར་མི་ཤེས་ཟེར་བ་ཡིན་ནམ་དྲིས་གསུངས་སྟེ་མཐར་གསུང་ཆུང་ངུས་དེ་ལྟར་ཞལ་བཞེས་མཛད་སོང་ཞིང་གྲལ་གྲོལ་བ་ན། སྤྱིར་ངེད་རང་གསུང་རབ་ཐམས་ཅད་ལ་འདྲིས་པོ་ཡོད་པའི་ལུགས་ཡིན། ཁྱད་པར་ཁ་སིང་ནས་ཕེབས་པར་ཚོར་བ་ནས་ཉིན་མཚན་མེད་པར་དཔེ་ཆ་བལྟས། བརྗེད་པ་བསོས། ཁྱད་པར་འདི་འདྲ་ལ་དྲི་བ་འོང་ངམ་བསམ་ཚད་བལྟས་པ་ཡིན་སྟེ་ངེད་རང་གི་བལྟས་པ་ཚོ་ལ་ཚིག་གཅིག་ཀྱང་དྲི་བ་མཛད་མ་བྱུང༌། ཅི་ཡིན་ནམ་གསུང་སྐད་སྟེ་མངོན་པར་མཁྱེན་པ་ཡིན་ནམ་དགོངས་པར་འདུག །དེ་ནས་འདུལ་བ་ལ་མཁན་པོ་མེད་པར་སྡོམ་པ་སྐྱེའམ་བྱ་བ་སོགས་ཀྱི་དྲི་བ་ཕྲ་མོ་ཡོད་པའི་ཤོག་དྲིལ་གཅིག །གཞན་(པ༢༠༤བ)


PTT001_Page_1276
[མ་དཔེ་གཟིགས་ན་འདིར་གནོན།]

ཕར་ཚད་མངོན་པ་དབུ་མ་སྔགས་སྤྱི་ཁྱད་པར་དུ་དུས་འཁོར་སྟེ་སོ་སོའི་སྤྱི་བཤད་ཐོ་རེ་བ་ཡོད་པའི་ཤོག་དྲིལ་བདུན་ལ་དེ་ཐམས་ཅད་ཀྱི་ལྟ་བ་གཞན་སྟོང་དུ་གནས་པར་བྲིས་པའི་ཤོག་དྲིལ་རྣམས་ཕུལ། དེ་ལ་འདུལ་བའི་སྐབས་དཀའ་གནད་མི་འདུག་པས་ངེད་ཀྱི་འདུལ་ཊཱིཀྲ་ལྟོས། སྤྱིར་འདི་ཐམས་ཅས་ལྟ་བ་གཞན་སྟོང་དུ་གནས་པ་མི་རིགས་ཅེས་པའི་ལན་ཞིག་གནང༌། དེ་ལ་ལན་སྒྲུབ་བྱེད་འདྲ་ཕུལ་བྱུང་བ་རྣམས་ལ། ཡང་ལན་ཤིན་དུ་ངོ་མཚར་པ་ཅིག་གནང་བ་ལ་ཆོས་བཞིན་གྱི་ལན་གཞན་མེད་པར་འདི་འདྲ་གནང་ན་ཀརྨ་པ་ལ་མི་ཚོ་མ་དད་པ་སྐྱེ་འོང་ཟེར་བ་ཙམ་ལས་མ་བྱུང༌། འོན་ཡང་མཁས་པའི་མཐོང་བདག་རྐྱེན་དབུ་འདོན་དུ་འགྲོ་བ་མཛད། བྱ་ཡུལ་ནས་འཇམ་དབྱངས་ཆོས་རྗེས་ཕྱག་དཔེ་དཀོན་ཞིང་དངོས་གཙང་བ་པོ་ཏི་ཉིས་བརྒྱར་ཉེ་བ་ཕུལ་སྟེ་བདག་གི་ཡོན་ཏན་གང་ཤེས་ནི་འདི་ཚོ་ལ་བལྟས་པས་བྱུང་བ་ཡིན་ཞེས་ཞུས། ཕྱིས་ཤངས་ཆོས་འཁོར་ནས་དུས་འཁོར་རབ་འབྱམས་པ་བྱ་བ་ཞིག་བཀས་བསྐུལ་སྟེ་དྲུང་དུ་འོངས་པ་ནི་སྔོན་དུས་འཁོར་ལ་གྲ་སྐོར་དང་ཆོག་ག་སོགས་མཁྱེན་པ་ཅིག་ཡིན་ཡོད་འདུག་པ་སླར་དབང་རྒྱུད་འགྲེལ་གྱི་བཤད་ལུང་སྐྱེད་རྫོགས་ཐམས་ཅད་ཀྱིས་རྗེས་སུ་བཟུང་སྟེ་དད་པ་ཐོབ་ཅེས་ཐོས། མདོར་ན་གཙང་དབུས་ཐམས་ཅད་ཕེབས་པ་ལའང་ལྕང་ར་རབ་འབྱམས་པ་དེ་མཁས་པོ་འདུག་གསུང་བ་དང༌། འབྲས་ཡུལ་འཇམ་སར་བ་དེ་ཡོན་ཏན་རང་མི་ཆེ་པར་འདུག་སྟེ་བཙུན་པ་རང་ཡིན་ངེས་ཅིག་འདུག་གསུང་པ་དང༌། ཡོན་ཏན་གང་ས་ནས་རྗེ་འཆི་མེད་པ་རང་རླབས་ཆེ་བར་འདུག །ཁོང་གི་དེ་ལའང་ཟད་རྒྱུད་ཞིག་ནི་འདུག་གསུངས་ཤིང་དབུས་གཙང་ཕྱོགས་ན་རྒྱུད་ཚོད་ནི་འབྲི་ཁུང་མགོན་རྒྱལ་ཁོ་ན་མཐོ་བར་འདུག་གསུང་བ་རྣམས་བདག་གིས་མངོན་སུམ་དུ་ཐོས། ཞྭ་དམར་ཅོད་པན་འཛིན་པ་བཞི་པའི་སྤྲུལ་པའི་སྐུ་དཀོན་མཆོག་ཡན་ལག་དང་རྒྱལ་ཚབ་སྤྲུལ་པའི་སྐུ་(པ༢༠༥ན)


PTT001_Page_1277
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ་དཔལ་འབྱོར་བ་གཉིས་ལ་ནི་བླ་མ་དངོས་ཀྱི་འདུ་ཤེས་ལས་གཞན་པ་སློབ་མའི་འདུ་ཤེས་མི་མཛད། མདོར་ན་ཆོས་ཐམས་ཅད་དགེ་བའི་བཤེས་གཉེན་དུ་རྟག་པར་གཟིགས་པར་སྣང་ངོ༌། །ཚེ་འདིའི་གྲགས་འབྱོར་སྙིང་པོས་དབེན་པའི་ཚུལ། །ཚིག་ཙམ་མིན་པར་སྙིང་ནས་རབ་རྟོགས་སྟེ། །ཞེན་ལོག་སྲེད་པ་བྲལ་བའི་རྣམ་ཐར་ཅན། །དགོས་མེད་དྲན་པ་བརྟན་དེར་གསོལ་བ་འདེབས། །ཅེས་པ་ནི་འཇིག་རྟེན་བློས་བཏང་གི་རྣམ་པར་ཐར་པ་སྟེ། སྔོན་སྒར་པ་མང་པོས་སྤྲུལ་སྐུ་ནུབ་ཕྱོགས་པ་ལ་བཀུར་སྟི་བྱེད་ཅིང་ལྷོ་རོང་སྐོར་དུ་འཕྲལ་གྱི་ཞབས་ཏོག་ངན་པས་འཚོ་བར་མཛད་པ་ནའང་ཉིད་ཐུགས་ཤིན་དུ་དགྱེས་སྟེ་ཁོང་རང་སྒར་པ་ལ་སྐུ་སྐྱེ་གཞན་ན་ཡོད་པར་སྣང་བས་ཁོ་བོ་ལ་སྐུ་སྐྱེའི་མིང་མི་དགོས་པར་འདུག །དེའི་ཚེ་གཡེང་བ་མེད་པར་ཆོས་ཚུལ་བཞིན་དུ་བྱས་ཆོག་པ་ཅིག་ཡོངས་དགོངས་ནས་ཤིན་དུ་མཉེས་པར་བྱུང་སྐད། ཐའི་ཀྱེན་ཆེན་པོས་མཇལ་བའི་སྔ་ལོ་འཇངས་ཡུལ་དུ་སྤྱན་དྲངས། ས་ཐམ་རྒྱལ་པོས་སྤྱི་བོར་བཀུར་ཞིང་འབུལ་ཞབས་མཐའ་ཡས། རྒྱལ་པོ་ཉིད་ཀྱིས་སྐོར་དུ་བཞུགས་པའི་གཏན་གྱི་མཆོད་གནས་མཛད་པར་ཞུས་ཀྱང་མ་གནང༌། འོན་ཡང་དགོན་པ་སར་འདེབས་མང་པོ་མཛད། རབ་འབྱམས་པ་བརྟན་བློ་སོགས་བླ་མར་བསྐོས་སྟེ་འཕྲིན་ལས་ཀྱི་རྒྱུན་ཆེན་པོ་འདི་བྱུང༌། དེ་ཡང་རྗེ་ཆོས་གྲགས་རྒྱ་མཚོས་ཁོས་སྐྱེ་བ་ཕྱི་མ་ལ་ཀརྨ་པ་གཅིག་བྱས་ན་ནི་བསྟན་པའི་དོན་ཆེན་པོ་མི་འགྲུབ་པར་འདུག་པས་ཀརྨ་པ་གཉིས་བྱེད་པ་ཡིན་གསུངས་པ་ལྟར། གོང་མ་ཅིང་དེ་རྒྱལ་པོ་ནི་སྐུའི་བཀོད་པ་གཅིག་སྟེ་རྗེ་བརྒྱད་པ་སྐུ་བལྟམས་པ་དང་གོང་མ་སེང་གེ་ཁྲི་ལ་བྱོན་པ་དུས་མཚུངས་པར་སྣང་ངོ༌། །གོང་མ་དེ་ཡང་ཞྭ་ནག་བཞེས་ཤིང་ཁོ་བོ་ནི་ཀརྨ་པའོ་ཞེས་གསུང་ལ། ཕྱིས་དོམ་ཚ་ནང་སོ་རྟ་འབུལ་ལ་སོང་བ་ན་ཡང་ཐུགས་མཉེས་པས་ལས་ཀ་སྤར་ཞིང་སྤྱན་འདྲེན་པར་བསྒོས། ཉི་མ་ནུབ་ཕྱོགས་ན་འོད་དཔག་མེད་ཀྱི་སྤྲུལ་སྐུ་ངེད་ཀྱི་དོན་དུ་(པ༢༠༥བ)


PTT001_Page_1278
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་པ་དེ་སྤྱན་འདྲེན་ཞེས་ཁྲིམས་ར་ཆེན་པོ་རྣམས་སུ་ལུང་ཕོག །རྒྱལ་པོའི་བཀས་དུང་ཐའི་ཀྱེན་ཞེས་པའི་བློན་པོ་ཆེན་པོ་འོག་མ། གཞན་བློན་པོ་ཐམས་ཅད་ཀྱི་མཆོག་ཐའི་ཀྱེན་ལིའུ་ཡུན་ཞེས་བྱ་བ་ལ་བློན་པོ་ཐའི་ཀྱེན་ཆུང་བ་བཞི། དེ་རེ་རེའི་འོག་ན་དམག་དཔོན་བཅུ་རེ། དེ་རེ་རེ་ལ་དམག་མི་སྟོང་གྲངས་གཉིས་གསུམ་རེ། བླ་མཆོད་ཏུ་ལས་ཀ་ཅན་གྱི་བླ་མ་བཞི། དེ་རེ་རེ་ལ་འཁོར་རྒྱ་བན་བརྒྱ་རེ། འབུལ་བ་ལ་མཆོད་ཆས་གསོལ་སྤྱད་སོགས་རིན་པོ་ཆེ་རབ་སྣ་ཚོགས། ཐ་མ་གསེར་དངུལ་ལས་བྱས་པ། ན་བཟའ་བཞུགས་སྟན་ཁྱད་པར་ཅན་ལ་སོགས་པ་སྒམ་ཆ་བརྒྱ་ཕྲག་དུ་མ་དང༌། ཇ་གོས་དར་དང་ཙནྡན་ལ་སོགས་པ་བགྲང་མི་ལང་བ་འུ་ལག་དང་བཅས་པ་ཁྲི་ཕྲག་བདུན་ལྷག་པ་གདན་འདྲེན་དུ་བརྫངས། འདུག་པའི་ཚེ་འུ་ལག་རྣམས་རང་རང་གི་གོས་རྟ་རྒྱབ་ལྟར་བྱས་པ་བསྒྲིགས་པར་སྡོད་པ་ལྕགས་རི་ལྟ་བུ་ཉིས་རིམ་ཙམ་དང་དེའི་ནང་དུ་ཟམ་སོ་ནག་པོའི་ཡོལ་བ་རྒྱ་ཆེན་པོ་གྲུ་བཞི་བསྐོར་བ་སྐར་ཕིབས་ལྟར་ཡོད་པར་དམག་མི་ཕྱི་མ་རྣམས་སྡོད་པ་སོགས་དམག་མི་ཕྱི་བར་ནང་གསུམ་དང༌། དེའི་ནང་ན་གོས་ལྕགས་ནག་གི་ཡོལ་བ་གྲུ་བཞིའི་ནང་དུ་ལས་འཛིན་དམག་དཔོན་བློན་པོ་སོགས་རིམ་པ་དུ་མ་སྡོད་པ་དང༌། མཛོད་སོགས་ལ་གུར་ཐོག་ལྔ་བརྩེགས་དང་གསུམ་བརྩེགས་སོགས་ཀྱི་སྟེང་མར་ཤ་བཏུབ་པ་སོགས་བྱེད་ཐུབ་པ་ཐམས་ཅད་ཀྱི་དབུས་སུ་གོས་ལྕགས་ནག་གི་ཡོལ་བ་རིམ་པ་དུ་མས་བསྐོར་བའི་དབུས་ན་ཁོང་རང་གི་གུར་ཆེན་ཏོག་དང་བཅས་པའི་གུང་ནས་མཆོད་སྒམ་སོགས་འབུལ་ཆས་ཀྱི་ལུང་དང་སྒམ་རྣམས་རིམ་པར་བསྒྲིགས་པའི་དབུས་སུ་གསེར་གྱི་ཁྲི་ཡངས་པོ་སྟན་བཟང་པོ་ཅན་ལ་ཁོང་རང་གན་རྒྱལ་དུ་ཉལ་སྟེ་ཁྱེའུ་ལྔ་བཅུ་ཙམ་གྱིས་རོལ་མོའི་རིགས་དང་གླུ་གར་རྒྱུན་དུ་བྱེད་པ། ཁོང་རང་གི་གསོལ་ཁ་བ་བཅུ་ལྷག་རེས་རིན་པོ་ཆེའི་ཕོར་བུ་ཆུང་ཆུང་དུ་མར་སྐོམ་གྱི་རིགས་དུ་མ་ཁར་(པ༢༠༦ན)


PTT001_Page_1279
[མ་དཔེ་གཟིགས་ན་འདིར་གནོན།]

ལྡུགས་པ་རྒྱུན་མ་ཆད་པ་ལྟ་བུར་བྱེད་པ། ཁོང་རང་གི་མཐའ་དང་གུར་ཕྱི་མཐར་དམག་མི་སྟོང་གྲངས་ཙམ་རྟག་དུ་བསྐོར་ནས་རེ་མོས་ཀྱིས་སྲུང་བ། མདུན་མ་ཚད་དུ་བློན་པོ་རྣམས་ལངས་ནས་བྱ་བ་ཆེན་པོའི་ཁ་བསྐོས་བྱེད་པ། ཉིན་རེ་ཞིང་ཕྱིར་ཚོང་གི་རྒྱ་གྲལ་ཆེན་པོ་རེ་སྒྲིག་པ་ལ་ཉིན་སོ་སོར་རས་སྐུད་ཀྱི་དོག་པ་ཁ་དོག་སོ་སོ། ཟམ་སོ་ཁ་དོག་སོ་སོ། སྟོང་སྐུད་སོ་སོ། དར་གོས་ཡུག་སོ་སོ་སོགས་ཐམས་ཅད་ཟོང་གཅིག་པ་མ་གཏོགས་ཁྱེར་མི་ཆོག་པ་དེ་ཉིན་སོ་སོ་ལ་བརྗེ། ཁྲིམས་འགལ་བྱུང་ན་ཁྲིམས་ཐ་དད་པ་འཕྲལ་དུ་བྱེད། འདེགས་པ་ན་སྔུན་དུ་འུ་ལག་དང་ཁལ་མང་དམག་མང་རྣམས་བཏང་ནས་མེ་ཕག་རྒྱག་པའི་མི་ཉིས་བརྒྱ་ཙམ་མེ་རྫས་ཀྱི་སྒྱེའུ་ག་ཤ་བྱས་པ་ལག་གཡས་གཡོན་དུ་ལྕགས་ཀྱི་མེ་དོང་བཟུང་བ་རྣ་ལྟག་ལ་སྤོས་རེར་སྤར་བ་བཅུག་པ་རྣམས་རིངས་པར་རྒྱུག་བཞིན་པས་དོང་བུར་རྫས་བླུག་ཤིང་གིས་ཁ་བཅད། མེ་སྤར་སྟེ་ས་ལ་བཙུགས་མ་ཐག་འཕར། རྗེས་མ་དེས་དེ་བླངས་ཤིང་དེ་ལྟར་བྱེད་པ་སོགས་མེ་ཕག་གི་འུར་སྒྲ་དང་ཚེག་སྒྲ་ཁོ་ནས་ས་གཡོ་བ་ལྟར་བྱེད། དེ་ནས་རྟ་པ་རྣམས་དང་རྔ་མོང་ལ་ཞོན་པ་དང་དྲག་པ་རྣམས་ཁྱོགས་དང་མདོ་ལི་ལ་དྲངས་པ་དང་ཁྱད་པར་ཐའི་ཀྱེན་ཆེན་པོ་ཉིད་ནི་སི་ཏའུ་ནག་པོ་འབའ་ཞིག་གི་ཐག་པ་བརྒྱ་ཕྲག་མང་པོ་ལ་སྐྱེ་བོའི་ཚོགས་ཀྱིས་གྱམ་ལ་བཏེག་ཅིང་དར་གྱི་གུར་གདུགས་དང་བཅས་པར་བཟའ་བཏུང་དང་གླུ་གར་གྱིས་མཆོད། རོལ་མོའི་སྒྲ་མཐའ་ཡས་པས་ལུང་པ་འགེངས། ལག་ཆའི་རིས་མཐའ་ཡས་པ་བཟུང་བའི་དམག་རེས་པ་སྟོང་ཕྲག་དུ་མས་མཐའ་སྲུང་ཞིང་འགྲོ་བ་དེ་ལྟ་བུའི་བཀོད་པ་རྒྱ་གཏམ་བོད་དུ་མི་ཤོང་བ་སྣང་ཞེས་དེ་དུས་ཀྱི་སྒར་པ་ལས་དངོས་སུ་ཐོས། གར་སླེབས་སུ་ཁོང་རང་གི་བཀོད་པའི་སི་ཐང་རེ་འབྲི་ཞིང་ཡོད་པར་སྣང་བ་དེའི་བཀོད་པ་ཁོང་རང་གི་གཟིམས་གུར་ཙམ་བྲིས་པའི་ཆུང་ངུ་རེ་ལའང་ཧ་ལས་པར་སྣང༌། སྤྱིར་ཐའི་ཀྱེན་ཟེར་བ་རྒྱ་ནག་གི་བཙུན་མོ་སྲུང་བའི་ཕྱིར་སྐྱེས་པ་མང་པོ་འབྲས་(པ༢༠༦བ)


PTT001_Page_1280
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཕྱུང་བ་ལས་གང་སོས་པ་རྣམས་བཙུན་མོའི་གཡོག་དུ་འཇོག་པ་ཉུག་རུམ་བའི་མིང་ཡིན་ལ། སྤྱན་འདྲེན་གྱི་བློན་པོ་འདི་བོན་གྱི་བློན་པོ་བསྟན་པ་ལ་མ་དད་པ་ཅིག་ཡོད་པར་སྣང་བས་ཕེབས་མ་གསན་ན་དམག་ཐབས་ཀྱིས་སྤྱན་འདྲེན་བསམ་པ་ཡོད་པར་སྣང༌། དེ་དུས་རྒྱ་ཡི་བློན་པོ་ཁྲི་དམག་བདུན་ལྷག་པར་སོང་བས་བོད་ལ་མི་གཟན་པའི་ཕྱིར་རབ་སྒང་དུ་ཕེབས། རྒྱལ་པོའི་ལུང་ཕབ་པ་ལ་སྒར་ནས་ཇ་འདྲེན་རིང་ཐུང་རྣམས་གའུ་ལེ་བཞིན་བཏང༌། བློན་པོས་ཀྱང་ཞུ་ཡིག་རིམ་པར་ཕུལ་བ་ལ་ཕེབས་པའི་ཞལ་བཞེས་མ་བྱུང་བས་ཅི་འཐད་བོད་དང་འབྲེལ་ཆེ་བ་རྣམས་འདྲིས་པས་ཕྱག་མཛོད་པ་དབོན་པོ་བཀྲ་ཤིས་བཟང་མགུ་དགོས་པར་གོ་ནས་ཟང་ཟིང་གིས་བྲིད་ཅིང་གོང་དུ་ཕེབས་དུས་གུའི་གུང་པའི་ལས་ཀ་ཡོང་བར་བྱས། ཅིས་ཀྱང་ཕེབས་མ་བྱུང་ན་འབུལ་བ་རྣམས་གཏའ་མར་བཟུང་ལ་ཞལ་བཞེས་མ་བྱུང་གི་བར་མི་འབུལ་ཟེར་བའི་མངག་བྱིན། ཐོག་མ་དྲུང་དུ་བློན་པོ་ཆེན་པོས་མཇལ་སྟེ་ཁོང་རང་གི་མཇལ་དར་ཁོ་ན་མཐའ་ཡས་པ་ཕུལ། ཕྱི་ཉིན་གོང་མའི་ལུང་འབུལ་ཡིག་རྣམས་ཕུལ། གོང་མའི་ལུང་ལ་སྔོན་གྱི་གའུ་ལེ་བཞིན་བཞེད་པ་དང་ཞབས་བསུ་དང་བཅས་སྟེ་བཞེས། དེ་ནས་ཉིན་རེ་བཞིན་བློན་པོ་སོ་སོའི་འབུལ་བ། བཙུན་མོ་དང་རྒྱལ་བུ། རྒྱལ་བུ་གཞན། བླ་མཆོད་སོ་སོ་རྣམས་ཀྱི་ཞུ་ཡིག་འབུལ་བ་རྣམས་རིམ་པར་ཕུལ་བ་ད་ལྟ་མཆོད་ཤོམས་ཆེན་མོ་ལ་ཡོད་པའི་དངུལ་ཀོང་དངུལ་གྱི་དྲ་བ་ཅན་དུ་མ་དང་དངུལ་གྱི་སྤོས་ཕོར་དང་པད་སྡེར་གསེར་དངུལ་གྱི་མཎྜལ་ཕལ་ཆེ་བ་འདི་རྣམས་ཡིན། དེའི་ཚེ་ཐོག་མར་མཇལ་མ་ཐག་ན་མཁའ་ལ་ཉི་ཟླ་ཕྲད་སོང་བ་ལ་ཉི་ཟླ་གཅིག་ས་ལ་ལྷུང་བྱུང་བས་འགྲོ་བའི་རྟེན་འབྲེལ་མ་འགྲིགས་གསུང་བ་དང༌། ཐུགས་རྗེ་ཆེན་པོས་ཀྱང་གོང་མའི་སྐུ་ཚེ་བརྟུལ་ཟིན་པས་མ་འགྲོ་ཞེས་གསུང་བ་གཟིགས་སྟེ་འབྱོན་པར་བཀས་མ་གནང༌། རྒྱ་སྟོན་པ། ཟུར་མང་བ། གླིང་དུ་སི། ལྕགས་མོ་གོའི་ཤྲི། (པ༢༠༧ན)


PTT001_Page_1281
[མ་དཔེ་གཟིགས་ན་འདིར་གནོན།]

འདན་མ་ཁྲིམས་དཔོན་སོགས་བཀའ་བགྲོས་སྟེ་ད་རེས་ནི་ཕེབས་པར་མ་དགོངས་འདུག་པས་ལོ་དུས་ཅི་རིགས་ཙམ་ཕེབས་པར་ཞལ་གྱིས་བཞེས། འབུལ་བ་རྣམས་བཞེས། གནང་སྟེར་རྣམས་མཛད། གོང་མ་ལ་བཀའ་ཤོག་གནང་ནས་བློན་པོ་ཐའི་ཆུང་གཉིས་གདན་འདྲེན་ལ་བསྡད། གཞན་རྣམས་ཟློག་ན་ཁོང་ཚོ་ལའང་ཆད་པ་མི་འོང༌། མཆོད་ཡོན་ཐམས་ཅད་ལའང་འདི་ལེགས་ཅེས་བཀའ་གྲོས་མཛད། རྗེ་ཉིད་ཀྱིས་ད་རེས་ཁོ་བོ་འགྲོ་བའི་རྟེན་འབྲེལ་མ་འགྲིག་ཁྱེད་ལའང་ཆད་པ་མི་འབྱུང་བར་བྱ་ཞེས་བཀའ་བསྩལ་ཡང་བློན་པོ་གསང་བའི་མངག་ཐོབ་པའི་གདེང་ཡོད་པ་དང༌། འཕྲལ་དུ་སྤྱན་དྲངས་པའི་ངོ་སོ་འདོད་པ་དང༌། བསོད་ནམས་ཀྱི་ཤུགས་བྲི་བ་སོགས་ཀྱི་ཉན་པར་མ་སྤྱོད་སྟེ་ཤིན་དུ་ཁྲོས། འབུལ་ཆེན་རྣམས་ཁྱེར་ནས་བོད་ཁམས་གླིང་དགུ་དམག་གིས་འཇོམས་ཟེར་ནས་སྒར་ཚུགས་གཉིས་སུ་ཕྱིར་ལོག་ཕྱག་མཛོད་པའང་དེའི་སྐྱེལ་ཐུང་དུ་འགྲོ་ཞེས་བཏེག་སྟེ་སོང༌། གོའི་ཤྲི་རྣམ་པའང་ངེད་ཚོས་རྒྱ་ནག་ལ་ཕྱག་ཕྱི་མི་སྙོགས་གསུང་ནས་ཡ་ཚད་དུ་བཏེག་སྟེ་བྱོན། བློན་པོ་དང་ཕྱག་མཛོད་པ་གྲོས་བགྲོས་སྟེ་རྗེའི་དྲུང་བཙན་ཐབས་སུ་སྤྱན་འདྲེན་གཏོང་བར་བརྩམས་པ་ན་གོའི་ཤྲི་རྣམ་པས་གསང་ཐབས་སུ་ཡར་སྤྱན་དྲངས། གོང་མའི་འབུལ་བ་རྣམས་ཕྱག་དུ་མ་ཕྱིན། བློན་པོ་མར་ཕྱིན་པ་ལམ་བར་ཐམས་ཅད་དུ་ཡོ་བྱད་ཐམས་ཅད་སུས་ཐོབ་ལ་སོང༌། དམག་མི་འུ་ལག་ཐམས་ཅད་ཀྱང་བྱེར། ཉི་ཟླ་ས་ལ་ལྷུང་བ་གཟིགས་པའི་དུས་དེ་ཉིད་དུ་གོང་མ་གནམ་དུ་གཤེགས། བོན་ལ་དད་པའི་རྒྱལ་པོ་ཅིག་བསྐོས་པས་བསྟན་པ་ལ་གནོད་པ་ཆེར་བྱས། ཐའི་ཀྱེན་ཡང་དུང་ཐའི་རྐྱེན་གྱིས་ཞུས་པས་སྲོག་ལ་མ་ཉེས་ཙམ་བྱུང་ནས་ལྡུམ་ར་གཉེར་བ་ཅིག་དུ་ཕབ། རྒྱ་ཡུལ་དུའང་ནད་མཚོན་མེ་ཆུའི་འཇིགས་པས་འཇིག་ལ་ཐུག་པ་བྱུང་བས་བློན་པོས་གོང་མའི་འབུལ་བ་རྣམས་མ་ཕུལ། ཀརྨ་པ་མ་མཉེས་པར་བྱས་པས་(པ༢༠༧བ)


PTT001_Page_1282
[མ་དཔེ་གཟིགས་ན་འདིར་གནོན།]

ལན་ཟེར་ནས་གྲུབ་ཐོབ་པག་ཤིས་ཧོར་ཡུལ་དུ་རྫུ་འཕྲུལ་བསྟན་པ་ལས་སྙན་གྲགས་མི་ཆུང་བ་བྱུང༌། ཕྱག་མཛོད་པའང་སྐུ་ཆས་ཀྱིས་གང་ཐུབ་དེ་ཚོར་བཞུགས་ནས་ཕྱིས་རྒྱལ་ཚབ་སྤྲུལ་སྐུ་སྒར་དུ་སྤྱན་དྲངས་སྟེ་ཀོང་པོར་ལྷག་མ་རྩིས་ཕུལ། འདིའི་དུས་ཕྱིར་མི་མཛེས་པ་ཆེ་ཞིང་སྐྱེ་བོ་རྣམས་སྣ་ཚོགས་པ་སྒྲོག་པ་བྱུང་ཡང་སངས་རྒྱས་ཀྱི་ཐུགས་རྗེ་སེམས་ཅན་ལ་འཇུག་པའི་ཡུལ་མ་བྱུང་བ་དང༌། བློན་པོ་དེས་ཀྱང་རྒྱལ་པོའི་དགོངས་པ་ཇི་ལྟ་བ་མ་བསྒྲུབས་པར་ལམ་ཐམས་ཅད་ལ་གང་འགོར་གྱིས་དགྲ་འདུལ་གཉེན་སྐྱོང་བྱེད་ཅིང་བསྡད་པས་བཀའ་ཆད་བྱུང་བ་དང༌། གོང་མའི་འབུལ་བ་རྣམས་གང་དུ་བསྔོས་པའི་སར་མ་ཕུལ་བར་སྡིག་གྲོགས་ཀྱི་ངག་བསྒྲུབས་པས་དཀོན་མཆོག་གི་བཀའ་ཆད་དང༌། སྐྱེས་བུ་དམ་པ་ལ་ཞེ་སྡང་བའི་རྣམ་སྨིན་ནི་མཐའ་ཡས་པས་ཡུལ་ཁྱད་པར་ཅན་ལ་མ་གུས་པའི་བསམ་སྦྱོར་གྱིས་དེ་མ་ཐག་མཐོང་ཆོས་ཡུན་རིང་པོ་ལ་མ་བལྟོས་པར་བསོད་ནམས་སྐད་ཅིག་གིས་ཟད་སྟེ་བྲན་ལྟར་གྱུར་པ་དང༌། ལོངས་སྤྱོད་ཀྱི་རླབས་དེང་སང་བོད་པའི་ཆེན་པོ་མཐའ་དག་གི་འབྱོར་པ་བསྡུས་པས་ཀྱང་མི་དོ་བ་དེ་ལྟ་བུ་ཡང་ཆུ་བུར་ཞིག་པ་ཙམ་ལས་མ་བྱུང་སྟེ་འདིས་ནི་སྐྱེས་བུ་དམ་པའི་བཀའ་བསྩལ་ཇི་ལྟ་བར་མ་བསྒྲུབས་པ་དང་སྡིག་གྲོགས་ཀྱི་ངག་ལ་ཉན་པ་དང་ཡུལ་ཁྱད་པར་ཅན་ལ་མ་གུས་ན་འདི་འདྲ་འབྱུང་ངོ་ཞེས་མངོན་སུམ་དུ་བསྟན་པར་སྣང་ཞིང༌། ལོངས་སྤྱོད་དང་འབྱོར་པ་ལ་སྙིང་པོ་མེད་པར་བསྟན་པར་སྣང་ངོ༌། །དེ་བས་ན་རྗེ་འདི་ནི་ལོངས་སྤྱོད་དང་བདེ་འབྱོར་ཐམས་ཅད་ལ་ཇི་སྙམ་དུ་མི་གཟིགས་པ་སྟེ་ཀོང་པོར་ཕེབས་ནས་ཀྱང་གཞིས་བྱེས་ཐམས་ཅད་ཀྱིས་དྲུང་གོང་མའི་འཕྲིན་ལས་ཀྱི་རྒྱུན་ཆོས་རྒྱ་དཀར་པོ་གནང་བ་སོགས་ཞུས་པ་ནའང་དྲུང་གོང་མ་རྣམས་ལུགས་གཉིས་ཀྱིས་འཕྲིན་ལས་སྐྱོང༌། ཕྱག་ཕྱི་པའང་ལུགས་གཉིས་ཀྱི་ཡོན་ཏན་ཅན་མང༌། དུས་བཟང་བ་ཡིན། དེང་སང་འོ་སྐོལ་རྣམས་དུས་ངན་པར་སྐྱེས། མི་དུས་ཐམས་ཅད་སྔར་ལས་འགྱུར། འོ་སྐོལ་ལ་བྱ་བ་(པ༢༠༨ན)


PTT001_Page_1283
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ནུས་པའི་མི་ཡང་མེད། སློབ་མ་ཆོས་འདོད་རྣམས་ཀྱང་ཆུད་འཛའ་བས་འོ་སྐོལ་གྱིས་དེ་ལྟ་བུ་སྒྲུབ་པར་མི་ནུས་ཅེས་གསུང་ནས་མ་གནང༌། ཧོར་ཐར་པ་འབུམ་གྱིས་ནན་གྱིས་གདན་འདྲེན་ཞུས་སྟེ་བྱང་འདམ་གཞུང་དུ་ཆོས་སྡེ་ཆེན་པོ་གཅིག་འདེབས། ཧོར་སྟོད་སྨད་བར་གསུམ་བྱང་གི་རུ་སྡེ་སྦྲ་ཐག་འཛིན་ནོ་ཅོག་དང་བཅས་པ་ལ་བུ་ཁྲལ་བྱས་སྟེ་ཧོར་རང་གི་གཞིས་ཀ་དང་འབྲེལ་བ་བནྡྷེ་ཁྲི་ཚོ་འདུ་བ་སྒར་པའི་ཡང་བཞུགས་གནས་ཀྱི་གཙོ་བོ་ཡོང་བ་ཞིག་བྱེད་ཅེས་ནན་གྱིས་ཞུས་པ་དང་དུ་མ་བཞེས། འཇང་ས་ཐམ་རྒྱལ་པོའི་རེ་བའང་ཡུལ་གྲུ་དེ་དག་བཞུགས་སྟེ་མཆོད་ཡོན་ལྷན་ཅིག་པས་ལུགས་གཉིས་ཀྱི་བྱ་བ་ཐམས་ཅད་བྱེད་པ་ཅིག་བཞེད་པའང་གནང་བར་མ་མཛད། ཞལ་ནས་ཀྱང་ཁོ་བོ་མཚན་ཉིད་ཀྱི་བཤད་གྲ་རང་འདོད་ནའང་རབ་སྒང་དུ་ཕྱིན་ན་ཀློག་པ་བའི་ཇོ་གདན་གཙང་མ་ལྔ་སྟོང་ཙམ་ཞིག་འདུག་པ་འདི་ཀརྨ་པ་གཅིག་པོར་འདྲིལ་བ་འདུག་སྟེ་སྙིང་པོ་མེད་པས་མ་བྱས་པ་ཡིན་གསུངས་ཤིང་སྒར་ཆེན་གྱི་སྒྲིགས་རིམ་ཡང་ཁོ་བོ་ལོ་ཉེར་དགུ་པ་ཟིང་པོ་འབུམ་པ་སྒང་དུ་ཐོག་མར་མཇལ་དུས་ཀྱང་བྲང་ཁ་ཆེན་པོ་སུམ་བཅུ་ལྷག་ཡོད་པ་ཐམས་ཅད་རིམ་པས་བསྡུ་བ་གནང་སྟེ་དབུས་གཙང་ལ་ཕེབས་དུས་བྲང་ཆེན་དངོས་ཕྱག་མཛོད། གསོལ་ཇ་ཁང༌། ཆོས་རྗེ་ནང་སོ་ཙམ་ལ་འདུས་པ་མཛད། རྒྱལ་ཚབ་སྤྲུལ་བའི་སྐུ་ཐབ་སྒོ་བཞི་སོགས་སྒར་མ་བུ་དབྱིབས་མཚུངས་པའང་རྗེའི་བཀས་ཐམས་ཅད་སྤོང་དག་མཛད་སྟེ་དཔོན་སློབ་ལྔ་དྲུག་ལ་འདུ་བ་མཛད། མདོ་སྨད་ལ་སོགས་པའི་ཡུལ་ཆེན་འབྱོར་པ་ཅན་རྣམས་སུ་སྤྱན་འདྲེན་མཐའ་ཡས་ཀྱང་ཐེགས་པར་མི་མཛད་པར་དབུས་གཙང་གི་གཞུང་མི་ཐམས་ཅད་དད་འབྱོར་ཆུང༌། ཐ་ན་རྩྭ་ཤིང་ཙམ་ཡང་དཀོན་པ་འདི་དག་དུ་སྤྱན་འདྲེན་དང་བཞུགས་གསོལ་ཆེད་དུ་མེད་ཀྱང་སྡིག་ཟས་ཉུང་བ་དང༌། ཐུགས་གཡེང་ཆུང་བ་ལ་དགོངས་ནས་བཞུགས་པར་མཛད། སྐུ་འཁོར་ཕྱིར་(པ༢༠༨བ)


PTT001_Page_1284
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་ཐམས་ཅད་ལའང་ཅི་དགོས་ཀྱི་རྫོང་བ་ཐམས་ཅད་མཛད། འོན་ཡང་ཡུལ་སྲོལ་གྱིས་མ་གྲུབ་པའི་རེ་གཉིས་བུ་ལོན་སྙེག་པ་ལྟ་བུའི་ཕལ་རྟགས་སྟོན་པ་ཡོང་ཡང་ཅིར་ཡང་མི་དགོངས། རྗེ་འདི་ལ་བསྟེན་ནས་སྔོན་མུ་ཏོ་བ་ལས་གྱུར་པ་རྣམས་ཀྱིས་ཀྱང་སྡེ་དཔོན་ཆེན་པོའི་འབྱོར་པ་ལ་ལོངས་སྤྱོད་ཅིང་ད་དུང་འཁང་བ་ལྷུར་བྱེད་པ་རྣམས་ལའང་ཐུགས་སྙོམས་པ་ཁོ་ན་ལས་ཅུང་ཟད་ཀྱང་མི་གཡོ། སློབ་མ་དམ་པ་རྣམས་ནི་འདོད་པ་ཆུང་བ་ཆོག་ཤེས་པ་རས་ཀྱི་ཆོས་གོས་གསུམ་པ་སོགས་ཀྱི་སྦྱངས་ཡོན་ཅན་མང་དུ་མི་སྨྲ་བ་བདག་གཞན་རྗེ་བའི་བྱང་ཆུབ་ཀྱི་སེམས་ཐུགས་དང་འདྲེས་པ། ཚེ་འདིའི་རྟོག་པ་དང་ཆོས་མིན་གྱི་རྟོག་པ་རྨི་ལམ་ན་ཡང་མི་རྒྱུ་བ། སྣང་གྲགས་དད་པའི་འཁོར་ལོར་ཤར་བ་རྗེ་ཉིད་དང་འདུ་འབྲལ་མེད་པའི་དག་པའི་སྣང་བ་ཅན། སངས་རྒྱས་ཀྱི་ཞིང་དང་ཡི་དམ་ལ་སོགས་པའི་གཟིགས་སྣང་འབྱམས་ཀླས་པ། གཉིད་འོད་གསལ་དུ་ཆུད་ཅིང་རྨི་ལམ་སྒྱུ་ལུས་སུ་དག་པའི་སྐྱེས་ཆེན་ཁོ་ན་བཞུགས། དམ་པ་ཁ་ཅིག་ཕྲིན་ལས་ཀྱི་གྲོགས་སུ་ཆེན་པོའི་བྱ་བ་མཛད་པ་རྣམས་ཀྱང་གསེར་དང་བོང་བར་མཚུངས་པ་ཁོ་ན་མང༌། དེས་ན་གཞན་རྣམས་བསྒྲུབ་བྱའི་སྙིག་པོར་བྱེད་པའི་ཚེ་འདིའི་ལོངས་སྤྱོད་གནས་འཁོར་ཐམས་ཅད་ནི་གྲུ་བོ་ཆེ་འཇིག་ཁའི་ནོར་རྫས་ལྟ་བུར་མཁྱེན། བསྟོད་གྲགས་ཐམས་ཅད་ནི་བདུད་ཀྱི་ལས་ཁོ་ནར་དགོངས། ངེས་པར་སྣང་བ་འདི་ནི་རྨི་ལམ་ཙམ་ཁོ་ནར་མཁྱེན་པས་ཚེ་འདི་པའི་མཐུན་འཇུག་ཐམས་ཅད་ལས་རིང་དུ་གྲོལ་བ་ཡིན་ནོ། །བྱམས་པའི་བློ་ཅན་སྙིང་རྗེའི་གདུང་ཤུགས་དང༌། །འབྲལ་བ་མེད་པར་ངེས་འབྱུང་རྣམ་པར་དག །སྡུག་བསྔལ་རྒྱུད་དང་བཅས་ལས་རྟག་སྐྱོ་ཞིང༌། །མི་རྟག་ངེས་པར་སེམས་དེར་གསོལ་བ་འདེབས། །ཅེས་པ་ནི་གཞན་དོན་རླབས་པོ་ཆེའི་རྣམ་པར་ཐར་བ་སྟེ། དེ་ཡང་བསྐལ་པ་མཐའ་ཡས་པར་བྱམས་པ་ལ་གོམས་པས་སྐུ་མཛེས་ཤིང་ལྟར་ངོམས་པ་མཐོང་མི་མཐུན་པ་མེད་པས་སེམས་ཅན་སུ་ཞིག་གིས་སྐུའི་དཀྱིལ་(པ༢༠༩ན)


PTT001_Page_1285
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་མཐོང་ནའང་ཁྲོ་བའི་ཀུན་དཀྲིས་ཞི་སྟེ་བྲམ་ཟེས་ཟླ་བ་ཚེས་པ་མཐོང་བ་ལྟར་དད་པས་མངོན་པར་དགའ་བར་འགྱུར་ལ་གང་མཐོང་ཐོས་དྲན་རེག་ཐམས་ཅད་དོན་ལྡན་འགྱུར་བའི་སྨོན་ལམ་ཆེན་པོ་བཏབ་པ་དེའི་ཕྱིར་ཞལ་མཐོང་གིས་སྨིན་གྲོལ་ཁྱད་པར་ཅན་ཐོབ་པའི་གདུལ་བྱ་བགྲང་གིས་མི་ལང་བ་འདི་ནི་འཕྲིན་ལས་ཀྱི་སྒོ་ཆེན་པོ་གཅིག་གོ །བསམ་གྱིས་ཁྱབ་པ་མ་ཡིན་པའི་ཐུགས་རྗེ་ཆེན་པོ་སེམས་ཅན་གྱི་ཁམས་ཐམས་ཅད་ལ་རྟག་པར་གོམས་པའི་གཞན་དབང་དུ་གྱུར་བས་གང་སྡུག་བསྔལ་གྱི་སྡུག་བསྔལ་ཉི་ཚེས་མནར་བ་རྣམས་ལྟ་ཅི་འཚལ། ཚངས་པ་དང་བརྒྱ་བྱིན་དང་དབང་ཕྱུག་ཆེན་པོ་དང་ཉན་རང་དང་ས་བཅུ་པའི་རྒྱལ་སྲས་ཀྱི་བར་ལ་ཡང་བརྩེ་བ་མཐའ་ཡས་པ་རབ་ཏུ་འཕེལ་ཞིང་སེམས་ཅན་གྱི་ཁམས་ན་གཅིག་ཡང་དོར་བ་མ་སྲིད་མི་སྲིད་སྲིད་པར་མི་འགྱུར་བ་འདི་ནི་ཐུགས་རྗེ་ཆེན་པོས་གཞན་དོན་མཛད་པའི་སྒོའོ། །དེ་ལ་སྐྱེས་བུ་གཙོ་བོ་རྣམས་ཀྱི་ངག་ནི་ངག་གི་སྐྱོན་རེ་བཞི་ལ་སོགས་པ་སྤངས་པ་བདེན་པ་དང་སྙན་པ་དང་ཕན་པའི་རང་བཞིན་ལས་གཞན་མ་ཡིན་པ་ནི་སྤྱིར་ཡིན་ལ། ཁྱད་པར་དུ་བརྗོད་དུ་མེད་པའི་ཡོན་ཏན་གྱི་ཕྱུག་པའི་རྗེ་བཙུན་འདི་ནི་ཤེས་བྱའི་གནས་དེ་དང་དེ་ལ་ཟླ་མེད་པའི་གྲགས་པ་ཐོབ་པ་ཁ་ཅིག་ལ་ནི་དེའི་སྤྱོད་ཡུལ་ཙམ་དུ་ཡང་མ་གྱུར་པའི་གནས་མཐའ་དག་ཤེས་བྱ་དེ་ཉིད་ལས་གླེངས་སྟེ་རྒྱས་པར་བཀའ་བསྩལ་བ་ན་རང་གི་ཤེས་པ་དང་བློ་གྲོས་ནི་གྱི་ན་ཙམ་དུ་ཤེས་པས་ཁེངས་པ་མཐའ་དག་ལྷག་མར་བྱས་སྟེ་ཡང་དག་པའི་ལམ་ལ་སྣོད་དྲངས་པོར་འགྱུར་པ་དང༌། ཁ་ཅིག་ལ་ཤེས་བྱ་དེ་ལ་ཆེས་རྨོངས་པའི་རྣམ་པར་བཀའ་བསྩལ་བ་ན་དེ་ཉིད་རང་གི་ཁེངས་པའི་ཉེས་པ་ཡིན་པར་མཐོང་སྟེ་དྲང་པོའི་གནས་འཐོབ་པ་དག་མཐོང་ངོ༌། ། བཀའ་རྒྱུད་རིན་པོ་ཆེ་དང་ཁྱད་པར་སྒྲུབ་རྒྱུད་ཀརྨ་ཀཾ་ཚང་ལ་ཆེས་ཞེན་པ་བྱས་ཡུས་ཀྱིས་སེམས་གང་བ་ཁ་ཅིག་ལ་ཞེན་པའི་ཡུལ་དེ་དག་ལ་སྨད་པ་དང་འདོར་བྱར་བསྟན་པ་ན་(པ༢༠༩བ)


PTT001_Page_1286
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཅིག་དེ་ཙམ་གྱི་ཕ་རུས་ཙམ་གྱིས་ཞེན་པ་ནི་དད་པ་ཡང་དག་པ་མིན་པའི་གནད་གོ་སྟེ་རྒྱུད་དྲང་པོར་འགྱུར་བ་དང༌། ཁ་ཅིག་ནི་དེས་ཁྲོས་འཁྲུགས་ཤིང་ཅི་བྱ་གཏོལ་མེད་པར་གྱུར་པས་ངག་གི་མ་གུས་པ་བརྗོད་པ་ལ་ཞུགས་ཤིང་འདི་ལྟ་བུ་ཅི་སྙམ་དུ་སེམས་ཤིང་རྒྱུད་རྟོགས་པ་ཁོ་ན་ལས་སེམས་ལུང་མ་བསྟན་དུ་གནས་མི་ནུས་ལ། རྒྱུད་དེས་ཁ་ཅིག་ནི་དགྲ་གཅན་ཟིན་དང་ལྷས་བྱིན་ལ་ཐུགས་སྙོམས་པ་ལྟ་བུར་ཤེས་ནས་དད་པ་ཐོབ། ཁ་ཅིག་ནི་གང་ལའང་ཞེན་པ་མི་རུང་བར་འདུག་སྙམ་ནས་རྒྱུད་དྲང་པོར་འགྱུར། ཐ་ཤལ་ཁ་ཅིག་ཀྱང་སེམས་ཅུང་ཟད་ཁུ་འཕྲིག་དུ་གྱུར་པས་ཅི་ཞིག་ན་རྗེ་འདིའི་ཡོན་ཏན་དང་རང་གི་ཉེས་པ་མཐོང་བར་འགྱུར་བ་དག་སྣང་ངོ༌། །ཚོང་དང་སོ་ནམས་དང་འདོད་པ་ལ་མངོན་པར་ཞེན་པ་རྣམས་ལ་དེ་ཉིད་ལས་བརྩམས་སྟེ་དེ་དག་གི་སྤྱོད་ཡུལ་མ་ཡིན་པའི་གཏམ་བསྟན་པས་འདུལ་བ་དང༌། ཁ་ཅིག་ནི་རང་གི་ལས་ཀྱི་མཐའ་དེས་ཡིད་འབྱུང་བ་དང༌། ཁ་ཅིག་དེ་ཉིད་ལས་བརྩམས་སྟེ་ཆོས་ཀྱི་རྣམ་གྲངས་ཀྱི་རང་བཞིན་ཁོང་དུ་ཆུད་པ་དག་སྣང་ངོ༌། །ང་རྒྱལ་གྱི་རང་བཞིན་ཅན་ཁ་ཅིག་ལ་གང་གིས་དྲེགས་པ་དེས་བསྟོད་པར་མཛད་པ་ན་བདག་གི་བསམ་པ་མཁྱེན་ཏོ་ཅེས་ཞུམ་ཞིང་ཁེངས་པ་འདོར་བ་དང༌། ཁ་ཅིག་ལ་དེ་རང་གི་སྔོན་ཚུལ་གསང་བ་པ་དག་བཀའ་བསྩལ་བས་འདུལ་བ་དང༌། ཁ་ཅིག་ལ་མ་འོངས་པ་ཇི་ལྟར་འབྱུང་བ་ལུང་བསྟན་པས་འདུལ་བ་དང༌། ཁ་ཅིག་ལ་ནི་སྨད་ཅིང་འཚང་འབྲུ་བར་མཛད་པ་ན་རང་གི་ཉེས་པ་མཐོང་སྟེ་རྒྱུད་དྲང་པོར་འགྱུར་བ་དང༌། ཁ་ཅིག་དེ་ལྟར་བཀའ་བསྩལ་བ་ན་ཡུལ་དེས་ཇི་བཞིན་མ་གོ་ལ་དེར་འཁོད་པ་གཞན་དག་ཞིག་གཞི་དེ་ལས་ལྟ་བ་དྲང་པོར་འགྱུར་བ་དང་དད་པ་ཆེས་འཐོབ་པ་སོགས་མདོར་ན་རྣམ་པ་ཐམས་ཅད་པའི་གསུང་བཀའ་བསྩལ་བ་དེ་ཐམས་ཅད་ལ་བདག་གི་ཐོས་པ་ལའང་དེས་འདུལ་བ་ཞིག་མེད་པ་ནི་འགའ་ཡང་མ་མཐོང་ངོ༌། །དེས་ན་བདག་བྱིས་པ་ཚུར་མཐོང་གི་ཡུལ་དུའང་དེ་(པ༢༡༠ན)


PTT001_Page_1287
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་ན་གཞན་ལྟ་ཅི་སྨོས་སྟེ་འདི་ནི་གསུང་ཐོས་པ་དོན་ལྡན་དུ་འགྱུར་བས་གདུལ་བྱ་འདུལ་བའི་སྒོའོ། །མདོར་ན་སྒོ་གསུམ་གྱི་མཛད་པ་མཐའ་དག་ཐོག་མ་མེད་པ་ནས་འགྲོ་བ་ཐམས་ཅད་ཀྱི་ཕན་བདེའི་རྒྱུད་གཅིག་པུར་མཛད་ཅིང་དེ་ཁོ་ན་ལྟར་བསྔོས་པ་ལས་ཇི་ལྟར་རྫ་མཁན་ཤུགས་ཆེན་པོས་སྔོན་ཡུན་རིང་དུ་བསྐོར་བའི་འཁོར་ལོ་དེ་ནི་ཕྱིས་འབད་རྩོལ་མེད་ན་ཡང་ངང་གི་འཁོར་བ་ལྟར་སྐུ་གསུང་ཐུགས་ལ་འབད་རྩོལ་གྱི་རྣམ་པ་མི་མངའ་བ་ཉིད་ཀྱིས་གཞན་དོན་འབའ་ཞིག་པར་ལྷུན་གྱིས་གྲུབ་པ་སྟེ་གང་ཞིག་གང་དུ་ངེས་པར་བྱུང་བ་མ་དམིགས་ཀྱང་སེམས་ཅན་ཐམས་ཅད་བྱང་ཆུབ་ཏུ་ངེས་པར་འབྱིན་པ་རྒྱུན་མ་ཆད་པ་འདི་ནི་བླ་ན་མ་མཆིས་པའི་ངེས་འབྱུང་གི་སྒྲུབ་པ་རྣམ་པར་དག་པ་སྟེ་ཅི་མཛད་དོན་འགྱུར་གྱི་གཞན་དོན་གྱི་སྒོ་ཆེན་པོའོ། །འདི་ལྟར་ངེས་འབྱུང་རྣམ་པར་དག་པའི་སྒྲ་གཅིག་གིས་ནི་སེམས་ཅན་ཐམས་ཅད་བྱང་ཆུབ་མཆོག་དུ་གཞུག་པར་འདོད་པའི་སྙིང་སྟོབས་ནི་ཐེག་པ་ཆེན་པོའི་ངེས་འབྱུང་དག་པ་སྟེ་གདུལ་བྱ་རྣམས་བྱང་ཆུབ་ཀྱི་སེམས་དེ་ལྟ་བུ་ལ་འགོད་པ་དང་སྐྱེས་བུ་འབྲིང་གི་རིགས་ཅན་རྣམས་ལ་འཁོར་བ་སྡུག་བསྔལ་གྱི་རང་བཞིན་དང་དེའི་རྒྱུ་ཀུན་འབྱུང་གི་བདེན་པ་བསྟན་པས་སྲིད་པ་རྒྱུ་དང་བཅས་པ་ལས་ཐར་བའི་ཐབས་སྐྱེས་བུ་འབྲིང་གི་ལམ་ལ་འགོད་པ་དང༌། ཚུ་རོལ་མཐོང་བ་པ་ཐམས་ཅད་ལའང་འདུས་བྱས་མི་རྟག་པ་དང་ཟག་བཅས་སྡུག་བསྔལ་དུ་གནས་པ་འཁོར་བའི་རང་མཚང་བསྟན་པས་ལས་འབྲས་ཀྱི་མཐོང་བ་སྐྱེས་བུ་ཆུང་ངུའི་ལམ་ལ་འགོད་པ་སྟེ་འདི་དག་ནི་བརྗོད་པ་སྒྲའི་ཆོས་ཀྱི་འཁོར་ལོས་གདུལ་བྱ་འདུལ་བའི་སྒོའོ། །མདོར་ན་དམ་པའི་ཆོས་ནུབ་པའང་ཆོས་དོན་དུ་མི་འགྱུར་བའི་གདུལ་བྱ་ཚོགས་པ་ན་དེ་དག་ལ་ཆོས་སྤངས་པའི་ཉེས་པ་མི་སྐྱེད་པར་བྱ་བའི་ཕྱིར་ཐབས་མཁས་ཀྱི་མཛད་པར་བཤད་པ་ལྟར་སངས་རྒྱས་ཀྱི་འཕྲིན་ལས་སུ་མི་འགྱུར་བའི་(པ༢༡༠བ)


PTT001_Page_1288
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ནི་འགའ་ཡང་མེད་པར་གསུངས་པ་ཡིན་ནོ། །ཉོན་མོངས་ངན་བློར་སྐད་ཅིག་མི་གཏོང་ཞིང༌། །གལ་སྟེ་ཤར་ཡང་གཉེན་པོའི་ཆུ་ལོན་ཅན། །དགེ་བའི་ངང་ཚུལ་བཟང་པོ་མི་གཏོང་བའི། །བཤེས་གཉེན་ཕན་མཛད་གང་དེར་གསོལ་བ་འདེབས། །ཅེས་པ་ནི་བརྩོན་པ་ཆུ་བོ་ལྟར་རྒྱུན་མི་ཆད་པའི་རྣམ་ཐར་སྟེ། གང་དུག་གསུམ་གྱི་ཀུན་སློང་གིས་འདུ་བྱས་པའི་ལས་རྣམས་ནི་གཅིག་དུ་གནག་པ་མི་དགེ་བ་འབའ་ཞིག་ཡིན་ལ། ཚེ་འདིའི་བསམ་སྦྱོར་གྱིས་ཟིན་པ་རྣམས་དགེ་བའི་རྣམ་པར་འདུག་ནའང་ཆོས་ལྟར་སྣང་བར་ཟད་ལ། རང་དོན་གྱི་ཞི་བ་འདོད་པས་བརྩོན་པའང་ཉི་ཚེ་བའི་མྱང་འདས་ཀྱི་རྒྱུར་ཟད་པས་བསམ་པ་ལོག་པ་དང་དམན་པ་དེ་ཐམས་ཅད་ནི་ཉོན་མོངས་ངན་བློ་ཞེས་པའི་སྒྲ་གཅིག་གིས་བསྡུས་སྟེ་དེ་ལྟ་བུའི་སེམས་སྐད་ཅིག་ཀྱང་ཐུགས་ལ་མི་སྐྱེད་ཅིང་གལ་སྟེ་བྱང་ཆུབ་སེམས་དཔའ་འཚང་རྒྱ་ཀར་བདུད་སྡིག་ཅན་གྱི་ཕོ་ཉ་སྤྲུལ་པ་ལས་འདོད་པ་དང་ཁྲོ་བ་དང་རྣམ་འཚེའི་རྟོག་པ་གསུམ་སྐྱེས་པ་ལྟར་བྱུང་སྲིད་ཀྱང་སྐད་ཅིག་དེ་ཉིད་དུ་རྣམ་པར་སུན་འབྱིན་པའི་གཉེན་པོས་སུན་ཕྱུང་ཐག་སྲིང་བའི་གཉེན་པོས་ཐག་བསྲིངས། སྤོང་བའི་གཉེན་པོས་གཞི་མེད་དུ་སྤངས་སྟེ་རྟེན་གཉེན་པོ་ཆུ་ལོན་ལྟ་བུས་ཉེས་པའི་ཆུ་བོ་གང་དག་ནམ་དུ་ཡང་འབབ་པ་མེད་པར་བྱས་སྟེ་ཐོག་མ་དང་བར་དང་མཐའ་མར་དགེ་བ་སྡོམ་པ་གསུམ་གྱི་ངང་ཚུལ་བཟང་པོ་མི་ཉམས་ཤིང་གོང་དུ་འཕེལ་བའི་སྒོ་ནས་འགྲོ་བ་མ་འདྲིས་པ་ཐམས་ཅད་ཀྱི་བཤེས། རྒྱུ་མེད་པར་གཉེན་གཤིན་པ། ཙནྡན་དང་སྟེ་འུར་མཚུངས་པས་ཐམས་ཅད་ཀྱི་མཛའ་བོ་གཅིག་པུར་བར་གྱུར་སྟེ་སུ་ཞིག་ཇི་ལྟར་བྱེད་ཀྱང་དེའི་ལན་ཕན་པ་འབའ་ཞིག་གི་སྒྲུབ་པར་མཛད་ཅིང་ཐ་ན་སྒོ་གསུམ་ལུང་མ་བསྟན་དུ་བཞུགས་པའི་སྐབས་ཀྱང་མེད་པར་ཆོས་སྤྱོད་ཀྱི་དགེ་བ་བཅུ་འབའ་ཞིག་གིས་ཉིན་མཚན་ཁོ་མོར་འདའ་བར་མཛད་པའོ། །གཟུ་བོར་གསུང་རབ་(པ༢༡༡ན)


PTT001_Page_1289
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལ་མཉམ་བཞག་ནས། །དྲངས་ངེས་སོ་སོར་འབྱེད་པའི་ཤེས་རབ་ཀྱིས། །ཅལ་སྒྲོག་རྗེས་སུ་རྒྱུག་པར་མི་བྱེད་པར། །ངེས་དོན་དམ་པ་འཆད་དེར་གསོལ་བ་འདེབས། །ཞེས་པ་ནི་ཆོས་ཀྱི་སྒོ་ཐམས་ཅད་གཞན་དྲིང་ལ་མི་འཇོག་པར་ཆུབ་པའི་རྣམ་པར་ཐར་པ་སྟེ། དེ་ཡང་རྒྱ་མཚོ་ཆེན་པོ་ནས་དེད་དཔོན་དག་གི་གྲུ་བོ་ཆེ་བཤམས་པ་དོན་མཐུན་དང་བཅས་པ་དག་གིས་རྒྱ་མཚོའི་ཁོལ་བུ་ཅུང་ཟད་ཅུང་ཟད་དུ་བགྲོད་ནས་རང་གི་སྐལ་བ་དང་འཚམས་པའི་ནོར་བུ་ལེན་ཞིང་དེས་ཡུལ་དུས་དེར་རང་གཞན་ལ་ཕན་པ་སྒྲུབ་པར་ཟད་ཀྱི་རྒྱ་མཚོ་མ་ལུས་པ་བགྲོད་ཅིང་ནོར་བུ་ཐམས་ཅད་རྟོགས་པར་བྱས་པ་ནི་འགའ་ཡང་མེད་པ་ལྟར་སྟོན་པའི་གསུང་རབ་ཀྱི་རྒྱ་མཚོ་གཞལ་དུ་མེད་པ་ལས་གྲུབ་པའི་མཐའ་སོ་སོ་སྨྲ་བའི་སློབ་དཔོན་སློབ་དཔོན་དག་གི་ཆོས་ཀྱི་རྣམ་གྲངས་དག་ལས་རང་གི་སྐལ་བ་དང་འཚམས་པ་དང་བློར་བཤིན་པའི་དོན་དོན་ཙམ་རྙེད་པར་ཟད་ཀྱི་ཆོས་ཀྱི་རྒྱ་མཚོ་ཐམས་ཅད་ཀྱི་ཚིག་དོན་ཁོང་དུ་འཐུངས་པ་ནི་འགའ་ཡང་ཡོངས་པར་མ་གཟིགས་པས་ན་བདག་སློབ་དཔོན་འདི་དང་འདི་ཁོ་ནའི་རྗེས་སུ་འཇུག་གོ་ཞེས་མཐའ་གཅིག་དུ་ཞེན་པར་མི་མཛད་སྟེ་རང་ཕྱོགས་ལ་བཤིན་པ་དང་གཞན་ཕྱོགས་ལ་འཁུ་བའི་ཟུག་རྔུ་མེད་པར་ཐམས་ཅད་ལ་གཟུ་བོར་གནས་པའི་བློ་གྲོས་ཟབ་ཅིང་གཏིང་དཔག་དཀའ་བས་གསུང་རབ་ཡན་ལག་བཅུ་གཉིས་སམ་མདོ་རྒྱུད་མན་ངག་ཐམས་ཅད་ཀྱི་ཚིག་དོན་དང༌། ཆོས་ཀྱི་རྣམ་གྲངས་དེ་འབྱུང་བའི་རྒྱུ་ཏིང་ངེ་འཛིན་གྱི་རྒྱལ་པོ་དང་དམ་ཆོས་པདྨ་དཀར་པོ་ལ་སོགས་པ་ཏིང་ངེ་འཛིན་གྱི་གནས་རྣམས་ལ་མཉམ་པར་བཞག་སྟེ་ཕར་ཕྱིན་ཐེག་པར་རྣམ་པར་བཤད་པའི་སྒོ་བཅུ་བཞི་ལ་སོགས་པའི་སྒོ་དང་དགོངས་ལྡེམ་དགོངས་ཀྱི་དོན་རྣམ་པར་གཞག་པ་དང་སྔས་བླ་ན་མེད་པ་རྣལ་འབྱོར་ཕའི་རྒྱུད་དུ་རྒྱན་བདུན་དང་མཐའ་དྲུག་ཚུལ་བཞི་ལ་སོགས་པའི་སྒོ་ནས་གཏན་ལ་ཕབ་སྟེ་གདུལ་བྱའི་སྐལ་བ་བཞིན་(པ༢༡༡བ)


PTT001_Page_1290
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པར་མཛད་ཀྱི་གཅིག་དུ་མངོན་པར་ཞེན་པ་ཁོ་ནས་ནི་མ་ཡིན་སྟེ་གདུལ་བྱ་ཁ་ཅིག་ལ་དྲང་དོན་དུ་འགྱུར་བ་དེར་ཁོ་ན་ཁ་ཅིག་ལ་ངེས་དོན་དུ་གྱུར་བ་སོགས་དང༌། སྐབས་འགར་དྲང་དོན་དུ་བསྟན་པ་དེ་སྐབས་འགར་ངེས་དོན་དུ་འགྱུར་བ་སོགས་སྲིད་པའི་ཕྱིར་དང་རྣམ་པ་གཅིག་དུ་ན་ཆོས་ཐམས་ཅད་བརྗོད་དུ་མེད་པ་བརྗོད་པའི་ཕྱིར་དྲང་བའི་དོན་ཁོ་ན་དང༌། རྣམ་པ་གཅིག་དུ་ན་སངས་རྒྱས་ཀྱི་གསུང་ནམ་ཡང་མི་བསླུ་ཞིང་གདུལ་བྱ་དེར་བལྟོས་ཀྱི་ངེས་དོན་ཡིན་པའི་ཕྱིར་ཐམས་ཅད་ངེས་དོན་དུ་བཞག་ཡང་མི་འགལ་བའི་ཕྱིར་རོ། །དེས་ན་རྒྱལ་བའི་དགོངས་པ་འགྲེལ་པར་བྱེད་པ་ལ་འཕགས་པའི་ཡུལ་དུ་ཤིང་རྟའི་སྲོལ་ཆེན་པོ་གཉིས་ཇི་ལྟ་བ་བཞིན་དུ་བདག་ཉིད་ཆེན་པོ་འདི་ནི་གསུང་རབ་མཐའ་དག་ལ་ལ་རང་དབང་དུ་འགྲེལ་པའི་མཐུ་ཐོབ་པ་ཡིན་ལ་བོད་ཡུལ་འདི་ན་ནི་སྔ་མ་སྔ་མའི་ཅལ་སྒྲོག་གི་རྗེས་སུ་ཐམས་ཅད་རྒྱུག་ཅིང་གྲགས་པའི་རྗེས་ཙམ་དུ་འབྲེང་བར་ཟད་ཀྱི་རང་གི་བློ་གྲོས་ཀྱི་མཐུས་དཔྱོད་པར་ནུས་པ་ནི་འགའ་ཡང་དཀའ་བར་མཐོང་ལ། དཔྱོད་པར་རློམ་པ་རྣམས་ཀྱང་བྱ་རོག་སོ་རྟོག་ལྟ་བུའི་ཞིབ་ཆ་ཐར་འདོད་ལ་བྱ་བ་ངན་ཞེན་གྱི་ལེ་ལོ་སྟེར་བ་ཞིག་དང་སྔོན་སུས་ཀྱང་མི་རྙེད་པའི་ལྟ་བ་ཡིན་ཞེས་སྐྱི་གཡའ་བའི་གནས་ཤིག་སྟོན་པར་སྣང་ལ་བདག་ཉིད་ཆེན་པོ་འདི་ནི་དེ་ལྟ་བུ་མ་ཡིན་སྟེ་སྡེ་སྣོད་རྒྱུད་སྡེ་མཐའ་དག་ལ་སྔོན་གྱི་ཆེན་པོ་དག་གི་དཔྱད་པར་མ་ནུས་པའི་དཀའ་བའི་གནས་མཐའ་དག་མིག་ཕྱེ་བ་ལྟར་འགྲེལ་པ་དང༌། ལྟ་བའི་ཚུལ་གསལ་བར་མཛད་པ་རྣམས་ནི་བྲམ་ཟེ་ཆེན་པོ་ས་ར་ཧ་དང་བདག་ཉིད་ཆེན་པོ་ཀླུའི་ཞབས་ཡབ་སྲས་ཀྱི་བཞེད་པ་ཇི་ལྟ་བ་སྟེ་རྒྱ་བོད་ཀྱི་གྲུབ་པ་ཆེན་པོ་ཐམས་ཅད་མགྲིན་གཅིག་དབྱངས་གཅིག་པ་ཉིད་ལས་ཁྱད་པར་དུ་རྗེ་འདིའི་གསུང་རྣམས་དཔྱིས་ཕྱིན་མཐའ་ཆོད་དཔྱོད་ལྡན་གྱི་སོམ་ཉི་དྲུངས་ནས་འབྱིན་དམིགས་གཏད་ཀྱི་མཚན་མ་གཞིག་ནུས་པས་ཆེས་ཁྱད་པར་དུ་འཕགས་པ་ཉིད་དོ། །(པ༢༡༢ན)


PTT001_Page_1291
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོར་གྲགས་ལ་བརྩེ་ཞིང་བརྗོད་བྱེད་བློ། །སྨོན་ལམ་དག་པ་རྣམས་ཀྱིས་མཚམས་སྦྱར་ནས། །དགེ་ལ་སྦྱོར་བའི་བློ་གྲོས་སྤྱོད་པའི་རྟེན། །ཡོངས་སུ་བསྔོ་བར་མཛད་དེར་གསོལ་བ་འདེབས། །ཅེས་པ་ནི་སྲིད་ཞི་གཏན་སྒྲོལ་གྱི་འཕྲིན་ལས་མཛད་པའི་རྣམ་པར་ཐར་པ་སྟེ། ཆེན་པོར་གྲགས་པ་ཅེས་བྱ་བའི་སྒྲ་ནི་ཆེན་པོ་མ་ཡིན་ཡང་ཞེས་བྱ་བའི་ཐ་ཚིག་གོ །དེ་གང་ཞེ་ན་འཁོར་ལོས་བསྒྱུར་བ་དང་བརྒྱ་བྱིན་དང་ཚངས་པ་དང་དབང་ཕྱུག་ཆེན་པོ་ལ་སོགས་པ་སྟེ་འཇིག་རྟེན་པ་རྣམས་ཀྱིས་སྐྱབས་གནས་སུ་མངོན་པར་ལྟ་བ་དེ་དག་གོ །དེ་དག་ཀྱང་སྙིང་པོ་དང་ལྡན་པ་མ་ཡིན་སྟེ་འཁོར་བའི་བདེ་འབྲས་རེས་འགའ་བ་ཙམ་དེ་རེ་ཞིག་མྱོང་བ་དང་འདུས་བྱས་ཀྱི་རང་བཞིན་རྣམ་པར་ལྟུང་བ་ལས་མ་འདས་པའི་ཕྱིར་རོ། །དེར་མ་ཟད་ཉན་ཐོས་དང་རང་སངས་རྒྱས་དང་ས་བཅུ་པའི་བར་ཡང་བཙན་སར་ཕྱིན་པ་མ་ཡིན་སྟེ་མགྲོན་པོ་ལམ་དུ་ལུས་པ་ལྟ་བུ་བསམ་པའི་མཐའ་མ་རྫོགས་པ་ཉིད་ཀྱི་ཕྱིར། དེ་ཐམས་ཅད་ལ་ལྷག་པར་བརྩེ་བའི་ཐུགས་རྗེའི་རླབས་དམིགས་པ་མ་མཆིས་པ་མངོན་པར་གཡོ་བས་ཆེས་བརྗོད་ཅིང་ཕན་འདོགས་པར་འདོད་པའི་བློ་གྲོས་ཡངས་ཤིང་ཚད་ལས་འདས་པ་གོང་ནས་གོང་དུ་བསྐྱེད་སྟེ་གང་ལ་གང་གིས་འདུལ་བའི་མཛད་པ་དང་སྨོན་ལམ་གྱི་ཁྱད་པར་རྒྱ་མཚོ་མཐའ་ཡས་པས་གདུལ་བྱ་དང་འདུལ་བྱེད་ཀྱི་འབྲེལ་བའི་མཚམས་སྦྱར་ནས་རྒྱུ་དགེ་བ་དང་འབྲས་བུ་བྱང་ཆུབ་ལ་སྦྱོར་བའི་འཕྲིན་ལས་མཛད་ཅིང་རྒྱུ་དེས་གདུལ་བྱ་མཆོག་དམན་ཐམས་ཅད་ཀྱི་རྒྱུད་ལ་ཐེག་པ་མཆོག་གི་བློ་གྲོས་ཁྱད་པར་ཅན་རྫོགས་པའི་བྱང་ཆུབ་སྐྱེད་པའི་རྟེན་དུ་བདེ་དགེ་ཇི་སྙེད་པ་རྣམ་པ་ཐམས་ཅད་པ་དང་དུས་ཐམས་ཅད་པར་ཚུལ་ཐམས་ཅད་པས་ཡོངས་སུ་བསྔོ་བར་མཛད་ཅིང་དེས་ན་ན་མཁའ་ཇི་སྲིད་པ་དང་སེམས་ཅན་ཇི་སྲིད་པ་དེ་སྲིད་དུ་འཕྲིན་ལས་ཀྱི་རྒྱ་མཚོ་ནམ་ཡང་ནུབ་པ་མ་མཆིས་ཤིང་སངས་རྒྱས་ཐམས་ཅད་(པ༢༡༢བ)


PTT001_Page_1292
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འཕྲིན་ལས་དང་རྣམ་པར་དབྱེ་པ་མེད་པའོ། །དེ་ལྟར་ཡོན་ཏན་བརྗོད་ལས་དགེ་གང་ཐོབ། །ཡོན་ཏན་དེ་ལྡན་ཡོན་ཏན་བརྗོད་པོའི་ངག །བྱང་ཞིང་ཆུབ་པས་ལུས་སེམས་དོན་ལྡན་པ། །ཀརྨ་པ་ཡི་དགོངས་པ་རྫོགས་བྱེད་ཤོག །ཞེས་པ་ནི་བསམ་གྱིས་མི་ཁྱབ་པའི་སྔོ་བས་མཐའ་བསྡུ་བ་སྟེ། དེ་ལྟར་རང་ཉིད་ལ་ཇི་ལྟར་ལྡན་པ་ཆོས་སྒྲོ་བཏགས་པ་དང་སྐུར་བ་བཏབ་པ་མེད་པར་བརྗོད་པའི་ཆོས་ཀྱི་རྣམས་གྲངས་འདི་བརྩམས་པ་དང༌། གཞན་དག་གིས་འདིའི་དོན་ཤེས་པ་དང་དད་པ་དང་སྒྲུབ་པ་དང་ཁ་ཏོན་དུ་བྱེད་པ་སོགས་ལས་དངོས་དང་བརྒྱུད་པའི་དགེ་བ་གང་ཞིག་ཐོབ་པ་གང་སྔོ་བར་བྱ་བའི་རྒྱུའོ། །ཡོན་ཏན་དེ་དང་ལྡན་པའི་ཡོན་ཏན་བརྗོད་པ་པོ་ནི་རྗེ་ཉིད་སྟེ་བསྔོ་བ་པོའོ། །ཅི་རང་གི་ཡོན་ཏན་བརྗོད་པས་དགེ་བ་ཐོབ་བམ་ཞེ་ན་ལོས་འཐོབ་སྟེ་དཔེར་ན་རྒྱ་ཆེར་རོལ་པའི་མདོ་སྟོན་པ་ཉིད་ཀྱི་མཛད་པ་ཉིད་ཀྱིས་བཀའ་བསྩལ་པ་ལས་གདུལ་བྱ་ཇི་སྙེད་ཅིག་སྨིན་གྲོལ་དུ་བྱས་པའི་དགེ་བ་ལྟ་བུའོ། །གང་དུ་བསྔོ་ན་གནས་སྐབས་སུ་ནི་རྗེ་ཉིད་ཀྱི་གསུང་ངག་བྱང་ཞིང་སྒྲ་གསལ་དག་དུ་ཆུབ་པ་སྟེ་གསུང་ངག་ཅུང་ཟད་མ་བྱང་བ་སེལ་ཕྱིར་བསྔོ་བར་མཛད་ལ། མཐར་ཐུག་དུ་ནི་ལུས་དོན་ལྡན་གཟུགས་ཀྱིས་སྐུ་དང་སེམས་དོན་ལྡན་ཆོས་ཀྱི་སྐུར་མངོན་པར་རྫོགས་པར་སངས་རྒྱས་སྟེ་སེམས་ཅན་ཐམས་ཅད་དེ་ལྟར་འགོད་པས་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་གཅིག་པའི་དངོས་པོ་རྒྱལ་བ་དོན་ཡོད་གྲུབ་པ་དང་ཐ་མི་དད་པ་ཀརྨ་པའི་བཞེད་པ་རྫོགས་ཕྱིར་བསྔོས་པའོ། །བསྟོད་པ་འདི་ནི་ཆོས་རྣམ་ཐར་ཀྱི་ཚུལ་དུ་བསྟན་པ་གདམས་ངག་འདོམས་པའི་ཆེད་དུ་ཡང་ཡིན་སྟེ་ཚིགས་བཅད་དང་པོས་བསྟན་པར་མིང་བཏགས་པ་ཙམ་གྱིས་ཚིམ་པར་མི་བྱ་བར་བསྟན་པ་དངོས་ཡང་དག་པ་འཚོལ་ལ་ཞུགས་རྫོགས་གྱིས་ཅིག་པ་དང༌། ཆོས་དང་ཆོས་མ་ཡིན་པ་ལེགས་པར་ཤེས་ལ་བཅས་རང་གི་ཁ་ན་མ་ཐོ་བ་སྤོངས་ཅིག་པ་དང། དགེ་བའི་བཤེས་གཉེན་ཚད་(པ༢༡༣ན)


PTT001_Page_1293
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་སྲོག་གྱིས་ཟུངས་སུ་བསྟེན་ཞིག་པ་དང༌། ཅིས་ཀྱང་དགོས་མེད་དྲན་པས་ཆོག་ཤེས་པར་གྱིས་ཅིག་པ་དང༌། ཐེག་ཆེན་ཀྱི་ངོ་བོ་བྱང་ཆུབ་ཀྱི་སེམས་སྦྱོངས་ཅིག་པ་དང༌། རང་རྒྱུད་ཀྱི་གནས་སྐབས་ཁོ་ན་ལ་རྟོགས་ལ་རང་རྒྱུད་ཐུལ་ཞིག་པ་དང༌། ཅལ་སྒྲོག་གིས་ཚིམ་པར་མི་བྱ་བར་གཟུར་གནས་ཀྱི་ཤེས་རབ་ཀྱིས་རྟོགས་ཅིག་པ་དང༌། རྫོགས་པའི་བྱང་ཆུབ་ལས་གཞན་པ་སྨོན་བྱའི་ཡུལ་དུ་མི་རུང་བས་དེ་ཐོབ་ནས་སྲིད་ཞི་གཏན་སྒྲོལ་ཁོ་ན་དོན་གཉེར་དུ་གྱིས་ཅིག་པ་དང༌། དགེ་བ་ཐམས་ཅད་བྱང་ཆུབ་དམ་པར་བསྔོས་ཅིག་པ་རྣམས་གདམས་ངག་དུ་བྱ་བ་སྟེ་ཚིགས་བཅད་རེ་རེས་བསྟན་ཏོ། །དེ་ལྟར་རྣམ་ཐར་གྱི་གཙོ་བོ་རྣམས་བསྟན་ནས་ཐུན་མོང་གི་སྐྱེ་བོ་དག་ལ་མཛད་པའི་གོ་རིམ་ཇི་ལྟར་སྣང་བ་ནི། དེ་ལྟ་བུའི་ཡོན་ཏན་གྱིས་མངའ་འབྱོར་བའི་བདག་ཉིད་ཆེན་པོ་འདི་ཉིད་རབ་སྒང་ནས་ནུབ་ཕྱོགས་སུ་ཆིབས་ཁ་བསྒྱུར་སྟེ་ཀྲེ་རོང་ལྕགས་གསུམ་གྱི་སར་ཕེབས། ཀྲེ་བོ་སར་རི་རྩེ་ཞིག་དུ་ཅུང་ཟད་བཞུགས་ནས་འདིར་དགོན་པ་ཐོབ་ཅིག་པའི་བཀའ་གནང་ནས་བཏབ་པ་ལྷུན་པོ་རྩེར་གྲགས་སྟེ་སྐུ་སྐྱེ་བ་ཕྱི་མའི་བཞུགས་གནས་ལ་དགོངས་པར་འདུག །སླར་ཀརྨ་ཕྱོགས་སུ་ཕེབས་པའི་འོར་ཆེན་ཀྱི་ལ་རྩར་རྒྱལ་པོ་དཔལ་ཤེས་ཁྱེད་ད་རེས་རྒྱ་ཡུལ་དུ་མ་བྱོན་པ་ལེགས། རྒྱའི་ལྷ་འདྲེ་རྣམས་ཁྱེད་སྤྱན་འདྲེན་དུ་བྱུང་བས་ངེད་བོད་ཀྱི་གཞི་བདག་རྣམས་དང་རབ་སྒང་དུ་འཁྲུགས་པ་བྱུང་ནས་བོད་རྒྱལ་པ་ཡིན། ཁྱེད་ཀྱི་འཕྲིན་ལས་ངེད་ཐམས་ཅད་ཀྱིས་སྒྲུབ་པར་བྱས་ཟེར། ཀརྨ་རི་བོ་ཆེ་རེ་དཀར་སོགས་གསུམ་སོགས་ནས་ལྷོ་རོང་རྒྱུད། ཁྱུང་ཐོ་ལ་བརྒལ་སྟེ་ཕོ་ལོང་དགོན་ཡེ་གོང་ཀློ་ལམ་དཀར་ནག་རོང་ཀླུ་ནང་སོགས་ལམ་སོ་སོར་འགྲོ་དོན་མཛད། སློབ་དཔོན་པདྨ་སོགས་ཞལ་གཟིགས་དུ་མ་བྱུང༌། དགུང་ལོ་བཅུ་བདུན་པ་ཆུ་ལུག་ཧོར་ཟླ་གཉིས་པ་ལ་མཁན་ཆེན་ཤཱཀྱ་བཟང་པོ། བླ་མ་གྲགས་རྒྱལ་བ། བླ་མ་ཆུ་དཀའ་ཐུབ་པ་སོགས་ཀོང་སྟོད་སྨད་ཀྱི་(པ༢༡༣བ)


PTT001_Page_1294
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་སྲིད་ཐམས་ཅད་ཀྱིས་ཇ་འདྲེན་གྱི་རིམ་པ་དང་བཅས་སྟེ་དེ་མོ་ལ་ནང་ནས་རྒྱལ་འཛིན་ཏ་བ་སྟོད་ལ་སོགས་པར་ཕེབས། འབུལ་ཞབས་ཀྱིས་མཆོད། གྱང་ཐོ་སྤྲུལ་སྐུ་སོགས་གྱང་ཐོ་ཀར་སྲིད་ཀྱིས་བསུས་ཤིང་ནམ་ཐོས་ཚལ་དུ་ནམ་དཀར་གླིང་གསུམ་གྱིས་འབུལ་ཞབས་རྒྱ་མཚོས་མཆོད། དྲུང་བཀྲ་ཤིས་དོན་གྲུབ་པའི་དགོངས་རྫོགས་ཀྱི་སྨོན་ལམ་མཛད། ཀརྨ་བུ་ཆུ་སོགས་ཀྱི་མཆོད་སྤྲིན་བཞེས་སྟེ་ཧོར་ཟླ་ལྔ་པའི་ཡར་ཚེས་ནས་རྣམ་ཐོས་ཀྱི་རི་བོར་ཕེབས་སྟེ་བྱེ་མཛོད་ཀྱི་གཟིགས་རྟོགས་མཛད་ཅིང་སྐུ་གསུང་ཐུགས་རྟེན་དང་ནོར་སྣ་ཁྱད་པར་ཅན་རྣམས་གཟིགས་ཤིང་ཁ་ཡིག་མེད་པ་རྣམས་ལ་འདིའི་དུས་འདི་ལྟར་བྱུང་གི་ལོ་རྒྱུས་རྒྱས་པ་རེ་གསུངས། ཆོས་རྗེ་མཁན་ཆེན་པ་ལ་བཀའ་གནང་སྟེ་ཀརྨ་ཕུ་སྟེང་གི་འཁྲུགས་པ་འདུམས། དེའི་ཚེ་དཔལ་ཤ་ཝ་ར་སྨུག་ནག་རས་ཀྱི་སྨད་དཀྲིས་དང་རུས་རྒྱན་ཅན་ཐོར་ཚུགས་དར་དམར་གྱིས་བཅིངས་པའི་སྣ་གཡས་གཡོན་དུ་འཕྱང་བ། ཐུགས་ཀར་གྲི་ཐོད་འཛིན་པ་སྙན་གཡས་ཨུཏྤལ་དཀར་པོས་བརྒྱན་ཞིང་སྐུ་སྨད་གཡས་ཟུར་དུ་རྨ་བྱའི་སྒྲོ་ཆུན་དཔྱངས་པ་སྟེང་དུ་གཟུགས་གཞན་མི་མངོན་ལ་གསེར་གྱི་གདུབ་བུ་མང་པོ་དང་སོར་གདུབ་འཁྲོལ་པ་ཙམ་སྣང་བའི་མཁའ་འགྲོ་མས་རྨ་བྱའི་གདུགས་བཟུང་བ། ཌཱ་ཀི་མ་གསེར་གྱི་དྲིལ་ཕྲེང་འཁྲོལ་བ་གཉིས་ཀྱི་ཞབས་ནས་འདེགས་པ་ཅིག་བདག་ལ་རྟོགས་པ་དྲིར་བྱུང་གསུངས་སྟེ་དེའི་ལན་གནང་བ་ནི། ས་དང་པོའི་རྟོགས་པ་གང་ཡིན་ན། །སྣང་སྟོང་ཟུང་འཇུག་ཆོས་ཀྱི་སྐུ། །བདེན་མེད་སྤྲིན་དར་ན་བུན་བཞིན། །ཨེ་མ་ཧོ། ས་ལྔ་པའི་རྟོགས་པ་གང་ཡིན་ན། །གསལ་སྟོང་ཟུང་འཇུག་ཆོས་ཀྱི་སྐུ། །གཉིས་མེད་རྣམ་དག་འོད་གསལ་བ། །ས་བརྒྱད་པའི་རྟོགས་པ་གང་ཡིན་ན། །བདེ་སྟོང་ཟུང་འཇུག་ཆོས་ཀྱི་སྐུ། །སྤྲོས་བྲལ་འགྱུར་མེད་མཁའ་རྡོ་རྗེ། །ས་བཅུ་པའི་རྟོགས་པ་གང་ཡིན་ན། །རིགས་སྟོང་དབྱེར་མེད་ཆོས་ཀྱི་སྐུ། །སྒྲིབ་གཉིས་རང་གྲོལ་ཨེ་མ་ཧོ། །ཞེས་གསུངས་པས། (པ༢༡༤ན)


PTT001_Page_1295
[མ་དཔེ་གཟིགས་ན་འདིར་གནོན།]

རང་གིས་རང་ལ་ལྟོས་དང་གཞན་ན་མེད་ཏོ། །དེ་ལྟར་གྱི་ཤེས་པ་འདི་ཡེ་ཤེས་ཡིན་གཅིག་ལས་མེད་ཏོ། །གཅིག་དེ་སེམས་ཅན་ཡང་ཡིན་སངས་རྒྱས་ཀྱང་ཡིན། ད་ལྟའི་ཤེས་པའི་རང་གདངས་འདིར། །ངལ་བ་ཆེན་པོ་མ་བྱེད་ཅིག །འདི་ལས་གཞན་དུ་མེད་ཅེས་གསུངས། །གྱི་ལིང་ཚལ་དུ་གསེར་གླིང་བླ་མ་ཆོས་ཀྱི་རྒྱལ་མཚན་གྱིས་ཉིད་ཀྱི་རྣམ་ཐར་ཞུས་པ་ལ། བདག་ནི་ཆུང་བའི་དུས་ནས་ཀྱང༌། །འདོད་ཡོན་རྨི་ལམ་སྒྱུ་འདྲར་རིག །བདག་ནི་ངེས་འབྱུང་ཀུན་བླངས་ནས། །སོར་ཐར་གསེར་གྱི་བུམ་པ་ནི། །ཉེས་ལྟུང་དྲི་མས་གོས་པ་མེད། །སེམས་བསྐྱེད་པདྨ་དཀར་པོ་ལ། །རང་དོན་བ་མོས་མ་གོས་སོ། །རྡོ་རྗེ་ཐེག་པའི་ཤིང་རྟ་ལ། །ཐ་མལ་རྣམ་རྟོག་རྡུལ་གྱི་འཚུབ། །སྐད་ཅིག་ཙམ་ཡང་མི་སྣང་ངོ༌། །སོགས་གསུངས། བླ་མ་རུ་པ་དར་ཀྲེ་ཆུང་བས་མཇལ་སྟེ་འབུལ་ཆེན་བྱས། སྤྱན་སྔ་ཐམས་ཅད་མཁྱེན་པའི་ཇ་ཞུས་ཞུ་ཡིག་བླ་མ་གདན་ས་པ་དང་དབོན་པོ་ཆོས་སྐྱོང་གིས་ཕུལ། འདིའི་དུས་སྤྱན་སྔ་ཐམས་ཅད་མཁྱེན་པའང་སྔར་དཔོན་སློབ་མཐུན་སྦྱོར་ལྟར་སྣང་བའི་འགལ་རྐྱེན་རྣམས་ཀྱི་གནས་ཚུལ་ཡང་མཁྱེན་པས་ཞལ་མཇལ་བར་ཆེས་བཞེད་ཅིང་སླར་ཡང་དབོན་པོ་ཆོས་སྐྱོང་བ་གནང་ནས་སྔར་ངེད་རང་གི་ལས་དབང་གིས་ཕྱིས་མཇལ་མ་ཐུབ་པ་ལ་སེམས་འགྱོད་པར་ཡོད། ད་ང་རང་གིས་གདན་འདྲེན་གྱི་དངོས་གཞི་བྱེད་ཅིས་ཀྱང་ཕེབས་པ་ཅིག་ཞུ། ཕེབས་ལམ་ཡང་ཡར་ཀླུངས་ཕྱོགས་འདི་ལ་གནང་ན་ངེད་ཐེལ་གྱི་གོ་ས་འདིས་ཐེལ་པའི་ལས་ཚན་སྒྲིག་དགོས་ཟེར་ནས་དང་པོའི་འདྲ་བ་ཞིག་ལས་མི་འོང་བས་ཉང་ཁ་ཕྱོགས་འདི་ལ་ཕེབས་པར་ཞུ། བྲག་གསུམ་དུ་ང་རང་རྒན་པོ་གདན་འདྲེན་ལ་ཡོང༌། མཇལ་ལུགས་ཀྱང་དབུའི་བྱིན་རླབས་ཙམ་གནང་བ་འདུག་ན་ང་བོད་ཡུལ་གྱི་བནྡྷེའི་རྒན་མགོར་འདུག་པས་མི་འགལ། ཆེད་དུ་ཞུ་རྒྱུ་ནི་མིན། གཞན་ངེད་རང་སྒར་པའི་སྲོལ་དཀར་ཡོལ་གྱི་ཤུབས་ཐག་མཛུབ་མོ་ལ་གྱོན། གདིང་བ་ཁྱེར་ནས་ཡོང་བ་ཡིན་པས་གནང་དཀའ་གཏན་མི་(པ༢༡༤བ)


PTT001_Page_1296
[མ་དཔེ་གཟིགས་ན་འདིར་གནོན།]

དགོས། འབྲི་སྟག་གི་ཆོས་རྗེ་ཞལ་བཞུགས་འདི་ཐམས་ཅད་ངེད་རང་གི་སློབ་མ་ཁོ་ན་ཡིན་པས་འདི་དག་ཀྱང་དཀའ་བ་མེད་པར་ཞལ་སློབ་ཏུ་ཆུད་པ་ཅིག་འོང༌། འདི་ལྟར་མིན་ན་འདི་ཚོ་ཀྱང་མཇལ་ཕྲད་ཀྱི་དཀའ་གནས་ཅི་ཞུ་མི་ཤེས། ཕེབས་རྗེས་ང་རང་གི་དགོན་གནས་མཆོད་གཞིས་ཡོན་བདག་སློབ་མ་ཐམས་ཅད་དྲུང་ཉིད་ལ་འབུལ་གསུང་བའི་ཞུ་ཡིག་དོ་གལ་ཅན་ཕུལ་ནའང་སྒར་དཔོན་རྣམས་ཀྱི་བཀའ་གྲོས་ལ་དེ་ལྟ་ན་ཆོས་གསན་པ་འཆར་ཞིང་དེ་མི་ལེགས་པའི་བཀའ་གྲོས་བྱུང་སྟེ་སྐུ་དབང་མ་འདུས་པའི་བཀའ་ཤོག་ནང་མ་གནང་བ་ནས་སྤྱན་སྔ་ཐམས་ཅད་མཁྱེན་པའང་སྐུ་ཚེའི་འཕེན་པ་གཏོང་བར་མཛད་སྟེ་མི་རིང་བར་མྱ་ངན་ལས་འདས་པར་སྣང༌། ཏང་རྩར་བཞུགས་དུས་ཁམས་ནས་ཕྱག་མཛོད་པ་བཀྲ་ཤིས་བཟང་སླེབས། རྗེ་འདི་ནི་ཉེས་བྱེད་ལ་ལྷག་པར་བརྩེ་བས་རྗེས་སུ་འཛིན་པ་མ་གཏོག་བཀའ་བཀྱོན་མཐར་འདེད་ཡེ་མི་གནང་བས་བཀའ་མ་བཀྱོན་པར་མཇལ་ཁ་གནང༌། སེང་གོང་ཚལ་དང་ཆང་དོང་སྒར་དུ་བཞུགས་ཚེ་རྟ་དཔོན་དཀོན་མཆོག་རྒྱལ་མཚན་འདས་པའི་སྔས་སུ་ཕེབས་སྟེ་འཕོ་བ་གནང༌། ང་ནི་སྐྱེ་རྒ་ན་འཆི་འདི། །མཐོང་བ་ཙམ་གྱིས་སྙིང་རླུང་འཕྱོ། །ཁྲོམ་དུང་ཕྱུར་བསགས་པའི་ནང་ཤིག་ན། །རྒན་པོ་སྟོང་ཡང་རྙེད་མི་འགྱུར། །སོགས་ཀྱི་མགུར་མཛད། ཏབ་ཆབ་ནག་གླིང་བཞི་ཚལ་དང་རྒྱལ་གོང་ལྷུམ་བྲག་སོགས་སུ་དབུས་གཙང་པའི་མཇལ་མི་དང་དགེ་འདུན་ཉིས་སྟོང་ཙམ་ལ་མདོ་སྡེ་དྲན་ཉེ་སོགས་གནང༌། དེར་གཟིམས་དཔོན་ཆེན་མོ་འདན་མ་གོའི་ཤྲཱི་འདའ་ཁར་སྤྱན་དྲངས་ཕྱག་རྫས་རྣམས་རྩིས་ཕུལ། མཚམས་སྦྱོར་བཟང་པོའི་བཀའ་གནང་ལྷར་སྐྱེ་བར་ལུང་བསྟན། དེར་བྱེའུ་ཤིན་དུ་མཛེས་པ་ཅིག་བྱུང་བ་ལ། མཛེས་སྡུག་གི་བྱེའུ་སྨྲ་མཁས་མ། །ཞེས་སོགས་གསུངས་པས་གུས་པར་ཉན་ཞིང་མཆི་མ་ཕྱུང་ནས་སོང༌། དྲུང་ན་ནེ་ཙོ་སྨྲ་ཤེས་ཐུགས་བརྩེ་བ་ཞིག་ཡོད་པའི་སྐྱེ་བ་ཞུས་པས་སྔོན་སངས་རྒྱས་མེ་ཏོག་བླ་མའི་བསྟན་པའི་ལྷག་མ་ལ་རྒྱལ་པོའི་བཙུན་མོར་གྱུར་བའི་ཚེ་དགྲ་བཅོམ་པ་པདྨའི་ཟེ་བ་བསོད་སྙོམས་ལ་བྱོན་པ་ན་བྲན་མོ་ལེགས་འཛིན་མས་སྐུར་པ་བཏབ་བ་ལ་དེས་(པ༢༡༥ན)


PTT001_Page_1297
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་གསུངས་པས་དད། ཕྱིས་ངན་འགྲོ་དུ་མ་བརྒྱུད་ནས་ནེ་ཙོ་འདི་ཡིན་པར་ཚིགས་སུ་བཅད་སྟེ་གསུངས། དེ་ནས་ལྐོག་ཕྲེང་གཟིམས་ཁང་དུ་ཕེབས། གནས་བཟང་བས་ཐུགས་སྤྲོ་ཞིང་མགུར་དུ་མ་གསུངས། ཁྱད་པར་འདི་ཁྱེད་ཚོས་ཡིད་ལ་ཟུང་ལ་གདངས་ཤེས་པར་སློབས་གསུངས་ནས་གནང་བ། སེམས་ཞི་ཞིང་གནས་པ་སྤྲོས་དང་བྲལ། །གསལ་དྭངས་ཀྱི་ཤེས་པ་བདེ་བར་ཤར། །རྟོག་དཔྱོད་རླུང་གི་དབྱུང་རྔུབ་ཆད། །བཟང་ལེགས་ལེགས་འདྲ་བ་ཞིག་དེ་ན་མཆི། །ཁྱེད་སྒོམ་ཆེན་ཡོད་ན་ཆགས་ཀྱིས་དོགས། །རྣམས་རྟོགས་ཕྲ་བ་དུར་དུར་པོ། །དྲན་པས་ཟིན་པས་བདེ་བར་ཤར། །གཉིས་འཛིན་ཤེས་པའི་རྩི་བགྲང་མཁན། །བཟང་ལེགས་ལེགས་འདྲ་བ་ཞིག་དེ་ན་མཆི། །ཁྱོད་སྒོམ་ཆེན་ཡོད་ན་དྲེད་ཀྱིས་དོགས། །བློས་བྱས་སྟོང་པ་ཅང་མེད་པོ། །ཕར་བལྟས་སྟོང་པ་ཡིན་ནོ་ལོ། །ཚུར་བལྟས་སེམས་ཉིད་རིག་རིག་པོ། །གཅིག་དུ་འཛིན་པའི་རྦད་ཁམ་ཅན། །བཟང་ལེགས་ལེགས་འདྲ་བ་ཞིག་དེ་ན་མཆི། །ཁྱོད་སྒོམ་ཆེན་ཡོད་ན་དྲེད་ཀྱིས་དོགས། །འདི་ཀ་ཐ་མལ་ཤེས་པ་ལས། །ཡོད་མེད་མཐའ་བྲལ་རྡུལ་མ་གོས། །སྤྱོད་ལམ་རྣམ་བཞིར་ཁྱེར་ཀྱང་སྟུབ། །བཟང་ལེགས་ལེགས་འདྲ་བ་ཞིག་དེ་ན་མཆི། །ཁྱོད་སྒོམ་ཆེན་ཡོད་ན་འཆལ་གྱིས་དོགས། །ཉམས་རྩུབ་སྐྱེས་བླ་མ་བྲལ་བའི་ས། །རང་ཆིག་ཚོ་མི་ཐུབ་ངེས་འབྱུང་ཅན། །རྐྱེན་ངན་གྱིས་དགེ་སྦྱོར་འཐོར་བ་སླ། །ཁྱོད་སྒོམ་ཆེན་ཡོད་ན་དེ་རུ་འབུངས། །ཚེ་འདི་ཡི་ཆེ་ཐབས་དོན་དུ་གཉེར། །གཞན་སྟོབས་ཆེན་རྣམས་ལ་སྨོན་པ་འདེབས། །ཆོས་བརྒྱད་རྒྱལ་འགོང་དམག་དཔུང་སྡུད། །བག་ཆགས་ངན་པས་ནང་ལེན་བྱེད། །བདག་འཛིན་བསྐུལ་བས་དགེ་སྦྱོར་འཐོར། །ཁྱོད་སྒོམ་ཆེན་ཡོད་ན་ཆགས་ཞེན་སྤོངས། །གྲོགས་རྟག་མི་ཐུབ་པས་མཐའ་ནས་བསྐོར། །(པ༢༡༥བ)


PTT001_Page_1298
[མ་དཔེ་གཟིགས་ན་འདིར་གནོན།]

གཡེང་བའི་གྲ་པ་བསོད་ནམས་སྒོ། །ཕོ་རུས་ཀྱི་ང་རྒྱལ་ཆོས་ཁ་འཛིན། །དམ་ཚིག་ལ་སེར་ཆུང་འགྲོ་ཡིས་དོགས། །ཁྱོད་སྒོམ་ཆེན་ཡོད་ན་བློ་ཁ་ཟློག །གལ་ཆེན་ཡོན་བདག་ངོ་སྲུང་གི་གཞི། །བསྟོད་སྨད་གྱི་གྲ་ས་ཆགས་སྡང་གནས། །ཆོས་མ་ནུས་ཚོགས་པའི་འཁོར་ལོའི་དབུས། །སྐྱེ་མཆེད་གཟུགས་ལེགས་མཐའ་ནས་བསྐོར། །རྒྱུད་གཉེན་པོས་མ་སླེབས་ཁྲེལ་མི་ཐུབ། །ཚངས་སྤྱོད་ལ་བར་ཆོད་ཡོང་གིས་དོགས། །ཁྱོད་སྒོམ་ཆེན་ཡོད་ན་གཅིག་དུ་དྲིལ། །ལྟོ་གོས་ཀྱི་འདུན་མ་རྦད་ཀྱིས་ཆོད། །སྤྲང་འཚོའི་བཟའ་བའི་བང་མཛོད་བསྟེན། །སྦྱངས་པས་ཡོན་ཏན་བཅུ་གཉིས་པོ། །ཟད་མེད་ཀྱི་ཕུགས་སྲིའི་བློ་གཏད་མཛོད། །གཟུང་འཛིན་གྱི་འཁྲུལ་པ་རྩད་ནས་ཞི། །དུས་དེ་ཚེ་ཐ་མལ་གདོད་མའི་གཤིགས། །རྐྱེན་འཕོ་འགྱུར་མེད་པ་ཀུན་དུ་བཟང༌། །དོན་དང་པོའི་སངས་རྒྱས་མི་ཕྱེད་པ། །སེམས་བདེ་ཆེན་སྟོང་ཉིད་རྡོ་རྗེའི་དབྱིངས། །ལུས་ངག་གི་བྱ་བ་བདེ་གཤེགས་མཚན། །བཟང་ངན་གྱི་རྟོག་པ་དེ་རུ་ཆད། །བློ་ཨ་འཐས་ཀྱི་ཟོ་ཞབས་ཐང་དུ་རུལ། །བཟང་ལེགས་ལེགས་འདྲ་བའི་འདུན་མ་གཏོར། །ཞེས་སོགས་གསུངས། སླར་གསང་དང་བདེ་ཡངས་སུ་ཕེབས་སྟེ་འབུལ་ནོད་བཞེས། དོ་ཞོང་བས་བབས་བཤེགས་ཕུལ། སླར་ཀོང་ཕྲེང་གཟིམས་ཁང་དུ་སྐུ་མཚམས་ཀྱི་ཁོང་ནས་ཆོས་རྗེ་མཁན་ཆེན་པ་ལ་ཟབ་ཆོས་དུ་མ་གནང༌། གཏེར་བུམ་གྱི་རི་ལྟད་ལ་ཕེབས་པ་ན་ཞབས་རྗེས་གསུམ་ཙམ་བྱུང༌། རྒྱལ་འཛིན་དུ་ཕེབས་སྟེ་བན་སྒར་ནང་སོ་སོགས་ཀྱིས་མཇལ། དབང་ཆོས་དུ་མ་གནང༌། ཀླུའི་རྒྱལ་པོ་རྒྱ་མཚོའི་ཕོ་བྲང་དུ་བྱོན་པའི་གཟིགས་སྣང་དང་ཇོ་བོ་སྨྲྀ་ཏིའི་གདུང་འབུལ་བར་གཟིགས། (པ༢༡༦ན)


PTT001_Page_1299
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ན་རྒྱ་བོད་ཀྱི་གྲུབ་ཆེན་ཐམས་ཅད་བཀོད་པ་འདི་ལྟ་བུས་ལོགས་བྲིས་སུ་འདུག་གསུངས་ནས་བོད་ཀྱི་འགོས་འབྲོག་མར་འབྲོམ་སོགས་ཀྱི་རི་མོའི་བཀོད་པ་རྒྱབ་ཡིག་ཚིགས་བཅད་དང་བཅས་པ་མཛད། ཡང་བྱང་ཤམྦྷ་ལར་བྱོན་པས་ཤར་སྒོའི་དྲུང་ན་ཛམ་གླིང་གི་མི་རིགས་སུམ་བརྒྱ་དྲུག་བཅུ་འདུས་པའི་ཚོང་འདུས་ལ་ཞལ་ལྟ་བའི་ཐང་སྐུ་འདི་ལྟ་བུ་འདུག་གསུངས་ནས་ཐུབ་པ་གངས་ཆེན་མཚོའི་ཐང་སྐུ་རྒྱབ་ཡིག་གི་ཚིགས་བཅད་དང་བཅས་པ་མཛད། དེར་གཟིགས་སྣང་གི་རིམ་པ་མཐའ་ཡས་པ་ལས་ཉིན་གཅིག་གི་གཟིགས་སྣང་བྲིས་གསུང་ནས། དཀྱིལ་འཁོར་གྱི་དབུས་སུ་པདྨ་འདབ་བརྒྱད་ལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་བཞུགས་པ། དཀྱིལ་འཁོར་གྱི་མཐའ་སྤྲིན་དཀར་པོས་གཡོགས་པ། དེའི་མདུན་དུ་བཀྲ་ཤིས་རྟགས་བརྒྱད། འཕན་རོལ་མོ་དབུ་རྒྱན་དར་དཔྱངས་མེ་ཏོག་གི་ཕྲེང་བ་སེང་གེའི་ཁྲི་བདུད་རྩིའི་བུམ་པ་ཀ་པཱ་ལ་སྣ་ཚོགས་རྡོ་རྗེས་ཁ་བཅད་པ་ནོར་བུ་རྔ་ཡབ་སིལ་སྙན་ཕྱེ་མ་ཕུར་མ་དྲི་ཆབ་ལྷ་བཤོས་ལྟག་པགས་ཀྱི་སྟེང་དུ་ཚོགས་ཀྱི་རྫས་བཞག་པ་མདའ་གཞུ་འཁོར་ལོ་རྡོ་རྗེའི་སོར་གདུབ། དེའི་གཡས་སུ་ཕྱོགས་བཅུའི་སངས་རྒྱས་སྤྲུལ་སྐུ་ཐིག་ལེ་ཁ་དོག་སྣ་ཚོགས་པའི་ནང་དུ་བཞུགས་པ། དེའི་མདུན་དུ་འདོད་པའི་ཡོན་ཏན་ལྔས་མཆོད་པ། དེའི་འོག་དུ་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་པ་དང་ཟླུམ་པོ་སྒོ་བརྒྱད་པ་དང་ཆོས་འབྱུང་བསྣོལ་མ་དང་ཆོས་འབྱུང་རྐྱང་པས་གང་བ་དེའི་མཐར་འོད་དམར་པོས་བསྐོར་བའོ། །དེའི་འོག་དུ་ཐིག་ལེའི་ནང་དུ་མགོ་བོས་གང་བ་དང་མིག་གིས་གང་པ་དང་ལག་པས་གང་བ་སོགས་ཐིག་ལེའི་ནང་ན་འཆར་བའོ། །དེའི་འོག་དུ་རྟགས་བཅུ་དང་མུན་པ་དང་ན་མཁའ་དྭངས་པའི་མཐར་སྤྲིན་ཡོད་པ་དང་ཉི་མ་ཟླ་བའི་འོད་རིལ་(པ༢༡༦བ)


PTT001_Page_1300
[མ་དཔེ་གཟིགས་ན་འདིར་གནོན།]

ཕོག་པ་དང་ཐོག་སེར་དང་ཆར་ཟིམ་བུ་འབབ་པ་དང༌། སྐྱེས་པ་དང་བུད་མེད་མང་པོ་འགྲོ་བ་དང༌། རྡོ་རྗེ་དང་དྲིལ་བུ་དང་བུམ་པའི་ཁ་ནས་འཇའ་ཚོན་འབྱུང་བ་དང་བུམ་པའི་ནང་ནས་མེ་ལྕེ་འབྱུང་བ་དང་ལྕགས་ཀྱི་ཕ་ཝང་རྟ་རྔས་བཏགས་སྟེ་ན་མཁར་འདོགས་པ་དང༌། མཚོ་དང་པདྨ་དང་ཆུ་རྒྱུན་འབབ་པ་དང་ནགས་རི་དང་སྨན་ལྗོངས་དང་མེ་ཏོག་གི་ཚལ་རླུང་གིས་བསྐྱོད་པ་དང་དཔག་བསམ་གྱི་ཤིང་ལས་སྦྲང་རྩིའི་རྒྱུན་འབྱུང་བ་མི་མང་པོས་འཐུང་བ་དང༌། གངས་རི་ཞུ་བ་དང་རི་དྭགས་རྔོན་པས་བརྔོས་པ་དང༌། ཤཱ་བུད་ཀྱིས་ས་རྡོ་སོལ་བ་དང་ས་གཞི་སྟེང་ནས་ཕྱིར་ལོག་པ་དང་རི་རབ་ཉིལ་བ་དང་སྦྲུལ་མདུད་གྲོལ་པ་དང་སྐྲ་ཤད་འཛིངས་པ་དང༌། བདེ་མཆོག་དཀར་པོ་ཡབ་རྐྱང་གི་ཞལ་ནས་བདུད་རྩིའི་རྒྱུན་འབྱུང་བ་དང་འོད་ལྔའི་འཁོར་ལོར་རེ་མིག་ཕུབ་ལྟར་འཁོར་བ་དང༌། ཁྱབ་འཇུག་དང་ལྟོ་ཕྱེ་དང་སྤོས་རེང་གི་དུད་པས་ཉི་མ་ཡར་འདྲེན་པ་དང་ཕྱོགས་བཅུ་ནས་རླུང་བཅུ་འོངས་སྟེ་ན་མཁར་ཐིམ་ནས་དེའི་རྗེས་ལ་གསེར་གྱི་མཆོད་རྟེན་བྱང་ཆུབ་ཤིང་གིས་བརྒྱན་པ་རྡོ་རྗེ་ལུ་གུ་རྒྱུད་དུ་མས་འབྲེལ་བ་གཞན་ཡང་བར་སྐབས་རྣམས་སུ་རྟེན་ཁེབས་ཆོལ་སྒྲིགས་ཀྱི་རྣམ་པ་ལྟ་བུ་པདྨ་དང་དངུལ་ཆུ་བཏུལ་མ་རྣམས་སོ། །རྩ་དཀར་སོག་སྦུབས་ལྟ་བུའི་ནང་ནས་རླུང་འོངས་ནས་མགོ་ཐམས་ཅད་འཇའ་ཚོན་ལྔ་ལས་གྲུབ་པ་མཐར་འོད་ལྗང་གུ་ལ་ཐིམ་པ། གཞན་ཡང་ཁ་ཊཾ་ག་དང་ཌ་མ་རུ་སྣ་ཚོགས་པ་དང༌། བྱ་སྤྲེལ། རི་བོང༌། ཤ་བ། རྣ་བ། དགོ་བ། རྒྱ་རྩོད། ཁྲུང་ཁྲུང༌། ངང་པ། ངུར་པ། རྟ། དྲེའུ། མཛོ། གླང་ཆེན། ཐི་པ། ཁྲ། ཁུ་བྱུག །བྱ་རྒོད། དོམ། དྲེད། འཕར། སྤྱང༌། སྟག །གཟིགས། སེང་གེ། བྱི་ལ། ཆུ་བྱ། ཉ་སྦལ། སྡིག་པ། སྦྲུལ། ཆུ་སྲིན། བྲ་བ། རྨ་བྱ། ནེ་ཙོ། ཤང་ཤང༌། ནོར་བུའི་གླིང༌། ན་མཁའ་ནས་སྤྲིན་ལས་ཟས་གོས་ཀྱི་ཆར་འབབ་པ་རྣམས་སོ། །དེའི་ཐང་སྐུ་གཅིག་(པ༢༡༧ན)


PTT001_Page_1301
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མཛད། སློབ་དཔོན་ཀླུ་སྒྲུབ། ནག་པོ་པ། རྒྱལ་རྔ་ལན་བདུན་པ། སློབ་དཔོན་དཔའ་བོ་རྣམས་ལས་ཆོས་སོ་སོ་གསན། ཞང་རིན་པོ་ཆེ་གཟིགས་ཤིང་དེའི་སྐུའི་བཀོད་པ་ཁྱུང་དུ་མཛད་ནས་ཀླུ་འདུལ་བ་དང་ལྷ་དབང་ཕྱུག་གི་སྲས་མོར་མཛད་སྟེ་དབང་ཕྱུག་ལ་ཆོས་སྟོན་པ་དང༌། ཆོས་གསུང་བ་དང་མྱ་ངན་ལས་འདའ་བ་སྟོན་པ་དང་འཁོར་ལོས་བསྒྱུར་རྒྱལ་གྱི་བཙུན་མོར་མཛད་སྟེ་ཤི་བའི་རྐྱེན་གྱིས་རྒྱལ་པོ་ཆོས་ལ་སྦྱོར་བ་དང༌། རི་རབ་བཤིག་པ་དང༌། སྒྲ་གཅན་ལ་བསྙེན་གནས་འབོགས་པ་སོགས་ལྷ་མ་ཡིན་འདུལ་བ་ལ་སོགས་པའི་ཚུལ་གསུངས། ཁོ་བོ་ས་སྟེང་འདི་ན་བྱུང་བའི་ཚེ། །རྒྱ་ནག་ཁ་ཆེ་ཡུ་གུར་ལི་དང་ནི། །ཟ་ཧོར་གསེར་གླིང་རྣམས་ན་ངོ་མཚར་བའི། །ཆོ་འཕྲུལ་དུ་མས་སྐྱེ་རྒུ་དད་པར་བྱས། །ཁྱད་པར་མི་དབང་རྒྱ་ནག་རྒྱལ་པོ་ཡིས། །བསོད་ནམས་དཔེལ་སླད་ཟང་ཟིང་དངོས་པོའི་ཚོགས། །བདག་ལ་མཆོད་ཕྱིར་རྒྱ་ནག་མི་དཔོན་ནི། །བརྒྱ་ཕྲག་མང་པོས་མཆོད་ཕྱིར་སྟི་སྟང་བྱས། །འོན་ཀྱང་རྒྱ་ནག་ཡུལ་དུ་འགྲོ་དགོས་ཅེས། །ནན་སྐྱེད་ཆེན་པོ་བྱས་ཀྱང་ཁོ་བོ་ཡི། །བརྟགས་ཤིང་དཔྱད་ཚེ་ས་བདག་རྒྱལ་པོ་ནི། །ཚེ་ཡི་འཕེན་པ་གཏོང་བར་བློས་རིག་ནས། ཕྱོགས་དེར་འགྲོ་བའི་བརྩོན་པ་བཤོལ་གྱུར་པས། །མི་དབང་ཕོ་ཉ་རབ་ཁྲོས་རང་གནས་སོང༌། །དེ་ལ་ཆོས་སྐྱོང་ཚོགས་རྣམས་བཀའ་ཕབ་སྟེ། །རྒྱལ་པོའི་ཕོ་བྲང་མེ་དང་ཆུ་ཡི་ཆར། །དུ་མས་ཉམ་ཐག་བྱས་ཤིང་མི་རུང་བའི། །ལྟས་ངན་དུ་མས་ཤར་ཕྱོགས་ཛམ་གླིང་པའི། །སྐྱེ་བོ་ཀུན་ལ་གྲགས་པའི་བྱ་བ་བྱས། །ཁྱད་པར་འཇང་(པ༢༡༧བ)


PTT001_Page_1302
[མ་དཔེ་གཟིགས་ན་འདིར་གནོན།]

ནག་དཔུང་ཚོགས་ཞི་བར་བྱས། །ཧོར་གྱི་ཡུལ་དུ་ཚིག་མའི་ཆར་པ་ཕབ། །སོག་པོའི་རྒྱལ་པོ་ར་ཊུ་ཥ་པ་ལའི། །འཛེ་ནད་ཕྲིན་གྱིས་བསལ་བས་དྲིན་ལན་ཕུལ། །ཡུ་གུར་ཡུལ་དུ་དུག་སྦྲུལ་ཆེན་པོ་ལ། །ཡི་གེ་བསྐུར་བས་རྒྱ་མཚོའི་ནང་དུ་བྲོས། །ཁ་ཆེའི་ཡུལ་ཉེར་དགེ་འདུན་འབུམ་སྡེ་ཡིས། །མཁན་པོར་དགོས་ཅེས་དེ་ལ་འདི་སྐད་སྤྲིང༌། །སྐྱེ་བ་ཕྱི་མར་སྒྲུབ་པར་དམ་བཅས་སོ། །ཅེས་པ་ལ་སོགས་པའི་རྣམ་ཐར་གསུངས་ཤིང༌། ཡུ་གུར་གྱི་ཡུལ་དུ་དུག་སྦྲུལ་ཆེན་པོས་ཉམ་ཐག་པ་ན་ཡུ་གུར་རྒྱལ་པོས་བདག་གི་ཡུལ་འདིར་དུག་སྦྲུལ་གྱིས་གཙེས་པས་ཁྱེད་ཀརྨ་པ་ལ་ཐབས་ཡོད་ཏམ་ཞེས་རྒྱ་ནག་རྒྱལ་པོ་བརྒྱུད་སྟེ་ཕུལ་བ་ན། གདུག་པ་ཅན་ཁྱོད་སེམས་ཅན་ལ་གནོད་པ་མེད་པ་བདེ་བ་དང་ལྡན་པ་ཅིག་ཅི་ནས་ཀྱང་སེམས་ཅན་ཆེན་པོ་ཁྱོད་མཁྱེན་ནོ། །ལི་ཐང་ནས་བྲིས་པ་དགེ་ལེགས་འཕེལ། ཞེས་གནང་བས་དུག་སྦྲུལ་བྲོས་པར་སྣང་ངོ༌། །རྒྱལ་འཛིན་གྱི་འཁྲུག་པ་བསྡུམས་སྟེ་རྒྱ་བདག་བསྐོས། ཨ་མདོ་སྐུ་སྐྱེ་ཚེར་ལུང་གི་བླ་མར་རྫོང་བ་བསྐོས་ཇ་གནང༌། སྐུའི་སྤྲུལ་པ་རྒྱ་ནག་དང་ཤམྦྷ་ལ་དང་ཁ་ཆེ་དང་ཨོ་ཌྱན་ལ་སོགས་པར་ཡོད་ཚུལ་དང་བོད་ཉིད་ནའང་དུ་མ་ཡོད་པར་བཀའ་བསྩལ། རྗེ་མི་ཏྲ་ཛོ་གི་དེ་སྔོན་འདན་ཡུལ་དུ་མཇལ་དུས་ལོ་ཉི་ཤུ་ཙམ་གྱི་ན་ཚོད་ཅིག་འདུག །ཕྱིས་ལི་ཐང་དུ་མཇལ་དུས་དགུང་ལོ་དྲུག་བཅུ་ཙམ་པ་སྐུ་རིད་ཞིང་སྔོ་བ་དབུ་སྐྲ་དཀར་བ་ཞིག་འདུག །ལྷ་ས་ནས་འོངས་གསུང་ཞིང་བོད་ཀྱི་དགོན་གནས་རྣམས་ན་ཆོས་ལུགས་བཟང་ངན་འདི་འདྲ་འདུག་གསུང་ཞིང་སྔོན་ཁོ་བོ་སཽ་རཥྚའི་རྒྱལ་པོའི་མཆོད་གནས་(པ༢༡༨ན)


PTT001_Page_1303
[མ་དཔེ་གཟིགས་ན་འདིར་གནོན།]

བྱས། ད་མ་དྷ་རའི་རི་ལ་སྡོད་དུ་འགྲོ། ད་དུང་ལུས་འདི་ལ་ལོ་སྟོང་ཙམ་སྡོད། དེ་ནས་འཚང་རྒྱ་བ་ཡིན་གསུང་ཞིང་གདམས་ངག་དང་དམ་རྫས་དུ་མ་གནང༌། སྐུ་ལུས་ཤེལ་ལྟར་མི་སྒྲིབ་པ་དང་བྱ་རྒོད་ལ་བསད་གསོ་དང་སྡིགས་མཛུབ་ཀྱིས་གངས་རི་གཡོ་ནུས་པའི་རྫུ་འཕྲུལ་བསྟན་སྟེ་ཁྱེད་བོད་ཀྱི་གྲུབ་ཐོབ་སླ་བར་འདུག་གསུངས། ཡང་ཤར་ཁར་ལན་གཅིག་མཇལ་གསུངས། སླར་རྣམ་ཐོས་ཀྱི་རི་བོར་ཕེབས་སྟེ་ཤིང་མོ་བྱ་ལོ་སྨིན་དྲུག་གི་ཟླ་བའི་ཚེས་བརྒྱད་ལ་ཡང་དགོན་བསམ་འཕེལ་དབང་པོའི་ཏོག་གི་གཟིམས་ཁང་དང་སྒྲུབ་སྡེའི་གཞི་བཏིང༌། ཁྱད་པར་ཆོས་རྗེ་མཁན་ཆེན་པའི་གཟིམས་སྤྱིལ་མཛད་པའི་ཐོ་རེང་ཐུགས་རྗེ་ཆེན་པོས་ལུང་སྟོན་པ་ཤར་ཕྱོགས་ཀྱི་སངས་རྒྱས་རབ་ཏུ་བྱེད་པའི་འོད་འཁོར་དང་བཅས་པས་གནས་འདི་བྱིན་གྱིས་རློབ་པ་དང༌། ཕྱག་ན་རྡོ་རྗེས་བར་ཆད་སྲུང་བར་གཟིགས་ཤིང༌། དོན་ལྡན་མི་ཡི་དགེ་སྤྱོད་འདི། །དོན་དུ་བསྒྲུབས་ན་མི་རབས་གསུམ། །ཆོས་ཀྱི་འབྱུང་གནས་དག་དུ་འགྱུར། །སྒྲུབ་པོའང་ལོ་གསུམ་ཚེ་རིང་འགྱུར། །ཞེས་པ་གསན། པཎ་ཆེན་ཤཱཀྱ་མཆོག་དང་ཀུན་མཁྱེན་རོང་པོ་སོགས་རྟག་པར་མི་འབྲལ་བའི་ཚུལ་གསུངས། དགུང་ལོ་ཉེར་གཅིག་གི་གཉན་ཆ་སེལ་བའི་སྐུ་མཚམས་མཛད། དྲུང་མཁན་པོ་ལ་སྐུ་གསུམ་གྱི་སྒྲུབ་ཐབས་གནང་སྟེ་ཡི་གེ་སོགས་མ་ལེན་པར་མཚམས་གྱིས་གསུངས་ནས་རྩ་གསུམ་དྲིལ་སྒྲུབ་ཀྱི་སྒྲུབ་པ་ལ་བཞུགས། མཚན་ལམ་དུ་བཻཌཱུརྻའི་རིའི་དྲུང་ན་བདུད་རྩིའི་ཀླུང་གངྒཱ་ལྟར་འབབ་པ་ཉེ་བར་བྱོན་པ་ན་ལྕགས་སྲེག་གི་རི་བོ་དང་རོ་ཉེ་དམར་པོའི་ཞུན་ཆུར་གྱུར་པ་ལ་ཟམ་པ་སྣང་བའང་སེང་གེ་ཁྲོས་པ་(པ༢༡༨བ)


PTT001_Page_1304
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱིས་སྲུང་བའི་དམྱལ་བའི་གནས་སུ་གཟིགས་པ་ན་བྱང་ཆུབ་ཀྱི་སེམས་དྲག་དུ་འཁྲུངས་པའི་ཚེ་ན་མཁའ་ལས། སྐྱེ་རྒ་ན་འཆིའི་ཆུ་བོ་ལས། །ཐར་འདོད་བློ་འཁྲུལ་རྒྱལ་བ་ཡང༌། །གཤེགས་ཤུལ་བརྒྱ་ཟམ་འདི་བཞིན་ནོ། །གཟུང་འཛིན་རྟོག་པ་གཅན་གཟན་སྟེ། །ཕྱི་ལྟས་ཡུལ་ལ་བདེ་སྣང་ཡང༌། །ཞེན་ན་སྡུག་བསྔལ་རྒྱུ་འབྲས་སོ། །ཅེས་གྲག་སྟེ་འདི་ནི་ཞེན་ན་བདུད་རྩི་དང་རི་ཉེས་མཚུངས་པའི་ཆོས་ཀྱི་གཏམ་ཆེན་པོར་གོའོ། །ཡང་ཨོ་ཌྱན་བསྙེན་སྒྲུབ་ཡིན་ཟེར་བའི་གླེགས་བམ་མང་པོ་སྣང་བ་ལ་གཟིགས་པ་ན་གསེར་གྱི་བརྒྱད་སྟོང་པ་འབའ་ཞིག་སྣང་བའི་ཡིག་འབྲུ་ལས། ཤེས་རབ་ཟབ་མོ་རྒྱལ་བའི་ཡུམ། །བརྗོད་པར་མི་ནུས་གསང་སྔགས་ལམ། །རྒས་པ་གསོ་དང་འཆི་བ་འཇོམས། །རིམས་ནད་སེལ་བྱེད་རྒྱལ་བའི་ཡུམ། །ཞེས་པ་གསན། ཡང་ཛཱ་ལནྡྷ་རའི་གནས་རིན་པོ་ཆེ་སྣ་ཚོགས་པའི་རི་བོའི་ཕུག་དང་མཚོར་བཅས་པའི་ཡུལ་ལྗོངས་དང་མི་རིང་བར་མེ་རི་དུར་ཁྲོད་ཀྱི་དབུས་ན་ལི་ཁྲིའི་རང་བཞིན་གྱི་གཞལ་ཡས་ཁང་མཐའ་ཡས་པ་གཟིགས་སྟེ་བྱོན་པ་ན་པདྨ་ཁ་བྱེ་བའི་སྦུབས་ལས་ལྷ་མོ་ཞིག་གིས་ཕྱག་སྤྱི་བོར་བཞག་སྟེ། ཨེ་མ། མེ་ཏོག་དམར་པོ་དཔྱིད་ཀྱིས་མི་སྐྱེད་དམ། །དངུལ་ཆུ་སྦྱོར་བའི་རིལ་བུ་མི་ཟ་འམ། །རྒས་དཀའ་འཆི་མེད་རལ་གྲི་རྣོ་ངར་ལ། །རིལ་བ་སྤྱི་ཚགས་ཆུ་ཡིས་མི་བཀྲུ་འམ། །ཞེས་ཟེར་བ་ལ་ཁྱོད་སུ་ཞིག་ཞེས་དྲིས་པས། ཁྱོད་ནི་ཁྱོད་ཡིན་ཁྱོད་ལས་གཞན་མ་ཡིན། །དགོན་པ་འདི་ནི་རང་ལུས་རྡོ་རྗེའི་གདན། །གདན་དུ་སྣུན་ན་བྱང་ཆུབ་ཤིང་དྲུང་ཡིན། །ཞེས་སོགས་བརྗོད་སྟེ་བདུད་རྩིའི་ཟིལ་མངར་ལྗགས་ཐོག་དུ་བཞག་པ་ན་ཏིང་ངེ་འཛིན་མང་པོའི་སྒོ་བྱེ་སྟེ་གཟིགས་པར་བྱོན་པ་ན་རྟེན་གྱི་རྣམ་པ་དེ་ཐམས་ཅད་རང་ཡལ་སྟེ་འཁོར་ལོའི་གཙོ་བོ་ཉིད་ཀྱིས་དབང་རྫོགས་པར་བསྐུར་སྟེ་ཞིང་ཁམས་དེ་ཡང་མིག་འཕྲུལ་ལྟར་གྱུར་ཏོ། །(པ༢༡༩ན)


PTT001_Page_1305
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གཙུག་ལག་ཁང་གི་བཀོད་པ་དཔེ་ལས་འདས་པ་ཅིག་གི་ཤར་ཁྱམས་མདོ་སྡེ་མཛངས་བླུན་ལས་གསུངས་པའི་སྐྱེས་རབས་རྣམས་བྲིས་པའི་མདུན་ན་གཞོན་ནི་ལོ་བཅུ་དྲུག་གི་ན་ཚོད་ཟུར་ཕུད་ལྔ་པ་མེ་ཏོག་གིས་བརྒྱན་པ་ཅིག་ཤེར་ཕྱིན་གྱི་གླེགས་བམ་སྒྲོག་ཞིང་སྣང་བ་ན་འདི་ནི་འཕགས་པ་འཇམ་དཔལ་སྟེ་འདི་ལ་གནད་ཀྱི་གསང་དག་དྲིའོ་ཞེས་དགོངས་སྟེ་དྲི་བ་དུ་མ་མཛད་པའི་ལན་ནི། དགུན་བུམ་པ་ཆུས་བཀང་ན་འཁྱགས་ནས་འཆག་པ་ལྟར་སོ་སྐྱེ་རྣམས་རླུང་འགགས་ནས་འཆི་ལ་རྣལ་འབྱོར་པ་རྣམས་ཀྱིས་རླུང་ཕྱི་ནང་གཉི་ག་འཕོ་མེད་དུ་ཁེགས་པས་མཁའ་སྤྱོད་འགྲུབ་པ་ནི་ཆུ་ནང་དུ་བཞག་པའི་དངོས་པོ་མཚོན་གྱིས་མི་ཆོད་པ་ལྟ་བུ་ཡིན་པ་དང༌། ཕྱི་རོལ་གྱི་དྭངས་མའི་དྭངས་མ་དངུལ་ཆུ་སོགས་ཀྱི་རྫས་ཀྱིས་ནང་གི་དྭངས་མའི་དྭངས་མ་མཐུ་བརྟས་ནས་མི་འཇིག་པའི་ཕྱིར་དངུལ་ཆུས་ལུས་འཆི་མེད་འགྲུབ་པ་དང༌། འཇིག་རྟེན་པའི་ལྷས་ཚེ་སྲིང་བ་ནི་མ་འོངས་པ་མིར་སྐྱེ་རྒྱུའི་ཚེ་ད་ལྟ་ཆོས་ཉིད་ཀྱི་རྫུ་འཕྲུལ་ཀྱི་བླངས་སྟེ་བྱིན་པ་ཡིན་པ་དང༌། སྔགས་ལམ་གྱི་རྟེན་དུ་རུང་བའི་ལུས་ལ་རྩ་ལྷ་དང་ཕྱག་མཚན་རླུང་ཡིག་གཟུགས་ཐིག་ལེ་ས་བོན་དང་ནཱ་དར་གནས་པས་དེ་དག་ལ་ཡི་གེ་ཡོད་ལ་སྒྲ་མི་ཉན་པ་དང་རྩྭ་མི་ཤིང་མི་རྣམས་ནི་དེ་ལྟ་བུ་མེད་པས་སྔགས་ལམ་གྱི་སྣོད་དུ་རུང་བའི་ཡི་གེ་མཚན་ཉིད་པ་མེད་་པ་ཡིན་ནོ་ཞེས་དང༌། སྒྲ་མི་སྙན་པ་ལའང་རླུང་ཡིག་གཟུགས་ཀྱི་རྣམ་པ་ཙམ་ཡོད་ཀྱང་ཕྱི་རོལ་ཏུ་དཔྱད་པ་མ་ཞུགས་སོ་ཞེས་དང༌། བླ་མེད་ཀྱི་རྣལ་འབྱོར་པའི་ལུས་ལ་གནས་པའི་སྲིན་བུའི་ཚོགས་སྐལ་མེད་རྣམས་ཕྱིར་བུད་པས་ཤིག་ནད་འབྱུང་བ་དང༌། སྐལ་ལྡན་རྣམས་རྣལ་འབྱོར་པ་དེ་དག་དབྱེར་མེད་པར་གྱུར་ནས་འཚང་རྒྱ་ཞིང་བདེ་བར་གཤེགས་པའི་ཚོགས་མཐའ་ཡས་པ་ལུས་ལ་སྤྲོ་བར་འགྱུར་བ་ཡིན་ཞེས་དང༌། རྨུ་ཐག་ཞེས་པ་སྒྲོ་བཏགས་པ་ཡིན་ལ་ང་ལས་ནུས་ལྟར་རྒྱལ་པོ་བསོད་ནམ་ཅན་དེ་དག་མི་ལུས་ཉིད་ཀྱི་ལྷར་སོང་བ་ཡིན་ཞེས་དང༌། བསྐལ་བ་དང་པོའི་མི་རྣམས་རྟེན་བརྟེན་པ་ཕྲ་བས་ལུས་ཡལ་ལ་དེ་ཕྱིན་(པ༢༡༩བ)


PTT001_Page_1306
[མ་དཔེ་གཟིགས་ན་འདིར་གནོན།]

རགས་པས་ཡལ་མ་ནུས་པའོ་ཞེས་དང༌། བུད་མེད་ཉོན་མོངས་མང་བས་ནད་ཀྱང་མང་བ་ལྟར་བཅས་པ་ཡང་མང་བར་མཛད་ལ་བུད་མེད་ཀྱི་རྟེན་ལ་མཆོག་ལྔ་མི་འབྱུང་ངོ་ཞེས་དང༌། སྔགས་ལས་བུད་མེད་མཆོག་དུ་བཤད་པ་ནི་ཕར་ཕྱིན་ཐེག་པར་ཐབས་བྱང་སེམས་དང་མི་ལྡན་པའི་ཤེས་རབ་གོལ་སར་གསུངས་ལ་སྔགས་སུ་ཤེས་རབ་ཉིད་ཡེ་ཤེས་སུ་གསུངས་པའི་དབང་གིས་ཡིན་ཞེས་དང༌། རྡོ་རྗེ་ཐེག་པར་ཕུང་སོགས་ཉིད་ལྷར་བཤད་པ་དང༌། མེ་ལྷ་སོགས་ཀྱང་གཙོ་བོ་ལས་ཐ་མི་དད་པ་དང་མེ་དང་མི་ལྷའང་ཐ་མི་དད་དུ་ཡོད་པ་སོགས་ནི་རྡོ་རྗེའི་ཐེག་པར་སྣོད་བཅུད་གདོད་མ་ནས་རྒྱལ་བ་རྒྱ་མཚོ་ཁོ་ན་ཉིད་དུ་བསྟན་པ་ཡིན་ནོ་ཞེས་དང༌། ལས་དབང་གིས་ལུས་ལ་རིན་པོ་ཆེའི་ཁམས་ཡོད་པ་ཉ་བྱུས་དང་མུ་ཏིག་ལྟ་བུ་ཡོད་པས་མི་རོ་གསེར་དུ་སྒྲུབ་ནུས་པ་དང་སྡིགས་པ་དངུལ་ཆུར་སྒྲུབ་ནུས་པ་ཡིན་ལ་རང་རྒྱལ་གྱིས་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་སྐུ་གདུང་རྡོར་བྱིན་གྱིས་བརླབས་པའོ་ཞེས་དང༌། དུད་འགྲོ་ལས་མིར་གྱུར་པ་དང་མི་དང་དུད་འགྲོ་འདུས་པས་མིར་སྐྱེ་བ་སོགས་ནི་སོ་སོའི་ལས་དབང་ངོ་ཞེས་དང༌། གསེར་གྱི་དབུལ་བ་སེལ་བ་ལྟ་བུ་སྤྱིར་སྒྲོ་བཏགས་ཡིན་ཡང་ཀུན་རྫོབ་ཏུ་གནས་ཚུལ་ལའང་ཅུང་ཟད་ཞུགས་སྟེ་གསེར་དུག་བྲལ་ཟོས་ན་ཚེ་རིང་བའི་ཕྱིར་དང༌། ཕྱིར་རིན་ཆེན་སྣ་བདུན་དང་ལྡན་དུས་མི་རྣམས་ཀྱང་དགེ་བ་བཅུ་སྤྱོད་པར་འགྱུར་ལ་རིན་པོ་ཆེ་སོ་སོའི་ཕན་ཡོན་མང་བ་དང༌། ནག་པོའི་ཀླུ་རིན་པོ་ཆེ་དུག་ཅན་སྤྲིན་དུ་བཅུག་པའི་ཆར་གྱིས་མི་ངས་དང་མུ་གེ་སོགས་སྐྱེད་པས་ནོར་བུ་ནི་སྐྱོན་ཡོན་གྱི་ནུས་པ་ཚེའོ་ཞེས་དང༌། སྙིང་གའི་རྩ་འདབ་བརྒྱད་ནི་སྟེང་འོག་མ་བགྲངས་པའོ་སོགས་དང༌། འགོ་ནད་ནི་ཐང་ཤིང་གཅིག་འབུས་ཟོས་ན་ཐམས་ཅད་ལ་འགོ་བ་བཞིན་དང༌། གདོན་གྱིས་བརླམས་པ་ནི་ཆུ་ལ་གྲིབ་མ་ཤར་བ་ལྟ་བུ་སྟེ་ཡེ་ཤེས་དབབ་པ་དང་འདྲའོ་ཞེས་དང༌། སྨན་གྱིས་ཚེ་སྲིང་བའི་ཐབས་ཡོད་ཏམ་དེ་གང་དུ་སྐྱེ་མིང་ཇི་ལྟར་བཏགས་ཅེས་དྲིས་པས། ཡོད་སྟེ་དེ་ནི་གང་དུའང་ཡོད་ལ་གང་(པ༢༢༠ན)


PTT001_Page_1307
[མ་དཔེ་གཟིགས་ན་འདིར་གནོན།]

དུའང་མ་སྐྱེས་སོ་སྨན་གྱི་མིང་ནི་འཆི་མི་འཆི་སྒྲོ་སྐུར་དང་བྲལ་བ་དོ་ཧ་ཞེས་པ་སྟེ་ཆོས་དང་ཆོས་མིན་མཉེས་པའི་ཁུ་བ་གཉིས་སུ་མི་བྱ་བར་གཅིག་དུ་བྱས་ལ་བཏུད་དོ་ཞེས་པ་ན་དེ་ནི་དོ་ཧའི་ཕྱག་ཆེན་སྒོམ་རིམ་དུ་སྣང་ངོ༌། །དེ་ལྟ་མོད་ཀྱི་འཕགས་པ་འཇམ་དཔལ་ལ་སྟི་སྟང་མ་བྱས་སོ་སྙམ་ནས་བཞེངས་མ་ཐག་འཇམ་དཔལ་ཁྱམས་ཀྱི་རི་མོ་ལ་ཐིམ་སྟེ་སྒོ་ཁང་གི་སྟེང་ནས་ལེགས་སོ་ལེགས་སོ་ཞེས་གྲག་གོ །དེར་འཇམ་དཔལ་ལས་སེམས་ཀྱི་ངེས་གསང་མ་ཐོས་ཅེས་དགོངས་ཚེ་རི་མོ་དེའི་ཞལ་ནས། རིགས་ཀྱི་བུ་སེམས་ཉིད་ནི་འདས་པ་དང་མ་འོངས་པ་དང་ད་ལྟ་བའི་སངས་རྒྱས་ཐམས་ཅད་ཀྱིས་ངག་དུ་བརྗོད་མི་བཏུབ་བརྗོད་ཀྱང་དོན་མི་སྟོན་སྟེ་དེ་ནི་བློ་ཕྱོགས་རེའི་ཡུལ་དུ་ལུང་རིགས་དང་དཔེ་དང་འཐད་པ་དུ་མ་བཀོད་པ་བདེ་བདེ་ལྟར་སྣང་བས་སེམས་ཀྱི་གསང་རྙེད་པར་མི་འགྱུར་རོ་ཞེས་པ་གསན། དེར་དྲི་གཙང་ཁང་འདིར་སྒོ་འབྱེད་པ་བྱུང་ན་བདུན་རྣམ་དག་བྱའོ་སྙམ་པ་ན་ཨཱཿཞེས་པའི་སྒྲ་ཆེན་པོ་ཅིག་གིས་མནལ་ལས་བཞེངས་པར་སྣང་ངོ༌། །ཡང་འཕགས་པ་ནམ་མཁའི་སྙིང་པོས་ལུས་མི་མངོན་པར་མཛད་སྟེ། ཀྱཻ་གྲོགས་དག་རིག་སྔགས་ཚེ་འདི་པས། །སྒྲུབ་པར་བྱ་ཡིས་དེས་ཅི་བྱ། །ཚེ་ཡང་སྒྲུབ་པ་དོན་ལྡན་ན། །ལེགས་ཀྱང་འཇིག་རྟེན་སྨོད་པའི་གཞི། །ཞེས་སོགས་འཕགས་པ་སྤྱན་རས་གཟིགས་ཀྱིས་དགེ་སློང་རབ་གསལ་གཞོན་ནུ་ལ་བསྐུལ་བའི་ཚུལ་གྱི་བྱང་ཆུབ་ཆེན་པོར་བསྐུལ་བ་གསན། སངས་རྒྱས་འོད་སྲུང་གི་དུས་ཀྱི་པདྨ་འབྱུང་གནས་ཡིན་ཟེར་བ་དགེ་སློང་རྒན་པོ་ཅིག་ལས་སྐྱེ་བ་དང་རྒ་ཤི་མེད་པར་འདོད་ན་མ་རིག་པ་དྲུངས་ནས་འབྱིན་པར་བྱོས་ཅིག་ཞེས་པ་གསན་ཞིང༌། ཁྱེད་ད་ལྟ་གང་དུ་བཞུགས། འོད་སྲུང་གི་དུས་ཀྱི་པདྨ་འབྱུང་གནས་ལགས་ན་ཡུལ་གང་དུ་པདྨ་ལས་འཁྲུངས་ཞུས་པས། ན་མཁའ་འདི་ད་ལྟ་གང་ན་གནས། འོད་སྲུང་གི་དུས་ཀྱི་ན་མཁའ་དེ་གང་ལས་བྱུང་ཟེར་སྟེ་མི་སྣང་བར་གྱུར། འོ་ན་སངས་རྒྱས་སྟོང་རེ་རེ་ལ་པདྨ་འབྱུང་གནས་ཀྱང་སྟོང་འབྱུང་(པ༢༢༠བ)


PTT001_Page_1308
[མ་དཔེ་གཟིགས་ན་འདིར་གནོན།]

བར་འདུག་སྙམ་པ་ན་དེ་དེ་བཞིན་ནོ་ཞེས་པའི་སྒྲ་གྲག །ཡང་ཤྲི་པབ་ཏ་ཞེས་པ་རྒྱ་གར་ལྷོ་ཕྱོགས་ཀྱི་ཙཱ་རི་ཏྲར་སྐྱེས་པ་ཡིན་ཟེར་བའི་ཤིང་ཐོག་ལོ་འདབ་ཅན་ཞིག་ཕྱག་ན་འདུག །དེ་རླུང་གིས་བསྐྱོད་པའི་སྒྲ་ལས་ད་ནི་རིང་པོ་མི་ཐོགས་པར་ཚེ་ཐུང་བའི་རྐྱེན་ཐམས་ཅད་ལས་གྲོལ་ལོ་བརྩོན་འགྲུས་སྐྱེད་ཅིག་ཞེས་ཟེར། རྒྱ་གར་ལྷོ་ཕྱོགས་སུ་ཡང་ཙཱ་རི་ཏྲ་ཞིག་ཡོད་པར་འདུག་སྙམ་ཚེ་ཤྲི་པབ་ཏ་ལྷོ་ཕྱོགས་སུ་ཡོད་པ་ཕ་དམ་པའི་གྲུབ་ཐོབ་ཕོ་མོའི་རྣམ་ཐར་ལས་གསལ་ཟེར་བ་གསན། ཤྲི་པབ་ཏ་ནི་དཔལ་གྱི་རི་བོ་ཞེས་པར་འགྱུར་ལ་ཛམ་གླིང་ན་དཔལ་གྱི་རི་བཅུ་གཉིས་ཡོད་པར་བཤད་པའི་ལྷོ་དཔལ་གྱི་རི་ཉིད་ལ་དེ་སྐབས་ཀྱི་ཙཱ་རིའི་སྒྲར་བཤད་པར་གོའོ། །ཡང་ཡུལ་ལམྦྷ་ཀའི་ཞིང་སྐྱོང་གིས་སློབ་མ་རྣམས་ལ་རེ་ཞིག་གསང་སྔགས་མ་སྟོན་བློ་སྦྱོང་གིས་ཁྲིད་སྔགས་ཀྱི་སྣོད་ལྡན་མ་འོངས་པ་ན་འབྱུང་ཟེར་བ་གསན། དེ་ལྟར་རྟགས་སྣང་རྣམས་ཀྱི་དོན་བསྡུས་ནས། །གྲུབ་རྟགས་དང་པོ་བདེ་ལྡན་མ་དང་མཇལ། །གཉིས་པར་འཇམ་དཔལ་ལ་སོགས་བྱང་ཆུབ་སེམས། །དྲུག་ལས་མན་ངག་གནད་ཀྱི་སྒྲོ་འདོགས་ཆོད། །གསུམ་པར་ད་ལྟའི་གནས་ཚུལ་ཚེ་རིང་ཡང༌། །དོན་མི་འགྱུར་ཞེས་ནམ་མཁའི་སྙིང་པོ་ནས། །རྒྱལ་སྲས་བརྒྱད་ཀྱིས་ལེགས་པར་རྗེས་སུ་གདམས། །བཞི་པ་སྲོག་ཐུར་རེངས་པར་གྱུར་པ་དང༌། །ལྔ་པ་ལུས་གནས་པདྨའི་རིགས་རྣམས་ཀྱིས། །རྒྱལ་བ་མཉེས་པའི་ཤེས་རབ་མིག་ཡུལ་སྣང༌། །དྲུག་པ་ལྕེ་ལ་ངག་སྒྲིབ་དག་པའི་རྟགས། །བདུན་པ་པད་འབྱུང་ལ་སོགས་མཚན་མ་ནི། །བཅུ་ཡིས་སྔོན་ལས་ཟློག་དུ་མི་སྟུབ་ཀྱི། །དེ་མིན་ཚེ་སྒྲུབ་འདི་དག་འབད་བྱས་པས། །ནག་པོའི་ཕྱོགས་ཀྱི་རྐྱེན་ལས་གྲོལ་ཞེས་ཐོས། །ཅེས་གསུངས་ནས་སྐུ་མཚམས་གྲོལ། རྒྱལ་ཚབ་གོའི་ཤྲིའི་སྤྲུལ་སྐུ་ཕེབས་པ་ལ་དགེ་བསྙེན་དང་གྲགས་པ་དཔལ་འབྱོར་གྱི་མཚན་གནང༌། སྐུ་སྐྱེ་རྣམ་གཉིས། ཀར་དབེན་རྡོ་རྗེ་གཞོན་ནུ་སོགས་ལ་ཟབ་ཆོས་དུ་མ་(པ༢༢༡ན)


PTT001_Page_1309
[མ་དཔེ་གཟིགས་ན་འདིར་གནོན།]

གནང༌། དེར་ཉན་ཐོས་དགྲ་བཅོམ་པ་རབ་གནག་ཞེས་བྱ་བ་གཟིགས་པ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པར་ཚིགས་བཅད་ཀྱིས་བསྐུལ་ནས་བྱང་ཆུབ་ཆེན་པོར་དབུགས་བྱུང༌། བླ་མ་ཆམ་དགོན་པས་མཇལ་ཞིང་གཟིམས་གུར་ཆེན་མོ་སོགས་ཕུལ། སྣེ་གདོང་རྩེ་ནས་ཡར་རྒྱབ་དཔོན་ཆེན་པས་སྔོན་གཟིམས་གུར་ལ་དམིགས་སྟེ་ཀརྨ་ལྷ་ཁང་བྱ་བའི་གུར་ཆེན་རྒྱུ་དང་བཀོད་པས་འཕགས་པ་བསྒྲུབས་པ་དེ་ལ་སོགས་པའི་འབུལ་ཆེན་དུ་མ་འབུལ་བར་བླ་མ་ཡང་རི་པ་མངགས། མནལ་ལམ་དུ་ཨོ་ཌྱན་དུ་བྱོན་ནས་འཁོར་ལོའི་འདུ་བ་མཛད་ཚུལ་གསུངས། ཡང་བདེ་མཆོག་དཀར་པོ་ཆོས་འབྱུང་གི་དབུས་སུ་རྣམ་པར་འགྱིང་བའི་ཐུགས་ཀར་ཐིག་ལེ་ནག་པོ་མི་སྡོད་པར་གཡོན་དུ་འཁྱུག་པའི་སྒྲ་ལས་ས་ཀཱ་ར་ཧི་ཡ་ཞེས་བྱུང་ཞིང་མཆེ་བ་བཞི་ལ་བདུད་རྩིའི་བུམ་པས་བརྒྱན་པ་ཡུམ་དང་བྲལ་བ་ཞིག་དུ་བདག་ཉིད་གཟིགས། དེའི་མོད་ལ་ཕྱོགས་བཞི་ནས་ཌ་མ་རུའི་སྒྲ་ལས་ཨ་ཧཾ་ཨེ་ཝཾ་ཨོཾ་ཧཱུྃ་ཞེས་སོགས་རྡོ་རྗེའི་གླུའི་སྒྲ་དང་ཨུ་དུམ་ཝ་རའི་མེ་ཏོག་ཀྱང་རྣམ་པར་འཐོར། སྙིང་གར་རྩ་རིས་ལ་བྱང་ཆུབ་ཀྱི་རྩེ་མོ་ཞེས་པའི་ཡི་གེ་འོད་ཟེར་སྔོ་དྭངས་ཀྱི་རྣམ་པར་འཆར་ཚེ་ངར་འཛིན་དག་སྟེ་གཏད་སོ་མེད་པའི་སྣང་བ་དུ་མ་འཕེལ་བར་གཟིགས། ཡང་དག་ཆོས་ཀུན་འབྱུང་བའི་སྒོར་གྱུར་པ། །རྣམ་ཐར་བརྒྱད་ལྡན་རྣམ་པ་དུ་མའི་གཟུགས། །མཆོག་གྱུར་བདེ་བར་གཤེགས་པ་རྣམས་ཀྱི་ཡུམ། །ཞེས་སོགས་ནས། ལུས་ཀྱི་ཕུང་པོ་ན་མཁར་ཐིམ་པར་བྱོས། །ཞེས་པ་ཌཱ་ཀི་མའི་རྡོ་རྗེའི་གླུ་གསན། ལུས་ན་མཁའ་ལ་ཇི་ལྟར་སྦེད་སྙམ་པ་ན། ཁྱོད་ཀྱང་ན་མཁར་ཐིམ་འདོད་སེམས་པ་ན། །ལུས་ངག་ཡིད་གསུམ་སྦྲུལ་མདུད་བཞིན་དུ་གློད། །རིག་པ་ན་མཁའ་དབྱིངས་སུ་རྟེན་དང་ཕྲོལ། །ཞེས་གསན་པའི་མོད་ལ་འོད་ཀྱི་ཐིག་ལེ་སྔོན་པོ་སྒོ་ང་ཙམ་ཞིག་གི་ནང་དུ་སྲིད་ཞི་ཐམས་ཅད་སྒྱུ་མའི་དཔེ་བཅུ་གཉིས་ལྟར་སྣང་སྟེ་དེའི་ནང་ནས་དེ་བཞིན་གཤེགས་པ་འོད་(པ༢༢༡བ)


PTT001_Page_1310
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་ཆེས་འཕགས་པ་དུ་མས། ཀྱེ་ན་མཁའ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གདུང་གི་ཁང་པ་ཡིན་པས་མོས་པ་ནན་ཏན་ཏུ་ཡིད་ལ་གྱིས་ཅིག །ཞེས་ཐོས་པ་ན་ཐམས་ཅད་འཇའ་ལྟར་ཡལ་བར་གཟིགས། ཡང༌། དུད་འགྲོ་བྱེ་བའི་ནང་ནས་སྨྲ་ཤེས་ཤིང༌། །དོན་གོ་བསམ་པ་ལྡན་པའི་མི་ནས་ཀྱང༌། །སོགས་དང༌། ཁེངས་པ་མ་རབས་རྣམས་ཀྱི་མཐུན་སྣང་དུ། །འཇིག་རྟེན་ཚུལ་དང་མཐུན་པ་མ་གྲུབ་ཀྱང༌། །རྣམ་དཔྱོད་ལྡན་པའི་སོ་སོ་སྐྱེ་བོ་ནི། གོ་ས་ཆེ་ཆུང་གང་དུ་འཁོད་རྣམས་དང༌། །འཕགས་པ་རྣམས་ཀྱིས་རྗེས་སུ་ཡི་རང་མཛད། །བླུན་མོངས་རྣམས་ལ་ཇི་ལྟར་སྣང་ཡང་རུང༌། །རང་གི་འཚོ་བ་ཙམ་ཞིག་དོན་གཉེར་བའི། །བྷུ་སུ་ཀུ་ལ་གནས་སྐབས་གསུམ་པོ་ལས། །ཡིད་བྱེད་མེད་པར་དེ་དག་ཐམས་ཅད་ཀྱི། །བློ་དང་མཐུན་པར་མ་གྱུར་བཟང་པོའི་རྟགས། །ཡིན་ཕྱིར་ཨཱཀྵ་བཛྲ་ཇི་ལྟར་ཡང༌། །བདེ་ལྡན་དགའ་བའི་དབང་པོ་ཡིན་པར་ངེས། །ཅེས་སོགས་ཉིད་ཀྱི་རྣམ་ཐར་ཅུང་ཟད་གསུངས། རྗེ་ཉིད་ལ་མཐའ་དམག་ཟློག་པར་ལུང་བསྟན་ཞེས་རྙིང་མ་བ་ཕལ་ཆེར་གྱིས་གླེང་བ་ན་ནམ་ཞིག་ན་སློབ་དཔོན་ཆེན་པོ་པདྨ་དངོས་ལ་དེ་ལྟར་ལུང་བསྟན་པ་ལགས་སམ་ཞེས་ཞུས་པས། ཅིང་དེ་རྒྱལ་པོ་དེ་ཁྱོད་རང་དང་རྒྱུད་གཅིག་ཞིང་དེས་ཧོར་སོག་འཇང་ཐམས་ཅད་ལ་ལུང་འགྲོ་བས་དེས་ལུང་བསྟན་པ་ཡིན་ནའང་རྟེན་འབྲེལ་འཆུགས། བོད་དུ་མཐའ་དམག་འགེགས་པ་ལ་བསྟན་པ་རྣམ་དག་དགོས་སྟེ་འགའ་ཞིག་ལ་ལྟ་བ་རྣམ་དག་ཡོད་ཀྱང་སྤྱོད་པས་དབེན། ཁ་ཅིག་ལ་སྤྱོད་པ་དགའ་རབ་ཡོད་ཀྱང་ལྟ་སྒོམ་ལོག་པར་ཤོར། མདོར་ན་ཚེ་འདི་པ་ཁོ་ན་མ་གཏོགས་ཕྱི་མ་བསམ་པ་མེད། དེའི་དབང་གིས་ནག་ཕྱོགས་པ་རྣམས་ཁ་རྒྱལ་སྟེ་ནད་མུག་མཚོན་གྱིས་གཟིངས་པ་ཡིན། ཁྱོད་ཀྱིས་ཇོ་བོ་རྗེས་བྱས་པ་འདྲ་བ་ཞིག་བྱུང་ན་མཐའ་དམག་མི་འབྱུང་སྟེ་རྙིགས་དུས་ལ་མི་འགྲུབ། ཕུགས་ནས་བོད་འདིར་རྒྱ་གར་ནག་ཧོར་སོག་གིས་འཆགས་(པ༢༢༢ན)


PTT001_Page_1311
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་ཆེ་བར་འབྱུང་ནའང་གནས་སྐབས་སུ་བདེ་བ་ཙམ་ཐུབ་ཀྱང་སྲིད། ལོ་ཟླ་རེ་ཙམ་ཟློག་པའི་རྟེན་འབྲེལ་ལྷ་ས་བསམ་ཡས་ལ་སོགས་པར་འདི་ལྟར་གྱིས་ཅེས་གསུང་བ་གསན། ཐུན་མོང་གི་མཐུན་སྣང་དང་བསྟུན་པའི་སངས་རྒྱས་མཉན་པའི་སྐྱེ་རབས་ཀྱང་ཅུང་ཟད་གསུངས། ཤེལ་ཐམ་ལྟ་བུ་ལག་ན་ཡོད་ན་ལས་ཀ་ཡོད་པར་འགྲོའམ་ཞུས་པས། སྤྱིར་རྒྱ་གར་གྱི་ཆོས་རྒྱལ་ཁ་ཅིག་དང་བོད་ཀྱི་ཆོས་རྒྱལ་རྣམས་ཀྱི་དུས་སྤངས་རྟོགས་ཀྱི་ཡོན་ཏན་ལ་དཔགས་ནས་བསྙེན་བཀུར་བའི་ཁྲིགས་སོ་སོ་ཡོད། དེ་ཉམས་ནས་ལས་ཀ་ཟེར་བ་འདི་དར་བ་ཡིན། འདི་ལ་ས་སྐྱ་པ་གོང་མ་རྣམས་དང་འོ་སྐོལ་གྱི་གོང་མ་ཚོས་རྒྱ་ཧོར་གྱི་ལས་ཀ་བླངས་པ་ལ་འགའ་ཞིག་རྙེད་བཀུར་གྱི་ཆེད་ཡིན་བསམ་པ་བྱེད་ཀྱང་དེ་ལྟ་མ་ཡིན་དེ་བོད་ལ་དམག་མི་འབྱུང་ཞིང་རྒྱལ་ཁྲིམས་རྒྱུག་པའི་ཆེད་དང་ཟང་ཟིང་གི་གདུལ་བྱ་གཙོ་བོར་ཚོགས་པས་གཞན་དོན་དུ་བླངས་པ་ཡིན་ལ་སྤྱིར་ལུགས་གཉིས་ཀྱི་ལས་ཀ་ལས་འོ་སྐོལ་གྱི་འདི་རབ་བྱུང་གི་སྟོན་པ་ཤཱཀྱ་ཐུབ་པའི་གོ་སར་རྒྱལ་པོས་བཀུར་ནས་ཛམ་གླིང་པ་ཐམས་ཅད་ཀྱི་བླ་མར་བསྐོས་པ་ཡིན། གཞན་ཤེལ་ཐམ་སོགས་ལག་ན་ཡོད་པ་ཙམ་གྱིས་ལས་ཀ་ཡོད་པར་མི་འགྲོ་གསུངས། འདི་ཤིན་དུ་ཐུགས་མང་སྟེ་སྤྱིར་རྒྱ་ཧོར་གྱི་ལས་ཀ་མི་བརྒྱུད་ལ་འཇགས་པ་ནི་རྒྱལ་པོ་ལ་ཤེ་མོང་ཆེར་བལྡབས་པ་རེ་རེ་ཙམ་ལས་མི་ཡོང༌། སོ་སོ་ལ་ལས་ཀ་ཡོད་པ་རྣམས་ཀྱང་ལོ་གསུམ་མ་དང་ལྔ་མ་དང་བདུན་མ་དང་ལོ་སྐོར་རེ་ཙམ་ན་སྡུས་མཁན་མངགས་སྟེ་སྡུད། ཡང་ལས་ཀ་གཞན་དུ་རྗེ་པ་སོགས་འབྱུང༌། མི་བརྒྱུད་ལ་ཡོད་པ་རྣམས་ཀྱང་ཕ་འདས་པ་ན་བུས་ལེན་དགོས་པ་སོགས་ཁོ་ན་མ་གཏོགས་ལས་ཀའི་གོ་མི་ཆོད་ལ། དྲུང་དེ་བཞིན་གཤེགས་པ་ལ་ཏའི་མིང་རྒྱལ་པོས་དུས་གཏན་ཀྱི་ཐམ་ཀ་ཕུལ་བས་སླར་བཞེས་མི་དགོས་པ་(པ༢༢༢བ)


PTT001_Page_1312
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །འདི་ལྟ་བུའི་རྒྱུ་མཚན་གང་ཡང་མ་གོ་བར་མཚལ་རྙེད་ཚད་ཀྱིས་ཐེལ་དམར་དང་ཐམ་ཀ་བྱེད་པར་སྣང་བ་ནས་རྗེ་ཉིད་ཐུགས་འཚེར་བ་ལྟར་མཛད་ཅིང་དྲུང་ན་རིམ་གྱིས་རྒྱ་ཧོར་དང་འབྲེལ་བའི་འཕྲིན་ལས་ཐེལ་དམར་སོགས་མཛད་པའི་རྒྱུན་རྒྱལ་པོའི་རེ་བ་རྫོགས་བྱེད་ཙམ་ཡིན་རུང་མཐོང་མྱོང་ཆུང་ངུ་མང་པོས་ཆེད་དུ་ཆེ་ཆེ་འཇིགས་འཇིགས་བྱས་པ་ཅིག་ཡིན་པས་ངས་ཀྱང་བྱས་ཆོག་སྙམ་པ་མང་པོས་དེང་སང་ངོ་ཚ་བ་ཙམ་འདུག །འོ་སྐོལ་ད་རང་ཐེལ་ནག་བྱས་རུང་ཆོག་པ་འདྲ་ཞེས་ཕྱིས་ཀྱང་ཡང་ཡང་དུ་གསུང་ངོ༌། །འདི་ཡན་གྱི་ལོ་རྒྱུས་རྣམས་བླ་མ་དཔོན་ཡིག་གིས་བསྒྲིགས་པ་དང་ཆོས་རྗེ་མཁན་ཆེན་པས་མཛད་པ་ལས་ཅུང་ཟད་རེ་བསྡུས་པ་ཡིན་ནོ། །འདི་དག་གི་དུས་ཕྲག་གྲུམ་ཚལ་གྱི་ཆོས་སྡེ་སྔར་དྲུང་གོང་མས་གནང་ནའང་དར་རྒྱས་སུ་མ་གྱུར་པས་སླར་གསོ་བར་མཛད་སྟེ་དེར་རྗེ་ཉིད་ཀྱི་བཞུགས་ཁྲི་ལ་འཇམ་དཔལ་བཞུགས་པར་གཟིགས་པས་འཇམ་དཔལ་དགྱེས་པའི་མདངས་ལྡན་གྱི་གཙུག་ལག་ཁང་དུ་མཚན་བཏགས། དོ་ཁྲོ་རབ་འབྱམ་པ་མཁྱེན་རབ་རྣམ་རྒྱལ་ཀརྨ་གྲྭ་ཚང་གི་འཆད་ཉན་པ་ལས་ཕྱིར་བྱོན་པ་བཀའས་བསྒོས་སྟེ་དགེ་འདུན་གྱི་སྡེ་མཛད། ཐེར་ཆེན་ཉི་ཤུར་ཉེ་བ་ལ་སོགས་པ་དད་ལྡན་གྱི་ཡོ་བྱད་ནི་རི་སྤུངས་པ་ལྟ་བུ་གནང་བས་རེ་ཞིག་དར་རྒྱས་སུ་གྱུར། འོན་ཡང་རབ་འབྱམས་པ་གཅེན་པོས་ནན་གྱིས་རང་ཡུལ་དུ་སྤྱན་དྲངས་པ་བསྒྲུབ་བྱའི་དོན་པོར་ཞེན་པ་དང་ཞལ་ཏ་པ་ཟུང་གིས་འདུ་བའི་སྒོ་གནས་མིན་དུ་གོད་པ་ལས་བར་དུ་ཅུང་ཟད་ཉམས་པ་ན་མཁས་ཤིང་གཟུ་བོར་གནས་པའི་སྐྱེས་ཆེན་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་རྒྱལ་བའི་སྲས་ཀུན་དགའ་བཀྲ་ཤིས་ཀྱིས་རྗེའི་བཀའ་བསྒྲུབས་སྟེ་བཙུན་ཆུང་བདུན་ཁོ་ན་ལ་འཆད་ཉན་པ་དང་དབུ་མཛད་ཆོས་ཁྲིམས་གསུམ་ཀ་འགོ་མཛད་སྟེ་ལེགས་པར་བརྐྱངས་པས་འཇམ་དབྱངས་དགྱེས་པའི་མདངས་ལྡན་གྱི་བཤད་གྲ་ཆེན་པོ་(པ༢༢༣ན)


PTT001_Page_1313
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཚུགས་པ་ཡིན་ལ་སྔོན་གནང་བ་རྣམས་ཞལ་ཏ་པ་དག་གིས་གནས་མིན་དུ་གོད་ཀྱང་སླར་དགོས་རྒུའི་འབྱོར་པས་འདུ་བའི་སྒོ་སྦྱར་བར་མཛད་དོ། །ཀར་བསྟན་ལ་གཅིག་དུ་མཛད་པ་ཆེ་བ་ཆོས་ཀྱི་རྗེ་ཤཱཀྱ་བཟང་པོས་རྣམ་ཐོས་ཀྱི་རི་བོར་སྒྲུབ་སྡེ་དར་རྒྱས་སུ་མཛད་ལ་ཕྱིས་ཕྲག་ཡུལ་དུ་སྒྲུབ་སྡེ་རྒྱས་པར་མཛད་སྟེ་བསྟན་པ་ལ་ཕན་པར་གྱུར་ཏོ། །དེ་ལ་རྗེ་ཉིད་དགུང་ལོ་ཉེར་གཅིག་ནས་ཉེར་གསུམ་གྱི་བར་རྗེ་འཕྲིན་ལས་པ་ལས་གསན་བསམ་གྱི་ཚུལ་རྒྱ་ཆེར་མཛད་ལ། དེ་ལྟར་དཔོན་སློབ་གཉི་ག་ནས་གསན་བསམ་གྱི་བཞེད་པ་རྫོགས་པ་ན་རྗེ་འཕྲིན་ལས་པའི་དགུང་ལོ་དོན་བཞི་པ་གླང་ལོའི་མཇུག་དུ་ཞབས་སྐྱེལ་གྱི་དོད་པོར་བྲག་ཕྱིའི་བར་དུ་གཟིམས་སྒར་བཏེག་སྟེ་མཆོད་པའི་སྤྲིན་ཚོགས་གཞལ་དུ་མེད་པས་མཆོད་སྟེ་དབུས་ཕྱོགས་སུ་ཐེགས་ཤིང་སླར་ལེགས་བཤད་གླིང་དུ་མཁས་པ་ཤེས་རབ་རྣམ་རྒྱལ་གདན་སར་བསྐོས་སྟེ་ཡོལ་ཐེག་ཆེན་རྩེར་བཞུགས་ནས་དགྱེས་དོར་བརྟགས་གཉིས་ཀྱི་འགྲེལ་པ་རྩོམ་པ་མདོ་རྩ་མཚོ་མཆན་གྱི་མཆན་གཞུང་སྲེ་བ། རྒྱུད་པ་གྲ་ཚང་འཛུགས་པ། ཀརྨ་རབས་བརྒྱད་ཀྱི་སྐུ་དང་བཀའ་འབུམ་བཞེང་བ་སོགས་མཛད་དོ། །རྗེའི་དྲུང་ཉིད་ནི་སྒར་ཆེན་གྱི་སྔར་སྲོལ་སྒྲིགས་མ་ཆེན་པོ་རྣམས་ལ་ཡང་དུས་ཀྱི་དབང་གིས་དགོས་པ་མི་འདུག་པར་དགོངས་པ་དང༌། སྤྱིར་སྒར་གྱི་སྲོལ་སྔར་ཤིན་དུ་བཟང་ནའང་དྲུང་གོང་མ་སྐུ་མཚམས་གནང་བ་ནས་བཟུང་རྒྱལ་ཚབ་རིན་པོ་ཆེའི་སྒར་སོགས་ལ་རིམ་པས་མིག་སྲོལ་ལད་སྟེ་ལུགས་གཉིས་ཀ་ནས་མིག་རྒྱུ་ལ་ལྟ་བ་ལྟ་བུ་ཞིག་དུ་གྱུར་པས་ཐུགས་འབྱུང་བར་ཡང་གྱུར། སྔོན་དྲུང་གོང་མས་ཁོ་བོས་ཚེ་འདི་ལ་ཕར་ཚད་ཀྱི་རྩོམ་པ་ཙམ་མ་གཏོགས་བཤད་ཉན་མ་གྲུབ་པས་ཕྱི་མར་བཤད་ཉན་བྱེད་ཅེས་བཀའ་བསྩལ་བར་སྣང་བའི་དམ་བཅས་པ་ཡང་སྒྲུབ་པར་བཞེད་པས་ཐུགས་ཅུང་ཟད་འབྱུང་བའི་ཚུལ་གྱིས་ཁྱོད་རང་སྒར་པ་རྣམས་སོ་སོར་སོང༌། ཁོ་བོ་དབེན་(པ༢༢༣བ)


PTT001_Page_1314
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱེད་པ་ཡིན་ཞེས་སྐུ་མཚམས་པར་མཛད་ཅིང་གསོལ་གཟིམས་ལ་སོགས་པའི་ལས་ཚན་རྣམས་ཀྱང་དང་དུ་མ་བཞེས་པར་ཕྱག་ཕྱིའི་སྒོམ་ཆེན་ཞིག་གིས་གསོལ་བ་དང་གསོལ་ཇ་ཞུ་བ་བྱས། དེར་སྒར་པ་ཐམས་ཅད་ཀྱིས་ངོ་གང་ཆེ་སྦྲན་ནས་ཞུས་པས་བཀའ་གང་གནང་གི་སྒྲིགས་བྱེད་པར་དམ་ཕུལ་སྟེ་འཐོར་མི་དགོས་པ་ཙམ་བྱུང༌། གླིང་དཔལ་ལྡན་གྱི་དབོན་པོ་གླིང་དབོན་སངས་རྒྱས་རྒྱལ་མཚན་ལ་གཟིམས་དཔོན་ཆེན་མོ་དང་ཕྱག་མཛོད་ལྷན་ཅིག་པར་བསྐོས་སྟེ་བཤད་སྒྲུབ་ཀྱི་གྲ་འཛུགས་དགོས་པའི་བཀའ་གནང༌། འདི་དུས་སྔོན་གྱི་ཡང་རི་བའི་རྒྱུན་སུམ་བཅུ་ལྷག་རེ་ཡོད་པ་ཆོས་ཀྱི་སྒྲིགས་རྣམ་པ་འབྲིང་ཙམ་ཞིག་ཡོད་པའང་རེ་གཉིས་ཚིག་བརྩེག་བྱུང་བའི་རྐྱེན་ལ་བརྟེན་གྲ་བཤིག་ནས་སོ་སོར་བཏང༌། སླར་རྩེས་དང་བཀའ་བཅུ་པ་གཞོན་ནུ་བློ་མཆོག་དབུ་མཛད་སངས་རྒྱས་སེང་གེ་དགེ་འདུན་དཔལ་བཟང༌། དགེ་འདུན་ཕུན་ཚོགས་སྟེ་ཐུབ་ཆེན་པའི་གྲ་པ་ཤངས་པ་གསུམ་སྟེ་དགེ་སློང་བཞི་ལ་ཁྱེད་ཚོ་ལྷན་ཅིག་པར་སྡོད་ལ་སྨོན་ལམ་རྣམས་གསུང་མི་འཆད་ཐོན། སྨོན་ལམ་པ་བྱས་ཀྱང་ཆོག །ཡང་རི་བ་བྱས་ཀྱང་ཆོག་པ་ཡིན་བཀའ་ཕེབས་སྟེ་ཁོང་རྣམས་ཀྱིས་བཀའ་བཞིན་བསྒྲུབས། གཞན་ཡང་དབུ་མ་བྲག་དཀར་བའི་གྲ་རིགས་དང་བྱང་སྟག་ལུང་གི་རི་ཕྲན་པ་དང་གླིང་པ་སོགས་ཤས་ཆེ་བའི་སྐལ་ལྡན་མང་དུ་འདུས་པ་རྣམས་ཀྱང་ལྷན་ཅིག་དེར་འཇོག་པ་མཛད་པས་ད་ལྟའི་ཡང་རིའི་རྒྱུན་འདི་ཆགས་པ་ཡིན་ལ་བདག་གིས་མཇལ་དུས་ཀྱང་དགེ་འདུན་སུམ་བཅུ་ལྷག་ཙམ་པ་ཚེ་འདིའི་རྣམ་རྟོག་རྨི་ལམ་ན་ཡང་མི་རྒྱུ་བ་ཆོས་གོས་རྣམ་གསུམ་ཧྲུལ་པོ་ལ་བརྟེན་པ་ཡུལ་སྣང་གི་དབང་དུ་འཆོར་མི་སྲིད་པ། གསོལ་འདེབས་ཀྱི་སྒྲ་ཐོས་པ་ཙམ་གྱིས་སྣང་བ་བན་བུན་དུ་བྱེད་ནུས་པ། སྒེར་གྱི་ཤོག་སྐལ་སོགས་མི་ལེན་པར་འཚོ་བ་བསོད་(པ༢༢༤ན)


PTT001_Page_1315
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་ལ་བརྟེན་པ་ཁོ་ན་སྣང༌། ཕྲག་དུ་ཡོས་ལོའི་ལོ་སར་གྱི་བར་ལོ་སར་སྨོན་ལམ་ཡང་སྔར་སྲོལ་བཞིན་མཛད། ལོ་སར་འདིའང་སྔོན་རྗེ་གོང་མའི་དུས་གཞན་ཕན་དུ་འགྲོ་བ་ཡོད་པར་སྣང་ཡང་དེང་སང་ཀོང་པོ་འདིར་ལྟད་མོ་ལ་མི་མང་ཐམས་ཅད་ཐག་རིང་ནས་འདུ། དེ་ལ་སྐྱེས་པ་བུད་མེད་ཐམས་ཅད་སོ་སོ་ནས་སྡེ་ཚན་གྱི་བསྡུ་སྟབས་བྱེད། སྲོག་ཆགས་མང་པོ་བསོད། མི་དགེ་བ་མང་པོ་འཕེལ་བ་ཞིག་འདུག་གསུངས་ནས་དེ་ཕྱིན་སྨོན་ལམ་མ་གཏོགས་ལོ་སར་གྱི་རྩེད་སྣ་མ་མཛད། དེའི་རེས་ཀློ་མང་པོས་བ་མེན་སོགས་ཕུལ་ཞིང་རྩེད་སྣ་མང་པོ་བྱས། སྐུ་གྲིབ་ལ་བརྟེན་པའི་སྐུ་ཁམས་ཆེར་བསྙེལ་བ་ཞིག་བྱུང་བའི་ཚེ་སངས་རྒྱས་ཀྱི་ཞིང་མང་པོ་གཟིགས་པར་སྣང་ཞིང་བཀའ་ལུང་གནང་མ་ཐུབ་ནས་སམྦྷོ་ར་ལ་ཕྱག་བྲིས་གནང་ནས་ཞི་བའི་སྦྱིན་སྲེག་གྱིས་གསུངས་པ་ན་རྗེ་མཁན་ཆེན་པས་ཕག་མོའི་སྲེག་བླུགས་བརྒྱ་རྩ་མཛད་པས་དྭངས་པར་སྣང༌། དེ་ནས་གསུམ་འགྲིག་ནས་ཟིང་པོར་ཕེབས། འདིར་བསམ་ཡས་ནས་བླ་མ་ཁྲ་ཚང་པ་སྐུ་མཆེད་ཀྱིས་འབུལ་ཆེན་མཐའ་ཡས་པས་མཆོད། དེ་ཡང་རླངས་ལྷ་གཟིགས་ཀྱི་བླའི་སྐུ་རིམ་པ་གུང་ཐིང་ཁྲ་གསུམ་ལས་ཁྲ་ཚང་བ་སྔོན་སྔགས་པ་ནུས་པ་ཅན་ཤ་སྟག་གི་རྒྱུད་པ་ཁྲ་ཚང་བ་ཆེན་མོར་གྲགས་པ་དེ་ནི་གསང་སྔགས་སར་རྙིང་གི་མཁྱེན་པ་དང་ནུས་པ་ཆེ་རྗེ་ཆོས་གྲགས་རྒྱ་མཚོ་ལས་ཐུགས་དམ་གྱི་རྩལ་རྫོགས་པས་རྩ་བའི་སློབ་མར་གྱུར། བསམ་ཡས་ཀྱི་ལྕོག་ཤར་ལྷོར་རྗེའི་སྐུ་བཞེངས་པ་ལ་བསམ་ཡས་པ་རྣམས་སྔ་མ་ཅི་རིགས་ཟེར་ཡང་རབ་གནས་ཟིན་པ་ནས་ཆར་ཆེན་བབ། ཞག་འགའ་ནས་བསམ་ཡས་ཕུ་ལ་ཇ་པ་ཚན་ཆེན་ཐོན་པའི་ཐོག་མ་བྱུང་བ་ནས་ཇ་མོད། ལོ་བདུན་དུ་ལོ་ལེགས་པ་ནས་ཕྱིས་མོས་པར་སྣང་ངོ༌། །བདག་གི་ལུས་ལོངས་སྤྱོད་ཐམས་ཅད་རྗེ་གོང་མའི་ཕྱོགས་སུ་བསྔོས་པ་ཡིན་གསུངས་ནས་དམ་ཤོད་ཀྱི་ཡར་འོན་(པ༢༢༤བ)


PTT001_Page_1316
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀར་དུ་དུས་དེའི་བླ་གཅིག་མར་སོང་བས་འབུལ་ནོད་མང་དུ་འབྱུང་བ་ཐམས་ཅད་ལ་ཕལ་པས་བལྟས་ན་སེར་སྣ་ཆེ་བར་མངོན་པ་ཙམ་གྱི་ཞིབ་ཚགས་མཛད། ཁ་བཏགས་རྙིང་པ་དཀར་པོ། ནག་ཁྲ། སྔོ་ཁྲ་སོགས་ཞེ་གཅིག་སོ་སོའི་དོས་དོས་བྱས་པ་དང༌། གོས་དར་ཆེན་སོགས་སོ་སོའི་ཁ་འཁྱར་དོས་སུ་བྱས་པ་དང༌། སོ་སོའི་ཡུག་ལོངས་དོས་སུ་བྱས་པ་སོགས་གོས་དར་ཁོ་ནའང་ཧ་ལས་ཐུབ་པ་དང༌། རྟེན་མཆོད་ཁྱད་ཅན་གན་དྲིལ་སོགས་ཡོ་བྱད་མཛོད་དུ་མ་གང་བ་དང༌། ཁྱད་པར་ནས་བེད་བཀྱེད་སོགས་མཛད་པའི་ནས་ཁལ་ཁྲི་ཕྲག་གཉིས་གསུམ་དུ་ལོངས་པའི་ཞིབ་གསོག་མཛད་སྟེ་སྒར་པ་ལ་ལོ་སྦྲེལ་གྱི་ཞབས་ཏོག་མཛད་པར་དགོངས་ཀྱང་ཕེབས་མ་ཐུབ། སྐུ་ན་བྱོན་པས་མཇལ་མ་ཐུབ་པ་ནས་ཞལ་ངོ་ཐམས་ཅད་ལ་ངའི་འདི་གཞན་སུས་ཀྱང་མི་འཇུ་བས་རྗེའི་ཕྱག་དུ་ཐོངས་པ་གྱིས་ཅེས་ཞལ་ཆེམས་ནན་ཅན་མཛད། བསམ་ཡས་རྒྱལ་པོ་ལ་བཀའ་བསྒོ་མཛད་ནས་གཤེགས། ཞལ་ངོ་སྐུ་མཆེད་རྣམས་ཀྱིས་ཀྱང་ནས་རྣམས་བཀའ་བཀོད་ཞུས་ནས་གོས་སྣམ་དུ་དྲིལ་བ་དང༌། ཕྱག་དཔེ་འདི་ལྟར་བཞེང་བ་གྱིས་སོགས་ཀྱི་དགོངས་པ་བསྒྲུབས་ཤིང་ཡོ་བྱད་ཐམས་ཅད་བཞེད་པ་བཞིན་ཕྱག་དུ་ཐེངས་པ་ཡིན་ནོ། །དེ་ཡང་རྗེའི་དགུང་ལོ་ཉེར་དྲུག་པ་འབྲུག་ལོ་ཟླ་བ་དྲུག་པའི་ཚེས་བཅོ་ལྔའི་ཉིན་བདག་ལོ་ཉེར་དགུ་པ་ཅིག་གིས་ཟིང་པོ་འབུམ་པ་སྒང་དུ་སྐུའི་དཀྱིལ་འཁོར་ཐོག་མར་མཇལ་བ་ཡིན་ལ་བདག་ཉིད་ཀྱིས་ལུས་ལོངས་སྤྱོད་བདེ་དགེ་དང་བཅས་པ་ཕུལ་བར་རློམ་མོ། །ཞག་ལྔ་ན་སྐུའི་བདུད་རྩི་ག་བུར་དུ་གྱུར་པ་བྱུང་བའི་རྟེན་འབྲེལ་ལས་མངའ་རིས་རབ་བྱམས་པ་ཕྱོགས་གླང་ལེགས་པ། ཁམས་པ་རབ་འབྱམས་པ་སེང་གེ་བཟང་པོ། གུ་གེ་རབ་འབྱམས་པ་སྡེ་བདུན་པ། དབུ་མཛད་སངས་རྒྱས་སེང་གེ་དང་བདག་ཅག་ལྔ་ལ་རྡོ་རྗེ་རྣལ་འབྱོར་མའི་སྒོ་ནས་བདུད་(པ༢༢༥ན)


PTT001_Page_1317
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་རིལ་བུ་སྒྲུབ་པར་བཀས་བསྒོས་སྟེ་བསྒྲུབས་ཤིང་མཉེས་པར་གྱུར། འབྲུག་ལོ་དེའི་ཟླ་བ་བཅུ་པ་ཙམ་ནས་མཁས་པ་རིན་ཆེན་ལེགས་པ། རབ་འབྱམས་པ་སངས་རྒྱས་ཡེ་ཤེས་ལ་སོགས་པ་ཉི་ཤུ་རྩ་གྲངས་ཙམ་འདུས་པ་དང་པོར་གྱུར་པ་ལ་བཤད་གྲའི་རྒྱུན་མཛད། འདིའི་དུས་མགོ་དོམ་གླིང་གསུམ་གྱིས་དཔོན་རྣམས་སྒར་དུ་འོངས་པ་ལ་པོ་བོ་ཆུ་མདོ་བས་གནོད་པ་བྱས་པའི་རྐྱེན་གྱིས་པོ་ཀོང་གི་ཀར་སྲིད་རྣམས་ཀྱིས་དམག་ཆེན་བསགས་སྟེ་པོ་བོར་དྲངས་སེམས་ཅན་གྱི་ལས་ཟློག་པར་མི་ནུས་པ་ཅིག་ཡོད་པར་སྣང་བས་རྗེ་ཉིད་ཀྱིས་དགག་པ་དང་སྒྲུབ་པ་གང་གི་ཡང་བཀའ་མ་གནང༌། དཔོན་རྣམས་སྐུ་མདུན་དུ་གྲོས་ལ་འཚོག་པའི་ཚེ་ཡང་རྗེ་ཉིད་ཐུགས་རྩོམ་ཆོས་ཀྱི་དྲི་རྨེད་མ་གཏོགས་གྲོས་ཀྱི་ཚིག་གཅིག་ཙམ་ཡང་མི་གསན་ཞིང་མི་གནང་བ་དངུལ་ཆུ་ས་ལ་བཞག་པ་ལྟ་བུར་སྣང༌། འདི་དུས་བདག་ཞབས་ཕྱིར་རེ་བཅར་ཡོད་པའི་སྐབས་ཡིན། ཕྱིས་པུ་བོར་བྱུས་འབྲིང་ཙམ་བྱུང་བར་སྣང་སྐབས་དེ་མོ་ལ་ཁ་བས་བྱ་ལེན་མཚང་སྐྱེལ་ཚང་མ་བྱས་ཟེར་ནས་འཇོམས་པར་ཐག་ཆོད་སྐབས་རྗེ་ཉིད་ཀྱིས་རྒྱ་བདག་གཞིར་ཡོད་རྣམས་དང་ཁྱད་པར་དཔོན་ཁྲོ་རྒྱལ་དཔལ་ལ་དགོན་པ་དེ་བཤིག་འདུག་ན་ཁྱོད་དང་ང་མི་འཆམ་ཞེས་བཀའ་ནན་གྱིས་གནང་བས་མ་ཞིག་པ་ཡིན་ལ་འདིའི་ཚེ་རང་ཕྱོགས་པར་ཁས་འཆེ་པ་ཕལ་ཆེར་གྱིས་སྐུར་བ་བཏབ། དྲུང་པ་རྩེ་ལྷ་སྒང་པས་ཀྱང་ཐུགས་འཁང་མཛད། ཡང་རིའི་དྲུང་ཀུན་བཟང་པའི་གསུང་གིས་འོ་ཀརྨ་པས་གྲུབ་རྟགས་དེ་རིང་བསྟན་ནོ་རྐང་རྗེས་ལག་རྗེས་གང་དགའ་གྱིས། ཀརྨ་པའི་གྲུབ་རྟགས་གནོད་ལན་ཕན་པས་འཇལ་བ་འདི་འདྲ་ཞིག་དགོས་ཟེར་ནས་མཉེས་སྐད། འདི་ལ་བསྟོད་པ་བརྗོད་མཁན་བསམ་ཤེས་འགའ་ཟུང་ལས་མ་བྱུང་ཡང་ཁོང་རང་ཆུ་མདོ་བ་རྣམས་ཀྱིས་ཀྱང་དེ་གོ་ནས་དོ་ཞག་ལོ་དུས་སུ་རྟག་བཟང་བ་འགའ་དང་བཅས་པའི་བབས་(པ༢༢༥བ)


PTT001_Page_1318
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས་འབུལ་བར་སློབ་དཔོན་དྲག་པ་གཅིག་གཉིས་དང་མི་སྣ་རྣམས་ཚལ་གུང་དུ་སྒར་བཞུགས་དུས་སླེབས། འབུལ་བའི་གཏམ་ལ་ཡང་དམག་མ་ཐུབ་ནས་བབས་བཤགས་བྱེད་པ་མིན། ན་ནིང་དེ་མོ་ལ་ཁ་རྗེའི་དྲུང་རང་གིས་བསྐྱབས་པ་ཡིན་པར་འདུག་པས་སྤྱན་རས་གཟིགས་ཀྱི་མཛད་པ་ཡིན་བསམས་ནས་དད་པ་སྐྱེས་པས་བཤགས་པ་འབུལ་དུ་འོངས་པ་ཡིན་ཟེར་བའི་གཏམ་བཏང༌། སློབ་དཔོན་དྲག་པ་དེས་གུ་རུ་དྲག་པོའི་སྒྲུབ་ཐབས་ཀྱི་དཔེ་ཞིག་གི་ལུང་ཞུས་པས། ཁྱོད་དགའ་ལྡན་པ་ཅིག་ང་ཀརྨ་པ་ཅིག་ལ་རྙིང་མ་པའི་ཆོས་ཞུ་བ་ཨེ་ཡིན་གསུང་བའི་སྐུ་རྩེད་ཀྱང་མཛད་པ་ཡིན། འདི་ལས་ཆེས་སྔོན་ཙམ་དུ་མོན་རྒྱལ་པོ་གྭ་ཐུང་གི་བརྒྱུད་པ་ཇོ་འབག་གི་སྲས་གཅེས་མིང་སྤྲང་པོ་དར་ཟེར་བ་དེ་བློན་པོ་ཁྲི་དཔོན་བཞི་དང་བཅས་པས་མཇལ་དུ་སླེབས་སྟེ་ཁོང་རང་གི་སྐྲ་ཡང་ཕུལ། གོའི་ཤྲིའི་ལས་ཀ་གནང༌། འབུལ་བ་ནི་མཐའ་ཡས་པར་བྱས་ཤིང་བློན་པོ་སིན་ཏི་ཀས་ཀྱང་ཁྱད་པར་དུ་མཆོད། ཡར་རྒྱབ་དཔོན་ཆེན་པའང་ལས་དབང་གིས་གཙང་ཕྱོགས་སུ་བྱོན་པ་ཞབས་ཕྱིར་མཇལ་སྟེ་རབ་བྱུང་དང་དགེ་སློང་དུ་བསྒྲུབས། མུ་ཏིག་གི་མཆོད་རྟེན་སོགས་ཕུལ་ཞིང་ཆོས་དང་ཟང་ཟིང་གིས་རྗེས་སུ་བཟུང༌། འབྲི་ཁུང་ཆོས་རྗེས་ཀུན་དགའ་རིན་ཆེན་གྱིས་སྤྱན་འདྲེན་གྱི་ཞུ་ཡིག་ཕུལ། སྟག་ལུང་ཆོས་རྗེ་རྣམ་རྒྱལ་གྲགས་པའི་ཞུ་ཡིག་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རྗེ་ཐམས་ཅད་མཁྱེན་པའི་ཞབས་ཀྱི་པདྨར་དཔལ་སྟག་ལུང་གི་གཙུག་ལག་ཁང་ཆེན་པོ་ན་གནས་པའི་ཤཱཀྱའི་དགེ་སློང་རྣམ་རྒྱལ་གྲགས་པ་དཔལ་བཟང་པོས་གནས་ལྔ་ས་ལ་གཏུགས་པའི་ཕྱག་སྔོན་དུ་འགྲོ་བས་བླ་གོས་ཕྲག་པ་གཅིག་དུ་གཟར། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་སྟེ་འདི་སྐད་ཅེས་ཞུས་བ་ཞེས་པའི་ཞུ་ཡིག་དངོས་ལན་དུ་མར་ཕུལ་བ་མཐོང༌། མདོ་སྨད་ནས་བཞག་བླ་མ་ཀུན་དགའ་དཔལ་གྱིས་རྒྱ་སྤྱད་ཁྱད་པར་ཅན་མང་(པ༢༢༦ན)


PTT001_Page_1319
[མ་དཔེ་གཟིགས་ན་འདིར་གནོན།]

པོས་སྣ་དྲངས་པའི་འབུལ་ཆེན་དཔོན་པོ་གཞོན་པས་ཕུལ་ཞིང་སྤྱིར་སྔ་ཕྱིར་འབུལ་ཆེན་མང༌། ཞུ་ངག་དུའང་ངས་གཅེས་ཕྲུག་མི་དྲག་གི་བུ་ཁོ་ན་བསྡུས་ནས་སྒར་དུ་ལོ་ལོ་བཞིན་སུམ་བཅུ་བཞི་བཅུ་ལས་མི་ཉུང་བ་བརྫངས་པ་རྣམས་སྒར་དུ་མཇལ་སའང་མ་རྙེད་པར་སེར་འབྲས་དགེ་གསུམ་སོགས་སུ་སོང་བ་ཁོ་ན་བྱུང་འདུག་པས་འཕྲལ་ཆས་བཟང་ངན་དང་དངོས་ཀྱི་འབུལ་བ་ཡོད་མེད་ལ་མ་གཟིགས་པར་རྗེས་སུ་འཛིན་དགོས་ཅེས་ཀྱང་ཕུལ། ཀ་ཐོག་གི་ཆོས་རྗེས་སངས་རྒྱས་ལྟ་བུར་ལྟ་བ་དུ་མ་དང༌། འཛམ་ཐང་ནས་ས་བཟང་མ་ཏིའི་སྐུ་སྐྱེས་ཆོས་རྗེ་དེ་དང༌། སྨར་ཁམས་གསེར་མདོག་པའི་བླ་ཆེན་རྣམས་ཀྱི་འབུལ་ནོད་དུ་མ་བྱས་ཤིང༌། འཇང་དམག་ལས་སྐྱོབ་པ་རྗེ་ཉིད་མ་གཏོགས་པ་རེ་ས་མི་འདུག་པས་ཕེབས་དགོས་པའི་ཞུ་ཡིག་ཕུལ་བ་ནི་སྔ་ཕྱིར་མང༌། གདན་ས་ཕག་མོ་གྲུ་ནས་དཔོན་ས་སྤྱན་སྔ་རིན་པོ་ཆེས་ཞུ་ཡིག་ཁ་བཏགས་གོས་ཆེན་ལས་བཟང་བ་དངུལ་གཟན་ཆུང་ངུ་ཙམ་ལ་ཐུགས་རྗེ་ཆེན་པོའི་སྐུ་དང་བདེ་ལེགས་ཀྱི་ཚིགས་བཅད་ཡོད་པ་སོགས་འབུལ་ཞབས་མང་དུ་མཛད། འདི་དག་གི་དུས་བསྟན་པའི་འབྱུང་གནས་དབུས་གཙང་ཡིན་པར་དགོངས་ནས་ཆིབས་ཁ་བསྒྱུར་བ་འབའ་ཞིག་དགོངས། འོན་ཡང་ཀརྨ་པ་གདན་འདྲེན་མེད་པར་འབྱོན་པ་ངོ་ཚ་ཟེར་ནས་ཀོང་པོ་འཕྲལ་འཚོའི་ལོངས་སྤྱོད་བདེ་དཔོན་རྣམས་ཀྱང་ཡུལ་སོ་སོའི་ཁུར་བསྡུར་ཡོད་པ་ལ་ཞེན་པས་སྒར་དཔོན་རྣམས་ནི་འབྱོན་པར་མི་སྤྲོ། དབུས་གཙང་ན་བདག་པོར་རློམ་པ་དབང་དང་ལོངས་སྤྱོད་ཀྱིས་འབྱོར་པ་རྣམས་ནི་དད་པའི་ནོར་དང་བྲལ་དགེ་བའི་གྲོགས་པོས་མ་ཟིན་རྣམ་དཔྱོད་ཀྱི་སྣང་བ་མེད་པས་ཕེབས་ཀྱིས་དོགས་པ་ཙམ་ལས་མེད། རྣམ་དཔྱོད་ཆེ་ཞིང་དད་པ་དང་ལྡན་པ་སྐོམ་པ་ཆུ་འདོད་པ་ལྟ་བུ་དུ་མ་དང༌། བསྟན་པ་ཆེར་རྙིགས་པས་སྐྱོ་ཞིང་རྗེ་ལྟ་བུ་ཕེབས་ན་སོར་ཆུད་དམ་སྙམ་(པ༢༢༦བ)


PTT001_Page_1320
[མ་དཔེ་གཟིགས་ན་འདིར་གནོན།]

པ་རེ་གཉིས་ཡོད་ཀྱང་བ་ཚྭའི་རྒྱ་མཚོར་ཡན་ལག་བརྒྱད་ལྡན་གྱི་ཆུ་ཐིགས་བཞིན་དུ་སོང༌། འོན་ཀྱང་སྨྱོས་པའི་བུ་ལ་མ་ལྷག་པར་བརྩེ་བ་འཕེལ་བ་བཞིན་དུ་དེ་ཙམ་གྱིས་རྗེ་ཉིད་དབུས་གཙང་ཁོ་ན་ལ་ཕེབས་པར་གཅིག་དུ་དགོངས་པའི་དུས་ཡིན། འདི་དག་གི་ཚེ་སོག་ཟམ་ཁང་ནས་སྐྱེ་བའི་རྟེན་འབྲེལ་བྱེད་པ་ཡིན་གསུངས་ནས་འབྲོང་བུ་གོའི་ཤྲི་པའི་བང་ཆེན་ཡོད་སར་ཀོང་པོ་ནས་ཕྱག་ནས་གནང་བ་སོག་ཟམ་ཁའི་ཐང་ཁྱབ་པར་མང་དུ་སླེབས་སྟེ་དེ་ཉིད་མྱུ་གུར་སྐྱེས་ཤིང་སྨིན་པ་ལས་སྔར་ནས་མི་སྨིན་པ་ལས་དེ་ཕྱིན་ལོ་ཐོག་ལེགས་པར་སྨིན་པ་ད་ལྟའང་ཡོད། རྗེ་ཀུན་དགའ་རིན་ཆེན་སྐུ་གཤེགས་པའི་དངུལ་གདུང་ལ་ཕྱག་ནས་ཞུས་པ་རྩེ་ལྷ་སྒང་ནས་གནང་བ་འབྲི་ཁུང་ཐེལ་དུ་མངོན་སུམ་དུ་སླེབས་པས་མི་དབང་མགོན་པོ་རྒྱལ་མཚན་ཡིད་འཆེས་པའི་དད་པ་ཐོབ། རྒྱུ་དེས་ཞབས་ཏོག་རྒྱུན་དུ་དཀའ་ནའང་སྤྱན་འདྲེན་གྱི་སྣ་ཙམ་བྱེད་པར་ཞུས་པ་དང་ཧོར་གྱི་དཔོན་ཐར་པ་འབུམ་གྱིས་ནན་གྱིས་སྤྱན་དྲངས་པ་ལྷན་ཅིག་པས་འདེགས་པར་དགོངས། ལུག་ལོ་ཟླ་བ་གསུམ་པ་ཙམ་ནས་མཛོད་ནག་ཅུང་ཟད་གཟིགས་རྟོག་མཛད་སྟེ་གོང་མ་ཏའི་མིང་རྒྱལ་པོས་ཕུལ་བའི་གསེར་གྱི་ཐུབ་དབང་དང་གནས་བཅུའི་གཙོ་བོ་མཆོད་ཡོན་གྱི་གསི་ཐང་ཆེན་མོ་གཉིས་དང་ན་བཟའ་བཞུགས་བསྟན་ཁྱད་པར་ཅན་དུ་མ་ཞལ་མཇལ་གནང་ཞིང་སླར་ཕྱག་རྫས་དུ་མ་འཇུད་པར་མཛད། ཟླ་བ་དྲུག་པ་ནས་སྡོང་པོ་གྲུ་སོར་སྒར་གྲལ་གནང་བ་ན། སྤྱིར་བྲང་ཁ་ཆེན་པོ་ཕལ་ཆེར་བསྡུ་བ་གནང་ཟིན་ནའང་ཞབས་དྲུང་སྤྱན་སྔ་སྤྲུལ་སྐུ་དང་མཚུར་ཕུ་བ་སྐུ་འབྲིང་བ་བཞུགས་པ་དང༌། རྒྱལ་ཚབ་གོའི་ཤྲི་དཔོན་སློབ་བཞི་བརྒྱ་ཙམ་དང་མཉན་པ་སྤྲུལ་སྐུ་དཔོན་སློབ་ཉིས་བརྒྱ་ལྷག་པ་སོགས་བཞུགས་པའི་སྐབས་ཡིན་པས་སྒར་གྲལ་གུར་ནག་ཆེན་མོ་བརྒྱད་བཅུ་ལྷག་པར་ལོངས་ཤིང་གུར་ཕྲན་མཐའ་ཡས། ཡང་རིའང་བརྒྱད་བཅུ་ལྷག་ཙམ་ལ་གཤོག་ཆེན་གཅིག་(པ༢༢༧ན)


PTT001_Page_1321
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྐལ་བ་ཡང་ལེན་པའི་བཀའ་གནང༌། ཡང་རི་ལས་ཟུར་དུ་དབེན་པར་བཞུགས་པ་ཡང་ལྔ་བཅུ་ལྷག་དང་གྲ་ཚང་བ་ཡང་བརྒྱར་ཉེ་བ་ཙམ་དང་སྤྱིར་སྒར་པ་ཉིས་སྟོང་དུ་ཉེ་བ་ཙམ་རིམ་པས་བུ་ཆུ་བྲག་ཕྱི་རྣམས་སུ་ཕེབས་ཤིང་དེར་སྤྲེ་ལོ་སར་བ་ནས་སྒར་འདེགས་དང་སྨོན་ལམ་ལྷན་ཅིག་དུ་མཛད་བཞིན་པས་བྲག་གསུམ་དུ་དབྱར་བཞུགས་མཛད་ཧོར་དང་རོང་པོ་ཆེན་པོ་སོགས་ཀྱི་ཇ་འདྲེན་དང་བསྐྱར་བསྐུལ་སླེབས། སྟོན་འབྲི་ཁུང་ཕྱོགས་སུ་ཕེབས་པ་ལ་སྔར་སྲོལ་བཞིན་འབམ་ཐང་ནས་ཆོས་རྗེ་དཔོན་སློབ་ཀྱིས་བསུ་བ་མཛད། འོན་ཡང་མཇལ་ལུགས་དྲུང་གོང་མ་དཔོན་སློབ་ཀྱི་སྐབས་མིན་པའི་དགོས་ཚུལ་སྡེ་པ་དང་རང་གིས་ནན་ཞུས་གང་ཕུལ་བ་དེ་ག་ལ་མཛད། མཚེའུ་ཁའི་ཐང་ལ་སྒར་ཆེན་བཞུགས་སྟེ་ཟླ་བ་བཞི་ལྔའི་བར་དུ་ཚོགས་པ་ལ་སྤྱི་ཆོས་དང་རས་བུང་པ་ལ་རས་ཆོས། ཆོས་རྗེ་རིན་པོ་ཆེ་ལ་དབང་ཁྲིད་དུ་མ་དང་དགོངས་གཅིག་གི་བཤད་ཆེན་གནང་ཞིང་ཚོམས་དང་པོ་ལ་བདག་གྱིས་གསུང་ཟིན་བྲིས་བྱས་ཤིང་ཚོམས་ཕྱི་མ་དྲུག་ལ་གསུང་བསྡུས་པ་རེ་བདག་ལ་སྔོན་དུ་གནང་སྟེ་མཚམས་སྦྱོར་ཟིན་རིས་ལྟར་གྱིས་ཅིག་གསུང་སྟེ་དེ་ལྟར་བགྱིས། ཕྱིས་འདི་ལས་ལན་གསུམ་ཙམ་དུ་ཇེ་རྒྱས་སུ་གནང་བ་བཀའ་འབུམ་གྲས་ཀྱི་པོ་ཏི་བཞི་བཞུགས། མི་དབང་མགོན་རྒྱལ་བའི་གཅེན་པོ་ནང་སོ་སློབ་དཔོན་པས་བསྙེན་རྫོགས་ཞུས། གཞན་མཁན་པོ་ཁྲ་བ་ཁ་སྐུ་སྐྱེ་བ་དང་ཆེན་པོ་སྟག་ཕུ་པ་ལ་སོགས་འབྲི་ཁུང་ལྷ་སྡེ་མི་སྡེའི་བླ་མ་རྣམས་དང༌། བྱང་སྟག་ལུང་ནས་ཇ་འདྲེན་བཏང་བའི་དགེ་རྒན་ཨ་རྒྱལ་ལ་སོགས་པ་དང༌། བྱང་འབབ་རོམ་པའི་བླ་མ་ཀ་བཞི་དྲུག་ཀོང་པ་སྤྱན་སྔ་སྐུ་མཆེད། དབུ་མ་སྐུ་སྐྱེ་ལ་སོགས་པ་སོག་པ་མཁར་རུ་བ་དང་སྒོམ་སྡེ་ལ་ཐུག་པའི་བར་གྱི་སྐྱ་སེར་མཆོག་དམན་ཐམས་ཅད་ཀྱིས་འདུད་ཅིང་མཆོད། ཁྱད་པར་ཧོར་(པ༢༢༧བ)


PTT001_Page_1322
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དཔོན་ཐར་པ་འབུམ་གྱིས་མཇལ་ནས་རབ་གནས་སུ་ཕེབས་དགོས་པར་ཞུས། དེར་བྱ་ལོའི་སྨོན་ལམ་ཆེན་མོ་ཡང་མཛད་སྟེ་ཟླ་བ་གཉིས་པ་ནས་ཀླུང་ཤོད་དུ་ཕེབས། བཀྲ་ཤིས་ཐང་དུ་དབྱར་བཞུགས་མཛད། དེར་ལེགས་བཤད་གླིང་ནས་དགེ་འདུན་དཔོན་སློབ་རྣམས་ལ་མཇལ་བར་ཕེབས། དེ་དུས་གདན་ས་པ་ཆོས་རྗེ་ཤེས་རབ་རྣམ་རྒྱལ་ཡིན་ལ་སྒམ་པོ་སྤྱན་སྔ་སྐུ་རབ་ཆོས་མཛད་ཕྱག་མཛོད་མཛད་པ་དང་ལྷ་མཐོང་ཆོས་མཛད་པ་སོགས་གྲ་ཚང་ན་བཞུགས་པའི་སྐབས་ཡིན། ཁྲ་བ་ཁའི་སྒྲུབ་སྡེ་རྩེར་གཟིམས་ཁང་གི་ལྟེ་བར་རྗེའི་དྲུང་བཞུགས། དེའི་ཕྱིའི་གཟིམས་ཆུང་སོ་སོར་འབྲི་ཁུང་རིན་པོ་ཆེ་དང་སྤྲུལ་སྐུ་རྣམ་པ་གཉིས་རྣམས་སོ་སོར་བཞུགས་སྟེ་ཟླ་བ་ཕྱེད་གཉིས་སུ་སྐུ་མཚམས་དང་དབང་ཁྲིད་དུ་མ་གནང༌། འདིར་དགེ་ལྡན་རྩེ་ཤར་བྱང་གི་ཆོས་རྗེ་གདན་ས་པ་དང་ཀུན་སྤངས་པ་རྗེ་བསོད་གྲགས་པ་དང་འབྲས་སྤུངས་ནས་རྗེ་དགེ་འདུན་རྒྱ་མཚོ་རྣམས་ཀྱི་ཞུ་ཡིག་གུས་འདུད་ཆེས་ཆེ་བ་དང་ཞལ་མཇལ་བར་བཞེད་པ་དང་ཕེབས་པར་ཞུ་བ་སོགས་བྱུང༌། གྲ་ཚང་འབྲུག་ལོའི་མཇུག་ལ་བཙུགས་པའི་སྦྲུལ་ལོ་ཟླ་བ་དྲུག་པ་ནས་བདག་ལ་བཀའ་གནང་སྟེ་གནས་བརྟན་གྱི་རྣམ་པ་བྱས། འདི་ནས་ཐུགས་དམ་བརྟགས་པ་ན་མངའ་རིས་རབ་འབྱམས་པ་ཕྱོགས་གླང་ལེགས་པ་ལ་བབས་ནས་བསྐོས་ཇ་གནང་སླར་ར་སྒྲེང་སྟག་ལུང་སོགས་ཀྱི་གནས་གཟིགས། སྐལ་ལྡན་གྱི་དོན་མཛད་བཞིན་པར་སྟོད་ལུང་མཚུར་ཕུར་ཕེབས། མི་རིང་བར་དབོན་པོ་གླིང་དཔོན་སྔར་བསྙུང་ནས་ལོ་གཉིས་སུ་ཉེ་བ་སོང་བ་དེ་གཤེགས། བླ་མ་རིན་པོ་ཆེ་ཀྲེ་ཆུང་གིས་འབུལ་ནོད་རླབས་ཆེ་བ་མཛད། ཁྱི་ལོ་སར་ནས་སྨྱུག་ལར་སྤྱན་དྲངས་སྟེ་གདན་ས་པ་ཤེས་རབ་རྣམ་རྒྱལ་ལ་སོགས་ཀརྨ་གྲ་ཚང་གི་དགེ་འདུན་དང༌། ཞ་ལུ་སྨོན་ལམ་པ་ལ་སོགས་གསང་ཕུ་ཁོ་པེའི་དགེ་འདུན་དང༌། ཆོས་རྗེ་ལྷ་དབང་བློ་སོགས་(པ༢༢༨ན)


PTT001_Page_1323
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་ཚལ་འོག་མའི་དགེ་འདུན་དང་བཅས་པའི་བསུ་བས་སྤྱན་དྲངས། ན་ཁ་ཕུག་དུ་སྒར་ཕབ། དབྱར་དེ་སེམས་ཅན་གྱི་ལས་དབང་གིས་གཙང་དབུས་ཀྱི་ཟློས་པ་ཆེར་བྱུང་ཡང་རྗེས་སུ་ཆིངས་ཀྱི་བཀའ་བཀོད་གནང་བས་འཇགས། སྣེ་གདོང་རྩེ་ནས་ཀྱང་སྤྱིར་ཀརྨ་པའི་གོ་སར་ཕེབས་པ་ཙམ་ལ་འབུལ་བའི་ཡིག་སྐུར་དང༌། དེ་ནས་རྒྱ་ནག་གི་བླ་མ་མཛད་པའི་དང༌། སླར་ཕག་གྲུ་པ་རང་གི་བླ་མ་ཞུས་པ་སྟེ་ཡིག་སྐུར་གྱི་རིམ་པ་གསུམ་ཡོད་པ་ལས་འདི་ནང་གི་ཆེ་ཤོས་དེ་ཡིན་ཞེས་གོང་འོག་དུ་མཐོ་རེ་ལྷག་པ་དང༌། ཞབས་ཀྱི་པདྨ་ལ་དངོས་པོ་ཐམས་ཅད་ཀྱིས་འདུད་ཅིང་ཞུ་བ་ཞེས་སོགས་ཀྱི་ཡིག་བཟོས་དང་བཅས་པའི་འབུལ་བ་རྒྱ་སྤྱད་གཙོ་ཆེ་བ་བཟང་ཞིང་རླབས་ཆེ་བའི་འབུལ་བར་དབུ་རུའི་དམག་དཔོན་ཆེ་བགྲེས་བྱིང་པ་མ་ཆེན་དང་དྲུང་ཡིག་མྱུ་གུ་བ་སོགས་མངགས་ཤིང་གཞིས་ཀ་གོང་དཀར་ནས་དང་འཕྱོང་རྒྱས་པ་རྒྱལ་ཆེན་གླིང་པ་སོགས་སོ་སོ་ནས་ཇ་འདྲེན་ཕུལ་ཞིང་བྱིང་པ་མ་ཆེན་གྱིས་གཙུག་ཕུད་ཕུལ་ཡོངས་རྫོགས་ཀྱི་དགེ་བསྙེན་ཞུས་ཐུན་མོང་མ་ཡིན་པའི་དད་པས་རྩ་བའི་བླ་མ་གཅིག་པུ་པར་འཛིན་ནོ། །སླར་དྲུང་གོང་མའི་དཔོན་ཆེན་དཔོན་པོ་བརྩོན་འགྲུས་པ་སོགས་གནང་སྟེ་ཆབ་ཤོག་གནང་བྱིན་གའུ་ལེ་བཞིན་མཛད། ཧོར་དང་རོང་པོའི་གསེབ་ཏུ་ཕེབས་པར་ཞུས་ཀྱང་དགུན་བཞུགས་མཚུར་ཕུའི་སྐུངས་སུ་གནང་བཞེད་པ་ནས་འདམ་གཞུང་དུ་མ་ཐེགས་པར་གནམ་གྱི་ས་ཅི་རིགས་པར་ཕེབས་སྟེ་སོ་སོས་མཇལ། དགུན་སྐུངས་སུ་དབེན་པ་མཛད་ཅིང་གསུང་ཆོས་འཕེལ་བར་གནང༌། སོག་ཟམ་པ་སྐུ་མཆེད་ཀྱིས་འབུལ་ནོད་མཛད་ཅིང་རབ་བྱུང་བསྙེན་རྫོགས་གནང༌། གཞིས་ཀ་རིན་སྤུངས་པས་གཙང་དུ་ཕེབས་པར་ཞུས་སྟེ་ཕག་ལོ་ཟླ་བ་ལྔ་པའི་ཡར་ངོ་ལ་མཚུར་ཕུ་ནས་བཏེག་སྟེ་དབུ་རི་ནས་གཞུ་ལ་ཕེབས། དེར་འཇམ་པའི་དབྱངས་འཆི་མེད་དཔལ་བཟང་(པ༢༢༨བ)


PTT001_Page_1324
[མ་དཔེ་གཟིགས་ན་འདིར་གནོན།]

པོས་མཇལ་ཞིང་གུས་འདུད་མཛད། སྙེ་མོ་རིན་ཆེན་རྩེ་པའི་དཔོན་ས་གསེར་ཁང་མས་མཆོད། རིམ་པས་ས་དཀར་གྲུ་སོ་བརྒལ་སྟེ་རོང་ཆེན་གྱི་ནང་བརྒྱུད། ཞག་གཅིག་གི་ས་ནས་དཔོན་དྲུང་གཡུང་པ་ཁམས་པ་བ་དཔོན་རགས་བསྡུས་ཐམས་ཅད་ཀྱིས་བསྐོར་བས་གདན་འདྲེན་དང་ཉིན་བསྐོར་གྱི་ས་ནས་གཙང་གཡས་རུ་དང་རུ་ལག་གི་བདག་པོ་ས་སྐྱོང་ངག་དབང་རྣམ་རྒྱལ་སྲས་སྐུ་མཆེད་དང་དཔོན་དྲུང་གཡུང་པ་མ་ཆེན་དང་བཅས་པ་དཔོན་རྣམས་པ་ཆེ་རིགས་ཐམས་ཅད་ཀྱིས་བསྐོར་བའི་ཆིབས་རགས་ལྔ་བརྒྱར་ལོངས་པས་བསུས། བྱམས་ཆེན་ཆོས་ལུང༌། ཆོས་རྗེ་འཇམ་དབྱངས་སར་མ་ལ་སོགས་འབྲས་ཡུལ་སྐྱེད་ཚལ་གྱི་ཚོགས་པ། ཆོས་རྗེ་ལྕང་ར་རབ་འབྱམས་པ་དང་འབུམ་རམ་པ་དགེ་འདུན་ཉི་མས་གཙོས་པ་གསེར་མདོག་ཅན་པའི་དགེ་འདུན་སོགས་རབ་ཏུ་བྱུང་བ་སྟོང་ཕྲག་མང་པོའི་སེར་སྦྲེང༌། གོས་སྐུ་ཆེན་མོ་བཤམས་པ་ལ་སོགས་བཀོད་པ་མཐའ་ཡས་པས་སྤྱན་དྲངས་སྟེ་མཁའ་རུ་སྟེང་དུ་སྒར་ཕབ། འདི་ནས་ཡང་རིའི་བླ་མ་ལ་གྲུབ་ཆེན་ཀུན་དགའ་བཟང་པོ་བསྐོས། འདིའི་དུས་ལ་སྟོད་ལྷོ་ཁྲི་སྐོར་ནང་བཤིག་སྟེ་རྒྱལ་སྲིད་ཉམས་པའི་མགོན་སྐྱབས་མཛད་སྟེ་བདག་པོ་ཡབ་སྲས་ཀྱི་སྐུ་སྐལ་ལ་ཕ་དྲུག་སྟོང་སྐོར་གྱི་ས་འཇགས་པ། ཞལ་ངོ་མི་གཏེ་ལ་བཞུགས་དགོས་པའང་སྒར་དུ་ཆོས་མཛད་བྱས་ནས་བཞུགས་པས་ཆོག་པ་བྱུང༌། ཐོབ་རྒྱལ་བ་རབ་ཏུ་ཕྱུང་སྟེ་ཀརྨ་དོན་དམ་ཡང་དག་འཕགས་སུ་མཚན་བཏགས། ཀློག་པའི་གྲར་སྦྱངས་པ་མཛད་རིང་པོར་མ་ཐོགས་པར་མཁས་པར་གྱུར་སྟེ་ཀརྨ་འདུལ་གྲ་གླིང་གི་བཤད་སྡེ་བཙུགས་ནས་དར་རྒྱས་སུ་གྱུར། ཉུག་རྒྱལ་ཁང་དང་བསམ་གྲུབ་རྩེའི་བར་དུ་མཆོད་ཡོན་ལྷན་ཅིག་པས་ཕེབས་སྟེ་ཉིན་བཞིན་མཇལ་བ་དང་གསུངས་ཆོས་གསན། རྗེ་བཙུན་རཏྣ་བྷ་དྲ་ཞེས་དེང་སང་དཔྱོད་ལྡན་གྱི་དགེ་པའི་བཤེས་གཉེན་གཅིག་པུ་པར་གྲགས་(པ༢༢༩ན)


PTT001_Page_1325
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་དང་སློབ་དཔོན་ནག་པོ་སྤྱོད་པ་པའི་སྤྲུལ་སྐུར་གྲགས་པ་རྗེ་བཙུན་ཀུན་དགའ་སྒྲོལ་མཆོག་པས་ཀྱང་འདི་སྐབས་སུ་མཇལ་སྟེ་ཆོས་གསན། སྤྱིར་སྡེ་པ་རང་གི་བཞེད་པ་ལ་རིན་སྤུངས་སྐོར་དུ་ལོ་གཅིག་ཤངས་འབྲོང་ཁང་དང་བསམ་གྲུབ་རྩེ་སོགས་སུ་ལོ་གཅིག །སེང་གེ་རྩེ་པའི་དཔོན་རིས་རྣམས་དང་ལྷོ་སྐོར་དུ་ལོ་སྦྲེལ་ཙམ་མཆོད་ཡོན་ལྷན་ཅིག་པས་ཐེགས་བཞུགས་མཛད་པར་བཞེད་ཀྱང་རྗེའི་དྲུང་དབེན་པ་ལ་ཐུགས་གཞོལ་བ་ནས་བཞེད་པ་བཞིན་མ་གྲུབ། འོན་ཡང་ཞ་ལུ་ངོར་ཁྲོ་ཕུ་སོགས་སུ་གནས་གཟིགས་གནང༌། བཤད་གྲ་འདི་ལ་ཐུགས་གཏད་ཆེས་པ་ཡོད་པ་ནས་དགོངས་པ་དང་སྦྱར་སྟེ་འཐུས་བཙུན་དུ་མ་ཕུལ་འདུག་པ་སྦྱིན་བདག་གི་ཆ་ནས་རྗེས་སུ་ཡི་རང་ཡང་སྣོད་ཀྱི་ཆ་ནས་སྐལ་བ་ཅན་མང་པོ་ནི་མ་བྱུང་བ་འདུག །འབུལ་ནོད་ནི་རླབས་ཆེར་མཛད་སྟེ་རུ་ཚམས་ཀྱི་ཕུ་ཇོ་མོ་གངས་དཀར་མའི་གནས་སུ་ཕེབས། སྔར་གླིང་དབེན་གཤེགས་པ་ནས་དབོན་པོ་རྡོ་རྗེ་འབུམ་གྱིས་ཕྱག་མཛོད་ལོ་གཅིག་ཙམ་མཛད་ནས་རྩིས་ཕུལ། གཙང་ལ་ཕེབས་ཀ་ནས་རྒྱལ་ཚབ་སྤྲུལ་པའི་སྐུས་གུའི་གུང་པའི་ལས་ཀ་ཡིན་བཞིན་པ་ཉིད་ལས་ཕྱག་མཛོད་ཀྱི་རྩིས་བཞེས་ཀྱང་འཁྲུལ་ཞིག་ཆེན་པོར་རྟག་དུ་བཞུགས་པས་ཚུར་མཐོང་གི་བྱིས་པ་རྣམས་ཀྱི་སྤྱོད་ཡུལ་དུ་མ་འཚམས་པས་སླར་རྩིས་ཕུལ། རྗེའི་དྲུང་ཡང་ཐུགས་རྟག་དུ་དབེན་པ་ལ་དགྱེས་པ་ཉིད་ལས་ལྷག་པར་ཡང་རྙིགས་དུས་ཀྱི་ཚུལ་ལ་ཐུགས་འབྱུང་བར་གྱུར་སྟེ་སྤྲོས་པ་ཆུང་ངུ་ཁོ་ན་ལ་ཐུགས་གཞོལ། ཕྱག་ཕྱིར་བཤད་སྒྲུབ་ཀྱི་སྣོད་ལྡན་བྱ་བཏང་འགའ་ཟུང་ལས་མི་བསྟེན་པར་དགོངས་ཀྱང་སྐུ་རབ་ཆོས་མཛད་པ་ཕྱག་མཛོད་པ་དང་གཟིམས་དཔོན་ཆེན་མོར་བཞུགས་པས་ཐབས་མཁས་ཀྱིས་སྒར་པ་བསྐྱངས་པས་རྟེན་གནས་གཞན་མ་མཆིས་པ་རྣམས་ལ་བརྟེན་ས་ཡོད་པ་བྱུང༌། སྡེ་པ་སྒར་པའི་སྲས་མོ་རྣལ་(པ༢༢༩བ)


PTT001_Page_1326
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་མ་ཞིག་ལ་བྱུང་བ་སྙེ་མོ་རིན་ཆེན་རྩེར་བཏང་བས་དཔོན་ས་གསེར་ཁང་མར་གྲགས་པ་དེས་སྔོན་གཞུར་མཇལ། ཕྱིས་བསམ་གྲུབ་རྩེར་མཇལ་ཡང་གཟིམས་ཡོལ་གྱི་ནང་དུ་བུད་མེད་ཕྱིན་མི་ཆོག་པ་དང་ཕྱག་དབང་རྗེན་པ་མི་ནག་ལ་མི་ཡོང་བའི་དབང་གིས་ཐུགས་མ་གང༌། ཕྱིས་འབྲི་ཁུང་ཟུར་བཞུགས་པ་ཕེབས་པ་ན་མཆོད་ཡོན་དབྱེར་མེད་པར་གྱུར་པ་ནས་རྗེ་ཐམས་ཅད་མཁྱེན་པ་ཇོ་མོ་གངས་འདབ་དང་འབྲོང་བུ་དགོན་རྙིང་དང་དཔེལ་རོན་སོགས་ཅི་རིགས་པར་བཞུགས་པའི་ཚེ་གཞུ་སྙེའི་མི་སུས་ཀྱང་མཇལ་དུ་མ་འགྲོ་སྒར་པ་ལ་གནས་ཚང་མ་གཏོང་ཚོང་མ་བྱེད་བསོད་སྙོམས་མ་སྟེར་གསུང་པ་ལ་སོགས་པའི་ཁྲིམས་བྱས་པས་སྒར་པའི་འགྲིམ་འགྲུལ་མི་ཐར་བ་བྱུང༌། དེ་ལྟར་ཉེ་སྐོར་བ་རྣམས་ཀྱིས་འབད་པས་བཀག་མོད་ཀྱང་གཙང་དབུས་ལྷོ་བྱང་ཐམས་ཅད་ཀྱི་སྐྱེ་བོ་ནི་ལུང་པར་མི་ཤོང་བསྙམ་པ་རྒྱུན་དུ་འདུས། ཡ་འབྲོག་ཁྲི་དཔོན་གྱི་ཀྱང་མཇལ་དུ་བྱོན་སྟེ་འབྲོག་ཕྱོགས་སུ་ཕེབས་པར་ཞུས། འདིའི་ཚེ་ཚོགས་ཆོས་ཆེན་མོ་གནང་བའི་གྲལ་དུ་ད་ངེད་རང་རིང་པོ་མི་ཐོགས་པར་སྙེ་མོ་ལུང་པའི་འཇིགས་སྐྱོབ་དང་ཕུན་ཚོགས་རབ་བརྟན་ཀྱི་ཁང་པའི་འཇིགས་སྐྱོབ་ལ་འགྲོ་དགོས། ཛམ་གླིང་རབ་འབྱམས་པ་དང་སྙེ་མོའི་མི་རྣམས་ཕ་གི་ན་ཡར་འཇིགས་སྐྱོབ་ཞུ་བར་སླེབ་ཡོང༌། དེ་བྱུང་ཙ་ན་ངེད་རང་མི་གཏོང་དགོས་པ་ཡོང༌། གཙང་པ་ལ་ཞེན་ཆེ་བས་ཤངྐར་བ་གཏོང༌། ལབ་མཁས་པས་དགེ་བཤེས་སངས་རྒྱས་དཔལ་གྲུབ་གཏོང༌། རྫིག་རྫིག་ཡིན་པས་མགོན་པོ་བླ་མ་གཏོང༌། དེ་ཙམ་ན་ཕུན་ཚོགས་རབ་བརྟན་རྩི་ལེན་དགོས་པ་ཡིན། ཞེས་ཉིན་གསུམ་ཙམ་བསྟུད་མར་གསུངས་སྐད། འདིའི་ཚེ་དཔོན་ས་མཆོད་ཡོན་དགུང་ལ་རེག་པའི་དུས་སུ་སྣང༌། དེ་ནས་ཟླ་བ་ཕྱེད་གཉིས་ཙམ་ན་དཔོན་སས་གཙང་པ་ལས་ངོ་ལྡོག་པའི་ཚུལ་གྱིས་ཐོན་པ་ལ་དམག་མཛད་པས་མཚན་མོ་སྟོང་འུར་བྱུང༌། དེས་སྐྲག་ཆེས་སྟེ་(པ༢༣༠ན)


PTT001_Page_1327
[མ་དཔེ་གཟིགས་ན་འདིར་གནོན།]

གཞུ་སྙེ་བོར་སྟེ་མཆོད་ཡོན་ལྷན་ཅིག་པས་བྲོས། ཤུལ་པ་ཐམས་ཅད་སྐྲག་ཆེས་དེ་འདུས་ཆེན་གྲ་ཚང་གི་ཆོས་རྗེ་ཛམ་གླིང་པ་དང་གཞན་སྙེ་མོའི་དཔོན་རིགས་རྒན་སྣ་ཐམས་ཅད་འཇིགས་སྐྱོབ་ཞུར་རྗེའི་དྲུང་དུ་འོངས། སྔར་བཀའ་ཇི་ལྟར་གནང་བ་བཞིན་ཁོང་རྣམས་གནང་སྟེ་ཕུན་ཚོགས་རབ་བརྟན་གྱི་གཞིས་ཀ་བཟུང༌། ཕྱག་མཛོད་སོགས་སྔར་ཉམས་ཟིན་མ་གཏོགས་མ་ཉམས་པར་མཛད་སྟེ་དཔོན་ས་ཁོང་རང་བྱོན་ནམ་གཙང་པ་བྱོན་ནམ་སུ་བྱོན་ལ་རྩིས་སྤྲོད་པར་དགོངས་ཀྱང་ཁོང་རང་ནི་ཐལ་མར་དབུས་ལ་བྲོས། ཞག་ཉི་ཤུ་ཙམ་ནས་གཙང་དམག་སླེབས་པའི་མི་སྣའི་ལག་དུ་འཕྲོད་པ་མཛད། སྙེ་མོ་ལུང་པ་དམག་གི་འཇིགས་པ་ལས་སྐྱབས་པས་ཕན་བདེའི་འཕྲིན་ལས་མཛད། སྤྱིར་སྤྱན་སྔ་ཐམས་ཅད་མཁྱེན་པ་ཉིད་དྲུང་སྤྱན་དྲངས་སྟེ་གང་ཡོད་འབུལ་བར་བཞེད་ཀྱང་སྒར་པས་ཐེགས་སུ་མ་སྟེར། སྤྱན་སྔ་ཐམས་ཅད་མཁྱེན་པའང་ཐུགས་ཆད་པའི་ཚུལ་གྱིས་དྭགས་ཀོང་གི་མཚམས་སམ་ཀོང་པོ་སྟོད་ཙམ་དུ་མཇལ་བར་སྨོན་ཞེས་པའི་ཞུ་ཡིག་ཕུལ་སྟེ་སྐུ་གཤེགས། སྐྱེན་རྒྱལ་པོ་མཚན་ལྡན་ཐུན་མོང་མ་ཡིན་པའི་སྦྱིན་བདག་ཡིན་པས་མཇལ་དུ་འགྲོ་ཁའི་ཚེ་ཁྱོད་རང་ཡར་མ་འོང་ངེད་ཀོང་པོར་འོང་བས་ངེད་རང་ཕྲད་འོང་གསུང་བའི་བཀའ་ཤོག་ཕེབས། དེ་ནས་ཞྭ་དམར་ཅོད་པན་འཛིན་པ་ལྔ་པ་སྤྲུལ་པའི་སྐུ་དཀོན་མཆོག་ཡན་ལག་རྒྱལ་པོ་མཚན་ལྡན་གྱི་སྲས་སུ་བྱ་ལོ་ཧོར་ཟླ་བརྒྱད་པའི་ཚེས་བཅུ་ལ་སྐུ་བལྟམས། རྗེ་ཐམས་ཅད་མཁྱེན་པ་བཀྲ་ཤིས་ལྗོངས་སུ་ཕེབས་ཐོག་རྒྱལ་པོ་མཚན་ལྡན་མཇལ་དུ་བྱུང་བ་ལ་ཁྱོད་ཀྱི་བུ་ཐ་ཆུང་དེ་ང་ལ་ཕུལ་གསུངས་ནས་ཁྱི་ལོ་ཟླ་བ་དགུ་པའི་བཅོ་ལྔ་ལ་བ་ཡུར་མཇལ་སྟེ་དཔལ་མཁའ་སྤྱོད་པའི་སྤྲུལ་སྐུར་ངོས་འཛིན་མཛད་སྟེ་གཙུག་ཕུད་གཞན་གྱིས་འབྲེག་པ་ན་མ་གསན་སྟེ་རྗེའི་ཕྱག་གིས་བཅད། སྔོན་གྱི་སངས་རྒྱས་དཀོན་མཆོག་ཡན་ལག་གི་ངོ་བོ་ཡིན་(པ༢༣༠བ)


PTT001_Page_1328
[མ་དཔེ་གཟིགས་ན་འདིར་གནོན།]

པས་མཚན་ཡང་དེར་བཏགས། སླར་དགུང་ལོ་ཕྱེད་དང་གསུམ་པ་ན་ཕྲག་ཡུལ་དུ་མཇལ་བ་ནས་ཕྱག་ཕྱི་བཅར་མར་མཛད། ཞྭ་དམར་གྱི་ཅོད་པན་བཅིངས། འདིའི་ཚེ་ཡངས་པ་ཅན་དུ་ཡང་སྤྲུལ་སྐུ་ཞིག་བདག་རྐྱེན་མཛད། དྲུང་ནས་བཀྲ་ཤིས་དར་རྒྱས་ཀོང་པོར་ཕེབས་དུས་སྤྲུལ་སྐུ་རིན་པོ་ཆེ་ལ་ཐོག་མར་ཐུགས་ཡིད་འཆེས་པའང་མཛད། མཐར་སྤྲུལ་སྐུ་འདི་ངེད་རང་ཚོ་ལ་གནང་དགོས། འདི་ཁོ་ན་མིན་པས་ཁྲི་ཐོག་དུ་བསྐོས་གསུང་ནའང་སྐོ། གང་ཡིད་འཆེས་པ་སྐོས་གསུང་ནའང་སྐོ། ཞེས་ནན་གྱིས་ཞུས། སྒར་པ་རྣམས་ཀྱིས་ཀྱང་ཞྭ་དམར་བའི་སྤྲུལ་སྐུ་ཡིན་ན་ངེད་རང་གིས་བདག་རྐྱེན་གནང་བས་གནང་གོ་ཆོད་པ་ཅི་མི་ཡོང་བས་ཕར་གནང་བ་འཐད་ཟེར་བ་ནན་གྱིས་ཞུས་ཀྱང་དྲུང་གོང་མ་དཔོན་སློབ་གཉིས་ཀྱང་ལྷན་དུ་བཞུགས་ཡུན་ཐུང་བས་ལན་པ་ཡིན། ཁྱེད་རང་ཚོ་སྐུ་སྐྱེ་གང་ལ་འཚོལ་རུང་འདི་གཞན་དོན་ནུས་པ་ཅིག་ང་རང་གིས་གཟོ་བ་ཡིན་གསུང་ནས་མ་གནང༌། རྒྱུ་དེས་སྒར་གྱི་སྤྲུལ་སྐུ་ལ་ཡིད་འཆེས་མ་བྱུང༌། ངེད་རང་གི་འདི་ཀ་ཡིན་པར་འདུག་ཞེས་སྣེ་གདོང་དང་འཕྱོང་རྒྱས་སུ་ཞུས་སྟེ་ཐག་བཅད། སྤྱིར་སྤྲུལ་སྐུའི་བདག་རྐྱེན་གནང་བའང་དོན་ལ་ཡིན་མིན་ལ་མ་བལྟོས་པར་ཡངས་པ་ཅན་གྱི་ས་གཞིས་ལ་དགོངས་ནས་བདག་རྐྱེན་མཛད་སྙམ་པ་ཅིག་སྤྱན་སྔ་ཐམས་ཅད་མཁྱེན་པའི་སློབ་མ་རྣམས་ཀྱིས་ཡིད་ལ་བཟུང་ནས་ངེད་རང་ཚོས་ཀྱང་བཅོས་པས་ཡོང་སྙམ་པ་ཤར། ངོ་བོ་བླ་མ་ལ་དད་པ་མེད་པ་དང༌། སྤྱན་སྔ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སློབ་མ་རྣམས་ལ་ཐུགས་ཆད་པ་ཅིག་བྱུང་བ་འདྲ་བས་ཡུན་རིང་ཞིག་དུ་གུས་འདུད་སོགས་མི་བྱེད་ཀྱི་སྟེང་དུ་མཇལ་དུ་ཕྱིན་པ་ལ་ཆད་པ་བྱེད་པ་ལ་སོགས་བྱུང༌། ཀླུང་ཤོད་ཁྲ་བ་ཁར་བཞུགས་དུས་རྩེང་ལྡེང་མི་དཔོན་པ་སོགས་ཡངས་པ་ཅན་པའི་ཇ་ཞུས་འབུལ་དུ་སླེབས། དེ་རྣམས་ལ་སྐུ་རྩེད་ཀྱི་ཚུལ་དུ་ཁྱེད་རང་ཚོའི་སྤྲུལ་སྐུར་གྲགས་པ་འདིས་ལོ་(པ༢༣༡ན)


PTT001_Page_1329
[མ་དཔེ་གཟིགས་ན་འདིར་གནོན།]

བཅོ་བརྒྱད་ནས་བཟུང་ལོ་ཚིགས་འདི་དང་འདི་ལོན་པ་ན་རྟགས་འདི་དང་འདི་ལྟ་བུ་འོང་ཞེས་ལུང་བསྟན་པ་རྣམས་ཀྱི་ལོ་ཚིགས་དང་པོ་ལ་ཕྱག་མཛོད་པ་དང་ནང་ཞིག་བྱུང་བ་སོགས་མཛད་པ་མི་ལེགས་པར་སྣང་བ་དུ་མ་བྱུང་བ་ནས་ཕྱག་མཛོད་ནས་ཀྱང་མནལ་སད་པ་ལྟར་གྱུར་སྟེ་སྤྲུལ་སྐུ་ལ་སྤྲུལ་སྐུར་ངོ་ཤེས་པ་ཙམ་ཞིག་བྱུང་ཕྱིས་རྗེ་ཉིད་ཀྱི་ཐུགས་རྗེ་དང་ཆོས་སྐྱོང་གི་འཕྲིན་ལས་ལས་སྔོན་མཆོད་གཞིས་རྣམས་ཁྱེད་རང་ཚོའི་ལག་དུ་འོང་ཞེས་ལུང་བསྟན་པ་ལྟར་བྱུང་བ་འདི་ཡིན་ནོ། །འདིའི་ཚེ་ཧོར་དང་ཕྱག་མཛོད་པས་གདན་དྲངས་པའི་དབང་གིས་ཡངས་པ་ཅན་དུ་ཕེབས་སྟེ་སྤྲུལ་པའི་སྐུ་དངོས་ཁྲིར་ཕེབས་པའི་ཤིས་བརྗོད་མཛད། སླར་གཞུ་སྙེར་ཕེབས་རྗེ་མཁར་གྱི་ཆོས་སྡེར་སྤྱན་དྲངས་ཤིང་མགོན་སྐྱབས་ཞུས། ཡ་འབྲོག་ཁྲི་དཔོན་གྱིས་སྤྱན་དྲངས་སྟེ་སྣ་དཀར་རྩེའི་ཁྲི་ཁང་དུ་ཕེབས་ཤིང་གུས་པས་མཆོད། དྲོ་བོ་ལུང་གདན་ས་པ་རི་ཁྲོད་རས་ཆེན་སྤྲུལ་སྐུ་ཀརྨ་བཟང་པོ་དང་རྒྱལ་མཁར་བ་མི་དབང་གྲགས་པ་དཔལ་འབྱོར་མཆོད་ཡོན་གྱིས་སྤྱན་དྲངས་པའི་རྐྱེན་དང་ལྷོ་ཕྱོགས་ཀྱི་གདུལ་བྱའི་སྐལ་བའི་མཐུ་དང་སྒྲུབ་གནས་ཆེན་པོ་གཟིགས་པར་ཡང་བཞེད་པ་ནས་སྟག་ལུང་གླིང་ཐུད་རྣམས་ནས་སྨོན་མདའི་ལ་ནས་ལྷོ་སྟོད་དུ་ཕེབས། ཡུལ་གྲུ་དེ་དག་གི་ས་སྐྱོང་ངག་དབང་མི་བསྐྱོད་རྣམ་རྒྱལ་སྐུ་མཆེད་སྐུ་ཕྲ་མོར་བཞུགས་པས་མེན་ཐང་གནས་དང་ལྷ་ལུང་ལ་སོགས་པར་སྤྱན་དྲངས་འབུལ་ཞབས་ཀྱིས་མཆོད། གུ་རུ་ལྷ་ཁང་དུ་ཕེབས་སྟེ་ཇོ་བོ་ལ་མཆོད་པ་མཛད། དེར་ཆིབས་རྒན་པོ་ཅིག་ཤི་བ་ཡུངས་འབྲུ་ལྟ་བུའི་རིང་སྲེལ་རྒྱུ་ཚོགས་སུ་གྱུར་སྟེ་དེ་དག་གི་མཆོད་པའི་རྟེན་དུ་གྱུར། གྲུང་ལ་དང་ཆོས་ལ་ནས་བརྒྱུད་གངས་ཅན་དུ་བཀའ་རྒྱུད་ཀྱི་ཆུ་བོ་ཐམས་ཅད་ཀྱི་འབྱུང་གནས་གདན་ས་ཆེན་པོ་སྲས་མཁར་སྤྲུལ་པའི་ཕོ་བྲང་དང་དཔལ་དྲོ་བོ་ལུང་དུ་ཕྱག་ཕེབས། སྐུ་མཁར་ལ་(པ༢༣༡བ)


PTT001_Page_1330
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་ཐོག་ཅིག་བྱེད་གསུངས་ནས་བཀའ་གནང་བའི་རྟེན་འབྲེལ་དང་ཐུགས་རྗེའི་མཐུ་ལས་འདི་ནས་ལོ་བཅུ་པ་ལ་གསེར་ཐོག་གྲུབ། སྤེ་ཆུང་བ། ཁོ་ཐིང་ལྷ་ཁང་བ་སོགས་ཤར་བན་པ་ཚུན་གྱི་དྲག་ཞན་སྐྱ་སེང་ཐམས་ཅད་ཀྱིས་མཇལ་ཞིང་སྤྱིར་སྒར་གྱི་འབུལ་བ་ལ་བལྟོས་ན་རྒྱ་མཚོའི་མདུན་ན་ཆུ་ཐིགས་ཡིན་མོད་ཀྱང་ཡུལ་གྲུ་དེ་དག་གི་སྐྱེ་བོའི་མཐོང་བ་ལ་བལྟོས་པའི་བསམ་གྱི་མི་ཁྱབ་པ་ཕུལ། སླར་གྲུང་ལ་ནས་བརྒྱུད་སྨན་ཐང་དུ་ཕེབས། དེར་ཁྲ་པའི་དཔོན་ས་དོན་གྲུབ་པས་ནན་གྱིས་སྤྱན་དྲངས་སྟེ་ཕེབས། ཞོང་ཁའི་དགོན་པ་ལ་བརྟེན་ནས་ཀརྨ་བསྟན་དཔལ་གྱི་ཆོས་སྡེ་འདེབས་པར་ཞུས་ཕྱག་ནས་གནང༌། བུ་ཁྲལ་ཉིས་བརྒྱ་ལྷག་པ་ཕུལ། ཁོང་རང་སྐུ་ཆས་བསྒྱུར་དཔོན་ཆེན་གནང༌། སློབ་དཔོན་དུ་རབ་འབྱམས་པ་བཟང་པོ་རྒྱལ་མཚན་གནང་ནའང་ཕྱིས་སྲིབ་རྫོང་གི་རི་ལ་བཙན་རྫོང་གི་ཆོས་སྡེ་བཏབ་པས་ཅུང་དགོངས་པར་ཡང་མ་འབྱོར། ཡ་འབྲོག་པ་དང་དཔོན་གཡོག་གེ་འཇམ་ཆགས་གནང་བའང་སྡེ་པ་ཆོས་རྗེས་ཐབས་ཀྱིས་འཇིག་པར་མཛད་པས་ཆོས་སྡེ་ནི་ཆགས་མ་ཐུབ་སོང་བ་སྔ་མ་དགོངས་པ་གང་གཏད་སྟེ་བྱེད་དགོས་པའི་དོན་དུ་སྣང༌། དཔོན་ས་ཚེ་དབང་དར་རྒྱས་པས་ཞབས་ཕྱིར་ཆོས་བྱེད་པར་ཞུས་པ་ན་རེ་ཞིག་ཁྱོད་ཀྱིས་ཁུར་ཁུར་ན་ཁྱོད་རང་ཚོའི་རང་ཡུལ་དུ་ལོག་ཆོག་པ་ཙམ་ཡོང༌། དེ་ནས་ཆོས་གྱིས་གསུང་བ་དེ་ཁོ་ན་བཞིན་དུ་བྱུང་བར་འདུག །གླང་ལོ་འདིའི་དགུན་ཧ་བོ་གངས་བཟང་གི་འདབ་ཁ་རོའི་གནས་སུ་བཞུགས། ཁྲི་དཔོན་པ་ཞབས་དབང་ཞུ་བཞེད་ཀྱང་མ་ནུས་པའི་ཚེ་དེ་མཁྱེན་ནས་ཞབས་ཅུང་ཟད་བརྐྱངས་པས་ཆེས་དད་པ་ཐོབ། རྒྱལ་རྩེ་བདག་པོ་ཡབ་སྲས་གཤེགས་པའི་དོན་དུ་འབུལ་ཞབས་རྒྱ་ཆེར་བྱས། གཟིམས་དཔོན་ཀུན་ལེགས་ཀྱིས་རབ་བྱུང་ཞུས། སྟག་ལོ་སར་བའི་ཟླ་བ་གཉིས་པ་ཙམ་ནས་སྨྱུག་ལ་པས་སྤྱན་དྲངས་སྟེ་དཔལ་སྡེར་སྦྱིན་བདག་དད་འབྱོར་ཅན་གྱིས་ཟླ་ཕྱེད་ལྷག་པ་མཆོད། སྡེ་པ་སྲང་(པ༢༣༢ན)


PTT001_Page_1331
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་བ་ལ་སོགས་སྡེ་སྲིད་ཕག་མོ་གྲུ་པའི་བློན་ཆེན་རྣམས་ཀྱིས་གུས་ཞབས་ཀྱིས་མཆོད་སྟེ་ཆུ་བཟང་གི་ལུང་ནང་ཚ་རགས་ཕུར་སྒར་ཕབ་སྟེ་སྟོན་ཟླ་ཐ་ཆུང་གི་བར་དུ་བཞུགས་ཤིང་བསྟན་པའི་སྦྱིན་བདག་སྨྱུག་ལ་བས་རྒྱུན་གྱི་ཞབས་ཏོག་དང་གོང་དཀར་ནས་སྡེ་སྲིད་འགྲོ་བའི་མགོན་པོས་འབུལ་ཞབས་རྒྱ་ཆེར་མཛད། སྤྱན་སྔ་ཐམས་ཅད་མཁྱེན་པའི་སྤྲུལ་སྐུ་ལ་བསྙེན་རྫོགས་གནང་ནས་ཀོང་པོའི་གདན་ས་རྣམས་ཐེགས་པའི་ཞབས་སྐྱེལ་སྒར་ཚུགས་གཅིག་གི་བར་དུ་མཛད། གཙོ་བོ་ལྷ་བུག་པ་ཅན་པ་ཡར་སྟོད་ཤར་གྱི་བདག་པོ་དང་འཕྲལ་དུ་དེའི་བློན་པོ་གྲི་གུའི་རྫོང་དཔོན་དཔལ་ཆེན་པས་སྤྱན་དྲངས་སྟེ་བྱང་ཐང་གི་ལ་ནས་འབྲོག་གི་གཞུང་བརྒྱུད་སྟེ་ཐོག་མར་གྲི་གུ་དང་རིམ་པས་ཡར་སྟོད་དུ་ཕེབས། ཁྲོམ་ས་ཐང་བྱང་ཆུང་སྡིངས་ལ་སོགས་པར་གཞན་ཕན་མཛད་ཅིང་ཤམྦུའི་གངས་ལ་དབེན་པ་མཛད་པར་དགོངས་སྟེ་གཟིམས་སྤྱིལ་ཡང་མཛད། དཔོན་ས་གདུང་བརྒྱུད་ཀྱི་དབུ་སྐྲ་བསིལ་ཞིང་དགེ་བསྙེན་དུ་བསྒྲུབས། ལྷ་རྫོང་དཔོན་པ་དེས་ལྷུན་པོ་སྒང་ཞོལ་དུ་ཀླུ་ཁང་ཤིག་མཛད་ནས་འདིར་ཀརྨ་པའི་ཆོས་སྡེ་ཞིག་འོང་ཞེས་དགའ་ཚལ་ཆོས་ཀྱི་ཕོ་བྲང་ཞེས་རྡོ་ལ་བརྐོས་པ་མཛད་འདུག་པ་ལྟར་དེར་གཙུག་ལག་ཁང་མཛད་སྟེ་བཤད་གྲ་བཞུགས་སུ་གསོལ། སླར་གྲི་གུ་ཡོལ་དཀར་དུ་བཞུགས་པ་ནས་ལྷོ་རྒུད་གཉལ་ལོར་བྱར་གསུམ་གྱི་བདག་པོ་བྱ་པ་ཁྲི་དཔོན་སྐུ་མཆེད་ཀྱིས་སྤྱན་དྲངས་སྟེ་ཤེལ་མཁར་རྫོང་ཆེན་བརྒྱུད། དབྱར་སར་སྒར་ཕབ་སྟེ་དགུན་བཞུགས་མཛད་ཅིང་ཁྲི་དཔོན་པ་རང་དབུ་སྐྲ་བསིལ་ཞིང་སྣ་གཅིག་གཅོད་པའི་དགེ་བསྙེན་དུ་བསྒྲུབས། བྱ་པ་སྤྲུལ་སྐུ་འདི་དུས་གཙང་ན་བཞུགས་པ་བྱ་པ་སྐུ་མཆེད་རང་གིས་ནན་གྱིས་སྤྱན་དྲངས་སྟེ་རྗེའི་དྲུང་དུ་བསྙེན་རྫོགས་ཞུ་བར་བཞེད་ཀྱང་དབུ་ཆེ་དུ་མས་གཤོལ་སྟེ་དགུང་ལོ་བཅུ་བདུན་པ་ལ་དཔལ་འཁོར་བདེ་ཆེན་གྱི་ཆོས་(པ༢༣༢བ)


PTT001_Page_1332
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ལས་བསྙེན་རྫོགས་མཛད་དུ་བཅུག་པ་སོགས་ལས་མཇལ་བ་མ་ཤར། བྱ་པ་རང་གིས་བྲག་གོང་དཔལ་རི་ལ་ཆོས་སྡེ་འདེབས་པར་ཞུས། པདྨོ་བཀོད་སྤོ་བར་ཞུས་ཀྱང་གཞིས་པ་རྣམས་སྤོར་མ་གསན། དཔལ་རི་རྡོ་རྗེའི་གདན་དུ་མིང་བཏགས་སྟེ་ཕྱག་ནས་གནང༌། དེའི་རྒྱུར་དམིགས་པའི་གནང་སྦྱིན་ཡང་མཛད་པར་འདུག །རྒྱལ་ཆེན་སྐུ་རབ་པས་སྤྱན་དྲངས་སྟེ་འབུལ་ཞབས་མཛད། འདི་ཡན་ཟུར་རིའི་མཚན་ཙམ་ཡོད་ཀྱང་སྡེ་གཅིག་དུ་བསྒྲིགས་པ་ནི་མེད་ལ་སོ་སོར་ཅི་རིགས་བཞུགས་པ་ཅིག་ཡོད་པ་ལས་འདི་ནས་སྡེ་གཅིག་དུ་བསྒྲིགས། དབུ་མཛད་ཆོས་ཁྲིམས་བསྐོས། དྲུང་དོན་རིན་པ་བླ་མར་གནང་བ་ཡིན། དྭགས་སྟོད་རྫོང་ཁའི་ལོགས་ལ་ཆོས་སྡེ་མཛད་པར་ཞུས་ཀྱང་བཙན་ཆ་ཡོད་པ་བཀས་མ་གནང་བར་མདའི་ཐང་ལ་བཤད་གྲུབ་གླིང་གི་གཙུག་ལག་ཁང་ཆེན་པོ་ཆོས་སྡེ་དང་བཅས་པ་མཛད། ཤེལ་གྲོང་རབ་འབྱམས་པ་ཆོས་ལྡན་རབ་འབྱོར་དབྱངས་བླ་མ་ལ་བསྐོས། སླར་བྱར་སྐྱིད་སྦུག་སོགས་སུ་གཞན་དོན་མཛད། སྦྲུལ་ལོ་ལ་མོན་པའི་གདན་འདྲེན་དང་བསྟུན་སྟེ་དོམ་ཚང་རོང་གི་གནས་གཟིགས། མོན་གྱི་རྒྱལ་པོ་དང་ཇོ་བོའི་རིགས་རྒྱ་གར་ལ་ཐུག་པ་ཚུན་གྱིས་མཇལ་དུ་འོངས་སྟེ་འབུལ་ནོད་ཀྱིས་མཆོད། འདི་སྐབས་དཔོན་པོ་ཆོས་མཛད་སྐུ་ཆེ་རིགས་གཙོ་ཆེ་བ་བསྡུས་པ་ལ་སྔགས་གྲ་ཚང་འདི་འཛུགས་པ་མཛད། རྒྱལ་ཚབ་སྤྲུལ་པའི་སྐུ་ཡང་སྐབས་འདིར་སྐུ་ཐིམ། སྣེ་གདོང་རྩེ་ནས་ཟུལ་ཕུའི་གཙུག་ལག་ཁང་ཕུལ་སྟེ་ཕེབས་པར་ཞུས་ནས་དབྱར་སྨད་དེར་ཕེབས་སྟེ་སྐལ་ལྡན་དུ་མའི་དོན་མཛད། དེར་རྟ་ལོ་ལ་ནང་སོ་ཕྱག་མཛོད་པ་ཀརྨ་དོན་དམ་ཡང་དག་སྐྱོང་སྐུ་གཤེགས་པ་ན་ངེད་གཉིས་ཚེའི་ཚད་མཚུངས་པ་ཡིན་གསུང་བ་དང༌། ཡང་ཟུར་གྱི་དགེ་འདུན་བསོད་སྙོམས་ལ་འབྱོན་པ་རྣམས་ལ་ངའི་བཀའ་འབུམ་རྣམས་ད་གྲུབ་པ་ཡིན་པས་(པ༢༣༣ན)


PTT001_Page_1333
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་ཐོབ་པ་དཀའ། པོད་དབང་ཞུས་གསུངས་སྟེ་བཀའ་འབུམ་རྣམས་བརྩིགས་པའི་པོད་དབང་མཛད། མཛད་པ་མཐར་ཕྱིན་པའི་བཀའ་ལུང་མང་དུ་གནང༌། དེས་དགེ་འདུན་རྣམས་ཀྱང་ཐུགས་སློང་སློང་པོར་གྱུར་སྟེ་སྤྲུལ་སྐུ་ཐམས་ཅད་མཁྱེན་པའི་དྲུང་སོགས་བསྟན་འཛིན་ཆེན་པོ་ཐམས་ཅད་ལ་བརྟན་བཞུགས་འབུལ་བར་བསྐུལ། ཐམས་ཅད་ཀྱིས་བརྟན་བཞུགས་ཕུལ་བས་རེ་ཞིག་ཞབས་བརྟན། སྤྱིར་ལྷ་སར་ཇོ་བོའི་ཞལ་གཟིགས་པར་བཞེད་ཀྱང་འབྲས་སེར་གྱི་དགེ་འདུན་རྣམས་ཀྱིས་ཁྲིམས་ལ་འཁྲེན་པར་མཛད་དོ་ཅེས་གྲགས་པ་ནས་ཕེབས་མ་བདེ། རྗེའི་དྲུང་ལྷ་སར་ཕེབས་ནས་ཇོ་བོའི་དྲུང་དུ་སྨོན་ལམ་མཛད་ན་བོད་ལ་མཐའ་དམག་དང་ནད་མཚོན་མུ་གེ་མི་འབྱུང་རྒྱལ་ཁམས་བདེ་བ་འོང་ཞེས་ཐམས་ཅད་མགྲིན་གཅིག་དུ་གླེང་ནའང་དེ་ལྟ་བུ་དཀའ་བར་བྱུང༌། ཟུལ་ཕུའི་རི་རྩེར་རི་གཟིགས་ལ་ཕེབས་པ་ན་ཞབས་རྗེས་དུ་མ་དང་ཆིབས་རྗེས་ཀྱང་བྲག་ལ་གསལ་བར་བྱུང༌། འདི་སྐབས་གུང་ཐང་གི་གཙུག་ལག་ཁང་ཡང་མེས་གཤེགས། སླར་ལུག་ལོ་ལ་སྨྱུག་ལ་ཚ་རགས་ནས་བརྒྱུད་མཚུར་ཕུར་ཕེབས་སྟེ་གཞལ་ཡས་ཁང་དང་གསེར་ཐོག་ལ་སོགས་པའི་ཞིག་གསོ་རྒྱ་ཆེར་མཛད། ཐུབ་ཆེན་དང་མཆིམས་ཕུའི་བླ་མར་མཁས་གྲུབ་དཔལ་ཁང་པ་ངག་དབང་ཆོས་ཀྱི་རྒྱ་མཚོ། མཚུར་ཕུའི་ཆོས་འཆད་དུ་རྔོག་ཚང་འོག་མའི་ཞལ་ངོ་མཁས་གྲུབ་བསོད་ནམས་བསྟན་འཛིན། ལེགས་བཤད་གླིང་དུ་མཁས་མཆོག་བསོད་ནམས་བཟང་པོ་རྣམས་བསྐོས། འདིའི་ཚེ་སྟག་ལུང་གི་གཙུག་ལག་ཁང་མེས་གཤེགས་པ་ལ་ཞག་འགའ་ཟུང་གི་གོང་ནས་ཟུར་ཙམ་ལུང་བསྟན་ཞིང་ཕྱིས་གསོ་བའི་ཡོ་བྱད་ཀྱང་གནང༌། འབྲི་ཁུང་ཟུར་པ་ཁོང་རང་ཇི་སྐད་གསུང་བའི་མཇལ་ཚུལ་གྱིས་ཐུགས་ཚིམ་པར་མཛད། འདི་དུས་གྲུབ་ཆེན་ཀུན་བཟང་པ་ལྟས་ངོ་མཚར་ཅན་(པ༢༣༣བ)


PTT001_Page_1334
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་གཤེགས་ནས་རྒྱལ་བ་གཡུང་རིན་ཆེན་མགོན་ཡང་རིའི་འདྲེན་པར་བསྐོས། འདིའི་དུས་ཉི་མ་གཟའ་འཛིན་དང་ཕྱིས་ཟླ་བ་གཟའ་འཛིན་ཞིག་བྱུང་བའི་འབྲས་བུ་ལ་བསྙད་ནས་གཙང་དུ་དཔོན་བློན་འཇིག་པ་དང་ལྷོ་འབྲོག་གི་འབྱུང་ཚུལ་སོགས་མ་འོངས་ལུང་བསྟན་དུ་མ་མཛད་པར་འདུག །འདིའི་ཚེ་གཞིས་ཀ་བའི་དམག་གི་འུར་གྱིས་ཉང་སྟོད་ཕྱོགས་པ་སྐྲག་པར་གྱུར་སྟེ་དཔལ་བསྣམས་པ་ས་སྐྱོང་རྒྱལ་དབང་རྡོ་རྗེས་ཞུ་ཡིག་པའི་གཙོ་བོ་མཛད། རྒྱལ་མཁར་རྩེ་ནས་ནན་གྱིས་ཞུས་སྟེ་རབ་ཏུ་འཇིགས་སྐྱོབ་ལ་ཕེབས་དགོས་པ་དང་ཡང་ན་རྒྱལ་རྩེ་དཔལ་བསྣམས་ཀརྨ་པའི་མཆོད་གཞིས་པ་བྱས་ནས་དྲང་པོར་བསྡད་ཆོག་པ་དགོས་པར་ནན་གྱིས་ཞུས། འོན་ཡང་དེ་ལྟ་བུ་གཞིས་ཀ་བའི་ཐུགས་ལ་ལྡན་མི་ཡོང༌། འོན་ཡང་ངེད་ཀྱིས་ཕན་གང་ཐོགས་ལབ་གསུངས་ནས་དཔོན་དྲུང་ལ་ད་རེས་དམག་བྱས་ན་ཁྱེད་རང་ལ་མི་ལེགས་གསུང་བ་ནན་གྱིས་ཕེབས་ཀྱང༌། རྒྱལ་མཁར་རྩེ་ལ་བསྐོར་འདུག་ཟེར་བའི་ཚེ་མི་གནང་བ་ཞུ། སྐུ་ངོ་འབུལ་ཟེར་བ་ལས་མ་བྱུང༌། ཕྱིས་བཀའ་ལུང་གང་གནང་གི་ཐོག་དུ་བབ། འདི་ནས་རིམ་པས་དཔོན་བློན་ཡང་ཞིག །དེ་སྐབས་སུ་སྒར་ཕེབས་ཀྱང་སྐྱེ་འགྲོའི་ལས་ལ་བཅོས་སུ་མ་བྱུང༌། གནས་ཆེན་ཟ་ཕུ་ལུང་གཟིགས་པར་ཡང་བཞེད། སྤྲེ་ལོ་སྤྲེ་ཟླའི་ཚེས་བཅུ་དང་ཡང་དུས་མཚུངས་པ་ན་ཏི་སིའི་རྫོང་ཆེན་བཅུ་གསུམ་ལས་གཞིས་ཀ་བྲག་དཀར་བའི་ཞལ་ངོ་ཤངས་ལྷ་ཕུ་བས་སྤྱན་དྲངས་སྟེ་གནས་རྣམས་གཟིགས་ཤིང་རིང་དུ་འགྲོ་དོན་མཛད། དེར་དྲུང་པ་སི་དྷུ་སྤྲུལ་སྐུའི་འབུལ་ཆེན་གོས་ཆེན་གྱི་བླ་རེས་བརྒྱ། གོས་དར་གྱི་ཡོལ་བ་བརྒྱ། རྟེན་ཁེབས་བརྒྱ། ཇ་བརྒྱ་ལ་སོགས་པའི་བརྒྱ་ཚན་མང་པོར་ལོངས་པའི་འབུལ་བ་སླེབས། སྐུ་རབ་ནས་ནན་གྱིས་སྤྱན་དྲངས་པའི་ངོ་ལ་ལྕགས་མོ་བྱའི་ལོ་ལ་ཆིབས་ཁ་བསྒྱུར། ཐེལ་བསམ་(པ༢༣༤ན)


PTT001_Page_1335
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་ཀྱི་གནས་སྐོར་གནང་བཞེད་པ་ན་སྣེ་གདོང་ནས་ཕེབས་མི་ཆོག་པའི་རྒྱུ་མཚན་གསུངས་མི་བཙུན་ཙམ་ཕུལ་བས་ཁོང་རང་ལ་མི་ལེགས་པ་འབྱུང་བར་ལུང་བསྟན་སྟེ་ངེད་ལ་ཁོང་གི་བཀའ་བཀྱོན་ཕོག་པ་ཡིན་གསུངས་ནས་ཁོང་གི་ལུང་རྒྱུག་པའི་སར་ན་བཟའ་ཡང་བཟང་པོ་མ་བཞེས། ལྷ་ཁོང་གི་གཞུང་དཀྱིལ་སྐྱེས་སུ་ཕེབས་ནས་གསུང་རབ་རྒྱ་མཚོའི་གྲ་ཚང་འཛུགས་པ་མཛད་སྟེ་ཕྱིས་རིན་སྤུངས་པས་ཐུབ་བསྟན་གསེར་མདོག་མཆོད་གཞིས་དང་བཅས་པ་ཕུལ་བར་བཞུགས་སྟེ་མཁས་པ་ཚ་བ་རབ་འབྱམས་པ་བླ་མར་བསྐོས། སྤྲུལ་སྐུ་ཐམས་ཅད་མཁྱེན་པ་ཀོང་པོ་ནས་ཕེབས་སྟེ་སྒར་ནས་ལུགས་གཉིས་ཀྱི་བསུ་བཀོད་པ་ཆེན་པོས་སྤྱན་དྲངས། བཞུགས་ཁྲི་ཁྱད་མེད་དུ་བཤམས་པ་ལ་བཞུགས། ཕྱིས་གདན་སའི་རྟེན་འབྲེལ་ལ་དགོངས་པར་འདུག །སྤྱན་སྔ་གོང་མའི་ཕྱག་རྫས་ཁྱད་ནོར་དུ་མ་ཡང་ཕུལ། བྱ་སྐུར་གྱི་ཞལ་ངོ་རྣམས་ཀྱིས་འབུལ་ཞབས་རྒྱ་ཆེན་གྱིས་མཆོད། འདི་ནས་བརྩམས་སྟེ་རྟེན་གཎ་དྷོ་ལ་ནས་བཟུང་ཕྱག་རྫས་ཁྱད་པར་ཅན་ཐམས་ཅད་ཉིན་རེ་ཞིང་རྣམ་པ་གཟིགས་མོའི་ཚུལ་གྱིས་ཕྱག་གིས་སྤྲུལ་སྐུ་ཐམས་ཅད་མཁྱེན་པའི་ཕྱག་དུ་གཏོད་པ་གནང་ཞིང་དོན་གྱིས་རྩིས་སྤྲོད་ཐམས་ཅད་གནང་བར་འདུག །ཡབ་སྲས་ལྷན་ཅིག་པས་ཡར་སྟོད་དུ་ཕེབས་སྟེ་འབུལ་ཞབས་མཐའ་ཡས་པས་མཆོད། འདིའི་དུས་ཀོང་པོར་ཀར་སྲིད་ཀྱི་བླ་མ་ཅིག་གིས་སྟེར་བྱིན་རེ་བས་དགོན་པ་བྱ་པ་སྐུ་སྐྱེ་ལ་འབུལ་ཟེར་བ་བྱས། དེ་ལ་སྒྲུབ་སྡེ་མཛད་པ་ན་རང་དབང་མི་འདུས་པར་གོ་ནས་ངེད་རང་གི་ས་སྲུང་དགོས་ཅེས་ཀར་སྲིད་སྦྲན། ཀར་སྲིད་ཀྱི་ཁྱུད་སྙེག་དགོས་བྱས་པ་ལ་ལན་མ་བཏང་བར་དུས་གཟིངས་བྱེད་རྩིས་བྱས་པ་གོ་ནས་ཀར་སྲིད་ཀྱིས་དམག་བྱས་པ་ལ་བརྟེན་ནས་ལོ་རོ་བཀྲ་ཤིས་མཐོང་སྨོན་པ་རྣམས་ཀྱིས་བཙུན་མའི་བར་ལ་དམག་ཕྲལ་བའི་བརྒྱ་ལྷག་ཞིག་གིས་སྒར་(པ༢༣༤བ)


PTT001_Page_1336
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མཛོ་གཡག་རྣམས་ལ་ཇག་རྐུན་བྱས་ཀྱང་ཁོང་ཚོས་བསད་པའི་ལྷག་གང་ཕུལ་ཙམ་བཞེས། ལན་དང་བཀའ་བཀྱོན་ཅི་ཡང་མ་མཛད། སླར་བཤད་སྒྲུབ་གླིང་དུ་ཕེབས་སྟེ་སྨོན་ལམ་ཆེན་མོ་དང་ཆོས་མང་གར་འཕྱམས་སྦྱིན་སྲེག་དང་བཅས་པ་མཛད། གཞིས་ཀ་སོ་སོ་དང་ཡུལ་གྲུ་སོ་སོའི་འབུལ་ཆེན་ཕུལ། སླར་གཙང་ཁང་འདུ་ཁང་རྒྱ་བསྐྱེད་པའི་བཀའ་གནང་ནས་སྒོ་གསང་སྔགས་གླིང་ན་བཞུགས་སྐབས་ཡར་ལུང་དུ་དྭགས་དམག་ལྷགས་པའི་མཛད་དཀའ་བྱུང་ཚེ་ཐེལ་ནས་དཔོན་ས་སྤྱན་སྔའི་དྲུང་གིས་བར་མཚམས་སུ་ཕེབས་དགོས་པར་ནན་གྱིས་སྤྱན་འདྲེན་ཞུས་པས་དཔོན་སློབ་ཉུང་བསྡུས་མཛད་ནས་འོལ་ཁ་ནས་ཐེལ་དུ་ཕེབས་ཤིང་བཀའ་ཆོས་དུ་མ་གནང༌། གནས་གཟིགས་ཞིབ་པར་གནང༌། ཚོང་འདུས་བྲག་ཁར་བཞུགས་ཚེ་དཔོན་ས་གོང་མ་རང་ཕྱག་འབུལ་ལ་ཕེབས་ནས་མགོན་སྐྱབས་ཞུས། སྤྱན་སྔ་ཐམས་ཅད་མཁྱེན་པའི་སྤྲུལ་སྐུ་བདག་རྐྱེན་གནང་བ་འདིས་ཆ་ཁོ་ན་ལ་དགོངས་སྙམ་པ་དེ་དུས་དབུས་གཙང་པ་རྣམས་ལ་ཡོད་པ་ནས་འདི་ཕུལ་ན་མཉེས་ཡོང་བསམས་ནས་བདེ་ཆེན་མཆོད་གཞིས་ཀྱི་དེབ་རྣམས་ཕུལ་ཚེ་ཡངས་པ་ཅན་ཕྱག་མཛོད་པ་སྐུ་གཞོན་པ་ཕ་ཚད་ན་ཡོད་པ་ལ་ཕངས་སྟེ་ང་ལ་མི་དགོས་ཁྱོད་རང་གྱིས་གསུང་བ་དང་ཕྱིས་མཆོད་གཞིས་ཡོང་བར་ལུང་བསྟན་པ་བཞིན་གླང་ལོ་ནས་ཕྱག་དུ་བྱུང༌། ལུགས་གཉིས་ཀྱི་ཡོན་ཏན་གྱིས་ཕྱུག་པ་འཕྱོང་རྒྱས་ནས་སའི་དབང་ཕྱུག་ཧོར་བསོད་ནམས་དར་རྒྱས་དང་སྨྱུག་ལ་ནས་གཟིམས་དཔོན་ཀུན་སྤངས་པ་གཉིས་ཀྱིས་རྒྱུད་ཡོད་དང་ཕྱག་ཕྱི་མཛད་སྟེ་གདུང་རྒྱུད་པ་དཔོན་གཡོག་དྭགས་པོ་ནས་ཡར་ཕེབས་ཐུབ་པ་སོགས་དང་རེ་ཞིག་གི་ཆིངས་གནང་བས་ཐམས་ཅད་ཅུང་ཟད་བདེ། ཞར་ལ་བསམ་ཡས་ལ་སོགས་པའི་གནས་གཟིགས་མཛད། བྱང་ཆུབ་ཆེན་པོ་ལ་དིང་ཕོན་ཤིན་དུ་ཆེ་བ་ཞིག་ན་བཟར་ཕུལ། ལམ་མཁན་པ་མི་ལ་བརླམས་པ་ལ་སེམས་བསྐྱེད་གནང༌། བྱམས་པ་གླིང་དུ་སྤྱན་དྲངས་སྟེ་ཡར་(པ༢༣༥ན)


PTT001_Page_1337
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱབ་པས་གུས་པར་མཆོད། སྔགས་རྙིང་མ་ལ་སྐུར་པ་བཏབ་པའི་རྩོམ་བྱང་རྗེའི་དྲུང་གི་མཚན་ལ་གཡར་བ་ཞིག་གཞན་ཞིག་གིས་བྱས་པ་བྱུང་སྟེ་རྙིང་མ་བ་མཐའ་དག་མ་མོས་པ་ནས་དེའི་ལན་དང་རྩོམ་ཚུལ་ལ་དོགས་པ་དཔྱད་པ་དྲང་པོའི་ས་བོན་ཞེས་བྱ་བ་མཛད། སླར་སྣེ་གདོང་རྩེར་སྤྱན་དྲངས་བཀའ་ཆོས་གནང་བ་ན་དཔོན་ས་ཉིད་བཞུགས་དུས་གདུང་རྒྱུད་ཁྲི་ཐོག་དུ་འོས་པ་ཅིག་རྒྱལ་ཚབ་གྱི་ཚུལ་དུ་ཕྱག་ཕྱིར་ཐུགས་བྲེལ་གཅོད་དུ་བཅུག །ཁྲི་ཐོག་དུ་རྩོད་མེད་ཡོང་བ་མཛད་ན་རྒྱལ་ཁམས་ཐམས་ཅད་ལ་ཕན་ཞེས་བཀའ་གནང་བ་ལའང་དེ་ལྟ་མི་འཆར་བར་ཞུས། ལབ་ཆིངས་ཀྱང་གཉིས་ཐད་ནས་ཆེས་དཀའ་བའི་ཚེ་ཐུགས་སུན་པའི་ཚུལ་གྱིས་ས་མཚམས་འདི་ལས་སུས་བརྒལ་བའི་སྡེ་གཟར་བྱས་པ་ལ་ཆོས་སྐྱོང་གིས་ཆད་པ་ཐོང་ཞེས་གསུང་བ་མཛད་སྟེ་བཤད་སྒྲུབ་གླིང་སོགས་ལའང་ཕེབས་མ་གསན་པར་ཙཱ་རི་མཚོ་དཀར་ལ་ཐེགས། གྲི་གུ་བས་སྣ་མོར་བསླུས་བྱས་པ་དང་བྱ་སྐུར་གྱིས་ཡར་གཞུང་ལ་བཅུག་པ་གཉི་གའང་ཉེས་པས་ས་མཚམས་ལས་བརྒལ་བའི་བཀའ་ཆད་ཡིན་པར་གླེང་ཞིང་འདུག །རྟེན་ཆེན་གྱི་སྐུ་རྒྱུད་ཟངས་རྩེ་ཁལ་སུམ་བརྒྱ་ཙམ་ལོངས་པ་ན་བདག་ལ་བཀའ་ཤོག་ཕེབས་སྟེ་བཤད་སྒྲུབ་གླིང་གི་གཙུག་ལག་ཁང་འདི་སྦྱིན་བདག་གི་སྡིག་སྦྱོང་དགེ་དཔེལ་དུ་དམིགས་ཀྱང་གཙོ་བོར་ངེད་རང་ལ་ཁུར་བབ་པ་ཅིག་བྱུང་བ་ཁྱོད་ཀྱིས་འདིའི་དོ་དམ་བྱེད་དགོས་གསུང་བ་ཕེབས་རུང་དགེ་འདུན་སྡེ་སྐྱོང་དགོས་པ་དང་མི་མང་བ་ནས་མ་ནུས་པ་ལ་ཚིག་གི་སྦྱངས་བ་ཞུས། འོ་ན་རྒྱུ་བྱིན་རླབས་དེ་མདོ་རྒྱུད་ནས་བཤད་པའི་ཚད་ལྡན་ཅིག་གྱིས་གསུང་བ་དང༌། སྐུའི་དཔེར་འཇིམ་སྐུ་ཞིག་དགོས་འདུག་པའང་ཚད་ལྡན་གྱིས་གསུང་བ་ཕེབས་པས་རམ་སྟོད་གྱི་གཙུག་ལག་ཁང་རྙིང་པ་ཅིག་ཏུ་མདོ་ལུགས་དང་དགྱེས་རྡོར་ལ་བརྟེན་ནས་ཞག་གསུམ་དུ་བྱིན་རླབས་ཚད་ལྡན་བགྱིས། རིག་བྱེད་པ་རྣམས་ལའང་སྐྱབས་འགྲོའི་སྡོམ་པ་སྐྱེ་མཆེད་བྱིན་རློབ་སོགས་(པ༢༣༥བ)


PTT001_Page_1338
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་ལྡན་བྱས། རྒྱུད་བྱིན་རླབས་ཀྱི་ཤིས་བརྗོད་གྲུབ་པའི་ཚེ་གྲུབ་ཐོབ་པག་ཤིས་མཚུར་ཕུའི་ལྷ་ཆེན་གྲུབ་པའི་སྐབས་ཀྱི་ཤིས་བརྗོད་དང་མགུར་སོགས་ཀྱི་ལུང་ཞུ་མི་བྱུང་བས་རྟེན་འབྲེལ་ལེགས་པར་ཡང་གོ །འོན་ཡང་གཟོ་བོའང་མང་དུ་ཐོང་ལ་ནན་ཏན་བྱས་ན་འཕུལ་མང་པོ་མི་དགོས་པས་ལོ་གཅིག་གི་ནང་དུ་གྲུབ་ངེས་པས་བརྩོན་འགྲུས་སྐྱེད་ཟེར་བ་སྨྲས་ནའང་དབྱིངས་ཆེ་བའི་ན་མཁར་ལྡིངས་ནས་ཡུན་རིང་ལུས། འོན་ཡང་གོང་ལར་ཕེབས་དུས་ཞལ་རས་དང་དབུ་སྐྲའི་བུང་བ་ཕྲེང་འོག་མ་གཙུག་གི་ནོར་བུ་རྣམས་བསྒྲིགས་པ་ལ་བཀའ་ལུང་བཞིན་བདག་གིས་རབ་གནས་ཀྱི་ཆོ་ག་བགྱིས་ཤིང་ཕྱག་ནས་གནང༌། བར་དུ་སྡེ་གཟར་སྣ་ཚོགས་པ་བྱུང་ནའང་སྐུ་རྒྱུའི་ཟངས་ལེབ་བཞུགས་པའི་ཁང་པས་སྐྱེལ་མ་ཐུབ་པ་བྱུང་སྟེ་ཟགས་གོད་མེད་པ་ལས་ཕྱིས་རྒྱལ་སྲས་ཀུན་དགའ་རིན་ཆེན་བཤད་སྒྲུབ་གླིང་གི་བླ་མར་བསྐོས་པས་དཔྱིས་ཕྱིན་པར་མཛད་སྟེ་འདི་ནས་ལོ་བརྒྱད་པ་བྱ་ལོ་རབ་གནས་ལེགས་པར་བགྱིས། སྡེ་གཟར་དེ་ལྟ་བུའི་སྐབས་སུའང་རྟེན་ཆེན་བར་ཆད་མེད་པར་གྲུབ་པ་དང་གཟོ་བོ་རྣམས་ལའང་བར་ཆད་མེད་པ་ནི་དགོངས་པ་གཏད་པའི་བྱིན་རླབས་ཁོ་ནར་འདུག་པས་དཀོན་མཆོག་ལ་ཡིད་འཆེས་ན་དེས་ཆོག་པར་གོ །མཚོ་དཀར་ན་བཞུགས་དུས་སྟག་ལུང་ཆོས་རྗེ་སྐུ་མཆེད་གསུམ་ཅུང་ཟད་ཐུགས་འཛོལ་བ་ལྟར་སྣང་བ་ན་སྐུ་འབྲིང་བས་སྒར་དུ་ཕེབས་པ་ཡིན་པས་མགོན་སྐྱབས་གནང་དགོས་ཞུས་པ་ལའང་སྤྱིར་མཇལ་སྤྲོ་ནའང༌། ཐུགས་མ་མཐུན་པ་ལ་སྒོས་དབོན་སོ་སོར་འཚོལ་བ་མཛད་ན་གཏན་མི་ཡོང་བ་ཐུགས་མཐུན་པ་ཁོ་ན་དགོས་ཅེས་བཀའ་གནང་བས་སེལ་ཆེན་པོར་མ་སོང་བ་མཛད། སྟག་ལོ་སར་བ་ནས་བདག་གིས་ཀྱང་ཐམས་ཅད་རྨི་ལྟས་སོགས་རྩུབ་པར་གླེང་བ་དང་དགུང་སྐེག་འདི་ཉེ་བར་འདུག་པས་སྟག་ཡོས་གཉིས་པོ་ལ་ས་གཅིག་དུ་གདན་ཆགས་པའི་སྐུ་མཚམས་དང་སྐུ་རིམ་གནང་བ་ཞིག་ཞུར་བཏང་བ་ལ་ངེད་རང་ཡང་དེ་ལྟར་བསམས་རུང་བསམ་ཆུང་རྣམས་ཉན་པར་མི་སྤྱོད་(པ༢༣༦ན)


PTT001_Page_1339
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པས་བསམས་པ་ལས་མ་བསམས་དབང་ཆེ་བ་ཞིག་བྱུང་གིས་དོགས་ཅེས་པ་ཕེབས། ཕྱིར་རྗེ་བཙུན་འདི་ལྟ་བུ་རྫོགས་པའི་སངས་རྒྱས་ཐམས་ཅད་དབྱེར་མེད་པའི་རང་བཞིན་གཅིག་པ་ཁོ་ན་གདུལ་བྱ་ལ་གང་འདུལ་གྱི་སྐུར་སྣང་བར་ཟད་པས་སྐད་ཅིག་མ་གཅིག་གི་གཟིགས་པོ་དང་རྣམ་པར་ཐར་པའང་བློས་བསམ་པར་མི་ནུས་ན་རྣམ་པར་ཐར་པ་ཐམས་ཅད་ལྟ་ཅི་སྨོས། འོན་ཡང་ཚུར་མཐོང་རྣམས་རྗེས་སུ་བཟུང་ཆེད་དག་པའི་གཟིགས་པ་བཀའ་བསྩལ་བ་ཁོ་ན་ཡང་སྤྱིར་བགྲང་གིས་མི་ལང་ཡང་བྱེ་བྲག་དུ་ཅུང་ཟད་བརྗོད་ན། སྟོང་གསུམ་ཤོང་བའི་གླང་ཆེན་སྤྱི་བོ་ལ། །མི་རོ་ཞུ་བའི་མར་ཁུས་གཏམས་པའི་ནང༌། །རང་ལུས་སྡོང་བུར་འབར་བའི་རྩེ་མོ་ན། །རྨ་བྱའི་སྒོང་ང་ཁ་ནས་སྐྱེ་བཞིན་གར༌། །ཞེས་སོགས་ཡེ་ཤེས་ཀྱི་དྷཱུ་ཏི་ལ་རྣམ་ཤེས་ཀྱི་དབུ་མ་དག་པའི་རྟགས་དང༌། རེ་ཞིག་རང་ལུས་ཡན་ལག་བཞི་པོ་ནི། །ལྗོན་ཤིང་ཆེན་པོ་བཞིར་གྱུར་ལག་གཉིས་ཀྱི། །རྩ་བ་ནམ་མཁའི་གཞི་ལ་སྲ་ཞིང་འཐས། །རྐང་པ་ས་ལ་སྲ་ཞིང་ལྷག་པར་འཐས། །ལུས་ཀྱི་ནང་ཀུན་རབ་ཏུ་སྟོང་པ་ལ། །གངས་རིའི་དུམ་བུ་གཉིས་ཅིག་རྒོད་ཅིང་འཕྲོ། །ཞེས་སོགས་རྣམ་སྨིན་གྱི་ལུས་དག་པ་དང༌། ལུས་ཟུངས་བདུན་དང་སྦས་པའི་རྩ་ལྔ་དང་ཡན་ལག་གི་རླུང་ལྔ་དང་ཡན་ལག་བཞི་དང་རྩ་ཕྲན་ཐམས་ཅད་དང་རྩ་གསུམ་སོ་སོའི་རླུང་བཅས་ལ་བསྲེག་པ་ཐེབས་པའི་རྟགས་དང༌། རྩ་འཁོར་རྣམས་དང་དོན་ལྔ་དང་སྣོད་དྲུག་དང་ལུས་ཀྱི་འབྱུང་བ་ཆེན་པོ་རྣམས་བསྲེགས་ནས་ཡེ་ཤེས་ཀྱི་སྐུར་གྱུར་པ་སྟེ་མདོར་ན་རྡོ་རྗེ་ཐེག་པ་གཏུམ་མོའི་རྣལ་འབྱོར་གྱི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་དང༌། རྡོ་རྗེ་རྣལ་འབྱོར་མ་ཕག་ཞལ་སུམ་བཅུ་རྩ་བདུན་མའི་སྐུ་ལ་དབུ་མ་དགྲ་གཅན་གྱི་གཟུགས་ལྟེ་བར་དུས་མེད་དང་བཅས་པའི་དུག་སྦྲུལ་གྱི་མགོ་ཕག་ཞལ་དབུས་མ་སྤྱན་གསུམ་པའི་སྤྱི་བོར་ཐོན་པའི་ལྕེ་རྩེ་གསུམ་གཡོ་བའི་དབུས་མའི་རྩེར་དཔལ་ཧེ་རུ་ཀ་བཞུགས་པའི་འོད་ཀྱིས་རྣལ་(པ༢༣༦བ)


PTT001_Page_1340
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་མ་དྲངས་པ་དང༌། འཁོར་ལོ་སྡོམ་པའི་སྤྱི་བོར་རྡོ་རྗེ་འཆང་དཀར་པོ་བཞུགས་པའི་ཧཱུྃ་སྒྲས་འཁོར་ལོ་སྡོམ་པའི་སྐུའི་པགས་པ་སྦྲུལ་ཤུན་ལྟར་འཕར་སྟེ་རྡོ་རྗེ་སེམས་དཔའི་སྐུ་ལ་གསོལ་བས་སྔོན་པོར་གྱུར་ཞིང་ཡུམ་ཀྱི་དབུ་ཐོད་མར་མེ་གཉིས་ཆད་ལྟར་འཕར་སྟེ་རྡོ་རྗེ་འཆང་གི་མགྲིན་པར་ཐིམ་པའི་མོད་ལ་སྡོམ་པ་ཡབ་ཡུམ་སྟོང་ཆེན་དུ་ཡལ་བ་དང༌། སྣ་ཚོགས་རྡོ་རྗེའི་ལྟེ་བར་བཻ་ཌུརྻའི་བུམ་པ་ནོར་བུའི་ཏོག་ཅན་གྱི་ནང་དུ་རྒྱུད་སྡེ་བཞིའི་ལྷ་ཚོགས་ཀྱི་ནང་དུ་དཔལ་ལྡན་བླ་མ་ཡེ་ཤེས་ཀྱི་བདུད་རྩི་འཁོར་འདས་གང་གིས་མྱོང་ཡང་རྣམ་ཤེས་གཏན་བྲལ་དུ་བྱེད་པ་དེ་རྟེན་བརྟེན་པ་དག་པའི་མེ་ཕུང་གིས་རྣམ་པ་ཐམས་ཅད་པའི་རྟེན་འབྱུང་དུ་འཁོར་བས་བུམ་པ་ནས་ཕྱིར་ལུད་འཁོར་འདས་ཐམས་ཅད་དུ་བོ་བས་ལྕགས་ལ་གྲུབ་པའི་དངུལ་གྱིས་ཐེབས་པ་ལྟར་གྱུར་པ་སངས་རྒྱས་ཀྱི་ཡེ་ཤེས་རྡོ་རྗེ་ལྕགས་ཀྱུའི་རྣམ་པས་དབྲལ་མ་ནུས་པ་དང༌། དངོས་པོ་དང་དངོས་མེད་རྟག་མི་རྟག་སོགས་ཀྱི་སྤྲོས་པར་མ་ཁོམ་པ་ལས་རྡོ་རྗེ་ཕ་ལམ་གྱི་མེ་ཐབ་གྲུ་གསུམ་སུམ་བཤིབས་ཀྱི་ནང་དུ་རྣལ་འབྱོར་མ་ལང་ལོང་དུ་འདུ་བའི་མེ་ཕུང་རྩེ་མོ་གཅིག་པའི་རྩེར་བླ་མ་ཧེ་རུ་ཀ་ཕྱག་ན་གློག་གི་ཞགས་པ་འཛིན་པས་ཆོས་ཐམས་ཅད་ལ་འདེབས་པ་ན་བླ་མའི་སྐུ་ཁ་བ་ལྟར་བབ་པ་མེ་དང་འདྲེས་པ་དང༌། ཡེ་ཤེས་ལྔའི་ན་མཁའ་དཀར་སེར་དམར་ལྗང་སྔོ་བའི་དབུས་སུ་བདག་གཞན་ཐམས་ཅད་ཧེ་རུ་ཀ་ཞལ་ཕྱག་གྲངས་མེད་དུ་གསལ་བའི་དབུས་ཐོག་དང་ཕྱག་ན་ཧེ་རུ་ཀ་བཞུགས་པ་ལས་ཟླ་བ་ཆར་ལྟར་བབ་པ་རང་གི་བ་སྤུར་ཐིམ། ཉི་མ་གྲངས་མེད་ཤར་བ་སྐུའི་འོད་ཟེར་སྔོ་ནག་གི་གསེབ་ཏུ་ན་བུན་ལྟར་ཡལ། དགྲ་གཅན་ན་མཁའ་ནས་འཁོར་བ་ཞལ་དུ་མིད་སྟེ་ཐུགས་ཀར་ཡལ་བ་དང༌། མེ་ཕུང་གི་གསེབ་ཏུ་རང་ཉིད་ཡེ་ཤེས་མགོན་པོ་མིའུ་ཐུང་གེལ་པའི་རྣམ་པར་བཞུགས་པས་ན་མཁའ་ལས་སྟོང་གསུམ་ཙམ་རེ་བཅད་ནས་ན་མཁར་སྣ་ཚོགས་རྡོ་རྗེ་དང་ཉི་མའི་སྟེང་དུ་བྱང་ཆུབ་ཆེན་པོའི་མཆོད་(པ༢༣༧ན)


PTT001_Page_1341
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་བརྩིགས་པའི་བུམ་པར་བླ་མ་ཡེ་ཤེས་ཀྱི་མགོན་པོར་བཞུགས་པ་རང་གི་ཞལ་ནས་དབུགས་སྤྲོས་པ་བདུད་རྩིའི་ཆར་དུ་གྱུར་པ་ལས་ན་མཁའ་ལ་དཔག་བསམ་གྱི་ལྗོན་པ་ཡལ་ག་དང་མེ་ཏོག་དང་འབྲས་བུ་གཡུར་ཟ་བ་ལས་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟར་འཁྲིགས་པ་འབྱུང་བས་མཆོད་པ། མཆོད་རྟེན་དེ་ཡང་སྐད་ཅིག་གིས་རང་གི་ཐུགས་ཀར་ཞུགས་པ་དང༌། དུར་ཁྲོད་བརྒྱད་སོ་སོའི་དབུས་སུ་ཀེང་རུས་མིག་ལས་ཉི་མའི་འོད་འབྱོན་པ། ཁོང་ནས་རྒྱུད་ལྟོ་འཛག་པ། སྐྲ་དམར་སེར་བརྫེས་པ། དུག་སྦྲུལ་བརྒྱད་ཀྱིས་བརྒྱན་པ་མཚོན་ཆ་སྣ་ཚོགས་པ་ཐོགས་པ་ལུས་དཔག་ཚད་ཙམ་པ་དེས་དུར་ཁྲོད་ཀྱི་མི་རོ་རྣམས་སྲུང་བ་ན་ན་མཁར་བླ་མ་རྡོ་རྗེ་ཁྭ་གདོང་མ་ཕྱག་དང་པོ་གཉིས་རྡོ་རྗེ་དང་ཐོད་པ་འོག་མ་གཉིས་ཁ་ཊཱཾ་དང་ཅང་ཏི་ཅན་མཁའ་ལྡིང་ལ་ཞོན་པ་འཁོར་དུ་ཧེ་རུ་ཀ་ཡབ་ཡུམ་ཐམས་ཅད་བྱ་རྒོད་དང་ཁྭའི་རྣམ་པ་ཅན་གྱིས་བསྐོར་བ་སྤྲིན་ལྟར་གཏིབས་པ་ན་མཁར་ལམ་བྱུང་བས་གཟིགས་པ་ཙམ་གྱི་རོ་རྣམས་རང་སར་ཡལ་ཀེང་རུས་རྣམས་བྱིན་པ་ཤིང་ལྟར་རེངས་པའི་མོད་ལ་བླ་མའི་ཞལ་ནང་དུ་བཀའ་རྒྱུད་ཀྱི་བླ་མ་རྣམས་ལམ་བྱོན་པ་དང༌། རྡོ་རྗེའི་ར་བ་གྲུ་བཞི་སྒོ་བཞི་པའི་ནང་དུ་ཁྱི་གདོང་མ་དམར་མོ་དང་གླང་ཆེན་གྱི་གདོང་ཅན་དཀར་པོ་འཇིག་རྟེན་ལས་བརྒལ་བའི་སྤྱོད་པ་ཅན་དང༌། བླ་མ་ཤཱཀ་ཐུབ་ཏུ་བྱོན་པའི་ཐུགས་ཀར་སེམས་དཔའ་གཉིས་ཀྱིས་རྔ་ཡབ་གཡོབ་པ་དང༌། ཡེ་ཤེས་མགོན་པོ་བེར་ནག་ཅན་གྱི་ཚོགས་འོག་ནས་མེ་ལྟར་དུ་འབར། སྟེང་ནས་བཀའ་རྒྱུད་ཀྱི་བླ་མ་སྤྲིན་ལྟར་དུ་གཏིབས། བར་ནས་ཡེ་ཤེས་ཀྱི་མཁའ་འགྲོ་ཆུ་ལྟར་འཁོལ་བ་ཐམས་ཅད་ཀྱི་སྤྱི་བོར་བླ་མ་བརྗོད་མེད་ཀྱི་འོད་གསལ་དུ་དག་པ་ལ་སོགས་པ་ཡེ་ཤེས་ཀྱི་གཟིགས་སྣང་མཐའ་ཡས་པ་དང༌། གཞན་ཡང༌། རྨི་ལམ་གྱི་མཐོང་བ་མོས་སྒྲུབ་ཀྱི་སྙིང་པོ་ལས་འབྱུང་བ་ལྟར་དང༌། ཁྱད་པར་(པ༢༣༧བ)


PTT001_Page_1342
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་མཚན་བརྒྱད་ཞང་གི་སྐུ་བརྒྱད་ཀརྨ་པ་རབས་བརྒྱད་རྣམས་དབྱེར་མེད་དུ་གཟིགས་པས་དེའི་སྒྲུབ་པ་བཀའ་རྒྱ་མ་བསྩལ་བ་སོགས་གཞལ་དུ་མེད་སྟེ་དེ་དག་ནི་ཟབ་ཆོས་སོ་སོ་ལས་གསལ་ལོ། །ཁྱད་པར་དུ་རྗེ་མཉན་པ་ཆེན་པོའི་སྐུ་འདྲ་དངུལ་བླུགས་པ་ལས་ཁྲུ་ཚད་ཙམ་སྐུ་ཤིན་དུ་ལེགས་པ་བྲད་བདར་བྱས་ཟིན་ལྟར་བྱོན་ཞིང་ཁྲི་རྒྱབ་རིན་པོ་ཆེའི་ཕྲ་དུ་མས་སྤྲས་པ་མཛད་སྟེ་བླ་མ་སྒྲུབ་པའི་སྒོ་ནས་རབ་གནས་གསོལ་འདེབས་གྱིས་ཅིག་པར་གནང་བ་སྩོལ་བ་གཟིགས་ནས་ཀླུང་ཤོད་བཀྲ་ཤིས་ཐང་དུ་རྒྱལ་ཚབ་སྤྲུལ་པའི་དགེ་སློང་ཀུན་བཟང་བ། དྲུང་པ་གཡུང༌། འཇམ་བུ་དགེ་སློང་སོགས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་ངེས་བསམ་པ་བཅུ་ཕྲག་ཙམ་གྱིས་བླ་མ་སྒྲུབ་པའི་གསོལ་འདེབས་ཀྱི་རྒྱུན་མཛད། རྗེ་ཉིད་ཀྱང་སྲོད་ཐུན་ལ་ཕེབས་པའི་སྒྲུབ་པ་ཞག་བདུན་ཙམ་མཛད་པ་ན། རྗེ་ཉིད་ཀྱིས་ལྷོ་ཕྱོགས་ཀྱི་ཞིང་སྙིང་པོ་དག་པར་རྗེ་བླ་མ་དེ་བཞིན་གཤེགས་པ་ཚངས་པའི་རྒྱལ་མཚན་དུ་སངས་རྒྱས་སྟེ་བྱང་སེམས་ཀྱི་འདུས་པ་ཐེར་འབུམ་དང་དཀྲིགས་ཆེན་ལ་ཆོས་སྟོན་པར་གཟིགས་སྟེ་སྐུའི་བཀོད་པ་ཞིང་གི་རྡུལ་སྙེད་ཀྱིས་མཆོད་པ་ཐ་དད་པ་མཛད་པ་དང༌། བླ་མ་ཧེ་རུ་ཀར་བཞེངས་པས་མཆོག་དུ་མི་འགྱུར་བའི་ཡེ་ཤེས་བསྩལ་བ་སོགས་ངོ་མཚར་མཐའ་ཡས་པ་བརྙེས་པར་སྣང་ལ། སྒྲུབ་པ་པོ་སོ་སོའི་ཉམས་སྣང་མངོན་སུམ་གྱི་དག་པའི་མཐོང་བ་ཐ་དད་པ་ཡང་གཞལ་དུ་མེད་སྟེ་བདག་གིས་ཉིན་རེ་ཞིང་སོ་སོའི་གསུང་བཞིན་བྲིས་སྟེ་ཕུལ། སྤྱིར་ཡང་རྗེ་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དྲུག་ཆེན་མོ་སོགས་ཀྱང་ཟུར་གྱི་དགེ་འདུན་ཕལ་ཆེར་ལ་གནང་བ་ན་ཆོས་གཉན་པས་གསུམ་རེ་ལ་དམིགས་པ་ཐ་དད་དུ་གནང་བ་རྣམས་བདག་གིས་སྐྱོར་མཁན་ཁྲིད་གཉེར་གྱིས་ཚུལ་བྱས། སོ་སོའི་ཉམས་མྱོང་རྣམས་བྲིས་སྟེ་སྐབས་སུ་འབུལ་པའི་ཤོག་དྲིལ་སྔ་ཕྱི་འདི་རྣམས་མཐོང་ན་སྔོན་གྱི་བླ་མ་རྣམས་ཀྱི་(པ༢༣༨ན)


PTT001_Page_1343
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཐར་འདི་རིགས་འདུག་པ་རྣམས་རྩེད་མོ་ལྟ་བུར་འདུག་སྙམ་པ་སྐྱེ་བ་ཧ་ལས་ཐུབ་པ་ཤ་སྟག་ཡོད་ཀྱང་སྣོད་མིན་ལ་གསང་སྒྲོགས་སུ་སོང་དོགས་པ་དང༌། སོ་སོ་ནས་ཡོན་ཏན་སྦེད་པ་འབའ་ཞིག་ཏུ་འདུག་པ་དང༌། རྗེ་དྲུང་ཉིད་ཡོན་ཏན་གསང་བ་ན་གཙོ་བོར་མཛད་པ་དང་ཁོང་རྣམས་ཀྱི་ཐུགས་དམ་ལ་གནོད་དོགས་བདག་གིས་རྟེན་གྱི་གཟུངས་བཞུགས་ཀྱི་རིགས་ཁོ་ན་ལ་བཞུགས་སུ་བཅུག་ནས་གྲགས་སུ་མ་བཅུག་པ་ཡིན། གཞན་ཡང་མཆེད་གྲོགས་སོ་སོའི་གསུང་ལས་ཐོས་པ་ངོ་མཚར་ཚད་མེད་པ་དུ་མ་ཡོད་ཀྱང་གཞན་དག་གི་བློར་མི་ཆུད་པས་མ་བྲིས། སྤྱིར་ཇི་ལྟ་ཇི་སྙེད་གཟིགས་ཤིང་མཁྱེན་ལ་རྡོ་རྗེའི་སྤྱན་ལྔ་དང་མངོན་པར་ཤེས་པ་དྲུག་མཐར་ཕྱིན་པ་ནི་ཐེག་ཆེན་མི་སློབ་པའི་འཕགས་ཆེན་རྣམས་ཀྱི་ཐུན་མོང་ཡིན་མོད་ཀྱང་ད་ལྟ་སངས་རྒྱས་ཀྱི་རྣམ་པས་འདུལ་བའི་གདུལ་བྱ་མ་ཚོགས་པ་དང༌། ཁྱད་པར་རྙིགས་དུས་འདིར་སྐྱེ་བ་མང་པོ་དྲན་ནོ་ཕྱག་རྗེས་ཞབས་རྗེས་བྱུང་ངོ་ན་མཁའ་ལ་འཕུར་རོ་བྱ་བ་ལ་སོགས་པ་ཟེར་བའི་ཞིག་པོ་དང་སྤྲུལ་སྐུར་གྲགས་པ་ཡུལ་གྲུ་རེ་ནའང་མང་པོས་སྣང་ལ་དེ་དག་གི་ཚུལ་ལ་རྗེས་སུ་དཔག་པས་དཔྱད་པ་ན་ཚེ་འདིའི་རྙེད་བཀུར་དང་ཟང་ཟིང་ངན་ངོན་ཙམ་འདི་སྒྲུབ་པ་འབའ་ཞིག་དུ་སྣང་བས་དེ་དག་གི་ཆོ་འཕྲུལ་ལྟར་སྣང་བ་དེ་དག་ཀྱང་བྱུང་བའམ་མ་བྱུང་བའམ་ཅི་ཞིག་སྙམ་པ་དང༌། བྱུང་དུ་ཟིན་རུང་སྤྱན་མངོན་ཤེས་ལྟར་སྣང་ཙམ་ནི་བདུད་ཀྱིས་ཀྱང་སྐྱེད་པ་དུ་མ་ཡོད་པས་དེ་དག་གི་རྒྱུ་ཅི་སྙམ་དུ་སོམ་ཉི་འཕེལ་བར་མཐོང་ལ་དེའི་ཕྱིར་རྗེ་འདི་ནི་སྤྱན་མངོན་ཤེས་དང་ལྡན་པར་ཞལ་གྱིས་གཏན་མི་བཞེས་ལ། ཀརྨ་པའི་མཚན་གྱིས་བྱིན་གྱིས་བརླབས་པ་ཅེས་པ་ཙམ་ལས་དངོས་སུ་ཞལ་གྱིས་མི་བཞེས་པ་ནི་དེང་སང་སྔོན་གྱི་བཟང་པོ་ཆེ་གེ་མོ་ཞིག་དང་དེ་ནས་བཟང་པོ་ག་གེ་མོ་ཞིག་དུ་སྐྱེས་དྲན་ནོ་ཞེས་བརྗོད་བཞིན་པས་ད་ལྟ་བཟང་པོ་མ་ཡིན་པའི་སྤྱོད་པས་འཚོ་བ་རྣམས་ཀྱི་དྲེགས་པ་གཞིག་པའི་ཆེད་དང༌། དུས་(པ༢༣༨བ)


PTT001_Page_1344
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པོའང་སོ་སྐྱེས་ཀུན་ནས་བཏགས་པ་ཙམ་ལས་ངོ་བོ་ཉིད་ཀྱིས་མ་ཡིན་པ་དང༌། སངས་རྒྱས་བྱང་སེམས་ཀྱི་སྤྲུལ་སྐུ་གདུལ་བྱ་ལ་མཐའ་ཡས་པར་སྣང་བ་རྣམས་ཀྱང་དྭངས་པའི་ཆུ་སྣོད་ཐམས་ཅད་དུ་ཟླ་གཟུགས་འཆར་བ་ལྟར་བཤད་པས་སྣོད་གཅིག་ཆག་པའི་དབང་གིས་ཟླ་གཟུགས་དེ་མི་སྣང་བ་ན་ཡང་གང་དུའང་སོང་བ་མིན་ཞིང་ཆུ་སྣོད་སར་དུ་བྱུང་བ་ཞིག་དུ་ཟླ་གཟུགས་སར་དུ་སྣང་བ་ན་ཡང་གང་ལས་ཤི་འཕོས་སྟེ་འོངས་པ་མ་ཡིན་པ་ལྟ་བུར་གསུངས་ལ། སྐྱེ་བ་སྔ་ཕྱི་ལ་སོགས་པ་ལ་བདེན་པར་མངོན་པར་ཞེན་པ་འདི་ནི་བྱིས་པའི་ཆོས་ཡིན་གྱི་འཕགས་པ་རྣམས་ཀྱིས་ཆོས་ཐམས་ཅད་སྒྱུ་མ་ལྟར་བདེན་རྫུན་གྱིས་སྟོང་པར་མཁྱེན་པའི་ཕྱིར་མངོན་པར་ཞེན་པས་གཅིག་དུ་བཀའ་མི་སྩོལ་བ་ཡིན་ནོ། །དེ་ལྟ་མོད་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ངང་ནས་ཤུགས་འབྱུང་དུ་བསྩལ་བ་ནི། སྔོན་ནཱ་གརྫུ་ནའི་ཞབས་ལ་གཏུགས། །ལམ་ཉེ་རྒྱུའི་སྤྱོད་པས་མཚམས་སྦྱར་ནས། །དཔལ་བྱམས་པའི་རྣལ་འབྱོར་རྒྱལ་བའི་སྐུ། །མཚན་མངའ་བདག་མཻ་ཏྲིར་ཡོངས་སུ་གྲགས། །ཡུམ་བཅོམ་ལྡན་འདས་མ་གྲུབ་པའི་དཔལ། །རྗེ་དབང་པོའི་བློ་གྲོས་འཇིགས་པ་མེད། །སྤྲུལ་ཡུལ་དྷུ་མ་ཐ་ལ་བསྐྱངས། །དཔལ་པདྨ་བཛྲ་ཞེས་སུ་གྲགས། །སྟེང་དགའ་ལྡན་ལྷ་ཡི་ཕོ་བྲང་ན། །རྗེ་རྒྱལ་བའི་མྱུ་གུ་སྤྲིན་གྱི་སྟོབས། །ཞིང་དག་པར་བསྒྱུར་པའི་སེམས་དཔའ་བཞུགས། །མཚན་བློ་གྲོས་རིན་ཆེན་ཞེས་སུ་གྲགས། །ནུབ་ཀུན་བཟང་རོལ་པའི་ཞིང་ཁམས་ན། །མཆོག་སྦྱིན་པའི་ས་བདག་ཙནྡན་སྡེ། །དུས་དགེ་བཅུ་རྫོགས་པའི་ཡ་མཚན་ཡོད། །མཚན་པདྨ་རྣམ་རོལ་ཞེས་སུ་གྲགས། །ཡུལ་བྱང་ཕྱོགས་ཡངས་པའི་རྒྱལ་ཁམས་འདིར། །རྗེ་ས་བདག་རྒྱལ་པོའི་བླ་ཡི་བློན། །དབང་ཆེ་བར་གྲགས་པའི་ངན་ལམ་རིགས། །མིང་རྒྱལ་བ་མཆོག་དབྱངས་ཅེས་སུ་གྲགས། །བོད་ཆེན་པོའི་ཡུལ་ལྗོངས་ཉམས་དགའ་བར། བློ་ལེགས་པར་སྦྱངས་པའི་གྲགས་པ་ཅན། །རྗེ་དགོངས་པ་རབ་གསལ་(པ༢༣༩ན)


PTT001_Page_1345
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ལ་གཏུགས། །གྲུམ་ཡེ་ཤེས་རྒྱལ་མཚན་ཞེས་སུ་གྲགས། །རྗེ་ཕྱ་པའི་སྙན་པ་མ་བཟོད་ནས། །ཡུལ་མདོ་སྨད་ཕྱོགས་ནས་དབུས་སུ་བཏོལ། །པཎ་ཆེན་གྱི་བླ་མ་མང་བསྟེན་པའི། །མིང་དབུ་སེ་རུ་གྲགས་པ་མ་ལགས་སམ། །ཡུམ་རྡོ་རྗེ་བདེ་མས་བྱིན་གྱིས་བརླབས། །དཔལ་དབྱངས་ཅན་ལྷ་མོ་མགྲིན་པར་ཞུགས། །སྔོན་རྒྱལ་རྔ་བརྡུངས་པའི་བག་ཆགས་གསལ། །དོན་ཟབ་མོའི་གནད་ལ་ངེས་ཤེས་སྐྱེས། །ཕ་གྲུབ་མཆོག་རྣམས་ཀྱི་ཞབས་ལ་གཏུགས། །ཡུལ་བཟུང་དོན་དག་པའི་རྟེན་འབྲེལ་ལས། །ནང་རྣམ་པར་ཤེས་པའི་འགྱུ་བ་འགགས། །ཡུལ་ཀུན་རྫོབ་བདེན་པའི་འཁྲུལ་ཚུལ་རྟོགས། །དོན་དམ་པའི་བདེན་པ་རང་ངོ་འཕྲོད། །མཐོང་སྤང་གི་དྲི་མ་རབ་སྤངས་པ། །ལོག་ཞུགས་ཀྱི་མདུད་པ་གྲོལ་ནས་སོང༌། ཡང་སྲིད་ཀྱི་འཆིང་བ་བྲལ་བ་ལས། སྤྲུལ་བསྒྱུར་གྱི་སྐྱེ་འཆི་ཅི་ཡང་སྟོན། །སྲོང་བཙན་གྱི་འཕྲིན་ལས་སྒྲུབ་པ་ལ། །དགོས་དོན་གྱི་ཞྭ་ནག་གྱོན་པ་ནས། །རྗེ་ཀརྨ་པ་ཡི་མཚན་བཟུང་སྟེ། །མཐའ་རྒྱ་མཚོའི་བར་དུ་ད་དུང་བགྲོད། །དུས་རྩོད་པར་ལྡན་པའི་གདུལ་བྱ་ལ། །ཐབས་ཟང་ཟིང་གི་འདུ་ལོང་ལ་བརྟེན་ནས། །དཔལ་འཁོར་ལོ་སྡོམ་པ་གྲུབ་པའི་ཞིང༌། །ཡུལ་ཉེར་བཞིའི་གནས་སུ་བསྡུས་བྱས་སྟེ། །གསང་ཆེན་གྱི་དཀྱིལ་འཁོར་སྤྲུལ་བ་ནས། །བདག་བྱིན་རློབ་ཀྱི་ཆོ་ག་སྟོབས་བསྐྱེད་སྟེ། །ལུས་སེམས་ཀྱི་འཁྲུལ་འཁོར་རྡོ་རྗེ་བཞིགས། །སྐུ་བཞི་ཡི་རྒྱལ་ས་དེ་རུ་གནོན། །དཔལ་བུམ་པ་བཟང་པོ་གྲུབ་པའི་ལུས། །མཆོག་ཐུན་མོང་གི་ཟོང་གུ་དེར་མཆིས་པས། །ལས་ཅན་གྱི་སྐྱེས་བུ་འགའ་ཡོད་ན། །དུས་དེང་སང་དད་པའི་བག་ཆག་ཞོག །ཅེས་པ་ལ་སོགས་པའི་རྡོ་རྗེའི་མགུར་ཁྱད་པར་ཅན་དུ་མ་བཞུགས། མདོར་ན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གསང་བ་རྣམས་ནི་གསང་བའི་བདག་པོ་རྣམས་འབའ་ཞིག་གི་སྤྱོད་ཡུལ་དུ་ཟད་མོད་ཀྱང་རྒྱ་མཚོ་ལས་ཆུ་ཐིགས་ཙམ་གྱི་ཆ་ཤས་བདག་ཉིད་ཀྱིས་ཐོས་པའང་(པ༢༣༩བ)


PTT001_Page_1346
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མ་ཡོད་མོད་ཀྱི་གཞན་དག་གིས་བློར་མི་ཆུད་པའི་ཕྱིར་བཏང་སྙོམས་སུ་བཞག་གོ །གཞན་སེམས་ཤེས་པའི་མངོན་ཤེས་ཀྱང་ཞལ་གྱིས་ནི་ངེད་རང་མངོན་ཤེས་མེད་པས་ཅེས་ཁོ་ན་གསུང་གི་ཞལ་གྱིས་མི་བཞེས་ཀྱང་གདུལ་བྱ་ལ་མ་འོངས་པ་དང་ལྐོག་གྱུར་པ་སྐུ་རྩེད་ཀྱི་ཚུལ་གྱིས་ལུང་དུ་བསྟན་པ་རྣམས་ནི་ཆེས་མི་བསླུ་བ་སྟེ། སྤྲུལ་སྐུ་སྨན་ཐང་འཇམ་དབྱངས་པ་ལ་ཁྱོད་ཐོ་རངས་མ་ཆག་པར་བྱེད་པའི་ཚེ་སྒྲུབ་དེ་ཅི་ཡིན་གསུངས་པས་ནང་དུ་སླེབས་ནས་རྗེའི་དྲུང་འདི་ལ་མངོན་ཤེས་དེ་འདུག་གོ་ངའི་དེ་གཞན་སུ་ལའང་རྒྱུས་མེད། མངོན་ཤེས་འདི་ཞེད་པོ་ཡིན་འདི་མ་ཡགས་ཟེར་སྐད་པ་དང༌། བདག་ཞབས་ཕྱིར་སླེབས་ནས་ཟླ་བ་གཉིས་གསུམ་ན་རྩིས་ཀུན་བསྡུས་པའི་རི་མོ་ཐོབ་ཅིག་གསུང་ནས་གཟིགས་པའི་ཚུལ་མཛད། རེས་རྐྱང་བགོད་སྦྲགས་བགོད་ཀྱི་རི་མོ་ཆུང་ངུ་རེ་ལའང་དཀའ་བ་ལྟར་སྟོན། རེས་སྔོན་སུ་ལ་ཡང་མ་གྲགས་ན་བདག་གིས་ལྟ་ཅི་སྨོས་པའི་གནས་མཐའ་དག་རྒྱ་ཆེར་བཀའ་བསྩལ། རྗེ་འཕྲིན་ལས་པའི་ཊཱིཀ་དེས་དོན་མི་ལྷོངས་པར་འདུག་པས་དེ་ལ་མཆན་བུ་གྱིས་གསུངས་དེ་གསོལ་བའི་དུས་མ་གཏོགས་ཞབས་ཕྱིར་བསྡད་སྟེ་གསུང་བསྒྲུབས། རྗེ་ཉིད་ནི་འདུལ་ཊཱིཀྲ་གི་ཐུགས་རྩོམ་ཁོ་ན་བར་མ་ཆད་པར་གནང༌། ཇ་གྲལ། འབུལ་བཞེས། བང་ཆེན་སླེབ་རྫོང༌། བསྐོས་ཇ་བསྐོ་བཞག་གསུང་ཆོས་གནང་དགོས། བཀའ་བཀོད། བཀའ་ཤོག །སྐད་ཆ་དྲི་རྨེད། སྐུ་གསུང་ཐུགས་རྟེན་གྱི་ཞལ་བཀོད། ཕྱག་དཔེ་ཞུས་དག །ཕྱག་དཔེ་ལ་དམར་དང་སེར་སོགས་ཀྱི་འབྱེད། དགེ་ཚུལ་སློང་གི་ལས་གྲལ། སྒར་པའི་ཚེས་བཅུ་དགུ་གཏོར་ལ་སོགས་པའི་ཆོག་གྲ་སོགས་ཀྱིས་དུས་རྟག་པར་ཟིང་ཟིང་པོར་ཡོད་རུང་ཐུགས་སྐད་ཅིག་ཡང་མི་གཡེང༌། ཐུགས་བྲེལ་དེ་རྣམས་ཀྱང་སོ་སོར་མཛད། ཐུགས་རྩོམ་ཡང་མི་ཆད། བདག་གིས་ཀྱང་སྐུ་མཁྲིས་སུ་རི་མོ་དང་མཆན་བུ་འདེབས་པ་བགྱིས་ཤིང་གཟིགས་(པ༢༤༠ན)


PTT001_Page_1347
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དུ་ཕབ། བཞུགས་གྲལ་ཆེན་པོ་སོགས་ཡོད་པ་ཞུ་མི་འོས་པའི་སྐབས་ལ་ལར་འདི་ལ་བཤད་ལུགས་ཀྱི་ན་ཡམས་གང་དགོངས་པར་བདེའམ་འདི་ལྟར་ན་མཆན་བུ་འདི་ལྟར་དུ་འདེབས་དགོས་པར་འདུག །དོན་གཞན་དུ་ན་མཆན་བུ་འདི་ལྟར་དུ་འདེབས་དགོས་པར་འདུག་སྙམ་ནས་ཡིད་གཉིས་སུ་གྱུར་པའི་ཚེ་ཚུར་སྤྱན་ཆེར་གཟིགས་ནས་རེས་སྐབས་འདི་ལ་འདི་ལྟར་དུ་གྱིས་གསུངས་པ་དང༌། རེས་འདི་ལ་ཇི་ལྟར་ཡིན་གསུངས་ནས་དྲི་བའི་ཚུལ་དང་རེས་འདི་ལ་ཇི་ལྟར་བྱས་གསུང་བ་སོགས་དངོས་སུ་སྩོལ། རེས་གཞན་ལ་གསུང་བའི་ཚུལ་གིས་ལ་ལ་འདི་སྐད་ཟེར་གྱི་ཡོད་པར་འདུག་འདི་འདི་ལྟར་ཡིན་གསུང་བ་དང༌། རེས་ཞལ་ཕར་ཕྱོགས་སུ་གཟིགས་ནས་གནས་འདི་ལ་ལ་ལ་འདི་སྐད་ཟེར་ཞིང་ཡོད་པར་འདུག་སྟེ་དེ་ལ་སྐྱོན་འདི་འོང་སོགས་གསུངས་པའི་ཚེ་མི་དེ་དག་ནི་ཅི་གསུང་མ་འཚལ་བས་རིག་རིག་པོར་འགྱུར་ལ་བདག་རང་གིས་དགོངས་པ་གོ་ནུས་པ་སོགས་ནི་བགྲང་གི་མི་ལང་སྟེ་བདག་གིས་འབྲུག་ལོ་ཟླ་བ་དང་པོའི་ཚེས་བཅོ་ལྔ་ལ་ཞབས་ཕྱིར་སླེབས་ནས་སྤྲེ་ལོའི་སྟོན་བྲག་གསུམ་དུ་ཕེབས་པའི་བར་ལ་བདག་རང་གི་ཞུ་དོན་ཁྱད་པར་བ་ཅི་ཡོད་པ་དེ་ག་གསོལ་བ་དུང་བཏབ་པ་ཙམ་གྱིས་ཐབས་སྣ་ཚོགས་པའི་སྒོ་ནས་ཐེ་ཚོམ་ཆོད་པའི་ལན་སྩོལ་བ་ཁོ་ན་བྱུང༌། འདི་ཚུན་དེ་ཙམ་དུ་གསལ་བ་མ་བྱུང་བ་རང་གི་དད་པ་དམན་པ་ཡིན་ནམ་རྒྱུ་མཚན་མ་འཚལ། འོན་ཡང་དེ་ལྟ་བུ་དངོས་སུ་ཞུས་པ་ན་ཁ་གསག་དུ་འགྲོ་བ་དང་ཞལ་སྐྱེངས་པ་ལྟ་བུའི་ཅུང་མི་མཉེས་པ་གནང་གི་འདུག་པས་མ་ཞུས། རབ་འབྱམས་པ་དཔལ་འབར་དཔོན་སློབ་དྲུང་ན་བཞུགས་པ་ན་འབྲི་ཁུང་ནས་ཁྱོད་ད་ལྟ་རང་མྱུར་བར་ཆོས་རྗེ་ལྕགས་ཐང་བའི་དྲུང་དུ་སོང་གསུང་བ་དེ་ལྟར་བྱོན་པས་ལྕགས་ཐང་བ་གཤེགས་ཁ་དང་མཇལ་སྟེ་རྗེ་ཀརྨ་པའི་ཆོས་ཀྱི་འཁྱོས་མ་བླང་གསུངས་ནས་གདམས་ངག་གསན་པས་ཐུགས་དམ་ཁྱད་པར་ཅན་འཁྲུངས་ནས་གཤེགས་པར་འདུག །ཀོང་པོར་སྐུ་གྲིབ་མགུར་ཆམ་དང་སྐུའི་ཚད་གཞི་ལ་བསྟེན་པའི་ཡང་(པ༢༤༠བ)


PTT001_Page_1348
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྐུ་བསྙེལ་པའི་ཚེ་བདག་མནལ་སྲུང་བ་སོགས་ལ་ཕལ་ཆེར་ཡོད་པ་མནལ་སྲུང་ཆེས་དཀའ་བ་ན་རང་གི་སྣང་བ་མ་དག་པར་ཟད་མོད། གཟུགས་ཁམས་པ་ལའང་གཉིད་མེད་ན་རྫོགས་པའི་སངས་རྒྱས་ལ་ག་ལ་ཡོད་སྙམ་པའི་མོས་གུས་དུང་བ་རེ་བྱུང་ནས་གསོལ་འདེབས་དྲན་ཙམ་བྱུང་མ་ཐག་སྐུ་ཁམས་ཤིན་དུ་དྭངས་པར་སྣང་ཞིང་དྲི་རྨེད་དུ་མ་མཛད། ཡང་མི་ཞིག་བྱུང་བ་ན་སྐུ་ཁམས་ཉོག་པར་སྟོན་ཞིང༌། བླ་སྨན་པ་རྣམས་ཀྱང་ཕྱག་རྩ་འབུལ་བ་མ་གཏོགས་རྒྱུན་དུ་སྐུ་མཁྲིས་སུ་བསྡད་མི་ཆོག་པ་དང༌། སྐུ་འཁོར་བ་རྣམས་ཀྱིས་གསོལ་སྤྱོད་ཕན་གནོད་སོགས་ཀྱི་བླང་དོར་མི་མཁྱེན་པས་མགུར་ཆམ་བསྙེལ་བའི་ཚེ་མར་ཁུ་ཞུ་བ་སོགས་སྣང་ཡང་དེ་ལྟ་བུའི་སྐྱོན་ཡོན་གང་ལའང་བལྟོས་པ་མེད་པར་བསྙུན་ལས་གྲོལ་འགྲོ་བར་སྣང༌། བདག་ལ་དེ་ལྟ་བུའི་བཀའ་ཕེབས་སྟེ་བསྟོད་པ་དང་བརྟན་བཞུགས་དང་རྟོགས་འབུལ་གྱི་ཚུལ་གྱི་མགུར་མ་སོགས་ཅི་རིགས་རེ་ཕུལ་བའི་མོད་ལ་སྐུ་དྭངས་པ་ལན་ཆེས་མང་པོར་བྱུང༌། བུ་ཆུའི་ཇོ་བོ་ལ་བདག་གིས་མེ་ལོང་ཞིག་ལ་མུ་ཏིག་གི་ཚོམ་བུ་བཀོད་སྟེ་ཕུལ་ནས་གསོལ་བ་མང་དུ་བཏབ། དྲུང་དུ་སླེབས་ནས་ཞག་འགའ་ན་རྨི་ལམ་དུ་རྗེའི་ཕྱག་གཡོན་པ་ན་གསེར་གྱི་པདྨ་རིན་པོ་ཆེ་མཐའ་ཡས་པས་སྤྲས་པ་ཅིག་སྙན་གཡོན་དུ་ཡོད་པའི་ཡུ་བ་ནས་འཛིན་པར་མཛད་སྟེ་འདི་ཁྱོད་ཀྱིས་ང་ལ་ཕུལ་བའི་མཎྜལ་དེ་ཡིན་ལན་གསུམ་དུ་གསུངས་པ་རྨིས་པས་ཇོ་བོའི་སྐུ་དེ་ཡང་ཀོང་ལུང་པ་ཀརྨ་པའི་རྒྱལ་ཁམས་ཡིན་པས་རྗེ་ཉིད་ཀྱི་སྐུའི་བཀོད་པ་གཟུགས་བརྙན་གྱི་ཚུལ་གྱིས་རྟག་དུ་འགྲོ་དོན་མཛད་པར་གོའོ། །ཕྱག་རྗེས་ཞབས་རྗེས་སོགས་གཞན་སྣང་ལ་མང་དུ་འབྱུང་བར་སྣང་ཡང་སྤྱིར་རྐང་རྗེས་ལག་རྗེས་ཀྱི་རིགས་དུ་འགྲོ་ལ་ཡང་མང་དུ་འབྱུང་བས་རྟགས་ཁྱད་པར་ཅན་དུ་མ་ངེས་ཤིང་ལར་ཡང་འདི་རིགས་ཕལ་ཆེར་གཞན་གྱིས་སྒྲོ་བཏགས་བྱས་པ་མང་བར་འདུག་གསུང་ཞིང་འོན་ཡང་སྐུ་ཕྲ་དུས་གཟི་དཀར་དཔོན་ཆུང་ཡོལ་སྒོ་བ་བྱེད་(པ༢༤༡ན)


PTT001_Page_1349
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ་སྐུ་རྩེད་ཀྱི་རྣམ་པས་རྡོ་ཆུང་ཞིག་ཕྱག་གིས་བཅངས་པ་ཁོང་གིས་དད་རྟེན་དུ་ཞུས་པ་དེ་ཆེད་དུ་མིན་པར་ཡང་མི་གསུང༌། ཕྱིས་ཁོང་སྦྲུལ་ལོ་ལ་གླང་ཁྲོད་ཚལ་དུ་བྱུང་ཚེ་ཁྱེད་ཀྱི་དད་རྟེན་དེ་ཁྱེར་ཤོག་གསུངས་ནས་གཟིགས་ཤིང་བདག་གིས་ཀྱང་མཇལ། ཕྱིས་ཁོང་འདས་པ་ན་དེ་ཁྱེར་ཤོག་གསུངས་ནས་ཕྱག་དུ་བཞེས་སྟེ་བདག་ལ་གནང་བ་ད་ལྟ་དད་པའི་རྟེན་དུ་མཆིས། རྫུ་འཕྲུལ་གྱི་ཆོ་འཕྲུལ་ཡང་རྒྱ་ནག་དུ་དོམ་ཚ་ནང་སོ་རྟ་འབུལ་ལ་སླེབས་དུས་འདི་ཀརྨ་པའི་གསེར་ཡིག་པ་བརྫུས་མར་འདུག་ཟེར་ནས་ཆད་པ་བྱེད་པར་བརྩམས་པ་ན་དྲུང་ཉིད་ཞྭ་ནག་བཞེས་པ་ན་མཁའ་ལ་མངོན་སུམ་དུ་བྱོན་པ་གསེར་ཁང་ནང་མའི་ཕོ་བྲང་ནང་གི་རྒྱལ་བློན་ཀུན་གྱིས་གཟིགས་པ་དང་བྱ་ཚེ་རིང་གཉིས་ཀྱིས་ཕོ་བྲང་ལ་བསྐོར་བ་དང་གར་བྱེད་པ་བྱུང་བས་དོམ་ཚ་ལ་མཐོང་བཀུར་ཆེར་བྱས་པ་དང༌། གདན་འདྲེན་གྱི་བློན་པོ་རྣམས་ཀྱིས་སྒར་དུ་ཉེ་བ་ཙམ་ནས་སྤྲིན་གྱིས་གསེབ་ཏུ་དྲུང་གི་སྐུ་ཞྭ་ནག་ཅན་སྣང་བ་དམག་མི་དང་བཅས་པས་མཐོང་བ་དང་ས་ཐམ་སྟེང་དུ་ཕེབས་དུས་རྒྱལ་པོའི་གླང་པོ་ཆེ་དང་སྟག་གིས་གུས་པར་བཏུད་པ་དང༌། ཉག་ཆུའི་དར་ལ་བྱོན་ན་ཉག་རོང་པ་མང་པོས་ན་མཁའ་ལ་གཤེགས་པར་མཐོང་བ་སོགས་དང་ནད་གདོན་གྱིས་ཉེན་པ་དང་འཆི་ཀ་མ་སོགས་ཀྱི་མདུན་དུ་སྐུ་མངོན་སུམ་དུ་བྱོན་པའི་ལོ་རྒྱུས་ནི་ཆེས་མང་ངོ༌། །འཆད་པའི་འཕྲིན་ལས་ནི་མདོ་སྔགས་ཀྱི་གཞུང་ཆེན་མཐའ་དག་ལས་རེ་རེའང་འགྲེལ་ཚུལ་མི་གཅིག་པ་མང་པོའི་སྒོ་ནས་འཆད་པར་མཛད་ལ་བཀའ་བདམས་ཀྱི་ལམ་རིམ་ཁྱད་པར་ཅན་དང་དེ་ལྟ་བུའི་བློ་ཆོས་སུ་འགྲོ་བ་དང་ཆོས་ལམ་དུ་འགྲོ་བྱེད་ཀྱི་ཐབས་གཙོ་བོར་སྟོན་པས་རྗེ་འདིའི་གསུང་ལ་ཚད་མར་འཛིན་ནོ་ཅོག་ནམ་འཆི་ངེས་མེད་དང་ཅིས་ཀྱང་དགོས་མེད་སྙིང་དུ་ཟུག་ཅིང་འགྲོ་ཀུན་ཕ་མར་ཤེས་པ་བདག་པས་གཞན་གཅེས་ཀྱི་བློ་གོམས་པ་ཤ་སྟག་འབྱུང་ངོ༌། །ཁྱད་པར་དུ་རྡོ་རྗེ་ཐེག་པ་ཐུན་མོང་མ་ཡིན་པའི་ཁྲིད་རིམ་ཞག་གསུམ་ལ་(པ༢༤༡བ)


PTT001_Page_1350
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་རེ་སོགས་ཀྱིས་དུས་རྟག་པར་ཆུ་བོ་ལྟར་སྩོལ་བས་རྒྱུད་སྨིན་ཞིང་གྲོལ་བར་མཛད་པའི་ཕྱིར་སྣོད་ལྡན་གྱི་སློབ་མའི་ཚོགས་སྣང་སྲིད་དག་པར་ཤར་བ་དག་སྣང་ཐུན་གཅིག་གི་འཆར་སྐོ་ཡང་བགྲང་ལས་འདས་པ། རྗེ་ཉིད་དང་འབྲལ་མེད་ཀྱི་གདེང་ཐོབ་པ་ཚེ་འདིའི་བྱ་བ་ལ་བྱིས་པའི་རྩེད་མོ་ཙམ་དུའང་མི་ལྟ་བ་དེ་ལྟ་བུ་སྐྱེས་ཆེན་གྱི་སློབ་མ་བགྲངས་བར་མི་ནུས་པ་བྱོན་ནོ། །རྩོམ་པའི་འཕྲིན་ལས་ནི་སྐུ་ཆུང་ངུ་ནས་བསྟན་བཅོས་དང་རྡོ་རྗེའི་མགུར་ངོ་མཚར་ཅན་ཆེས་མང་ལ། ཁྱད་པར་དགུང་ལོ་ཉེར་གཉིས་ལ་འདུལ་བ་མདོ་རྩའི་ཚིགས་འགྲེལ། ཉེར་གསུམ་ལ་ཕར་ཕྱིན་གྱི་ཊཱིཀ་ཆེན། ཉེར་བཞི་ལ་སྒྲ་ཀ་ལ་པའི་ཊཱིཀ་ཆེན། ཉེར་དྲུག་ལ་མདོ་རྩའི་རྒྱ་ཆེར་འགྲེལ། ཉེར་བདུན་ལ་མཛོད་ཀྱི་ཊཱིཀ་ཆེན་ཕྱིས་དབུ་མའི་ཊཱིཀ་ཆེན་སོགས་ཕ་རོལ་དུ་ཕྱིན་པའི་ཆོས་ཀྱི་རྣམ་གྲངས་ཆེས་མང་པོ་དང༌། མ་ཧཱ་མཱ་ཡའི་འགྲེལ་པ་སོགས་རྡོ་རྗེ་ཐེག་པའི་རྒྱུན་ཀྱི་རྣམ་བཤད་མདོ་དཀྱིལ་སྒྲུབ་ཐབས་ཆེས་མང་པོ་དང༌། གསང་བ་སྙིང་པོ་སོགས་རྡོ་རྗེ་ཐེག་པའི་ལམ་གྱི་སྙིང་པོ་བསྟན་པ་དང༌། ཁྲིད་ཀྱི་རིམ་པ་ཆེས་མང་པོ་བསྩལ་པ་འདི་ཐམས་ཅད་གཞན་གྱིས་བྱས་པ་ལྟ་བུའི་བཏགས་ཟིན་འཐག་པ་མ་ཡིན་པ། ཇི་ལྟར་མཁས་པས་ཀྱང་བརྟགས་ན་གཏིང་ཇེ་ཟབ་ཏུ་འགྲོ་བ་བསམ་གྱིས་མི་ཁྱབ་པའི་འཆད་ཚུལ་དང་ལྡན་པ་ཁོ་ན་ཡིན་ལ་སྙན་ངག་ཙམ་ལའང་རྗེ་འདིས་མཛད་པའི་བྱ་དཀའི་རྒྱན་དབུས་སུ་ང་བཞི་ལ་མཁས་པ་བཅུ་གཉིས་ཀྱིས་བསྐོར་བ་ལུགས་འབྱུང་ལུགས་ཟློག་གང་ནས་ཀྱང་བགྲངས་ཆོག་པ་འདི་ལྟ་བུ་བོད་ཡུལ་གྱི་ང་བརྒྱད་མ་བརྩམས་པ་སྣང་བ་རྣམས་ཀྱིས་འདིའི་ཕྱོགས་སུ་ཡང་ཕྱིན་པ་མ་ཡིན་ནོ། །བྱ་བ་ལས་ཀྱི་འཁོར་ལོའི་འཕྲིན་ལས་ཀྱང༌། སྤྱིར་རྗེ་འདི་ཆོས་སྤྱོད་ཀྱི་བྱ་བ་བཅུ་ལུས་གང་ཡང་རུང་བ་དང་མི་ལྡན་པའི་བཏང་སྙོམས་སུ་ནི་སྐད་ཅིག་ཀྱང་བཞུགས་པར་མ་མཐོང་ལ་སྐུ་ལ་བཅར་བ་རྣམས་ཀྱང་ལུང་མ་བསྟན་དུ་མི་འཇོག་པར་དགེ་བ་ལ་བཀོལ་བར་(པ༢༤༢ན)


PTT001_Page_1351
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ཅིང་ཁྱད་པར་རྗེ་ཉིད་ཀྱི་སྐུ་རིང་ལ་དགེ་འདུན་གྱི་སྡེ་འཕེལ་བ་ནི། འཇང་རྒྱལ་པོས་ཁང་སར་མགོའི་ཆོས་སྡེ། འདོབ་སྤང་ཕུག་དུ་ཆོས་སྡེ། ལ་བླ་མ་ཡོན་ཏན་དབང་ཕྱུག་བསྐོས་པའི་དགོན་གནས་ཀྱི་ཆོས་སྡེ། ངོ་ཁྲོ་རབ་འབྱམས་པ་བསོད་ནམས་རྣམ་རྒྱལ་ལ་བརྟེན་སྟེ་རུ་ཡོན་གྱི་ཆོས་སྡེ། ཁ་བ་དཀར་པོར་འཇམ་དཔལ་རྒྱ་མཚོས་བཙུགས་པའི་ཆོས་སྡེ། ལྕགས་མོ་ནང་སོས་ལྷུན་པོ་རྩེར་དགོན་གནས། གླིང་དྲུང་པས་བཀྲ་ཤིས་རྣམ་རྒྱལ་གྱི་སྡེ། འབྲི་རྒྱུད་དུ་སྟོང་ལེའི་སྡེ། ལྷོ་འོ་མ་ལུང་དུ་སླར་ཡང་ཆོས་སྡེ། དྲ་ཚེར་ལུང་མདར་ཆོས་སྡེ། ཉག་ཆུ་རྒྱུད་དང་རབ་སྒང་སོགས་སུ་བཞག་བླ་ཁུ་དབོན་གྱིས་ཆོས་སྡེ་དུ་མ། མགོ་ལུག་དབོན་པོས་མགོ་ལོག་དུ་ཀར་སྡེ། མདོར་ན་ཏའུ་ཤེལ་ཁོག་སྤོམ་འབོར་ཆེ་ཆུང༌། མདོ་སྟོད་སྨད་རྣམས་སུ་ཀར་སྡེ་ཆེ་ཆུང་སར་འཕེལ་མང་པོ། ཁྱད་པར་འཇང་གི་ཤ་འབུ། ངོ་ཁྲོ། ལ་སྒང༌། མཛལ་ཆུ་རྒྱུད། འབའ་ཐང༌། རྒྱལ་ཐང་སོགས་ནས་ལོ་ལོ་བཞིན་གྲ་པ་ལྔ་བརྒྱའི་རྒྱུན་རྫོང་བ། པོ་སྟོད་དཀར་པོ་སྒང་དུ་ཆོས་སྡེ། ཁྱད་པར་བཤད་གྲ་སར་བཙུགས་ལ། ཀོང་པོར་ཕྲགས་སུ་རཱུ་གདོང་གི་ཆོས་སྡེ། ཡར་སྟོད་དུ་ཀརྨ་དགའ་ཚལ་གཞུང་ལུགས་གླིང༌། དྭགས་པོར་ཀརྨ་བཤད་སྒྲུབ་གླིང༌། ཁམས་སུ་ར་ཏི་དགའ་ལྡན་གླིང་དུ་མཁས་པ་རིན་ཆེན་ལེགས་པས་སར་དུ་བཤད་གྲ། སྟོང་མགོར་རབ་འབྱམས་པ་བརྩོན་འགྲུས་ཀྱིས་བཤད་གྲ་གཙང་དུ་གསུང་རབ་རྒྱ་མཚོ། ཐོབ་རྒྱལ་བས་ཀརྨ་འདུལ་གྲ་གླིང༌། གསང་སྔགས་གྲ་ཚང༌། སྒྲུབ་སྡེ་ལ། སྒར་དུ་ཡང་ཟུར་གྱི་སྡེ་གཉིས། ཆོས་རྗེ་མཁན་ཆེན་པས་དོ་དམ་མཛད་སྟེ་རྩེ་ལྷ་སྒང་གི་སྒྲུབ་སྡེ། ཕྲག་ཡུལ་དུ་སྒྲུབ་སྡེ། ནགས་ཕུར་སྒྲུབ་སྡེ་སར་དུ་བསྣན་པ། པོ་བོ་གཡའ་སྨན་དུ་བླ་མ་སངས་རྒྱས་བཀྲ་ཤིས་ལ་བཀའ་གནང་བའི་སྒྲུབ་གྲ། ལྷ་གཟིགས་འགྲོ་བའི་མགོན་པོ་བཙུན་མོ་དང་བཅས་པས་ཞུས་སྟེ་མཆོད་ཡུལ་དུ་ཆུ་བ་རིའི་སྒྲུབ་སྡེ། སྤྲུལ་སྐུ་ཐམས་ཅད་མཁྱེན་པའི་སྒར་དུ་ཡང་རི། དཔལ་དྲོ་བོ་ལུང་དུ་ཀརྨ་རིག་འཛིན་གྲུབ་མཆོག་སྡེ། བྱང་དབུ་མར་སླར་ཡང་སྒྲུབ་སྡེ་རྒྱས་པ་རྣམས་རགས་པ་སྟེ་འདི་ཕལ་ཆེ་བའི་རེ་རེ་ལའང་དགེ་འདུན་པ་བརྒྱ་ལས་མི་ཉུང་ཞིང་མང་པ་རྣམས་སུམ་བརྒྱ་དང་དེ་ལས་(པ༢༤༢བ)


PTT001_Page_1352
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པ་སྟེ་ཞིབ་པར་ནི་བྲི་ཡིས་མ་ལང་ངོ༌། །འདི་ཐམས་ཅད་ཀྱི་རྒྱུ་དང་ཡོ་བྱད་མང་དུ་ཕྱག་ཉིད་ནས་གནང་བ་ཁོ་ན་ཤས་ཆེ་ལ། སྤྱིར་གར་ཕེབས་ཀྱི་གཙུག་ལག་ཁང་ལ་མཆོད་པ། དགེ་འདུན་ལ་གནང་སྦྱིན་སོགས་ནི་མཐའ་ཡས། སྒར་ཉིད་དུ་རྗེ་དུས་མཁྱེན་གྱི་ཚེས་གསུམ་མཆོད་པ་ནས་བརྩམས་སྟེ་དྲུང་ན་རིམ་རྣམས་ཀྱི་དུས་མཆོད་ཐམས་ཅད་དང་ཡུམ་གྱི་དུས་མཆོད་ཚེས་བཅུ་གཉིས་སོགས་ཐམས་ཅད་ལ་ཆོ་ག་སོ་སོ་གནང་ཞིང་གཙོ་ཆེ་བ་རྣམས་ལ་དཀྱིལ་ཆེན་སུམ་བཅུར་ཉེ་བའི་ཆོ་ག་མང་མཛད་པ་སོགས་རྣམ་པར་དཀར་བའི་འཕྲིན་ལས་བགྲང་གིས་གར་ལང་ལ་ཉིན་རེ་ཁོ་ན་ལའང་རབ་བྱུང་དྲུག་བཅུ་ལྷག་པ་དང་བསྙེན་རྫོགས་དཀྱིལ་འཁོར་དྲུག་བདུན་ཙམ་སྒྲུབ་པ་འབྱུང་ལ་དེ་ལྟ་བུ་རྒྱུན་མ་ཆད་པ་ཡོང་བས་ལོ་གཅིག་གི་རབ་བྱུང་དང་བསྙེན་རྫོགས་ཀྱང་མཐའ་ཡས་ཤིང་བདག་ཁོ་ནས་ལས་སློབ་བགྱིས་སྟེ་སྒྲུབ་པའང་བགྲང་གིས་མི་ལང་ངོ༌། །རྟེན་བཞེང་སོགས་ནི་སྙེ་བོ་དང་རྔོད་ཀྱི་ཆོས་སྡེ་གཉིས་སུ་ཐུབ་དབང་གི་གསེར་སྐུ་རྒྱབ་མཐོ་ཉི་ཤུ་པ་རེ། རྩེ་ལྷ་སྒང་དུ་ཀརྨ་པའི་གསེར་སྐུ་རྒྱབ་མཐོ་ཉེར་ལྔ་པ། པོ་འབོར་ས་གསེར་གཙུག་ལག་ཁང་ཀ་བ་བརྒྱའི་ཁྱོན་གྱི་ས་རྒྱན་གནམ་རྒྱན། སུ་རུ་གདོང་དུ་སྟོན་པའི་གསེར་སྐུ་རྒྱབ་མཐོ་སུམ་བཅུ་པ། སྒམ་པོར་རྗེ་དུས་མཁྱེན་གྱི་སྒེར་སྐུ་མཐོ་བཅུ་གསུམ། ཙནྡན་དང་བསེ་རུ་དང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཟུང་འཇུག་རྒྱུད་རིམ་མཐོ་ཚད་མ་ཁྲི་རྒྱབ་དང་བཅས་པ། ཟངས་གསེར་གྱི་གནས་བརྟན་བཅུ་དྲུག་རྐང་གང་མ་དང་རྗེ་གོང་མའི་ཐུགས་ཀྱི་བཞུགས་ཁང་དངུལ་གདུང་མདའ་ཚད་ཕྱེད་དང་གཉིས་མ། རྒྱལ་ཚབ་སྤྲུལ་སྐུ་སྔ་ཕྱི་གཉིས་ཀྱི་དབུ་ཐོད་བཞུགས་ཁང་དངུལ་གདུང་མདའ་ཚད་མ་གཉིས། ཐུགས་དམ་ཐང་སྐུ་ཤིན་དུ་ངོ་མཚར་ཅན་མང་པོ་རྗེ་འཕྲིན་ལས་པའི་དངུལ་གདུང་དགའ་ཚལ་དུ་སྦྱིན་བདག་ཆེན་མོ་ཡུམ་སྲས་ལ་ཞལ་བསྐོས་གནང་བའི་ཐུབ་དབང་གི་གསེར་སྐུ་ཐོག་ཚད་ལྷག་པ་དང༌། དྲུང་ན་རིམ་གྱི་གསེར་སྐུ་སྐུ་ཚད། རྗེ་མར་པའི་སྐུ་མཁར་རིན་པོ་ཆེ་ལ་གསེར་ཐོག་བཤད་སྒྲུབ་(པ༢༤༣ན)


PTT001_Page_1353
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་གི་ལྷ་ཆེན་རྒྱབ་མཐོ་བཞི་བཅུ་པ་ལ་སོགས་པ་འདི་ཐམས་ཅད་ཀྱི་རྒྱུའི་གཙོ་བོ་རྣམས་ཕྱག་ཉིད་ནས་གནང་བ་ཁོ་ན་ཤས་ཆེ་ཞིང་རྗེའི་ཐུགས་རྗེ་ལས་གྲུབ་པ་ཁོ་ན་ཡིན་ནོ། །ཚད་མ་རིགས་གཞུང་རྒྱ་མཚོའི་སྤར་སྒར་ཉིད་དུ་བསྒྲུབ་ཅིང་རྗེ་བཙུན་ངལ་གསོ་ཡར་སྟོད་དུ་སྒྲུབ་པར་བཀས་གནང་ཞིང་བདག་ལ་བཀས་ཕེབས་པས་ནང་དོན་རང་འགྲེལ་པར་དུ་བསྒྲུབས་སོ། །མདོར་ན་རྗེ་འདི་ནི་དྲུང་ན་རིམ་ཐམས་ཅད་ཀྱི་འཕྲིན་ལས་གཅིག་དུ་བསྡོམས་པ་ལྟ་བུ་སྟེ་རྫ་ངོམ་ཕྱོགས་སུ་ཀར་བསྟན་འབྱུང་བར་ལུང་བསྟན་པ་དེ་རྗེ་ཉིད་འཁྲུངས་པ་དང༌། གཙང་ཕྱོགས་སུ་བསྟན་པ་འབྱུང་བར་ལུང་བསྟན་པ་ནི་གཙང་དུ་ཀར་ལུགས་ཀྱི་ཆོས་སྡེ་ཐོག་མར་འཕེལ་བ་འདི་དག་དང་ལྷོ་ཕྱོགས་སུ་བསྟན་པ་འབྱུང་བར་ལུང་བསྟན་པའི་ཐོག་མ་ཆོས་སྡེ་འདི་སྟེ་གཙུག་ལག་ཁང་དགེ་འདུན་གྱི་སྡེ་དང་བཅས་པ་འཕེལ་བ་ནི་དྲུང་ན་རིམ་གཞན་གཉིས་གསུམ་བསྡོམས་པ་ལས་ཀྱང་རྗེ་འདི་མང་ལ། བཀའ་འབུམ་ནི་རྗེ་པཀྵི་ལའང་ད་ལྟ་པོ་ཏི་བཅུ་དྲུག་ལས་མི་བཞུགས་ལ་རྗེ་འདིའི་བཀའ་འབུམ་པོ་ཏི་སུམ་བཅུ་ལྷག་པ་བཞུགས་ཤིང་གདུལ་བྱ་ལ་རྗེ་འདིའི་གསུང་རྣམས་ཁོ་ན་ཉེ་བར་མཁོ་བ་དང༌། ཁྱད་པར་ཚེ་བློས་བཏང་ཞིང་སྦྱངས་ཡོན་ཅན་མོས་གུས་མཐར་ཕྱིན་པའི་སློབ་མའི་ཚོགས་འདི་ཙམ་དུ་རྒྱས་པ་ཡིན་ལ་ཡུལ་གྲུ་ཐམས་ཅད་དུའང་རྗེ་འདི་ལས་སྤང་བླང་གི་དམ་བཅའ་འདི་ལྟར་ནོད་ཏོ་ཅེས་སྡིག་སྤོང་དགེ་སྒྲུབ་ལ་གནས་པ་ནི་ལམ་བར་རེ་ནའང་གཞལ་དུ་མེད་པར་མཐོང་ལ་དེ་ལྟར་འཕྲིན་ལས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་ཀྱང་རྗེ་འདིའི་འཕྲིན་ལས་ཀྱི་གཙོ་བོ་ནི་སྔོན་དྲུང་གོང་མ་དཔོན་སློབ་ཐུགས་འགལ་ལྟར་སྣང་བས་ཀར་བསྟན་མཐའ་དག་ཕྱོགས་ཀུན་དུ་ཟིང་ཟིང་པོར་སྤྱོད་པ་ཅིག་སྣང་ལ། ཕྱིས་རྗེ་འདི་སྤྱན་སྔ་ཐམས་ཅད་མཁྱེན་པས་སྤྱན་དྲངས་པ་ཕེབས་པ་མ་ཤར་ཡང་དོན་དུ་ཕེབས་ནས་མཇལ་(པ༢༤༣བ)


PTT001_Page_1354
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་འདྲ་བར་ཐུགས་ཡིད་གཅིག་དུ་གྱུར་པ་ནས་སྤྲུལ་པའི་སྐུ་དྭགས་ཀོང་གི་མཚམས་སུ་འབྱུང་བར་ལུང་བསྟན་ཕུལ་ཞིང་སྐུ་སྐྱེ་བ་ཕྱི་མའི་འདྲེན་པ་ཞུས། རྒྱུ་དེ་ལས་སྤྲུལ་པའི་སྐུའི་དབུ་འདོན་ཞབས་འདེགས་མཛད། སྡོམ་པ་གསུམ་ལྡན་དུ་བསྒྲུབས། ལུང་རྟོགས་ཀྱི་མཛོད་གཏད། བསྟན་པའི་བདག་པོར་བསྐོས། ཕྱིས་ནས་སྤྱན་སྔ་ཐམས་ཅད་མཁྱེན་པའི་གྲ་སློབ་ཐམས་ཅད་ཀྱིས་ཀྱང་དཔྱོད་ལྡན་ཁ་ཅིག་ནི་ཡིད་འཆེས་ནས་འདུད། སྤྲུལ་སྐུ་ཡིན་མིན་ལ་མ་བལྟོས་པ་དག་ཡང་ཟང་ཟིང་གི་རྒྱུ་ལ་དམིགས་ནས་འདུད། ཞེ་སྡང་བའི་ཟུག་རྔུས་སེམས་ཚིག་པའི་སོལ་བ་དག་ཡང་འདུད་པར་སྟོན་པའི་བྱ་བ་ལས་གཞན་པའི་འཚོ་ཐབས་མ་རྙེད། ཕལ་ཆེར་ནི་གྲགས་པས་འདུད་པས་རྩོད་མེད་དུ་གྱུར་སྟེ་ཀརྨ་ཀམ་ཚང་གི་བསྟན་པའི་ནང་སེལ་བཟླུམས་ནས་ཀར་བསྟན་གྱི་རྒྱ་མཚོ་རིས་མེད་པ་གཅིག་དུ་གྱུར་པ་འདི་ནི་འཕྲིན་ལས་ཀྱི་དམ་པ་ཡིན་ནོ། །དེ་ལྟ་བུའི་རྗེ་བཙུན་དམ་པ་ཡོན་ཏན་གྱི་རྒྱ་མཚོ་གཞལ་དུ་མེད་པ་སངས་རྒྱས་ཐམས་ཅད་ཀྱི་འབྱུང་གནས་དེ་ནི་དབང་པོ་དམན་པ་རྣམས་རྟག་པར་འཛིན་པ་ལས་ལྡོག་ཕྱིར་མི་རྟག་པའི་ཆོས་སྒོ་བརྡས་སྟོན་པ་དང༌། སྐལ་མཆོག་རྣམས་ལ་སྐྱེད་རིམ་རྫོགས་རིམ་དུ་བསྡུ་བ་དང༌། གཟུགས་སྐུ་ཆོས་ཀྱི་སྐུར་བསྡུ་བའི་ཆོས་ཀྱི་རྣམ་གྲངས་སྟོན་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པར་ཡང་བསྟན་སྟེ། སྤྱིར་སྔོན་ཚེ་སྒྲུབ་གནང་བའི་ལྟས་ལས་ཀྱང༌། ཀྱཻ་གྲོགས་དག་རིག་སྔགས་ཚེ་འདི་པས། །སྒྲུབ་པར་བྱ་ཡིས་དེས་ཅི་བྱ། །ཚེ་ཡང་སྒྲུབ་པ་དོན་ལྡན་ན། །ལེགས་མོད་འཇིག་རྟེན་དམོད་པའི་གཞི། །ཞེས་སྐུ་ཚེ་ཧ་ཅང་རིང་བ་ཁོ་ན་གདུལ་བྱ་མི་མང་བར་བསྟན་པ་སྣང་བ་དང་བདག་ལ་ཆོས་འབྲེལ་གྱི་ཐོག་མར་བཤད་པ་གནང་བ་བླ་མ་ཁྲ་ཚང་བ་སྐུ་མཆེད་ལ་སྔོན་གནང་བའི་རྡོ་རྗེའི་མགུར་དེ་ལས་ཀྱང༌། སྔོན་ཚེ་བདེ་ཆེན་མྱོང་བའི་ལཱ་ལི་པ། །ད་ལྟ་རྡོ་རྗེའི་རྒྱུད་སྦྱངས་དགའ་བའི་དཔལ། །ཕྱི་ནས་བྱམས་པའི་དྲུང་དུ་བདེར་བརྩེན་པ། །(པ༢༤༤ན)


PTT001_Page_1355
[མ་དཔེ་གཟིགས་ན་འདིར་གནོན།]

རང་གཞན་དོན་གཉིས་གྲུབ་བོ་དབྱངས་ཅན་མ། །སྐྱེ་བ་ཀུན་ཡང་གཟུགས་བརྙན་ལྟད་མོ་ཙམ། །འཆི་འཕོའི་ཚུལ་ཡང་ཚེགས་མེད་བདེ་བར་གྲུབ། །བར་སྲིད་ཡོངས་སུ་སྤངས་པའི་སྐལ་བ་ཅན། །ཞེས་སོགས་གཟུགས་སྐུ་སྡུད་པ་ལ་ཧ་ཅང་མི་རིང་བའི་གསུང་གནང་བ་དང༌། གསུང་མགུར་རྣམས་དང་གོང་མ་གསུམ་བསྟོད་རྗེ་མཉན་པའི་བསྟོད་པ་སོགས་ཤོག་དྲིལ་ཕྱག་བྲིས་རྣམས་བདག་གིས་ཕབ་སྟེ་ཕྱག་དཔེར་སྒྲིག་པ་ཅིག་ཡོད་པའི་ཚེ་ལུག་ལོ་རྩེ་ལྷ་སྒང་དུ་བཞུགས་དུས། ཡུལ་ཀྲེ་ཤོད་གངས་ཀྱི་ར་བའི་ནང༌། །ཆུ་སྒྲ་བཅས་དམ་ཆོས་ཉན་པའི་ས། །རང་བྱོན་ཐུགས་རྗེ་ཆེན་པོའི་དྲུང༌། །ས་དེ་དང་ཧ་ཅང་མི་རིང་བར། །ཕྱིས་སྐྱེ་བ་ལེན་པའི་མཚན་མ་མཐོང༌། །ཞེས་སྐུ་སྐྱེ་བ་ཕྱི་མའི་ལུང་བསྟན་འདི་གནང་བྱུང་བ་སྐུ་ཚེའི་རྟེན་འབྲེལ་དུ་བསམ། འདི་རེ་ཞིག་མི་འབེབས་པ་དང་མི་སྒྲག་པ་ཅིག་ཞུས་རུང་ད་ལྟ་ཕོབ་གསུངས་ནས་དགེ་སློང་བཀྲས་རྒྱམ་དགེ་སློང་བཟང་དཔལ་པོད་འབོར་དགེ་བཤེས་དགེ་སློང་འཇམ་བུ་སོགས་གསུང་སྒྲོག་པ་རྣམས་ཀྱིས་སྐུ་མདུན་དུ་གསུང་སྒྲོག་པའི་སྐབས་ཀྱི་བཀའ་རྒྱུད་མགུར་ཚོ་སྒྲོག་པའི་རྗེ་ཉིད་ཀྱི་གསུང་མགུར་སྒྲོག་དུས་ཁྱད་མེད་དུ་སྒྲོག་འཇུག་པ་གནང་སོང་བ་ལ་ཡང་ཅུང་ཟད་ཡིད་མ་བདེ། བྲག་གསུམ་དུ་རང་གཞན་གྱི་སྔོན་ཕྱིའི་གནས་དུ་མ་སྩོལ་བའི་སྐབས་ཅིག་རྗེ་ཉིད་ཀྱི་སྐུ་ཚེ་དང་འཕྲིན་ལས་ཞུས་པ་ལ་འཕྲིན་ལས་ཀྱི་རྒྱུན་ཆེན་པོ་འབྱུང་སྐུ་ཚེ་ནི་གདུལ་བྱ་ལ་བལྟོས། ཅེས་ཕེབས་པ་དང་རྟ་ལོ་ལ་ཟུལ་ཕུར་གདུལ་བྱ་རྫོགས་པའི་བཀའ་བསྩལ་གནང་ཚེ་དགེ་འདུན་སྡེ་རྣམས་ཀྱི་བདག་ལའང་བཀའ་ཤོག་དོ་གལ་ཅན་མཛད་བྱུང་བ་ནས་གསོལ་བ་སྙིང་ནས་བཏབ་པའི་བརྟན་བཞུགས་འབུལ་མི་བཏང༌། དགེ་འདུན་རྣམས་ཀྱིས་ངའི་ཞུ་གྲོགས་མཛད་ནས་གསོལ་བ་ནན་གྱིས་འདེབས་པ་རྗེ་དུས་མཁྱེན་གྱི་སྐུ་ཚེའི་ཚད་དུ་བཞུགས་པའི་ཞལ་བཞེས་མ་བྱུང་བར་འདེབས་དགོས་པར་ཞུས། དེ་ལྟར་ཞུ་ཡིག་ཕུལ་ཡང་དགེ་འདུན་རྣམས་ཀྱིས་ཀྱང་ཚོགས་ལ་བརྟན་བཞུགས་ལམ་པ་(པ༢༤༤བ)


PTT001_Page_1356
[མ་དཔེ་གཟིགས་ན་འདིར་གནོན།]

འདོམ་པ་མ་གཏོགས་དེ་ལྟ་བུ་གསོལ་བ་འདེབས་པ་ཅིག་མ་བྱུང་བར་འདུག་ལ་བདག་ལ་འཕྲོད་ལན་གྱི་བཀའ་ཤོག་ཀྱང་མ་ཕེབས་ན་ཞལ་བཞེས་ལྟ་ག་ལ་ཞིག །ཕྱིས་ཁྱི་ལོ་གཙང་དང་སྨྱུག་ལ་ནས་དྭགས་པོ་ལ་ཕེབས་པའི་ལམ་ཡ་འབྲོག་ལ་ཕེབས་པའི་ཚེ་བདག་གསེར་ཐོག་གི་ཟངས་བརྡུང་གི་སྒང་གི་སྐབས་ཡིན་པ་སྔོན་དུ་ཟངས་ལེབ་གཅིག་པད་འདབ་ཀྱི་སྐུ་འདྲ་ཐུགས་རྗེ་ཆེན་པོ་ཁར་ས་པཱ་ཎ་གཅིག་དང་གཙོ་འཁོར་གསུམ་པ་གཅིག་རྣམས་ལ་གསེར་གསོལ་སྟེ་གཟིགས་འབུལ་ཞུ་བར་ཁྱེར། འབྲོག་སྒ་འདྲར་ཕེབས་ཐོག་མཇལ། ཞག་ལྔར་ཞབས་ཕྱི་བྱས་པའི་ཕྱི་དེ་ཉིན་བརྟན་བཞུགས་རྒྱས་པ་ཅིག་འབུལ་སྙམ་པའི་ཚེ་ད་བརྟན་བཞུགས་རྣམ་པ་ཙམ་གྱིས་ཆོག་དེང་སང་བསྟན་པ་བརྙིངས་པ་དང་ཡོངས་འཛིན་མེད་པ་དང་སེམས་ཅན་ལ་མགོན་སྐྱབས་གཞན་མེད་པས་བཞུགས་དགོས་ཟེར་བའི་མཆི་མ་འདོན་པའི་ཚན་བྱས་ཤན་འདྲ་བས་མ་བྱེད་གསུང་བ་ནན་ཆེར་བསྩལ་བས་ཧ་ཅང་ཞུ་མ་སྤོབས། དེའི་དགོངས་མོ་བདག་ལ་རྡོ་རྗེ་རྒྱ་གྲམ་གྱི་སྟན་ཞིག་བཏིང་བ་ལ་སྡོད་གསུངས་ནས། དཔལ་ལྡན་རྡོ་རྗེའི་གདན་མཆོག་དུ། །མཆོག་དུ་མི་འགྱུར་བདེ་བ་ཆེ། །ཡེ་ཤེས་རྡོ་རྗེའི་འཕོ་མེད་པར། །གཙུག་ལག་ཕྲེང་བ་འཚོ་བཞེས་ཤོག །ཞེས་སོགས་ཀྱི་ཚིགས་བཅད་ཤོ་ལོ་ཀ་གསུམ་པའི་ཕྱག་བྲིས་ཅིག་གནང་ནས་ངས་ཆོས་རྗེ་ལ་བརྟན་བཞུགས་བྱེད་པ་ཡིན། ཁྱེད་གྲ་པ་རྣམས་ཀྱིས་འདི་ཐོན་གསུངས་ནས་གནང༌། ད་རེས་ཅང་གོ་བ་མ་བྱུང་ཡང་ཕྱིས་བསམས་དུས་ཐོག་མར་ཞལ་བཞེས་མ་ཕེབས་པ་ནས་འདིའི་བར་ཐམས་ཅད་བཞུགས་པར་མ་དགོངས་པ་བརྟན་བཞུགས་མ་བཞེས་པ་ཁོ་ན་ཡིན་པར་འདུག་སྙམ་པ་ཤར། འོན་ཡང་བརྟན་བཞུགས་རྣམས་ཀྱིས་ལོ་བརྒྱད་ཀྱི་བར་གསོལ་བ་ཐེབས་པ་ཡིན་ནོ། །གླང་ལོ་ལ་ཡར་ལུངས་ནས་མཚོ་དཀར་ལ་ཕེབས་ལམ་དྭགས་པོ་སྒོར་བདག་གིས་ཞལ་གྱི་དཀྱིལ་འཁོར་མཇལ་ཞིང་དེ་ཚེའང་བདག་འཁོར་བཅས་ཐམས་ཅད་ལ་བཀའ་འབུམ་བརྩིགས་པའི་པོད་དབང་གནང་(པ༢༤༥ན)


PTT001_Page_1357
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཡོ་གའི་སྐོར་སོགས་ཞལ་ཕྱེ་ནས་དབུ་ནས་ཅུང་ཟད་ཙམ་གསུང་བ་དང་ཅི་འདྲ་འདུག་ལྟོས་གསུངས་ནས་ལག་དུ་གཏོད་པ་མཛད་བྱུང་ཞིང་ཡང་ཟུར་རྣམས་ད་ལྟ་ཁྱོད་ལ་ཆོས་དགོས་ཟེར་ཡོང་ཡང་ཁྱོད་ཀྱིས་ད་ལྟ་ཁོང་ཚོ་ལ་བཤད་པ་ཁེབས་མི་ཆེ། ཁྱོད་རང་གིས་འཆད་པའི་དུས་འོང་གསུང་བའང་དགོངས་པ་ཅན་གྱི་གསུང་དུ་སྣང༌། དེ་ནས་ཐལ་མར་མཚོ་དཀར་ལ་ཐེགས། བདག་དྭགས་པོ་སྐུ་རབ་སྐོར་ན་གནས་པའི་སྟག་ལོ་སར་པ་ནས་སྐུ་ཁམས་ཅུང་ཟད་བསྙུན་པར་བསྟན། སྨན་པ་རྣམས་ཀྱང་བསྙུན་གྱི་ངོས་འཛིན་ལ་མ་འཆམས་པས་བདག་ལ་བཀའ་ཤོག་ནན་གྱིས་ཕེབས་སྟེ་སྤྱིར་མཚོ་དཀར་གྱིས་གངས་ལ་དང་སྤང་ལ་ཁ་བས་ཆོད་སྟེ་འདབ་ཆགས་མ་གཏོགས་པས་མི་ཐར་པའི་དུས་ཡིན་ནའང་ལམ་བཅོས་ཤིང་ཕྱིན་པས་བདེ་བླག་དུ་ཞབས་ཀྱི་པདྨར་བགྲོད། ཤིན་དུ་དགྱེས་པར་མཛད་ཅིང་འཚོ་བྱེད་རྣམས་ཀྱིས་ཀྱང་དེ་རིང་ལས་ཕྱག་རྩ་བདེ་བ་མ་བྱུང་ཟེར་ཞིང་འདུག །བསྙུན་ཅི་ཡིན་ལ་སྨན་པ་རྣམས་མ་མཐུན་པའི་གསོལ་སྨན་ཅི་རིགས་འབུལ་བ་ཞིག་འདུག་པ་གསོལ་སྨན་མངས་པར་གོ་ནས་ཅུང་ཟད་འཕོ་བཅད་སྟེ་ཞབས་ཏོག་བྱས་པས་གསོལ་དང་སྔར་མི་བསྙུན་པའི་དུས་ཅུང་ཟད་རེ་ལས་མི་བཞེས་ཀྱང་སྔར་ལ་བལྟོས་ན་ཅུང་ཡངས་སུ་སོང་ཞིང་སྐུ་ཤེད་ཀྱང་སྐྱེས། ཞབས་བཞེངས་མི་ཐུབ་པའི་རྣམ་པར་འདུག་པའང་ཉིན་སྐྱེད་བྱུང་སྟེ་ཟླ་གཅིག་ཙམ་ནས་འབྱོན་པ་བྱུང་ཞིང་གནས་ཀྱི་བརླན་བཤེར་དེ་སྐུ་ལ་མི་འཕྲོད་པར་གོ་ནས་རིམ་པས་སྤྱན་དྲངས། འོན་ཡང་བཞུགས་པར་ཡེ་མ་དགོངས་པ་འདྲ་ལ་སྐུ་མདངས་ཀྱང་ཤིན་དུ་ངན་པ་སོགས་སྣང་བ། ཡང་རི་བའི་དགེ་སློང་བར་ཤར་ཞིག་གི་རྨི་ཉམས་སུ་རྗེ་ཐམས་ཅད་མཁྱེན་པ་བདེ་བ་ཅན་དུ་ཐེགས་པ་ཡིན་ཟེར་ནས་སྐུ་འོད་ཟེར་དཔག་མེད་དང་བཅས་པ་ཞྭ་ནག་བཞེས་པ་ཅིག་ནུབ་ཕྱོགས་སུ་བྱོན་ནས་ཐལ། རེ་ཞིག་ནས་རྗེའི་སྤྲུལ་པ་ཡིན་ཟེར་བ་ཕྱིས་སྤྱན་དྲངས་པའི་སྐུ་རིད་པ་དེ་ཁོ་ན་འདྲ་བ་མདོ་ལི་ལ་སྤྱན་དྲངས་པ་ཅིག་བྱུང་གསུང་གི་འདུག་པ་ལྟར་ཡང་ཡིན་སྲིད་པར་སྣང༌། འདིའི་(པ༢༤༥བ)


PTT001_Page_1358
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསོལ་བ་བཏབ་ཀྱང་དྭངས་པའི་རྣམ་པ་ཡེ་མི་སྟོན་པར་སྣང་ཞིང་དྲུང་ལོ་ཙཱ་བ་ཀུན་ཆོས་པ་དང་གཡེ་པ་སྙིང་པོ་བྱ་བའི་སྐྱེས་བུ་དམ་པ་གཉིས་གཤེགས་མ་ཐག་པའི་གདུང་རུས་མཆོད་རྟེན་གྱིས་ཅིག་གསུངས་པ་ན་རྟེན་འབྲེལ་འགེགས་བྱེད་ཀྱི་གསུམ་པ་བཙལ་བས་མ་རྙེད། སྔོན་མ་བསྙུང་བའི་སྐབས་ནས་ཕྱག་མཛོད་པ་སྐུ་མཆེད་ལ་ང་ཤི་ན་ཁྱོད་རང་ཚོ་ནོར་ལ་ཆགས་ནས་མ་སྡོད། སྤྲུལ་སྐུ་དཀོན་མཆོག་ཡན་ལག་སོགས་ཁུར་ཆེ་བ་ཡིན། ཞེས་ཡང་ཡང་ཕེབས་སྣང་བ་དང༌། ཆུང་རྒྱུད་ཀུན་དགའ་ལ་ཁྱོད་ཀརྨ་པའི་སྐུ་སྐྱེ་ཡིན་ཟེར་བའི་ཁམས་སྤྲུག་རལ་པ་ཕྲུག་གེ་བ་ཞིག་གི་མདུན་དུ་འབེ་ཕོར་འདི་ཁྱེར་ནས་ཇ་དཀྲུ་ཞིང་སྡོད་ལ་ཆེ། ཁྱོད་ཀྱིས་ཕྱིན་པས་ཕན་མི་ཐོགས། ཁྱོད་གཏན་ནས་མ་འགྲོ་ཞེས་ཡང་ཡང་གསུངས་སྣང་བ་དང་མཚོ་དཀར་དུ་ཕེབས་ནས་ཅི་ཞིག་ན་དྲུང་གོང་མ་རྣམས་ཀྱིས་དབུས་གཙང་གི་ཆོས་སྡེ་ཐམས་ཅད་ལ་སྐུ་འགྱེད་སོགས་ཀྱི་གནང་སྦྱིན་གནང་བ་ཡིན་སྟེ། ངེད་རང་གི་དེ་མ་གྲུབ། ད་སྐུ་རིམ་ཆེན་པོ་ཅིག་ཕྱོགས་རིས་མེད་པར་བྱེད་པ་ཡིན་གསུང་བ་ཞིག་སྐུ་སྐྱེ་དང་སྡེ་པ་གོང་མ་ལ་ལོབས། གཞན་ལ་མ་ལབ་ཅེས་གསུང་ཞེས་དགེ་སློབ་བསམ་གཏན་གྱིས་ཟེར། ཕྱིས་སྐུ་རིམ་ཞུས་པ་ན་ངེད་རང་སྐུ་རིམ་ཆེན་པོ་ཅིག་བྱེད་དགོས་པར་འདུག་པས་སྐུ་རིམ་ཡིན་ཟེར་ནས་ཡོ་བྱད་ཐར་ཐོར་དུ་གཏོང་བ་དེ་མ་བྱེད་གསུང་ཞིང་རིམ་པས་གོང་ལ་དང་རྣམ་རྒྱལ་དུ་ཕེབས། འདིའི་དུས་གཞིས་ཀ་རིན་སྤུང་པའི་བདག་པོ་རིན་ཆེན་དབང་རྒྱལ་གཤེགས་པའི་བསྔོ་ཞུས་རིན་སྤུངས་ཀྱི་ཁྱད་ནོར་ཐམས་ཅད་ཕུལ། འཚོ་བྱེད་མཁས་པར་གྲགས་པ་མང་དུ་ཡོད་པའང་ཁ་ཅིག་སྐུ་དྭངས་པར་གླེང༌། སྤྱིར་སོ་སོའི་སྣང་བར་ཟད་པས་འཛིན་ལུགས་སྣ་ཚོགས་སྣང་བ་དེ་རྣམས་ཀྱི་དོན་དུ་ཇི་ལྟར་ཕུལ་པའི་སྨན་དཔྱད་རྣམས་སོ་སོ་འགལ་བ་ལྟར་སྣང་བ་ཁོ་ན་འདུག་ནའང་སོ་སོར་བཞེས། བཞེངས་བཞུགས་ནི་བསྙུན་མེད་ལྟར་གྱུར། འོན་ཡང་རྣམ་རྒྱལ་ཀྱི་སྐར་ཕེབས་(པ༢༤༦ན)


PTT001_Page_1359
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མོར་ཟླ་གཉིས་ལ་ཉེ་བའི་བར་དུ་ནམ་ནངས་ས་སྲོས་སུ་ཕྱག་སྒམ་ཐམས་ཅད་གཟིགས་ཤིང་དྲུང་ན་རིམ་གྱི་ཕྱག་རྫས་ཡིན་ངེས་སྔར་ཡོད་དང་བདག་གི་ལག་དུ་བྱུང་བ་ནི་ཞེས་ཚན་གཅིག་དེར་མ་ཟད་སྐུ་སྐྱེ་བ་ཕྱི་མའི་ཕྱག་རྫས་སུ་འཇོག་རྒྱུའི་སྤྱད་དངོས་ཁམ་ཆེ་བ་ཞེས་ཚན་གཅིག་སྤྱད་འཇོག་ཐུན་མོང་གི་ཚན་གཅིག་མཆོད་སྦྱིན་དུ་བྱ་བའི་ཡོ་བྱད་ཅེས་ཚན་གཅིག་སྟེ་དེབ་ཞིབ་མོར་མཛད། འདི་སྐབས་ཀྱི་ཕྱག་རྫས་ཁྱད་པར་ཅན་ཐམས་ཅད་ཁ་འབྱེད་པ་སོགས་ཕྱག་གིས་མ་གནང་ན་གཞན་ལ་རྒྱུས་མེད་པ་མང་ཞིང་སྤྱིར་ཡང་སོ་སོར་ཕྱག་གིས་བཞེས་པ་སྣོད་དུ་འདོན་འཇུག་སོགས་ནད་མེད་ཀྱི་དར་མ་རྣམས་ཀྱང་ཐང་ཆད་ཅིང་ལུས་རྨྱ་བར་འགྱུར་ནའང༌། རྗེ་ཉིད་སྐུ་ངལ་བ་སྐད་ཅིག་ཀྱང་མེད། གཞན་ནད་ཀྱིས་བཏབ་པ་རྣམས་ལ་ཅུང་ཟད་ལ་འཁྲུགས་དོགས་པ་དགོས་ཀྱང་ཅིས་ཀྱང་སྐུ་མི་ངལ་བ་འདི་ནི་བསམ་གྱིས་མི་ཁྱབ་པའི་མཛད་པར་སྣང་ཞིང་ཕྱག་རྫས་རྣམས་དེབ་ཏུ་མཛད། སྤྱན་ལམ་དུ་ཕབ་ཕྱག་རྟགས་ཀྱིས་མནན་པ་འདི་ནི་ཕྱིས་བཞུགས་ཀྱི་ལས་འཛིན་རྣམས་ལ་བཀའ་དྲིན་གཞལ་དུ་མ་མཆིས་པར་བྱུང༌། གོང་ལ་ནས་ལྕགས་མོ་གོའི་ཤྲི་ལ་གནང་བྱིན་རྒྱས་པར་མཛད་སྟེ་ཅི་ཀྱང་འབྱོན་དགོས་གསུངས་ནས་རྫོང་བ་མཛད་པ་ནི་ཕྱི་མའི་མཛད་པ་ལ་དགོངས་པར་འདུག །སྤྱིར་སངས་རྒྱས་ཀྱི་སྐུ་རང་བློའི་སྤྱོད་ཡུལ་གྱིས་གནས་མ་ཡིན་མོད་ཀྱང་བདག་རང་གི་བློས་གཞལ་བའི་སྐུ་ལ་སྨན་པའི་ཐབས་ཇི་སྙེད་པ་བོད་ལུང་ཆོས་ཟམ་མདོའི་བར་དུ་ཞབས་ཕྱི་ཅར་མར་བགྱིས། འོན་ཡང་སྐུ་ཁམས་དྭངས་སྐྱེད་ཆེར་ཡོད་པ་དང་ཙྭ་རི་མི་ཆེན་པ་རྣམས་ཀྱིས་འབོད་ནན་ཆེ་བས་ཡུལ་སྨད་དུ་ཆོས་འཆད་པར་ཞག་བཅུ་གཅིག་ཕྱིན་ནས་སླར་གོང་ལར་མཇལ་ཚེ་དེ་སྲིད་སྨན་པ་རྣམས་ཀྱིས་བཅོས་སོ་སོ་དུ་མ་ཕུལ་ནས་སྐུ་ཁམས་ལོག་པར་བསྟན་འདུག་ཞིང་འདི་ཕྱིན་སྨན་པ་ལྔ་དྲུག་ཡོད་རེ་རེས་ཞག་བདུན་རེ་ཙམ་ལ་གསོལ་(པ༢༤༦བ)


PTT001_Page_1360
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཀག་སྟེ་སྨྱུང་བར་གསོལ་བ་དང༌། སྨན་སྣ་ཚོགས་ཕུལ་བ་རེ་མོས་བྱེད་ཅིང་སྣང་བས་མི་ལེགས་པར་ཞུས་རུང་གསན་པའི་རྣམ་པར་མ་གནང༌། རིག་ཤེས་ཀྱིས་མ་འོངས་པའི་ཚུལ་གོ་ཡང་ཐབས་མ་རྙེད་པས་ཉིན་རེ་ཞིང་སྐུ་རིམ་དུ་ཚོགས་འཁོར་རེ་ཕུལ་གསུང་བ་བཞིན་དགྱེས་རྡོར་བདེ་མཆོག་དུས་འཁོར་ནག་རྒྱལ་ཕག་གསུམ་སོགས་སོ་སོའི་སྐྱེད་རིམ་ཕྲ་མོ་རེ་དང་རྗེ་ཉིད་ལྷ་ཐམས་ཅད་ཀྱི་ངོ་བོར་ཤེས་པས་མཆོད་བསྟོད་བཟླས་པ་ཚོགས་གཏོར་འབུལ་བ་ཙམ་རེ་བགྱིས་ཤིང་བཟླས་བུམ་གྱི་ཆུ་རྒྱུན་གྱིས་སྐུ་ཁྲུས་གསོལ་བ་རེ་ཡང་ཞུས། ད་ལྟ་རྗེ་འདིའི་ཞལ་ལྟ་གསུང་ཉན་ཚོགས་འཁོར་ཞུས་སྐུ་ཁྲུས་གསོལ་དུ་ཡོད་པ་འདི་རེ་དགའ། ད་ནི་རིང་པོ་མ་ཐོགས་པར་གཞན་ཞིག་འོང་བ་ལྟ་སྙམ་སྟེ་ལུང་པ་སྟོང་ཆད་སྟེ་བ་རེ་བྱུང༌། ཕྱག་མཛོད་པ་བགྲེས་པས་ལྷ་རྗེ་རྣམས་ན་རེ་སྐུ་ཁམས་དྭངས་ཡོད་ཟེར་ཡང་ང་ནི་བློ་ཤིན་དུ་མ་བདེ། སྤྲུལ་སྐུ་རིན་པོ་ཆེའང་ཀོང་པོར་བཞུགས། ཁྱེད་ཀྱིས་ཕྱག་ཕྱིར་འགྲོ་དགོས་གསུངས་ནའང་སྨན་པ་རྣམས་ཀྱང་ཉན་པར་མ་སྤྱོད་པ་དང༌། བདག་ལ་བལྟོས་པའི་མི་མང་བ་དང༌། སྐུ་མྱ་ངན་ལས་འདའ་བ་ལྟ་བས་མ་སྤྲོ་བས་རྣམ་རྒྱལ་ནས་ཕྱག་འབུལ་བསྒྲུབས། ཞབས་དབང་ཞུས། གསོལ་བ་བཏབ་པ་ན་དྲུང་ན་རིམ་གྱི་སྐུ་ཆས་འདི་རྣམས་མ་ཟགས་པ་ཁྱོད་ཤེས་སོ། །ཞེས་བཀའ་བསྩལ། དགེ་སློང་འཇམ་དབྱངས་ལ་དབུ་ཞྭ་ཞིག་ཕྱག་གིས་གཡོགས་ནས་ཁྱོད་ཀྱིས་གྲ་ཚང་གི་བླ་མ་དང་སྲས་དྲོ་བོ་ལུང་གི་གདན་ས་ཡོང་བ་གྱིས་ཅིག་གསུངས། འདི་ནས་ཞག་ལྔ་དྲུང་ན་རིམ་པས་བཤད་སྒྲུབ་གླིང་དུ་ཕེབས་ཤིང་ཁྲོམ་ལ་རྒྱང་མཇལ་ཡང་གནང༌། དེ་ནས་སྒོ་གསང་སྔགས་གླིང་དུ་ཕེབས་པ་ནས་སྐུ་བསྙུན་ཚབས་ཆེ་བའི་རྣམ་པ་བྱུང་བར་འདུག །རིམ་པར་ཡར་སྟོད་ར་མོའི་བར་དུ་མདོ་ལི་ལ་སྤྱན་དྲངས་པ་ན་ལམ་དུ་མི་ཉེ་ལམ་དུ་གཟིགས་པ་ཀུན་ལའང་ཁྱོད་ད་ལྟ་ཅི་བྱེད་ད་ཅི་བྱེད་བསམ་གསུང་བ་སོགས་ཀྱི་དྲི་བ་ཁོ་ན་མཛད་སྐད་སྟེ་མི་ཚེ་སྟོང་ཟད་དུ་སོང་བ་ཐུགས་ཀྱིས་མ་བཟོད་པར་འདུག །ཉེར་གཉིས་ལ་ར་མོར་ཕེབས་པ་ན་སྐུ་ཅུང་ཟས་བསྙུན་ཆེ་བ་ནས་དེ་ཉིད་དུ་སྒར་ཕབ། (པ༢༤༧ན)


PTT001_Page_1361
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་ལོ་ཟླ་བ་བརྒྱད་པའི་ཉེར་གསུམ་གྱི་ཞོགས་དེང་སང་བིརྦ་པ་དང་སྟེ་ལོ་པ་གཉིས་ཀྱི་ཁོ་བོ་བཏེག་བྱུང་གསུངས་སྟེ་བསྙུན་ཡང་མེད་ཅིང་སྨན་པ་རྣམས་ཀྱང་ཕྱག་རྩ་བདེ་བས་བག་ཕེབས་པའི་ཚེ་སྔ་དྲོའི་ཆ་ལ་ན་མཁའ་དག་པ་ལ་འཇའ་འོད་ཀྱིས་གང་བ་དང་བཅས་ཆོས་ཀྱི་དབྱིངས་སུ་ཞུགས་སྟེ་དེ་མ་ཐག་ཡར་སྟོད་ཀྱི་ལམ་ཁའི་གྲོང་ཞིག་དུ་དམ་ཅན་པ་རྟ་པ་དཔོན་གཡོག་གཉིས་སུ་བྱས་པ་མངོན་སུམ་དུ་ཚ་ཕོགས་བྱས་ཇ་བཀོལ་སྟེ་ཕྱིར་རྟ་ལ་ཞོན་ནས་རྗེ་ཐམས་ཅད་མཁྱེན་པ་ཀརྨ་པ་དེ་སྐུ་གཤེགས་པ་འདྲ། ཁྱོད་ཀྱིས་ད་ལྟ་ལྟོས་ཤོག་དེ་གཤེགས་ན་བོད་ལ་མཐའ་དམག་འོང་ཟེར་སྟེ་དེ་མ་ཐག་ཡལ་སྐད། སྐུ་གདུང་རིན་པོ་ཆེ་མཚུར་ཕུར་སྔོན་དུ་སྤྱན་དྲངས། སླར་སྤྲུལ་སྐུ་ཐམས་ཅད་མཁྱེན་པ་ཀོང་པོ་ནས་རིམ་པར་ཕེབས། མཚུར་ཕུར་སྒར་མ་བུ་རྣམ་འགྲིག་ཚེ་གསང་བཏོལ། སྔར་ནས་མཚུར་ཕུ་རྩེ་ལྷ་སྒང་འབྲི་གདན་རིན་སྤུངས་སོགས་སུ་བཀའ་གྲོས་བསྐོར་བ་ན་ཐམས་ཅད་ཐུགས་མཐུན་པས་སྤྲུལ་སྐུ་ཐམས་ཅད་མཁྱེན་པ་ཁྲི་ཐོག་དུ་སྤྱན་དྲངས། འདི་ནི་རྗེ་རང་གིས་སྔོན་ནས་བཞུགས་ཁྲི་ཁྱད་མེད་མཛད་ཕྱག་རྫས་རྩེས་སྤྲོད་སོགས་གནང་གྲུབ་འདུག་པ་དང་བཤད་སྒྲུབ་གླིང་དུ་སྒར་པ་རྣམས་ལ་ངེད་རེ་ཞིག་འགོལ་པ་ཞིག་བྱེད་པ་ཡིན་པས་ཁྱེད་རང་སྒར་པའི་སྐྱབས་གནས་སྤྲུལ་སྐུ་ཐམས་ཅད་མཁྱེན་པ་ལ་ཞུས་ཞེས་བཀའ་བསྩལ་བ་སོགས་སྔ་ཕྱིར་གནང་བ་ནས་རྒྱལ་ཚབ་ཏུ་བསྐོས་ཟིན་པར་འདུག་པའི་དགོངས་པ་ངེད་ཕྱག་མཛོད་པ་དང་བཅས་པས་བསྒྲུབས་པ་ཡིན། སླར་སྐུ་གདུང་རིན་པོ་ཆེ་ཙནྡན་དཀར་དམར་སྡོང་པོ་མང་པོ་ཨ་ག་རུ་དམར་པོ་དང་ནག་པོ་སྡོང་པོ་འབའ་ཞིག་གི་ཞུགས་ལ་བཞེན་ཞིང་ཨ་ག་རུ་ཕལ་པའི་ཚོགས་ནི་ཕྱོགས་ཀུན་དུ་བདུག་པའི་སྤྲིན་དཀྲིགས། དེ་ཡང་ཉི་ཤར་ནས་ཞུགས་ལ་བཞེན་སྟེ་ཉིན་གུང་གིས་སྲེག་རྫས་རྫོགས་ཞུས་ཐག་(པ༢༤༧བ)


PTT001_Page_1362
[མ་དཔེ་གཟིགས་ན་འདིར་གནོན།]

ཆོད་པར་བྱས་ནས་རྗེས་ཆོག་གྲུབ་པ་ན་སླར་སྤུར་ཁང་གི་བྱང་ཤར་ནས་མེ་ཕྲ་ཞིང་གསལ་བ་ཞིག་འབར་སྟེ་ཇེ་ཆེར་སོང་བས་ཤར་ལྷོ་ནུབ་དང་བྱང་དང་དབུས་ཐམས་ཅད་ཁྱབ་པ་ཆེར་འབར་ཞིང་དུ་བ་མེད་པ་ཤིན་དུ་ཆེར་འབར་ནས་སླར་བྱང་ཤར་གྱི་མཚམས་སུ་མར་མེ་ཙམ་ཡུན་རིང་དུ་གནས་སྟེ་སླར་ཉི་ནུབ་ཙམ་ལ་ཞི་བར་གྱུར་ཏོ། །དེའི་ཚེ་ཁ་ཅིག་ཞུགས་ཐལ་དྲགས་འོང་བས་འོ་མས་གཞིལ་ཟེར་ཡང་ཞུགས་རང་འབར་འདི་ལ་ངེད་རང་ཚོས་མི་ཤེས་པས་མ་རེག་བྱས་ནས་བཞག །ལྟས་འདི་ལས་སྤྲུལ་སྐུ་བྱང་ཤར་གྱི་མཚམས་སུ་འབྱོན་ནམ་ཞེས་བདག་ཅག་གླེང་བ་ཙམ་བྱུང༌། མངའ་རིས་སྐོར་གསུམ་ཕྱིན་ལ་སྟོད་གཙང་དབུས་ལྷོ་བྱང་ཐམས་ཅད་ཀྱི་བནྡྷེ་བརྒྱ་ལོངས་ཡན་གྱི་སྡེ་བན་བོན་ས་དགེ་དྭགས་རྙིང་སོགས་རི་མེད་ལ་མང་ཇ་འགྱེད་ཆེན་སྔོན་རྟེན་དང་བཅས་པ་དང༌། གཙོ་བོར་འབྲི་གདན་གཉིས་སུ་སྔར་ནས་གནང་བའི་རྒྱུན་འདུག་པ་ལྟར་དང༌། ཡུལ་གྲུ་དེ་རྣམས་ཀྱི་ཀར་སྡེ་བནྡྷེ་ལྔ་ཡོད་པ་ཡན་ཆད་ལ་གནང་ཆའི་སྐལ་བ་དང་བྱིན་རླབས་ཀྱི་རྟེན། ཡུལ་དུས་དེའི་རིས་མེད་ཀྱི་བླ་མ་ཆེ་བ་ཐམས་ཅད་ལ་བཅུ་གསུམ་བཅོ་ལྔའི་ཚན་དང་དེ་འོག་ལ་བདུན་ཚན་ལ་སོགས་པ་ཇི་ལྟར་འོས་པ་ཐམས་ཅད་ཀྱང་རྒྱུ་དངོས་རྣམ་པར་དག་པ་ཐ་མ་མཆོད་སྦྱིན་དུ་བྱ་བ་ཞེས་དང༌། སྤྱད་འཇོག་ཐུན་མོང་དུ་བྱ་རྒྱུར་བཀོད་པ་རྣམས་དང༌། གདུང་འབུལ་གྱི་ཡོ་བྱད་མཐའ་ཡས་པ་རྣམས་ཀྱི་སྟེང་ནས་གནང༌། སྔོན་རྗེ་དེ་བཞིན་གཤེགས་པའི་དགོངས་རྫོགས་ཀྱི་ཁྲ་མ་མཚུར་ཕུ་ན་འདུག་པ་དང༌། དྲུང་ཆོས་གྲགས་རྒྱ་མཚོའི་དགོངས་རྫོགས་ཀྱི་ཁྲ་མ་རྩེ་ལྷ་སྒང་ན་འདུག་པ་སོགས་ཀྱི་དབང་དུ་བྱས་ནས་བརྒྱ་ཕྲག་གི་འགྱུར་ལས་ཀྱང་ཆེས་རྨད་དུ་བྱུང་བ་གནང་སྟེ་སྔོན་རིས་མེད་ལ་རིམ་གྲོ་ཆེན་པོ་བྱེད་གསུང་བའི་དགོངས་པ་བསྒྲུབས་པ་ཡིན། འདི་རྣམས་ཀྱི་ཚེ་སྤྲུལ་སྐུ་ཐམས་ཅད་མཁྱེན་པའི་ཞབས་ཕྱི་བདག་གིས་བགྱིས། ཕྱག་མཛོད་པ་རྒྱལ་ཆེན་སྐུ་རབ་པའི་ཞལ་ངོ་ཀརྨ་མདོ་རྒྱུད་རྒྱ་མཚོ་དང་ཀརྨ་མཆོད་སྦྱིན་རྒྱ་མཚོ་མཆེད་གཉིས་ཀྱིས་མཛད། འཕྲལ་གྱི་དོ་དམ་འབྱེད་འགྲོལ་(པ༢༤༨ན)


PTT001_Page_1363
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཡངས་པ་ཅན་ནས་ཕྱག་མཛོད་པ་དང་སྨྱུག་ལ་ནས་ནང་སོ་ལྔ་འཛོམ་པས་མཛད་པ་ཡིན། སྔོན་ནས་ཁོ་བོའི་དངུལ་འབུམ་བྱེད་གསུངས་ནས་དངུལ་མི་རྒྱབ་དུ་མ་འདུག་པ་ལ་གཞི་བྱས་སླར་དད་ཅན་གྱིས་ཕུལ་བ་སོགས་ལས་རྗེ་ཉིད་ཀྱི་ཐུགས་ལས་སྐྱེས་ཤིང་ཅི་གསུང་གི་བཀའ་སྒྲུབ་པ་ཆོས་མཛད་ཀརྨ་སྲིད་བྲལ་གིས་དོ་དམ་ལག་གི་བླ་བྱས་སྟེ་དཔལ་ལྷ་ལས་བབས་པའི་མཆོད་རྟེན་མཐོ་སུམ་བཅུ་པ་ལོགས་ལ་རྗེའི་རྣམ་ཐར་འཕུལ་དུ་ཡོད་པ། མཐའ་ནས་ཀྱི་མུ་ཏིག་སྟར་ཁ་རློན་པ་ཙམ་ཞིག་དང་གཞན་མུ་ཏིག་ཁྱད་པར་ཅན་མང་པོ་དང་གཡུ་ཆེན་ཡུལ་གྲུ་རེ་བར་གྲགས་པ་མར་མེ་ལྟར་སྣང་བ་ཆེས་མང་པོ་དང༌། གཞན་ཡང་པདྨ་རཱ་ག་ལ་སོགས་པ་ཡིན་པར་གྲགས་པའི་དེང་སང་གི་རིན་པོ་ཆེ་སྔོན་པོ་དང་སྔོ་སྐྱ་དང་སྔོ་དམར་དང་དམར་སྐྱ་དང་དམར་ཆེན་དང་དམར་སྨུག་དང་དམར་སེར་དང་སེར་སྐྱ་ལ་སོགས་པ་སྣ་ཚོགས་པས་ཕྲར་བྱས་སྟེ་རིན་པོ་ཆེ་སྣ་ཚོགས་པའི་ཕུང་པོ་ལྟ་བུར་སྣང་བ་གསེར་ལྗང་བརྡུངས་ཀྱི་རྒྱན་གྱི་ཁྱད་པར་མཐའ་ཡས་པ་ཅན་བོད་ཡུལ་ཙམ་ལྟ་ཞོག་འཕགས་པའི་ཡུལ་ནའང་འདི་ལྟ་བུ་མ་མཆིས་སམ་སྙམ་ལ་གཟོ་བོ་བལ་པོ་རྣམས་ན་རེ་ངེད་བལ་ཡུལ་ན་རྒྱུའི་གསེར་དངུལ་འདི་ཐམས་ཅད་ཀྱིས་མུ་ཏིག་ཆེ་བ་འདི་ལ་མི་དོ་ཟེར་སྐད། དེ་ལྟ་བུའི་རིན་པོ་ཆེའི་མཆོད་རྟེན་ངོ་མཚར་མཐའ་ཡས་པ་གྲུབ་པར་ཆོས་ཀྱི་སྐུའི་སྣོད་དུ་གྱུར་པའི་སྐུ་གདུང་གི་རིང་སྲེལ་རིན་ཐང་མེད་པ་རྣམས་གཙོ་བོར་བཞུགས་ཤིང་གཞན་ཡང་ན་བཟའ་བཞུགས་སྟན་ལ་སོགས་པ་སྐུས་ཉེ་བར་སྤྱད་པའི་ཡོ་བྱད་རྟེན་གྱི་ཡུལ་མཆོད་པར་བྱ་བ་ཉིད་དུ་བྱེད་པ་རྣམས་དང་སྐུ་གསུང་ཐུགས་རྟེན་ངོ་མཚར་ཅན་གཞན་མཐའ་ཡས་པ་དག་དང་ཐ་ན་གདུང་བཞུ་བའི་སོ་ཕག་གི་བར་དུ་བཞུགས་སྟེ་ཐ་ན་གཟུངས་བཞུགས་ཀྱི་མཆོད་པའི་དྲི་བཟང་ཁོ་ནའང་གསེར་སྲང་ཉི་ཤུ་ཙམ་གྱི་རིན་ཐང་སོང་བར་སྣང་ན་གཞན་ལྟ་ཅི་སྨོས་སྟེ་དེ་ལྟ་བུའི་ངོ་མཚར་གྱི་རྟེན་སངས་རྒྱས་ཐམས་ཅད་གཅིག་དུ་འདུས་པའི་ཕོ་བྲང་ཆེན་པོར་བསྒྲུབས་སྟེ་སར་མའི་(པ༢༤༨བ)


PTT001_Page_1364
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཁང་ཐོག་དཔངས་བཏོད་པ་དང་རྒྱན་གྱིས་བརྒྱན་པ་སོགས་མཛད་པར་རྗེ་རོལ་པའི་རྡོ་རྗེ་དང་རྗེ་དེ་བཞིན་གཤེགས་པའི་དངུལ་གདུང་གཉིས་ཀྱི་བར་དུ་བཞུགས་ཤིང་སྦྲུལ་ལོ་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་དྲུག་ནས་རབ་གནས་ཆོག་གྲ་མང་པོ་བཙུགས་སྟེ་སྟ་གོན་མཛད། ཉེར་གསུམ་གྱི་དུས་མཆོད་ཀྱི་ཉིན་དངོས་གཞི་མཛད་ཅིང་བྱིན་རླབས་ཆེར་བྱུང་ལ་རབ་གནས་བཙུགས་པ་ནས་རླུང་ཞི་ཞིང་ཤིན་དུ་དྲོ་ཞེས་གླེང་ལ་ཉེར་བཞིའི་ཉིན་དགེ་འདུན་སྟོང་ཕྲག་ཙམ་གྱིས་སེར་སྦྲེང་དང་དར་ཁྲ་ཆེན་མོ་སྐྱོང་བ་ཕྱོགས་བཞི་ནས་བཀྲ་ཤིས་དང་དགའ་སྟོན་ཕུན་སུམ་ཚོགས་པ་མཛད། སླར་སྐུ་ཚབ་ཀྱི་སྐུ་འདྲ་རིན་པོ་ཆེ་ལེགས་པར་བཞེངས་པས་གཙོ་མཛད་སྟེ་སྔར་གི་དྲུང་ན་རིམ་གྱི་སྐུ་བརྙན་རྙིང་པ་རྣམས་དང་བཅས་ཙནྡན་དཀར་དམར་གྱི་བཞུགས་ཁྲི་ལ་བླ་མ་ལྷ་ཁང་དུ་བཞུགས་སུ་གསོལ་སྟེ་རྗེའི་དགོངས་པ་རྫོགས་པར་མཛད་དོ། །ཡངས་པ་ཅན་ནས་ཕྱག་མཛོད་པ་མཆོད་གཞིས་ཆོས་བཞིན་གྱིས་འབད་མེད་དུ་ཕྱག་དུ་བྱུང་བ་རྗེའི་ཐུགས་རྗེ་ཁོ་ནར་མཁྱེན་པས་བཀའ་དྲིན་བསབ་པའི་ཕྱིར་རྗེ་མཚོ་དཀར་དུ་བཞུགས་དུས་སྤྱན་འདྲེན་བཏང་ཡང་ཞལ་མ་མཇལ་བས་སྤྲུལ་སྐུ་ཐམས་ཅད་མཁྱེན་པས་དབུས་པའི་སྒར་ཆེན་ལ་ཞབས་ཏོག་གི་ཁུར་བཞེས། རྟེན་བཞེང་གི་གཟོ་བོའི་ཕོགས་མགྲོན་ཆེན་སླེབས་པ་ཐམས་ཅད་ཀྱི་གཞི་ལེན་མཛད། སྔོན་ཡབ་སྲས་ལྷ་ཁོང་ན་མཇལ་དུས་མཛོད་ནག་གི་ཁྱད་ནོར་མང་པོ་འབུལ་གྱི་འདུག་ཟེར་པ་གསན་པས་ཀརྨ་པ་ལ་དེས་མི་འཐོགས། ངེད་རང་ལ་དེ་ལས་མེད་པ་སྙམ་པ་ཤར་བ་ན་ཁྱོད་རང་དེ་འདྲ་མི་དགོས། ངའི་འདི་ཐམས་ཅད་ཁོང་གིས་བདག་རྐྱེན་བྱེད་རྒྱུ་ཡིན་ཞེས་པའི་བཀའ་ཤོག་གནང་བ་དང༌། འཕྱོང་རྒྱས་སུ་ཡབ་སྲས་ལྷན་དུ་མཇལ་དུས་རྒྱུགས་ཡིག་རྗེ་བ་གནང་འདུག་པ་ལ་སྤྲུལ་སྐུ་ཐམས་ཅད་མཁྱེན་པ་དཔོན་སློབ་སུམ་བཅུ་གསུང་བ་ན། སྔར་སྤྱན་སྔ་རིན་པོ་ཆེ་དེ་ལྟ་བུ་ཞིག་ཡོད་པ་ལ་དེང་སང་སུམ་བཅུ་སྙན་པའི་ཚེ་ཁོང་རང་ལ་གཟིགས་ནས་ཁྱོད་རང་ལ་ཕོགས་འདེབས་རྒྱུ་ཡོད་ན་སྤྲང་པོས་ཐོགས་མི་འོང་ཞེས་གསུང་བ་རྣམས་ཀྱང་འདི་ཡིན་བར་སྣང༌། དེས་ན་སྐུའི་རྟེན་དུ་བཤད་སྒྲུབ་(པ༢༤༩ན)


PTT001_Page_1365
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་གི་རྟེན་ཆེན། གསུང་གི་རྟེན་བཀའ་འབུམ་གསེར་མ་ཆོས་མཛད་མ་རྣམ་གྲོལ་གྱིས་སྦྱིན་བདག་མཛད་ནས་བཞེངས་པ་དང༌། ཐུགས་ཀྱི་རྟེན་མཆོད་རྟེན་ཁྱད་པར་ཅན་འདི་ཡིན་ལ་ཡུལ་གྲུ་སོ་སོའི་གྲ་ཡོན་དད་འབྱོར་ཅན་རྣམས་ཀྱིས་རང་རང་གི་སྐལ་བའི་གདུང་བཞུགས་པའི་རྟེན་བགྱིས་པ་ནི་མཐའ་ཡས་སོ། །དེ་ཡང་སངས་རྒྱས་ཀྱི་བསྟན་པ་འདི་ལ་ཀླུ་སྒྲུབ་ཐོགས་མེད་ཀྱི་ཟབ་མོ་ལྟ་བ་དང་རྒྱ་ཆེན་སྤྱོད་པའི་སྒོ་ནས་རྒྱལ་བའི་དགོངས་པ་རྣམ་པར་ཕྱེ་བས་ཤིང་རྟའི་སྲོལ་གཉིས་ཅེས་བཀའ་དྲིན་ཟླ་མ་མཆིས་པ་དང༌། འདུལ་བསྟན་ལ་མི་རུང་བའི་གཞི་བཅུ་བྱུང་བའི་ཚེ་དགྲ་བཅོམ་པ་གྲགས་པས་བསྡུ་བ་གཉིས་པའི་སྒོ་ནས་བསལ་བ་དང་བོད་ཡུལ་དུ་ཇོ་བོ་རྗེས་བོད་རྣམས་ལས་འབྲས་དང་བྱང་ཆུབ་ཀྱི་སེམས་ལ་བཀོད་པ་དང༌། དམ་པ་རྒྱ་གར་གྱིས་གསུང་རབ་ཐམས་ཅད་མན་ངག་དུ་དྲིལ་ནས་བསྟན་པ་དང༌། རྗེ་མི་ལ་དང་རྒོད་ཚང་པས་ཞེན་ལོག་དང་མོས་གུས་མཐར་ཕྱིན་པས་སེམས་ཅན་དཔག་མེད་སྟེ་དག་ལ་བཀོད་པ་དང༌། རྔོག་ལོ་ཙཱ་བ་ཆེན་པོས་སྡེ་སྣོད་ཀྱི་བཤད་པའི་འཕྲིན་ལས་མཐའ་ཡས་པ་སོགས་དེ་རྣམས་ཉིས་ཟླ་ལྟར་གྲགས་ཤིང་ངོ་མཚར་ཕུལ་དུ་བྱུང་བ་ཡིན་མོད་ནའང་དེ་རྣམས་སྔོན་བསྟན་པ་ཚུལ་བཞིན་གནས་ལ་གདུལ་སླ་བའི་གདུལ་བྱ་ཚོགས་པའི་དུས་ཡིན་པས་དེང་སང་ལ་བལྟོས་ན་དེ་ཙམ་དུ་དཀའ་བའི་གནས་མ་ཡིན་ལ། དེང་སང་བསྟན་པ་ཐམས་ཅད་གཟུགས་བརྙན་ལས་ཀྱང་ཆེས་གཟུགས་བརྙན་དུ་གྱུར་ཅིང་ཐེག་པ་ཆེན་པོའི་ཚིག་ཙམ་དར་ཆེས་པས་ཐེག་ཆེན་གྱི་དོན་ནུབ་པ་ལྟར་གྱུར་སྟེ་མདོ་སྔགས་ཐམས་ཅད་ལ་རྟོག་གེའི་རྟག་ཆད་ཀྱི་ལྟ་བ་སྣ་ཚོགས་པས་བསླད་ནས་ཚིག་ཙམ་ལ་རྟོག་གེའི་གསང་ཚིག་གི་འཁྱོག་གྲོས་སྣ་ཚོགས་པས་སྨྲ་བའི་མུ་སྟེགས་མགོ་རེག་གི་ཚོགས་ཀྱིས་བོད་ཡུལ་ཟིང་ཟིང་པོར་གང་པའི་དུས་འདི་ལྟ་བུར་ཡང་མདོ་སྔགས་ཐམས་ཅད་ཀྱི་ཟབ་མོ་ལྟ་བ་རྒྱ་ཆེན་སྤྱོད་པ་ཉམས་ལེན་མངོན་རྟོགས་ཐམས་ཅད་ལ་ཕྱིན་ཅི་ལོག་གི་ལོག་རྟོག་ཐམས་ཅད་བསལ་ནས་ཡང་དག་པའི་དོན་སྣང་བར་བྱེད་པའི་བསྟན་བཅོས་ཆེས་མང་པོ་(པ༢༤༩བ)


PTT001_Page_1366
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པས་མདོ་སྔགས་ཀྱི་ཤིང་རྟའི་སྲོལ་འབྱེད་གཅིག་བུ་པ་ཡིན་ལ། མི་རུང་བའི་གཞི་བཅུ་ལྟ་ཞོག་དེང་སང་མི་དགེ་བ་བཅུ་ཡང་འདུལ་བར་སྒྲོག་ཞིང་འདུལ་བ་ཉན་བཤད་པར་རློམ་པ་རྣམས་ཀྱང་དུས་ཚིགས་ལ་སོགས་པའི་བགྲོ་གླེང་གི་གནས་སྣ་འགའ་ཡར་ཞིག་བཟུང་བ་ལ་འདུལ་བ་ཤེས་ཟེར་གྱི་སྡོམ་པ་མ་ཐོབ་པ་འཐོབ་བྱེད་ཀྱི་ཆོ་ག་ཐོབ་པ་མི་ཉམས་པར་སྲུང་ཚུལ་ཉམས་ན་ཕྱིར་བཅོས་རྣམས་ཇི་བཞིན་ཁོང་དུ་ཆུད་པ་སུ་ཡང་མི་སྣང་བའི་དུས་འདིར་འདུལ་བའི་ལེགས་བཤད་ཀུན་ལས་བཏུས་པ་བླང་དོར་མིག་ཕྱེ་བ་ལྟར་སྟོན་པ་འདི་ལྟ་བུ་མཛད་ཅིང་སྔོན་པཎ་ཆེན་ཤཱཀྱ་ཤྲིའི་གསུང་ནས་བོད་ཀྱིས་འདུལ་བའི་ཀུན་སྤྱོད་ཇི་བཞིན་མི་ཡོང་བ་འདུག །མི་ལ་རས་པ་དེས་རྟགས་དང་ཆོ་ག་བྱས་ན་འདུལ་བ་ཇི་ལྟ་བ་ཡོང་བར་འདུག་གསུང་བར་གྲགས་པ་ལྟར་སློབ་མའི་ནང་ནའང་བློས་བཏང་དང་ཞེན་ལོག་རྗེ་བཙུན་མི་ལ་ལྟ་བུ་ལ་འདུལ་བའི་ཀུན་སྤྱོད་ཇི་བཞིན་སྒྲུབ་པ་རྒྱལ་བ་གཡུང་ལ་སོགས་པ་དུ་མ་བཞུགས་པས་འདུལ་བ་ལ་བསྟན་པའི་མེ་རོ་གསོ་བར་མཛད་པ་དང༌། དེང་སང་ཁྱིམ་པ་རྣམས་ལྟ་ཞོག་རབ་བྱུང་ཀློག་པ་པོ་ཕལ་ཆེར་རྣམས་ནི་ལ་དོར་དང་ལྟག་ཆོད་དང་ཚིག་སྐྱོན་གྱི་རྩོད་པ་ལྷུར་བྱེད་ཀྱི་ལས་འབྲས་ལ་སྙིང་རྗེའི་ཡུལ་དུ་ལྟ་ལ། སྒོམ་པ་པོར་རློམ་པ་རྣམས་ཀྱང་བླང་དོར་མེད་པ་ཡིན་ཟེར་ནས་སྤང་བྱ་ལེན་ཞིང་བླང་བྱ་འདོར་བ་དང་མི་དགེ་བའི་སྤྱོད་པ་ཐམས་ཅད་རྒྱབ་རྟེན་གསང་སྔགས་སྐད་དུ་སྒྲོག་པར་བྱེད་པས་གྲུབ་མཐའ་ལ་ཞུགས་མ་ཞུགས་ཐམས་ཅད་ལས་འབྲས་ལ་ཅིར་ཡང་མི་རྩི་བའི་དུས་འདིར་ལས་ཀྱི་རྒྱུ་དང་འབྲས་བུའི་རྣམ་པར་གཞག་པ་རྒྱལ་བའི་གསུང་རབ་ཇི་ལྟ་བ་བཞིན་སྟོན་པས་ལས་འབྲས་ཀྱི་བླང་དོར་ལ་གདུལ་བྱ་རྣམས་འགོད་ལ། སྤྱིར་ཐུགས་རྗེའི་རླབས་བསམ་པའི་ཡུལ་མ་ཡིན་པས་གཞན་དག་གིས་ལས་འབྲས་ཀྱི་རྣམ་གཞག་ལོ་ཟླར་བཤད་པ་ལས་རྗེ་འདིས་འབུལ་བཞེས་ཀྱི་ཁྲོམ་བར་མ་གཅིག་ལ་སྲོག་སྡོམ་རྐུན་སྡོམ་ལ་སོགས་པའི་སྡིག་སྤོང༌། མ་ཎི་དུང་ཕྱུར་ལ་སོགས་པའི་དགེ་བ་ཁས་ལེན་པ་(པ༢༥༠ན)


PTT001_Page_1367
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་མང་ཞིང་སྣང་བའི་འགྱུར་ཚབས་ཆེ་ལ། ཁྲོམ་ལ་ཞལ་མཐོང་གི་འགྲོ་དོན་མཛད་པའི་ཚེ་ཡང་ཞལ་མཐོང་བ་ཙམ་ཀྱིས་ཐམས་ཅད་རང་དབང་མེད་པར་གསོལ་འདེབས་སྡིག་བཤགས་སྨོན་ལམ་སོགས་ཀྱིས་འུར་དིར་དུ་འགྲོ་བ་མཆི་མ་དབང་མེད་དུ་འབྱིན་ཞིང་གསོལ་བ་འདེབས་པ་སྟེ། དཔྱོད་ལྡན་དག་གི་གསུངས་ལས་ཀྱང་ཞལ་མཐོང་བའི་མོད་ལ་དད་པ་མི་སྐྱེ་བའི་མི་སུ་ཡང་མི་ཡོང་བ་འདུག །གཤན་པ་དགེ་བ་ལ་ངོ་མཚར་ལྟ་བ་ཞིག་ཡོད་པའང་རྗེའི་ཞལ་མཐོང་བའི་མོད་ལ་ཕྱག་འཚལ་མ་ཎི་འདྲེན་ཞིང་འདུག་གསུང་བ་ལྟར་ཡིན་ལ་སློབ་མ་རྣམས་ལ་ཆོས་ཀྱི་སྙིང་པོ་བྱང་ཆུབ་ཀྱི་སེམས་འབའ་ཞིག་སྟོན་སྟེ་སྤྱོད་འཇུག་ལུགས་དང་བྱང་སའི་ལུགས་དང་དོན་དམ་སེམས་བསྐྱེད་སོགས་ཀྱི་ཆོ་གས་འབོགས་པ་དང་རྗེ་ཉིད་ཀྱི་སེམས་བསྐྱེད་ཀྱི་ཁྲིད་ཐུན་མོང་མ་ཡིན་པ་དུ་མའི་སྒོ་ནས་བསྐྱེད་པར་མཛད་པས་དགོས་པ་ཁྱད་པར་བ་མཐོང་ན་བདག་གཞན་རྗེ་བ་ལ་ཐོགས་པ་མེད་པའི་སྲས་མང་དུ་བསྐྲུན་པར་མཛད་ཅིང་གདུལ་བྱའི་ཤུན་པ་བདག་ལྟ་བུ་ལའང་ལས་འབྲས་དང་བྱང་ཆུབ་ཀྱི་སེམས་ཀྱི་གོ་བ་རེས་འགའ་བ་ཙམ་ཞིག་བྱུང་བ་ཡིན་ནོ། །མདོ་རྒྱུད་ཐམས་ཅད་ཀྱི་དོན་མན་ངག་དུ་དྲིལ་ནས་སྟོན་པ་ལ་རྗེ་ཉིད་དམ་པ་རྒྱ་གར་གྱི་མཚན་དུ་སྟོན་པའི་དུས་ལས་ཀྱང་ཆེས་རྨད་དུ་བྱུང་སྟེ་དེ་ནི་ཌཱ་ཀི་མ་སུམ་བཅུ་རྩ་ལྔ་དང་གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་ལྔ་ལ་སོགས་པའི་གསུང་ཟློས་པར་ཟད་ལ་རྗེ་ཉིད་ནི་གཞན་དྲིང་ལ་བལྟོས་པ་མེད་ཅིང་བསམས་གཞིགས་པའི་བློས་མ་ཡིན་པར་གདུལ་བྱའི་སྐལ་བ་བཞིན་ཆོས་ཀྱི་རྣམ་གྲངས་གཅིག་ཁོ་ནའང་འཆད་ཚུལ་ཐ་དད་པ་མང་པོར་སྣང་བ་ཟད་མེད་དུ་སྟོན་ཞིང་ཟབ་མོའི་གནད་སྩོལ་བ་རྣམས་ཀྱང་སྨྲ་བསམ་གྱི་ར་བ་ལས་བརྒལ་ཞིང་ཉམས་མྱོང་ཁྱད་པར་ཅན་མངོན་སུམ་དུ་སྐྱེད་པ་ཁོ་ནའོ། །དགེ་བའི་བཤེས་གཉེན་ལ་མོས་གུས་ནི་རྗེ་འདི་ལྟ་བུ་གཞན་མི་སྲིད་པ་ཙམ་ཡིན་སྟེ་རྗེ་མི་ལ་ཡང་རྗེ་བཙུན་མར་པ་དང་ཆེས་དམན་མཆོག་གི་ཚུལ་དུ་གནས་པ་ལ་གསུང་ཕལ་ཆེར་བསྒྲུབ་ཅིང་བཀའ་བཀྱོན་ལ་ལོག་ལྟ་(པ༢༥༠བ)


PTT001_Page_1368
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྐྱེས་པ་དང་བླ་མ་རིགས་བདག་དུ་གཟིགས་པ་ཙམ་གྱིས་མོས་གུས་ཀྱི་མཆོག་བརྙེས་པར་འཇོག་ལ་རྗེ་རྒོད་ཚང་པའང་ཆོས་རྗེ་རས་པའི་སློབ་མའི་ནང་གི་གཞོན་ཤོས་སུ་ཡོད་ལ་གསོལ་འདེབས་ནུས་པ་དང་ཕྱིས་བླ་མ་སྒྲུབ་པ་གནང་ནས་རྒོད་པོ་ངའི་ཆོས་གཅིག་པོ་ཅེས་བླ་མ་སྒྲུབ་པ་ལ་ནན་ཏན་དུ་མཛད་པས་བླ་མ་སངས་རྒྱས་སུ་གཟིགས་པས་མོས་གུས་མཆོག་དུ་ཐོག་པར་འཇོག་པ་ཡིན་ལ། བླ་མ་མཆོག་མཐོན་པོའི་སར་གནས་ཅིང་རང་དམའ་མོར་གནས་པ་ན་གུས་པ་སྐྱེ་སླ་ཡང་རྗེ་འདི་ནི་དེ་ལྟ་མ་ཡིན་དེ་རྗེ་བཙུན་བཀྲ་ཤིས་རྣམ་གཉིས། བསྙེན་པར་རྫོགས་པའི་མཁན་སློབ་གཉིས་སྟེ་མཚུངས་མེད་སྐྱེས་མཆོག་རྣམ་བཞི་ཞེས་བཀའ་སྩོལ་བ་འདི་དག་ཀྱང་རྗེ་ཆོས་གྲགས་རྒྱ་མཚོའི་སློབ་མ་ཤ་སྟག་ཡིན་པས་དྲུང་ཉིད་ལ་རྩ་བའི་བླ་མའི་འདུ་ཤེས་ཀྱིས་མཆོག་དུ་འཛིན་པ་ཁོ་ན་ཡིན་ཡང་དེ་རྣམས་ལ་བླ་མ་སྒྲུབ་པ་ལ་མ་བལྟོས་པར་ཐོག་མ་ནས་སངས་རྒྱས་ཉིད་ཀྱི་མོས་པ་འཁྲུངས་པ་དང༌། བདག་ནི་ཀརྨ་པ་སྟེ་ཆེས་མཆོག་གོ་སྙམ་པའི་ང་རྒྱལ་མནལ་ལམ་ན་ཡང་འཁྲུངས་པ་མེད་པར་གུས་འདུད་ཐམས་ཅད་པ་མཛད་པའི་གནོད་པ་འཇིག་མི་སྙམ་པའི་བཟོད་པའི་ནང་ན་རང་བས་ཆེས་དམན་པའི་གནོད་པ་བཟོད་པ་བཟོད་པའི་དམ་པར་བཤད་པ་ལྟར་སྐྱེ་བོ་རྣམས་ཀྱི་ལྟ་ངོར་རྗེ་ཉིད་ལས་དམན་པར་སྣང་བ་ལ་གུས་པ་འདི་ལྟ་བུ་མཛད་པ་ནི་ཆེས་ངོ་མཚར་ཏོ། །དེ་ལྟ་མོད་ཀྱི་རིགས་རུས་དང་གདན་ས་དང་སྟོབས་ཀྱིས་མངོན་པར་མཐོ་བས་དེའི་ང་རྒྱལ་འཆང་བ་ཧ་ཅང་གཟིགས་རྒྱ་མི་ཆེ་བ་དུ་མ་ཞིག་རྗེའི་དྲུང་དུ་འདི་སྐད་ཞུ་སྟེ། ཁོ་བོ་ཁྱོད་ལ་ཕྱག་འཚལ་ཆོས་ཞུ་བ་ཡིན་པས་ཕྱག་ལན་དགོས་ཅེས་དང༌། བཞེང་བ་དང་བཞུགས་སྟན་མཉམ་པ་དགོས་ཟེར་བ་དག་འོང་བ་ན་རྗེ་ཉིད་མངོན་པའི་ང་རྒྱལ་གྱིས་ཕྱག་ལན་མི་མཛད་པ་མ་ཡིན་ནའང་སྔོན་ཀཽ་ཤམྦྷའི་རྒྱལ་པོ་གཏུམ་པོ་རབ་སྣང་གྱིས་འཕགས་པ་བ་ར་དྷཱ་ཛའི་དྲུང་དུ་ཕྱིན་པ་ན་ལྡང་བ་མ་མཛད་པས་ཁྲོས་སྟེ་ཕྱིར་སོང༌། དེ་མ་ཐག་ང་ལྡང་བ་དང་བསུ་བ་མི་བྱེད་ན་དེ་བསད་དོ་སྙམ་ནས་འོངས་པ་ན་འཕགས་པས་མངོན་པར་ཤེས་སྟེ་ལྡང་བ་བྱས་པ་ཙམ་གྱིས་སྔར་རྒྱལ་པོའི་ལུས་ལ་རང་བཞིན་གྱིས་འོད་ཡོད་པ་དེ་མེད་པར་སོང༌། གོམ་པ་དྲུག་བསུས་(པ༢༥༡ན)


PTT001_Page_1369
[མ་དཔེ་གཟིགས་ན་འདིར་གནོན།]

པས་རྒྱལ་པོའི་ལུས་ཀྱིས་ཁྱབ་པའི་འདོམ་གང་གིས་ཁོལ་བུར་ཞོམ་སྟེ་ཐུར་དུ་འུ་རུ་རུ་འགྲོ་བ་ན་སྐྲག་སྟེ་བསྐྱབ་ཏུ་གསོལ་ཞེས་གསོལ་བ་བཏབ་པས་འཕགས་པས་རྒྱལ་པོ་ཆེན་པོ་ང་ལ་སེམས་ཀྱང་དགའ་བར་གྱིས་ཅིག་དང་ས་སླར་འབྱོར་ཞིང་འོད་འབྱུང་བར་འགྱུར་རོ། །ཞེས་གསུངས་མ་ཐག་དགའ་བར་བྱས་པའི་མོད་ལ་ས་སླར་འབྱོར་འོད་ཀྱང་བྱུང་སྟེ་དད་ནས་རྒྱལ་པོས་གཞི་འདི་ལས་བདག་ལ་ཉེས་པར་འགྱུར་བ་མི་འབྱུང་གྲང་ཞུས་པ་ན་འཕགས་པས་ངས་གོམ་པ་བདུན་བསུས་ན་ཁྱོད་ཀྱི་རྒྱལ་སྲིད་ལས་ཉམས་པར་འགྱུར་མོད་ཀྱི་འོན་ཡང་གོམ་པ་དྲུག་ལས་མ་བསུས་པས་ཁྱོད་ཀྱི་རྒྱལ་སྲིད་ཟླ་བ་དྲུག་ཉམས་པར་གྱུར་རོ། །ཞེས་བསྟན་སྟེ་དེ་བཞིན་དུ་གྱུར་པ་ལྟ་བུའི་ཉེས་དམིགས་ཡོད་པ་ལ་དགོངས་ནས་ཁྱེད་རང་ང་ལ་ཕྱག་བྱེད་མི་དགོས་ཕན་ཚུན་ཕྱག་མེད་པར་མཇལ་ཆོག་གསུང་གི་ཕྱག་ལན་མི་མཛད་པ་ནི་ཕ་རོལ་པོ་ཉིད་སྐྱོབ་པའི་དོན་དུ་མི་མཛད་པ་ཡིན་ལ། སྟན་མཐོན་པོ་དགོས་ཅེས་བརྩེག་པ་སོགས་ལ་ཁོང་རང་རྣམས་ཀྱི་བསམ་པ་བཞིན་མཛད་ཀྱི། ཐོབ་མི་ཐོབ་ལ་སོགས་པའི་གླེང་མོ་མི་མཛད། དཔལ་སྦས་ཀྱིས་སྔར་མུ་སྟེགས་པ་རྣམས་བོས་ཕྱིས་སྟོན་པ་སྤྱན་དྲངས་པ་ན་མུ་སྟེགས་པ་རྣམས་ཀྱི་གྲལ་མཇུག་དུ་བཞུགས་ལ་འོན་ཡང་རིམ་གྱིས་གྲལ་མགོར་སོང་བ་ལྟ་བུ་རྗེ་ཉིད་ལའང་དེ་ལྟར་བྱེད་པ་ཡོང་རུང་བཞུགས་པ་ལ་གདོན་མི་ཟའོ། །སྤྱིར་ང་ཁྱེད་ལ་ཆོས་ཞུ་བ་ཡིན་པས་ཕྱག་ལན་དགོས་ཅེས་བྱ་བ་དང་སྔར་ཁྱེད་ཀྱིས་ང་ལ་ཆོས་ཞུ་དགོས་ཟེར་བ་སོགས་བོད་ན་ཟིང་ཟིང་པོར་ཡོད་ཅིང་སྔོན་ཕྲེང་ཁ་བེར་ཆུང་གིས་འབྲོམ་སྟོན་པ་ལ་ཁྱོད་ཆོས་གྲ་ནས་འོངས་པའི་དགེ་བསྙེན་ཞིག་སྣང་སྟེ་ང་ཡང་ཕྲེང་ཁ་བེར་ཆུང་བྱ་བའི་མི་ཆེན་པོ་ཡིན་པས་ཁྱོད་ཀྱི་ཕྱག་ཝ་འཁྱུག་པ་འདྲ་བ་ཞིག་ཚོལ་བྱས་པའི་རྟེན་འབྲེལ་གྱིས་འདི་ལྟ་བུ་ནི་ད་དུང་བྱང་ངོས་འདི་མང་བ་ཡིན་ལ། ཟང་ཟིང་གི་ཆེད་དུ་བླུན་པོ་ཁ་བསོད་ཅུང་ཟད་ཡོད་པ་འདུས་པའི་མགོ་ཕར་བསྐོར་ཚུར་བསྐོར་ཡིན་ན་དེར་ཟད་མོད། དགེ་བའི་བཤེས་གཉེན་མཚན་ལྡན་ལ་འདི་ལྟར་བྱས་ན་ཕྱིས་རྟེན་འབྲེལ་འཕྱུགས་པས་བྱིན་རླབས་མི་འཇུག་པ་(པ༢༥༡བ)


PTT001_Page_1370
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །སྤྱིར་ཡང་འཇིག་རྟེན་ན་ཕྲད་ཚད་ཕྱག་བྱེད་པའང་ག་ལ་ཡིན་སྟེ་རྫོགས་པའི་སངས་རྒྱས་ལ་དད་ལྡན་རྣམས་ཀྱིས་ཕྱག་བྱེད་པ་རྟོགས་ཕྱིར་རྒྱལ་པོ་གསལ་རྒྱལ་སོགས་ཀྱིས་ཕྱག་བྱས་ཚུལ་བཤད་པ་དང༌། བྲམ་ཟེ་རྣམས་ཕལ་ཆེར་ཕྱག་མི་བྱེད་པས་བྲམ་ཟེའི་ཁྱེའུ་མ་སྡུག་གིས་དེ་བཞིན་གཤེགས་པ་ལ་སྔོན་དུ་ཡང་དག་པར་དགའ་བར་འགྱུར་པའི་གཏམ་སྣ་ཚོགས་པ་བྱས་སྟེ་ཕྱོགས་གཅིག་དུ་འདུག་གོ་ཞེས་འཆད་པ་ཡིན་ལ། བླ་མ་བརྟག་པ་ལའང་སྔོན་ཕྱག་མི་བྱེད་པར་བརྟགས་ནས་དད་པ་ཐོབ་པ་ན་འདུད་པ་སྟེ་སྤྱིར་བླ་མ་བརྟག་དགོས་ནི་ཐམས་ཅད་ཟེར་ཡང་བོད་དུ་ནི་ཚུལ་བཞིན་བརྟགས་པ་རྗེ་རང་བྱུང་པ་ལ་གཡག་སྡེ་པཎ་ཆེན་གྱིས་བརྟགས་པ་ཙམ་ལས་ཆེར་མ་ཐོས་ལ་སྤྱིར་བོད་པ་རྣམས་ནི་ཐོས་ལོའི་སྐད་ཆ་ལ་བསྟེན་པ་དང༌། རིག་སྔགས་ཀྱིས་རྨོངས་པ་ཐེབས་པ་དང༌། དབང་སྡུད་ཀྱི་སྔགས་ཀྱིས་མགོ་འཁོར་བ་སོགས་ལས་དང་པོར་སྐྱོན་ཡོན་ཏན་ལྟར་སྒྲོག་པས་དད་པ་སྐད་དུ་བསྟེན། ཕྱིས་དབང་ཆོས་ཀྱི་གོ་ཆོད་མི་ཆོད་ཅི་ཡིན་རུང་དེ་ཞུ་ཟིན་ནས་སྐྱོན་རྣམས་བརྗོད་པར་སྣང་ཞིང་ད་ལྟའི་བོད་ཡུལ་བ་རྣམས་ཀྱི་བླ་མ་བརྟག་པ་ནི་ཐབས་བཟང་བ་ཁ་མཁས་པ་དགྲ་ཐུལ་གཉེན་སྐྱོང་ལ་ཕན་པ་ཅིག་གམ་བྱ་བ་བཏང་རྫུ་དང་མཁས་རྫུས་འཚོ་ཞིང་དམ་པའི་གཟིགས་ངོར་བྲིམ་པར་བྱ་བ་མ་ཡིན་པ་ཅིག་བརྟག་པར་སྣང་ངོ༌། །རིགས་རུས་ཀྱང་སྤྱིར་དེ་ག་མ་ཉམས་པ་ཁོ་ནའང་དཀོན་པར་སྣང་ལ། མ་ཉམས་པ་ཡིན་དུ་ཆུག་ཡང་ཤཱཀྱའི་རིགས་སྐྱོན་མེད་ཁོ་ན་ལ་ལྷས་བྱིན་དང་ལེགས་སྐར་ཡང་བྱུང་བ་དང༌། བོད་ཆོས་རྒྱལ་གྱི་གདུང་རྒྱུད་སྐྱོན་མེད་ལ་གླང་དར་ལྟ་བུ་བྱུང་བ་ཡོད་ལ། བྲེག་མཁན་ལས་རབ་ཏུ་བྱུང་བ་ཉེ་བ་འཁོར་ལྟ་བུ་ཡང་ཡོད་པས་རིགས་ཀྱིས་མི་ཆོག་པས་དམ་པ་དགྱེས་པའི་སྤྱོད་པ་ལ་གནས་པ་དགོས་ལ། གདན་སའང་སྔོན་གྱི་སྐྱེས་བུ་དམ་པ་དེའི་སྤངས་རྟོགས་ཀྱི་ཚད་དུ་འཁྱོལ་ན་ཡིན་གྱི་སྐྱེ་བོ་ཐ་མལ་པ་ཅིག་གིས་བྱང་ཆུབ་ཀྱི་ཤིང་དྲུང་དུ་བསྡད་རུངས་སངས་རྒྱས་སུ་མི་འགྱུར་བ་དང་སྙེ་ནམ་གྲོད་ཕུག་དུ་བསྡད་པ་ཙམ་གྱིས་མི་ལའི་གོ་སར་མི་འགྲོ་བ་ཤེས་པར་བྱོས་ཅིག །(པ༢༥༢ན)


PTT001_Page_1371
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཅིག་ཀརྨ་པ་ལྟ་བུས་གནས་མིན་གྱིས་མཇལ་ཕྲད་དེ་འདྲ་མཛད་ན་ཆེ་བ་འཆོར་ཟེར་ཡང་འཇིག་རྟེན་གྱི་གྲགས་མ་གྲགས་ལ་བལྟོས་པ་མ་མཛད་པ་ཉིད་ཀྱིས་ཆོས་ཀྱི་ཆེ་བ་ནི་ཕུལ་བྱུང་དུ་ཐོན་པ་ཡིན་ལ་འཇིག་རྟེན་གྱིའང་དཔྱོད་ལྡན་དག་གིས་ནི་དེ་ལྟར་ཐོས་པ་ན་རྗེའི་མཛད་པ་ལ་དད་པ་ལྷག་པར་སྐྱེ་ཞིང་སྐྱེ་བོ་གཞན་པ་དག་རྔ་མ་བྱང་བ་ཞིག་ཡོད་པར་འདུག་སྙམ་དུ་སྐྱེ་བ་ཡིན་ལ་ད་ལྟ་རྒྱལ་ཁྲིམས་མེད་པས་སྐྱེ་བོ་དག་ལུགས་བཞིན་དུ་མི་སྤྱོད་པས་དེང་སང་གི་སྐྱེ་བོའི་བྱ་བ་རྣམས་བྱིས་པའི་སྤྱོད་པར་ཟད་པས་གཏན་ཚིགས་སུ་མི་ཆེ་བའི་ཕྱིར་འཇིག་རྟེན་གྱིས་ལུགས་བཞིན་སྲོལ་དུའང་ག་ལ་འགྱུར་སྟེ་སྔོན་མ་རྣམས་ཀྱིས་གུས་འདུད་བྱས་པའི་སྲོལ་ཁོང་དག་གིས་མེ་འཛིན་པ་བཞིན་ནོ། །སྤྱིར་རྗེ་འདི་ནི་གཞན་དག་གི་རྙེད་བཀུར་ལ་གནོད་ཀྱིས་དོགས་པས་ཡོན་ཏན་ཐམས་ཅད་སྦེད་ཅིང་ཁྱད་པར་འགྲན་ཟླར་བསྙེམས་པ་དག་ཡོད་པའི་སར་མི་མངོན་པའི་ཚུལ་གིས་དམན་ས་ཁོ་ན་འཛིན། གཞན་མཐོ་བར་འགྱུར་བའི་ཐབས་ཁོ་ན་མཛད་ཀྱི་རང་ཆེན་པོར་གཟིགས་པའི་འགྱིང་བ་ནི་གཏན་མི་སྲིད་དོ། །སྤྱིར་འཇིག་རྟེན་གྱི་ཁེ་གྲགས་དང་རྣམ་གཡེང་ལ་ཞེན་པ་ཉེས་པའི་འབྱུང་ཁུངས་སུ་སྟོན་ཕྱིར། ཚེ་འདིའི་གྲགས་འབྱོར་སྙིང་པོས་དབེན་པོའི་ཚུལ། །ཞེས་སོགས་གསུངས་ཀྱི་རྗེ་འདི་ནི་གངས་རིའི་སུལ་ཆེས་དབེན་པ་དག་དུ་བཞུགས་ཀྱང་ཡུལ་དུས་དེ་དག་གི་འབྱོར་པའི་མཆོག་མཐའ་དག་རྒྱ་མཚོ་ལ་ཆུ་བོ་བཞིན་དུ་འདུ་མོད་ཀྱི་ཅིར་ཡང་གཟིགས་པ་མི་མངའ་བ་ནོར་བུ་རིན་པོ་ཆེས་སྐྱེ་འགྲོའི་དབུལ་བ་སེལ་ཡང་ཅིར་ཡང་མི་རྟོག་པ་ལྟ་བུ་ཡིན་ལ། བོད་ཡུལ་གྱི་བླ་དཔོན་ཆེན་པོ་དག་གིས་མི་རབས་ནས་མི་རབས་བླ་རབས་ནས་བླ་རབས་བཅུ་ཕྲག་མང་པོ་དག་གིས་ནན་ཏན་གྱིས་བཙལ་འབད་པས་བསགས་མ་གོད་པར་བསྲུངས་པ་རྣམས་ཀྱི་ཡོ་བྱད་མཐའ་དག་བསྡུས་པས་ཀྱང་རྗེ་འདིའི་དྲུང་དུ་ཉིན་གཅིག་གི་འབུལ་ཆེན་འབྲིང་པོ་ཅིག་ལ་ཡང་དོ་བར་དཀའ་བ་དང༌། གང་དུ་ཕེབས་པར་དཀར་པོའི་ལྷ་མཐུན་པོ་ཆེ་ཐམས་ཅད་འདུ་ཞིང་མཆོད། རྒྱལ་ཁམས་མཐའ་དག་གི་མཇལ་མི་སྤྲིན་བཞིན་དུ་འདུ་བས་ཅི་དགོས་ལྷུན་(པ༢༥༢བ)


PTT001_Page_1372
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཏུ་འབྱུང༌། ལོ་ལེགས་ཤིང་སྐྱ་རྒྱལ། ནད་ཡམས་དང་དུས་འཁྲུག་ཉུང་བ་སོགས་མཐོང་ཆོས་བདེར་གནས་ཀྱི་བཀའ་དྲིན་མཐའ་ཡས། སློབ་མའང་སངས་རྒྱས་ཐམས་ཅད་རྗེ་ཉིད་ཀྱི་རྣམ་འཕྲུལ་དུ་ཤེས་པའི་མོས་གུས་ཅན་དང་ཅིས་ཀྱང་དགོས་མེད་ཀྱི་ཞེན་ལོག་གཏིང་ཚུགས་པ་དངུལ་ཆུ་ས་ལ་ཕོ་བ་ལྟར་འཇིག་རྟེན་གྱི་ཆོས་བརྒྱད་དང་མི་འདྲེ་བའི་བྱ་བཏང་གི་སྐྱེས་བུ་མང་དུ་བཞུགས་སོ། །དེ་ལྟར་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་དེ་རྣམས་ཀྱང་གདུལ་བྱས་བསྒྲུབ་བར་བྱ་བའི་དམ་པའི་ཆོས་ཀྱི་རྣམ་གྲངས་རྣམ་ཐར་གྱི་ཚུལ་དུ་སྟོན་པ་ཁོ་ན་སྟེ་ཉིད་བསྟོད་དུ་དོན་དགུས་གསུངས་པ་དང༌། ལེགས་སྤྱད་མར་ལེགས་སྤྱད་སོ་གསུམ་དུ་གསུངས་པ་དང༌། ཉེར་བདུན་མ་དང་རྣམ་ཐར་ལ་སློབ་པའི་ཁྲིད་དུ་གསུངས་པ་ལྟར་བསླབ་ཅིང་སྒྲུབ་པར་བྱའོ། །རྗེ་དེས་སྨིན་གྲོལ་དུ་མཛད་པའི་སྐྱེས་ཆེན་གྱིས་ཚོགས་བསམ་གྱིས་མི་ཁྱབ་ཀྱང་རགས་པ་རྗེ་ཉིད་ཀྱི་སྦྱང་བར་བྱ་བའི་རབས་ཀྱི་བསྟན་བཅོས་སུ་བཀའ་བསྩལ་བ་ལྟར་ཡིན་ལ། གཙོ་བོ་ཞྭ་དམར་ཅོད་པན་འཛིན་པ་ལྔ་པ་ཐམས་ཅད་མཁྱེན་པ་དཀོན་མཆོག་ཡན་ལག་རྗེ་ཉིད་ཀྱི་རྒྱལ་ཚབ་བསྟན་པའི་བདག་པོར་བཞུགས་ཤིང་འགྲན་གྱི་ཟླ་མེད་པའོ། །རྒྱལ་ཚབ་སྤྲུལ་པའི་སྐུ་གྲགས་པ་དཔལ་འབྱོར། སི་དྷུ་སྤྲུལ་པའི་སྐུ་ཆོས་ཀྱི་འོད་ཟེར་མཉན་པ་སྤྲུལ་སྐུ། དབུ་མ་སྐུ་སྐྱེ། རི་ཁྲོད་སྐུ་སྐྱེ་སོགས་སྐྱེས་བུ་དམ་པ་བསམས་བཞིན་དུ་སྲིད་པ་འཛིན་པ་དུ་མ་དང༌། འབྲི་ཁུང་གི་གདན་རིམ་བཅོ་ལྔ་པ་རིན་པོ་ཆེ་རིན་ཆེན་རྣམ་པ་རྒྱལ་བ། གདན་ས་གོང་འོག་བར་གསུམ་གྱི་ཞལ་ངོ༌། སྒམ་པོའི་སྤྱན་སྔ་སྐུ་གཞོན་པ། ནེ་རིང་རིན་པོ་ཆེ་སོགས་བཀའ་རྒྱུད་ཀྱི་གདན་ས་འཛིན་པ་དུ་མ་དང༌། གཞུང་བརྒྱ་སྨྲ་བ་བྱང་སེམས་ཉི་མ་བཀྲ་ཤིས། སློབ་དཔོན་བསྟན་པ་རྒྱ་མཚོ། ངོ་ཁྲོ་རབ་འབྱམས་པ་བསོད་ནམས་རྣམ་རྒྱལ། མཁས་མཆོག་ཤེས་རབ་རྣམ་རྒྱལ། རྒྱལ་སྲས་ཀུན་དགའ་བཀྲ་ཤིས། རབ་འབྱམས་པ་བྱང་ཆུབ་བཤེས་གཉེན། མཁས་མཆོག་ཕྱོགས་གླང་ལེགས་པ། མཁས་བཙུན་ཆེན་པོ་རྣམ་རྒྱལ་གྲགས་པ། དགེ་བའི་བཤེས་གཉེན་སངས་རྒྱས་དཔལ་གྲུབ། མཁས་མཆོག་བསོད་ནམས་བཟང་པོ། མཁས་པ་རིན་ཆེན་ལེགས་པ་སོགས་བསྟན་པ་ལ་(པ༢༥༣ན)


PTT001_Page_1373
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་མཛད་པའི་མཁས་པ་ཆེན་པོ་རྣམས་དང་མཁན་ཆེན་དབོན་རམ་པ། གཞག་བླ་དབོན་པོ་སྐུ་མཆེད་སོགས་བསྟན་པའི་བྱ་བ་མཛད་པ་དུ་མ་དང༌། དྲུང་ཀུན་བཟང་བ་སོགས་ཚེ་འདིའི་རྣམ་རྟོག་ཆད་ཅིང་འོད་གསལ་ཉིན་མཚན་ཁོར་ཡུག་དུ་འགྲོ་བ་སོགས་དེ་ཁོ་ན་ཉིད་ཀྱི་ཡོན་ཏན་མངའ་བ་ཆེས་མང་པོ་དང༌། རབ་འབྱམས་པ་དཔལ་འབར་བ་ནི་གདམས་ངག་གིས་སྨིན་གྲོལ་དུ་མཛད་པའི་བུ་སློབ་དམ་པ་ཡིན་ལ་གཞན་ཡང་བསྟེན་ཡུན་རིང་ཐུང་ཅི་རིགས་པ་ལ་རྩ་བའི་བླ་མ་རྗེ་ཉིད་ལ་འཛིན་པའི་སྐྱེས་བུ་དམ་པ་དང་སྒོམ་ཆེན་ཆེས་མང་ལ། འཇམ་དབྱངས་འཆི་མེད་དཔལ་བཟང་པོ་སོགས་བོད་ཡུལ་གྱི་ཆེ་གཉན་མཁས་བཙུན་བཟང་གསུམ་དམ་ཆོས་ཀྱི་འབྲེལ་པ་གསན་པ་ནི་བགྲང་བར་མི་སྤྱོད་སྟེ་མདོར་ན་རྒྱ་ནག་ཕོ་བྲང་ཡན་བལ་པོ་དང་རྒྱ་གར་ཚུན་དུ་འཕྲིན་ལས་ཀྱིས་ཁྱབ་བོ། །ཆེ་གཉན་ཐམས་ཅད་ཀྱིས་ཞབས་ལ་གཏུགས་པ་ལ་ཡང་རྗེ་འདི་ཐུགས་དྲེགས་པ་གཏན་མི་མངའ་བས་སོ་སོའི་ཆེན་པོ་འདི་དང་འདི་དག་མཇལ་ལོ་ཞེས་རྗེ་ཉེད་ཀྱི་སྤྱད་པའི་རབས་ལས་གསུངས་པ་ལྟར་དགོངས་ཀྱི་ང་ལ་ཆོས་ཞུས་པས་ན་ངའི་སློབ་མའོ་ཞེས་མི་དགོངས་སོ། །མཆོག་གི་སྤྲུལ་སྐུ་ཉིན་བྱེད་ཤར་བ་ལྟ་བུ་ན་རིམ་དགུ་པ་འདི་དང་རྗེ་ཉིད་ཀྱི་ཞལ་སློབ་སྤྲུལ་སྐུ་ཐམས་ཅད་མཁྱེན་པ་ལ་སོགས་པ་དུ་མའི་ཡང་རྣམ་ཐར་ངོ་མཚར་བ་མང་དུ་ཡོད་མོད་ཀྱི་སྐུ་ཚེའི་རྟེན་འབྲེལ་དུ་དམིགས་ནས་རེ་ཞིག་མ་བྲིས་སོ། །སྒྲུབ་རྒྱུད་ཀརྨ་ཀཾ་ཚང་གི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་རྣམ་པར་ཐར་པ་ས་བོན་ཙམ་དུ་ཅུང་ཟད་བརྗོད་པ་འདི་ནི་རྗེ་མི་བསྐྱོད་ཞབས་སྙིང་གི་དབུས་སུ་འཛིན་དཔལ་གཙུག་ལག་ཕྲེང་བས་སྤྱིར་ཆོས་བྱུང་ཆེན་མོའི་ཁ་བསྐང་བར་བྱ་བ་དང༌། མཁས་གྲུབ་དཔལ་སྡིངས་པ་ཀིརྟཱི་ཤྭ་ར་ཞེས་བྱ་བ་དེས་སྔོན་འདི་ལྟ་བུ་དགོས་ཅེས་འདི་ནས་ལོ་བཅུ་གཉིས་ཀྱི་སྔོན་དུ་ནན་ཏན་གྱིས་བསྐུལ་བ་ལ་ཁས་བླངས་པ་ཁ་འོག་དུ་ལུས་འགྲུས་པར་བྱ་བའི་ཆེད་དུ་ཡང་དམིགས་ནས་བྱ་ལོ་ཟླ་བ་བདུན་པའི་ཉེར་ལྔ་ལ་ཀོང་ཡུལ་སྔགས་སྤྱོད་ཀྱི་ཞིང་གནོད་མཛེས་མཁར་གྱི་ཡུལ་གྱི་ལྟེ་བ་དགའ་ལྡན་མ་མོའི་གཙུག་ལག་ཁང་ཆེན་མོར་ལེགས་པར་གྲུབ་བོ། །དགེ་བས་འགྲོ་བ་མ་ལུས་པ། །སྤྱན་རས་གཟིགས་དབང་ཀརྨ་པའི། །གདུལ་བྱར་གྱུར་སྟེ་རྫོགས་བྱང་གི །གོ་འཕང་དམ་པ་ཐོབ་གྱུར་ཅིག །ཡན་ལག་གསུམ་པ་བོད་ཀྱི་(པ༢༥༣བ)


PTT001_Page_1374
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ལས་ལེའུ་ཚན་བརྒྱད་པའོ། །བསྟན་པའི་སྙིང་པོ་སྒྲུབ་རྒྱུད་ཀམ་ཚང་གི །དམ་པ་རྣམས་ཀྱི་རྣམ་ཐར་ངོ་མཚར་གཏམ། །མཛད་བཟང་ཆོས་སྦྱིན་མི་ཟད་དཔེལ་པའི་ཕྱིར། །རྒྱ་མཚོའི་གོས་ཅན་སྟོབས་ཀྱིས་ཡངས་པར་སྐྱོང༌། །ས་སྐྱོང་གཡུལ་རྒྱལ་བསྟན་པའི་རྒྱལ་མཚན་གྱིས། །སྐུ་རབ་རྣམ་རྒྱལ་ཁང་བཟང་ཆེན་པོར་བསྒྲུབས། །དགེ་བ་འདི་དང་དགེ་ཀུན་གཅིག་བསྡོམས་སྟེ། །དཔལ་ལྡན་བླ་མའི་དགོངས་པ་རྫོགས་ཕྱིར་སྔོ། །ཤུ་བྷཾ།། །།མཾ་ག་ལཾ། །(ཕ༡ན)


previousཀརྨ་ཀམ་ཚང་གི་ཆོས་ཀྱི་བྱུང་བ་བརྗོད་པ།next