Nitartha Digital Library
Tibetan
ཆོས་འབྱུང་མཁས་པའི་དགའ་སྟོན།


   
   
   
   
   
   
   
   
   
   
འབྲི་གུང་བཀའ་བརྒྱུད་ཀྱི་བྱུང་བ་བརྗོད་པ།
   
   
   


 
previousའབྲི་གུང་བཀའ་བརྒྱུད་ཀྱི་བྱུང་བ་བརྗོད་པ།next

འབྲི་གུང་བཀའ་བརྒྱུད་ཀྱི་བྱུང་བ་བརྗོད་པ།


PTT001_Page_1375
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བྱུང་མཁས་པའི་དགའ་སྟོན་གྱི་ཡན་ལག་གསུམ་པ་བོད་ཀྱི་སྐབས་ལས་དགུ་པ་འབྲི་ཁུང་བཀའ་རྒྱུད་ཀྱི་རྣམ་ཐར་སྙིང་པོ་བཞུགས་སོ། །(ཕ༡བ)


PTT001_Page_1376
[མ་དཔེ་གཟིགས་ན་འདིར་གནོན།]

༄༅༅། །ཁྱད་པར་དུ་འབྲི་ཁུང་བཀའ་རྒྱུད་ནི་བཀའ་བཞི་བརྒྱུད་པའི་རྣམ་ཐར་ཅུང་ཟད་མི་འདྲ་བར་བཞེད་སྟེ་རྡོ་རྗེ་འཆང༌། ཨིནྡྲ་བོ་དྷི། ཀླུའི་རྣལ་འབྱོར་མ། བི་སུ་ཀལྤ། ས་ར་ཧ། ཀླུ་སྒྲུབ། མ་ཏཾ་གི་སྟེ་ཕ་རྒྱུད་ཀྱི་བཀའ་བབས་སོ། །ཡེ་ཤེས་ཀྱི་མཁའ་འགྲོ་མ། ཙརྻ་པ་སྟེ་མཱ་ཡའི་འོ། ཕྱག་རྡོར། ཌོམྦི་བ། བི་ན་བཛྲ། ལ་བ་པ་སྟེ་རྒྱུད་སྡེ་མཐའ་དག་གིའོ། །ཕྱག་རྡོར། ཡན་ལག་མེད་པའི་རྡོ་རྗེ་འམ་པདྨ་བཛྲ། སྐལ་བ་བཟང་མོ་སྟེ་དགྱེས་རྡོར་དང་གཏུམ་མོའི་འོ། །ཨིནྡྲ་བོ་དྷི་ནི་སངས་རྒྱས་ཀྱིས་གསང་འདུས་ཀྱིས་བཏུལ་སྟེ་ཨོ་ཌྱན་གྱི་ཡུལ་སྟོངས་ནས་མཚོར་གྱུར། ཕྱག་རྡོར་གྱིས་ཀླུ་ལ་རྒྱུད་གཏད་པས་མིར་གྱུར་པ་མཚོ་འགྲམ་དུ་ཡུལ་བཅས་སྟེ་གཙོ་མོ་ཀླུ་ལས་གྱུར་པའི་རྣལ་འབྱོར་མ་ཆེན་མོ་སྟེ་ཐམས་ཅད་གྲུབ་པ་ཐོབ་ནས་མཚོ་དེ་ཡང་སྐམས་པའི་ཤུལ་དུ་རང་བྱུང་གི་ལྷ་ཁང་དུ་དཔའ་བོ་རྣལ་འབྱོར་མ་(ཕ༢ན)


PTT001_Page_1377
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བཞུགས་པ་ལ་ཕྱག་རྡོར་གྱིས་རྒྱུད་རྣམས་གཏད། དེའི་ཚེ་ལྷོ་ཕྱོགས་ཨོ་དེ་བི་ཤའི་རྒྱལ་པོ་བི་སུ་ཀལྤ་རབ་ཏུ་བྱུང་ནས་པཎྜི་ཏར་གྱུར་པས། ཇི་ལྟར་གྲོང་ཁྱེར་སྐྱེ་བོའི་མི་གཙང་ལུད། །ཅེས་པའི་ལུང་ལས་ཉོན་མོངས་ལམ་བྱེད་ཡོད་པར་རིགས་ནས་སྨོན་ལམ་བཏབ་པས་མཁའ་འགྲོས་ལུང་བསྟན་སྟེ་ཧེ་རུ་ཀ་རང་བྱུང་གི་ལྷ་ཁང་དུ་བྱོན་པས་ཀླུའི་རྣལ་འབྱོར་མས་བྱིན་གྱིས་བརླབས་སྟེ་དངོས་གྲུབ་བརྙེས། ས་ར་ཧ་ཆེན་པོ་རྒྱལ་པོ་དེ་བསྟེན་ནས་བྲན་མོ་ཞིག་ལ་ལ་ཕུག་འཚེད་དུ་བཅུག་པས་ལོ་བཅུ་གཉིས་ཏིང་འཛིན་ལ་སོང༌། བཞེངས་ནས་ཚོད་མ་ག་རེ་གསུངས་པས། སེམས་ཀྱི་འཁྲི་བ་མ་ཆོད་ན། །ལུས་ནི་དབེན་པས་ཅི་ལ་ཕན། །བཅུ་གཉིས་ལོ་རུ་མཉམ་བཞག་ཡང༌། །ཚོད་མའི་འཁྲི་བ་མ་ཆོད་མཚར། །ཟེར་བས་མདའ་མཁན་མོ་བསྟེན་སྟེ་གྲུབ་པ་བརྙེས། མཁའ་སྤྱོད་ཆེན་པོར་གཤེགས་སྟེ་དཔལ་གྱི་རི་ལ་བཞུགས། ཀླུ་སྒྲུབ་ནི་བེ་ཏའི་ཡུལ་པ། རིགས་བྲམ་ཟེ། བྲམ་ཟེ་བརྒྱ་ལ་ཆོས་སྟོན་དྲངས་པས་བུ་རྙེད་པར་ལྷས་ལུང་བསྟན་པ་ལྟར་རྙེད། མཚན་མཁན་གྱིས་སྐྱེས་བུ་ཆེན་པོའི་མཚན་དང་ལྡན་ཡང་ཚེ་ཞག་བདུན་དང༌། བྲམ་ཟེ་དང་དགེ་སློང་(ཕ༢བ)


PTT001_Page_1378
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་རེ་ལ་གདུགས་ཚོད་དྲངས་པས་ཟླ་བ་བདུན་ལོ་བདུན་ཐུབ་པར་བསྟན། དེ་ནས་འཁྱམ་དུ་བཏང་བས་ནཱ་ལནྡར་བྲམ་ཟེ་དགྲ་གཅན་ཟིན་གྱིས་རབ་ཏུ་ཕྱུང༌། འཆི་བདག་འཇོམས་པའི་དབང་སྐུར། གཟུངས་ལོ་བདུན་བཏོན་པས་འཆི་བདག་བཅོམ་སྟེ་མཁས་པ་ཆེན་པོ་དགེ་སློང་དཔལ་ལྡན་དུ་གྲགས། མཁན་པོས་གསང་འདུས་ཀྱི་དབང་མན་ངག་གནང་སྟེ་ཞལ་ཏ་པར་བསྐོས་ནས་དཔལ་གྱི་རི་ལ་གཤེགས། རྡོ་རྗེ་རྣལ་འབྱོར་མ་ཆང་ཚོང་མར་མཛད་པ་ཅིག་གི་ཁྱིམ་ན་རྐྱ་བ་གསེར་དུ་གཟིགས་ནས་ཆང་ཚོང་ལ་གསེར་འགྱུར་གྱི་གདམས་པ་ཞུས། ལོ་བཅུ་གཉིས་མུ་གེ་བྱུང་བ་ན་གསེར་འགྱུར་གྱིས་དགེ་འདུན་བསྐྱངས། ཕྱིས་དགེ་འདུན་གྱིས་ལོག་འཚོ་ལ་བཀོད་འདུག་པའི་ཆད་པར་གནས་ནས་ཕྱུང་སྟེ་མཆོད་རྟེན་བྱེ་བ་གྱིས་ཅེས་བསྒོས། དེར་དགེ་སློང་བདེ་བྱེད་བྱ་བས་རིགས་པའི་རྒྱན་ཞེས་པའི་གཞུང་འབུམ་ཕྲག་བཅུ་གཉིས་པ་བྱས་སྟེ་པཎྜི་ཏ་ཐམས་ཅད་སུན་འབྱིན་པའི་ཚེ་སློབ་དཔོན་གྱིས་རིགས་ཚོགས་བརྩམས་ནས་ཡོད་མེད་དུ་ལྟ་བ་ཚར་བཅད། ཆོས་གྲྭར་ཀླུ་འཇོག་པོའི་བུ་གཉིས་ཁྱེའུར་བྱས་སྟེ་འོངས་པ་ལ་ཙནྡན་གོརྴི་ཥ་བསླངས་པས་ཀླུས་སྤྱན་དྲངས། ཡུམ་རྒྱས་པ་དང་ཡི་གེ་ཉུང་ངུ་སྤྱན་དྲངས་ཀླུས་ཕྲིན་ལས་བྱས་སྟེ་མཆོད་རྟེན་བྱེ་བའང་ཕལ་ཆེར་གྲུབ་པས་ནཱ་གཱརྫཱུ་ནར་གྲགས། དྲིལ་བུ་ལྟ་བུའི་བྲག་གསེར་དུ་བསྒྱུར་བཞེད་པ་སྒྲོལ་མས་བཀག་སྟེ་དཔལ་གྱི་རི་ལ་སྒྲུབ་པ་གྱིས་ཅིག་པར་ལུང་བསྟན། སྒྲ་མི་སྙན་དུ་བྱོན། བྱིས་པ་རྒྱལ་པོར་གྱུར་པའི་ཁབ་ཏུ་ལོ་གསུམ་བཞུགས། བཙུན་མོ་སློབ་དཔོན་ལ་ཆགས་པས་སློབ་དཔོན་འདྲ་བའི་བུ་བྱུང་བ་ཨཱརྻ་དེ་ཝས་ཤོག་འདམ་གྱི་མ་ཧེ་བཅོས་པས་སྐུར་པ་སངས། དཔལ་གྱི་རིར་བདུད་རྩི་བུམ་པ་གང་གི་ཕྱག་རྟེན་བྱས་པས་རྒྱ་མཚོ་(ཕ༣ན)


PTT001_Page_1379
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིར་བསྒྱུར་པས་ཐུགས་རྒྱལ་ཆག །ལོ་བཅུ་གཉིས་སྒྲུབ་པ་མཛད། འཁོར་ལོ་གསུམ་གྱི་དགོངས་འགྲེལ་གཏམ་ཚོགས་རིགས་ཚོགས་བསྟོད་ཚོགས་མཛད། དཔལ་གྱི་རིར་རྒྱལ་པོ་བདེ་སྤྱོད་གྱི་བུས་དབུ་བསླངས་པ་ཀུ་ཤར་བཅད་སྟེ་བྱིན། ཚིགས་བཅད་གསུམ་གྲག །སྐུ་ལུས་རྡོ་བར་བྱིན་གྱིས་བརླབས་པ་ད་ལྟ་ཡོད་ཟེར། ཀུ་ཀུ་རི་པ་ནི། སྤྱོད་པ་ལ་རྒྱུ་བའི་ཚེ་ལམ་དུ་ཁྱི་གུ་མོ་ཞིག་ལ་སྙིང་རྗེ་སྐྱེས་སྟེ་བསོས། ཡུལ་ཀ་ལ་ས་ཧུའི་ཉེ་སར་རང་བྱུང་གི་ཕུག་དུ་ལོ་བཅུ་གཉིས་བསྒྲུབས། ཐུན་མོང་གི་དངོས་གྲུབ་རྣམས་ཐོབ་ཚེ་ལྷས་སུམ་བཅུ་རྩ་གསུམ་དུ་སྤྱན་དྲངས་པ་ལ་མ་བཞུགས་པར་ཁྱི་གུ་ལ་བརྩེ་བས་ཕྱིར་བྱོན། ཁྱི་གུ་དེས་ས་དྲུས་པས་ཆུ་མིག་བྱུང༌། དེ་རྡོ་རྗེ་རྣལ་འབྱོར་མར་གྱུར་སྟེ་ལྷའི་བདེ་བ་ལ་མ་ཆགས་པས་མཆོག་གི་དངོས་གྲུབ་བྱིན་ནོ། །ཙཱརྻ་པ་ནི་བངྒ་ལའི་བྱེ་བྲག་ཨུ་རུ་བི་ཤའི་གྲོང་དུ་རྗེ་རིགས་སུ་འཁྲུངས། ཛ་ལནྡྷ་ར་པ་དང་ཀུ་ཀུ་རི་པ་བསྟེན། བར་དོར་དངོས་གྲུབ་ཐོབ་བོ། །ཌོམྦི་པ་ནི་མ་ག་དྷའི་རྒྱལ་རིགས་ཡིན། ནག་པོ་སྤྱོད་པ་ལས་གདམས་པ་གསན། གླུ་མཁན་གྱི་བུ་མོ་བསྟེན། རྒྱལ་སར་སྤྱན་འདྲེན་པ་ལ་རིགས་ལད་པས་མེས་དག་པར་གྱིས་གསུངས་ནས་ཞག་བདུན་བསྲེགས་པས་ཧེ་རུ་ཀ་དངོས་སུ་གྱུར། ལོ་བདུན་བརྒྱ་མི་ཡུལ་དུ་བཞུགས་སོ། །བི་ན་ས་ནི་གཽ་རིའི་རྒྱལ་པོའི་སྲས་གཅིག་པུར་གྱུར། ཏམྦུ་རའི་སྒྲ་ལས་སེམས་རྩེ་གཅིག་པ་ཐོབ། སྐྱོ་བ་ན་སློབ་དཔོན་རྟ་མཆོག་གིས་ཏམྦུ་རའི་སྒྲ་ལ་བརྟེན་ནས་ངོ་སྤྲད་སྟེ་སྤྱོད་པ་དེས་རྟོགས་པ་བསྐྱངས་ནས་ཡུལ་ཁམས་དེ་གྲོལ་བར་བྱས་སོ། །ལ་བ་པ་ནི་ཨོ་ཌྱན་དང་ཉེ་བ་སམྦྷི་རེ་ཞེས་པ་གྲོང་འབུམ་ཚོ་གསུམ་གྱི་རྒྱལ་པོར་གྱུར་པ་ལ་སློབ་དཔོན་བི་ན་སས་བྱིན་གྱིས་བརླབས་སྟེ་ལ་བ་དང་ཁམ་ཟན་(ཕ༣བ)


PTT001_Page_1380
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་འཚོ་ཞིང་དུར་ཁྲོད་མུན་པ་མི་བཟད་པར་ཕྱི་པའི་མཁའ་འགྲོ་མ་རྒྱལ་པོའི་བཙུན་མོར་ཡོད་པ་རྣམས་བཏུལ་སྟེ་མགོ་ལ་ལྷམ་བཀོན་སྣ་བཅུ་བརྒྱུས་པའི་ཆད་པ་དབབ། འཁོར་བདུན་བརྒྱ་དང་བཅས་པ་མཁའ་སྤྱོད་དུ་གཤེགས་སོ། །ཡན་ལག་མེད་པའི་རྡོ་རྗེ་ནི་ཡུལ་ཀཉྩི་གྲོང་ཁྱེར་འབུམ་ཚོ་གྱ་བཞིའི་བདག་པོ་ཨིནྡྲ་བོ་དྷིའི་སྲས་ལས་རབ་ཏུ་བྱུང་པཎྜི་ཏར་གྱུར་ནས་ཆོས་གསུངས་པས་བུད་མེད་མི་སྡུག་པ་ཅིག་རེས་ངུ་རེས་རྒོད་ཅིང་ཁྱོད་ཀྱིས་ཚིག་ཤེས་པས་རྒོད། དོན་མི་ཤེས་པས་ངུ་ཟེར་ཞིང་ཨོ་ཌྱན་ན་ངའི་མིང་པོ་ཕག་ཚང་པ་ཅེས་རིགས་ངན་གྱི་རྣལ་འབྱོར་པས་ཤེས་ཟེར་སྟེ་གྲོང་འདབས་ན་ཕག་རྫི་རྒན་རྒོན་གཉིས་བུ་མོ་མཛེས་མ་དང་གསུམ་འདུག་པ་ལ་གཏུགས་པས་རྒན་པོ་རྨོས་བྱེད། བུ་མོས་རོལ་ནང་ནས་བསྒྲུགས་པའི་འབུ་ཚོད་ཟ་ཞིང་འདུག །ཁོང་གིས་མ་ཟོས་པས་རྒན་པོས་ཁྱོད་རིགས་ཀྱིས་དྲེགས་ཤིང་ཡོན་ཏན་གྱིས་བསྙེམས་པས་སྣོད་དུ་མི་རུང་གསུངས། གསོལ་བ་བཏབ་པས་དབང་བསྐུར་བྱིན་གྱིས་བརླབས་སྟེ་བུ་མོ་དང་ལྷན་ཅིག་དཔལ་གྱི་རིར་སྒྲུབ་པ་མཛད། དངོས་གྲུབ་བརྙེས་སྟེ་མུ་གེའི་དུས་འབྲུའི་ཆར་ཕབ། ཡུལ་དུ་བྱོན་པས་རིགས་ཉམས་ཟེར་ནས་མེ་ལ་བསྲེགས་པས་ཟིལ་པ་ཕྲོམ་མེ་འདུག་ནས་ཡུལ་དེ་བཏུལ་བས་པདྨ་བཛྲའི་མཚོ་སྐྱེས་རྡོ་རྗེར་གྲགས་སོ། །དེའི་སློབ་མ་སྐལ་བཟང་མོ་ནི་སུ་མ་ཏི་དཔལ་གྱི་བློ་གྲོས་མ་ལཀྵྨི་ཀ་ར་དོན་གཅིག་སྟེ་ཨིནྡྲ་བོ་དྷིའི་ལྕམ་སྙུང་འཛི་བྱུང་བ་སྤྱན་རས་གཟིགས་ཀྱི་ཐུགས་རྗེས་བསོས། མཚོ་སྐྱེས་ཀྱིས་རྗེས་སུ་བཟུང་བས་གྲུབ་པ་ཐོབ། ལངྐ་པུ་རིའི་རྒྱལ་པོའི་སྒོ་དྲུང་དུ་སྨྱོན་མའི་སྤྱོད་པ་མཛད། ཐམས་ཅད་མཐོང་སྣང་ཐ་དད་པའི་ཚེ་རྒྱལ་པོའི་ཕྱགས་བདར་བ་ཞིག་ལ་ཆོས་བསྟན། ཕག་མོ་དབུ་བཅད་མར་མཛད། ཕྱགས་བདར་བ་དེ་དང་ཁ་སྦྱར་ནས་མཁའ་སྤྱོད་དུ་(ཕ༤ན)


PTT001_Page_1381
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་སོ། །ཏེ་ལོ་པ་ནི་ཡུལ་ཟ་ཧོར། བྲམ་ཟེ་གསལ་བའི་འོད་ཡིན། སོ་མ་པུ་རིར་རབ་ཏུ་བྱུང༌། ལྕགས་འོག་དུ་ལོ་བཅུ་གཉིས་སྒྲུབ་པ་མཛད། ཐུན་མོང་ཐོབ། ཉའི་རྣམ་ཤེས་སྤར། ཀླུ་སྒྲུབ་ཚུལ་དུ་ཕྱིན་པས་འཇིགས་བྱེད་གཞད་པའི་དུར་ཁྲོད་དུ་མ་ཏདྒི་དང་མཇལ་སྟེ་སློབ་དཔོན་དྲི་ཟའི་ཡུལ་དུ་གཤེགས། ཁྱོད་རྗེས་སུ་འཛིན་པ་ལ་ང་བཏང་བ་ཡིན་ཞེས་དེ་ཁོ་ན་ཉིད་བསྟན་སྟེ་ཟ་ཧོར་གྱི་གྲོང་ཁྱེར་ཧ་རི་ཀེ་ལ་ནི་སྤྲུལ་པའི་རྒྱལ་པོ་ཡུཏྨ་ཞེས་བྱིན་གྱིས་བརླབས་པས་སྒྲུབ་ཐག་ཉེ་བ་ཡིན། དེར་སྨད་ཚོང་མ་དྷ་རི་མའི་ཁོལ་པོ་གྱིས་ལ་རྟོགས་པ་སྐྱོངས་ཅེས་གསུངས་ཡུལ་ཁམས་དེ་བ་གྲོལ་བར་མཛད། ལྷོ་ཕྱོགས་ཀྱི་རྒྱལ་པོ་ཙནྡྲ་དཱེ་བ་ན་ལ་གུས་པའི་དོན་དུ་ནུས་པ་བསྟན་སྟེ་ངས་ནི་ཞིང་ཁམས་བརྒྱར་ཡང་ཕྱིན། སོགས་གསུངས་སྟེ་ཡུལ་དེ་དྲངས། ཟ་ཧོར་གྱི་ཡུལ་ལན་གསུམ་སྟོང་པར་མཛད་དོ། །ན་རོ་པ་ཁ་ཆེའི་བྲམ་ཟེ། དཀའ་བ་བཅུ་གཉིས་ཀྱིས་རྟེན་འབྲེལ་བཅུ་གཉིས་དག་སྟེ་བར་དོར་མཆོག་ཐོབ་པའོ། །མར་མི་དྭགས་གསུམ་ཕག་གྲུ་པ་རྣམས་རྣམ་ཐར་སྤྱི་དང་འདྲ། ཕག་གྲུ་པ་ལ་ཐུགས་སྲས་བཞི། མཐར་ཐུག་བཞི། ཆོག་བརྒྱད། ཉེ་གནས་བརྒྱད། དགེ་བཤེས་དང་སྒོམ་ཆེན་འགྲོ་དོན་ཅན་མང་དུ་བྱོན། བསྟན་པའི་བདག་པོ་ལྟ་བུར་གྱུར་པ་འབྲི་ཁུང་སྐྱུ་ར་རིན་པོ་ཆེ་ནི། མདོ་ཁམས་འབྲི་ཀླུང་དམ་པ་ཆོས་ཕྱུག་གི་ཡུལ་ཙར་སྟོད་གཡོན་ལུང་གི་གྲོང་ཙུ་ངུར་འདྲུ་རྒྱལ་སྐྱུ་རའི་གདུང་འཛིན་པར་མཛད་དོ། །དེ་ཡང་སྔོན་རྒྱལ་པོ་གླང་དར་གྱི་དུས་ཙམ་ན་སྐྱུ་རའི་སྔགས་འཆང་ཆེན་པོ་ཅིག་ལ་ཡེ་ཤེས་ཀྱི་མཁའ་འགྲོའི་གཙོ་མོ་སྣ་ནམ་བཟའ་ཆོས་ཀྱི་དབང་ཕྱུག་བླངས་པ་ལ་ང་ལ་སངས་རྒྱས་ཀྱི་བསྟན་པ་འཛིན་པའི་བུ་བཞི་འོང་ཟེར་ཞིང་ཤ་གཟིགས་གཅིག་དྲངས་པས་ཕག་ནས་གྲི་གུག་དང་ཐོད་པ་ཕྱུང་སྟེ་ཤའི་སུམ་ཆ་གཅིག་ཐོད་པར་གཏོར་མ་བྱས། ཆ་གཅིག་རང་(ཕ༤བ)


PTT001_Page_1382
[མ་དཔེ་གཟིགས་ན་འདིར་གནོན།]

ཟོས། ཆ་གཅིག་ཁོལ་མོ་ལ་བྱིན་སྐད། གཟུགས་སྣ་ཚོགས་སུ་བསྒྱུར་ཞིང་རི་རབ་ཁང་ཁྱིམ་ལ་ཐོགས་མེད་དུ་རྒྱུད་ཞིང་དུས་མིན་དུ་འགྲོ་འོང་བྱེད། མཐར་སྐུ་ལུས་འདིས་བཀའ་སྲུང་ཀུན་གྱི་གཙོ་མོར་གྱུར་སྟེ་རྒྱུད་འཛིན་རྣམས་ཀྱིས་མཚན་ནས་བོས་པ་ཙམ་གྱིས་དགྲ་ཁ་ཕུང་དུ་འགྲོ་བ་དེའི་སྲས་ན་མཁའ་དབང་ཕྱུག་གི་རྒྱུད་པ་ཨ་མེས་དབང་རྒྱལ་བྱ་བ་ནུས་པ་ཅན་དེའི་སྲས་བཞི་པ་མདོ་སྔགས་ལ་མཁས་པ་འཇིགས་བྱེད་ཀྱི་རྣལ་འབྱོར་པ་རྡོ་རྗེ། ཡུམ་བཙུམ་མ་ཞེས་བྱ་བ་བུད་མེད་བུ་དང་བྲལ་བ་ལ་བུ་ཡིད་ལ་མ་བྱེད་དང་སྡུག་བསྔལ་མི་སྐྱེའི་ཞེས་སྟོན་པ་ཅིག་གི་སྲས་སུ་ཆུ་མོ་ཕག་ལོ་ལ་འཁྲུངས། ལྷུམས་སུ་འཇུག་གནས་ལྟམ་པའི་སྐབས་ཀུན་དུ་རྡོ་རྗེ་མཆུའི་པོ་ཏི་དཀར་པོ་འོད་ཀྱི་རྣམ་པར་ཡུམ་གྱིས་གཟིགས། སྐུ་གཅེས་པས་བོན་པོ་ལ་གཏད་སྟེ་དེས་མཚན་དཔལ་བ་ཐར་རང་ཕྱིས་རང་གིས་བཙུན་པ་སྐྱབས་སུ་མཚན་སྤོས། དགུང་ལོ་དྲུག་ནས་ཀློག་མཁས་པར་མཁྱེན་སྟེ་ཟ་ཡོན་གྱིས་མི་ངེས་ཀྱིས་ཉེན་པའི་སྐྱེ་བོ་མང་པོ་བསྐྱབས་ཤིང་ད་ལྟའང་འབྲི་ཁུང་ཐེལ་པའི་ཀློག་ཞེས་ཀློག་ཆོད་ཆེ་ཞིང་སྐྱོན་ཆུང་བ། ས་སྒྲ་ར་སྒྲ་སོགས་ཐོན་པ་འཕུལ་རྟེན་སོགས་ལའང་མཆུ་སྦྱོར་ཐ་དད་ཐོན་པ་ཡོད་དོ། །སློབ་དཔོན་ལྔ་དྲུག་ཙམ་ཡོད། ཆོས་མང་དུ་གསན། སྒྱུ་མ་ལྟ་བུའི་ཏིང་འཛིན་འཁྲུངས། མནལ་ལམ་དུའང་སངས་རྒྱས་ཀྱི་ཞིང་མང་པོ་བྱང༌། མདོ་རྒྱུད་ལས་གསུངས་པའི་ལས་ཚོགས་རྣམས་གྲུབ། ཆོས་མཁས་པ་དང་ནད་སེལ་བ་དང་མཐུ་ཆེ་བ་སོགས་ནུས་པ་ཆེ་བའི་གྲགས་པ་ཐོབ། འོན་ཡང་དཔལ་ཕག་མོ་གྲུ་པའི་སྙན་པས་ཐུགས་ཕྲོགས་སྟེ་དམ་ཅན་རྡོར་ལེགས་ཀྱི་ཕྲིན་ལས་བསྒྲུབས་སྟེ་བྱོན། ཆས་པའི་ཉིན་ཁམས་ནས་དབུས་ཀྱི་བར་འཇའས་འབྲེལ། བླ་མ་དེའི་དྲུང་ན་གདུགས་ཐོགས་པ་ལྔ་བརྒྱ་ཡོད་ཀྱང་ཐུགས་ཀྱི་སྲས་ང་རང་ཡིན་སྙམ་དུ་ངམ་ངམ་པ་བྱུང༌། མནལ་ལམ་དུ་རྗེ་ཕག་གྲུ་པ་སྤྱན་(ཕ༥ན)


PTT001_Page_1383
[མ་དཔེ་གཟིགས་ན་འདིར་གནོན།]

རས་གཟིགས་སུ་མཇལ། སྦལ་ལོ་ཙཱ་བ་ལ་དབས་རྡོ་རྗེ་རྒྱལ་པོ་སྐུ་ཁམས་བཟང་ངམ་བྱས་པས་ཁོང་ཁྲོས་སྟེ་རྡོ་ཕྱར་བྱུང༌། ཅིག་ན་རེ་ཁོ་ཕག་མོ་གྲུར་འགྲོ་བར་འདུག་ཟེར་བས་འོ་ན་སོང་ཞིག་བླ་མ་རིན་པོ་ཆེ་སྐུ་ཁམས་བཟང་ངོ་ཟེར། ཁོང་ནི་མ་ག་དྷར་ལོ་བཅུ་གཉིས་སྡད་པ་ཅིག་ཕག་མོ་གྲུར་གཟིམས་ལྕིལ་ལ་སྐོར་བ་བདུན་བྱས་པས་ཐུགས་དམ་འཁྲུངས་པ་ཡིན་པར་སྣང༌། དེ་ནས་དགུང་ལོ་ཉེར་ལྔ་པ་མེ་ཕག་གི་མཇུག་ལ་ཕག་མོ་གྲུར་མཇལ། ཇ་དང་དར་ཟབ་དང་རྟ་དང་ཀུན་ཕུལ་བས་ཁོ་བོ་རྐང་བཞིའི་འབུལ་བ་མི་ལེན་པ་ཡིན་ཞེས་རྟ་མ་བཞེས། ཇ་དེ་ལ་ཕྱག་བཅུག་མནམས་ནས་བཟང་པོ་ཅིག་འདུག་ཐོན་པར་སྐོར། འདི་འདི་བོས་གསུངས་སྟེ་དབུ་ཆེ་བརྒྱད་བཅུ་ཙམ་ཚོགས་པ་ལ་དྲངས། རྗེ་ཉིད་ཀྱིས་ཡང་ཡང་བཞེས་པས་སྐུ་གཟི་མདངས་དང་ལྡན་པར་གྱུར། བླ་མ་འདི་ལྟ་བུ་རྙེད་པ་ད་རེ་ཚོགས་བསགས་སྙམ་པ་ན། ཁྱོད་ད་ང་རང་ལ་རེ་ཆེ་བར་འདུག་སྟེ་ངས་ཁྱེད་རྣམས་ཀྱི་དོན་དུ་དཀའ་བ་དཔག་མེད་སྤྱད་པ་ཡིན་གསུངས། སྔར་རྟོགས་ལྡན་ཐོད་པ་བོར་ཆོག་ཡིན་ཡང་སྲིད་མི་ལེན། འོན་ཡང་ད་དུང་ཁོ་བོའི་སློབ་མ་མ་ཚང་གསུངས་ཤིང་ངའི་རྒྱུད་པ་འདི་དགེ་བསྙེན་ས་བཅུ་པ་ཅིག་གིས་འཛིན་གསུང་བ་ལ་ཆོས་རྗེ་ཉིད་ཕེབས་ཕྱིན་ཆད་ད་ནི་ངའི་འཁོར་ཚང་གསུངས་ཅིང་རྟོགས་ལྡན་སྐྱེ་བའི་འཁོར་ལོ་བསྐོར་བྱ་བ་སོགས་གསུངས་པས་སྔ་མ་ཁ་ཅིག་མ་མོས་སྐད། ལན་གཅིག་རྗེ་བཞེངས་ནས་ལུས་གནད་བཅོས། མདུན་དུ་ཡི་གེ་གསུམ་གསུང་ཆེན་པོ་ཅིག་མཛད་ནས་ཁྱོད་ལ་སྒོམ་ཆེན་བཟང་པོ་ཞིག་འོང༌། སྒོམ་ཆེན་ཙམ་ལ་བཟང་བ་ཞིག་འོང༌། དེ་ལ་ཁོ་བོ་དགའ་བ་ལགས་མོད་གསུངས། དག་ནང་ལ་ལྟེམ་རྐྱང་བྱུང་བས་སར་ཕྱག་གི་ཞེ་དམ་མཛད་པས་སོར་ཆུད། མོས་གུས་ལ་ལྟེམ་རྐྱང་བྱུང་བ་ཞུས་པས་དེ་ཕྱིན་ཆད་ལྟེམ་རྐྱང་མ་བྱུང༌། སངས་(ཕ༥བ)


PTT001_Page_1384
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྒྱས་ཀྱི་བར་དུ་ཆོས་ལྔ་པོ་འདི་དང་མ་བྲལ་བ་གྱིས། རྟོགས་པ་འདིས་ཆོག་སྙམ་ན་ད་དུང་མང་དུ་གོར་ཡོད་པ་ཡིན་གསུངས། ཆོས་བསྒུགས་ཀྱི་སར་ཡང་ཡན་ལག་བདུན་པ་ཁོ་ན་ཕུལ། ཕྱག་རྟེན་སྣ་རེ་མེད་པར་མཇལ་མ་མྱོང༌། བྱང་ཆུབ་སེམས་སྡོམ་གནང་ནས་ཁྱོད་ཀྱི་མིང་ནི་བྱང་ཆུབ་སེམས་དཔའ་རིན་ཆེན་དཔའ་ལོ་གསུངས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཇི་ལྟར་འཆར་ཞུས་པས་དེ་ཁྱོད་རང་གིས་ཤེས་ནས་འོང་ལན་གསུམ་གསུངས། གཤེགས་ཀར་བླ་མའི་ཐུགས་ཀ་ནས་གསེར་གྱི་རྡོ་རྗེ་བྱུང་སྟེ་རྗེ་འདིའི་ཐུགས་ཀར་ཐིམ་པ་དེར་ཡོད་ཀུན་གྱིས་མཐོང༌། ལྕིལ་པོའི་རྡོ་ཡན་ཆད་སྐུ་འབུམ་གྱི་ཕྱོགས་སུ་གཏད། ཕྱིས་གཡེ་ཆུང་དུ་བླ་མ་ཡལ་གྱིས་ཞབས་ཏོག་བྱས་སྟེ་སྒྲུབ་པ་མཛད་པས་ཕྱི་ནང་གི་རྟེན་འབྲེལ་ཐམས་ཅད་ཤར། རླུང་དབུ་མར་ཚུད། ཆོས་ཟབ་མོ་འདི་རྣམས་བླ་མས་སྔོན་ནས་གསུངས་འདུག་པ་སྙམ་ནས་མོས་གུས་ཁྱད་པར་ཅན་སྐྱེས། སྒྲོལ་མ་ཞལ་གཟིགས། སླར་ཡང་ལོ་གཉིས་སྒྲུབ་མཛད་པ་ན་སྙུང་འཛེ་དྲག་པོ་ཐོག་བབས་སུ་བྱུང་བས་རྐྱེན་བྱས་སྟེ་སྙིང་རྗེ་བློ་རྡེག་དུ་འཁྲུངས་པ་ན་ཀླུ་ཆེན་པོ་དེ་ཡང་སྐུ་ལུས་ལས་བུད་པར་གཟིགས་པས་སྙུང་གཞི་སྐད་ཅིག་གིས་གྲོལ། རྟོགས་པ་མཐར་ཕྱིན་སྟེ་སངས་རྒྱས་ཐམས་ཅད་དང་དགོངས་པ་མཉམ་པ་ཉིད་དུ་གྱུར། འོན་ཡང་གཞན་གྱི་ངོར་ཞག་ཕྱེད་དང་བཞི་ཡིན་ནང་པར་ལ། མི་ཁོ་བོའི་ལས་ངན་རང་སར་དག །ཞེས་གསུངས། སྔོན་བླ་མ་རིན་པོ་ཆེས་ཀྱང་ཁྱོད་རབ་ཏུ་བྱུང་གསུང་བ་ལ། རང་བཞིན་གྱི་ཁ་ན་མ་ཐོ་བ་བརྒྱད་ཁལ་དང་འདྲ་བའི་སྟེང་དུ་བཅས་པའི་ཁ་ན་མ་ཐོ་བ་སྤོང་བ་གོང་ཚ་ལྟ་བུ་མི་ཐེག་དགོངས་ནས་མ་བླངས། ཕྱིས་གཡེ་ཆུང་དུ་བཅས་རང་ངོ་བོ་གཅིག་པ་དང༌། བཀག་པ་ཡེ་བཀག་གནང་བ་ཡེ་གནང་དང་ཆོས་ཀྱི་རྒྱལ་པོས་འགྲོ་བ་སྤྱི་ལ་བཅས་པ་དང་ཉམས་པ་ལས་མ་བླངས་པ་ཉེས་པ་ལྕི་བ་སོགས་ཀྱི་(ཕ༦ན)


PTT001_Page_1385
[མ་དཔེ་གཟིགས་ན་འདིར་གནོན།]

གནད་དགོངས་པས་རབ་ཏུ་མི་འབྱུང་ཀ་མེད་དུ་འདུག་པར་མཁྱེན་ནས་དགུང་ལོ་སོ་ལྔ་པ་མེ་མོ་བྱ་ལོ་ལ་ཞང་གིས་མཁན་པོ་དང་རྩི་ལུང་པས་སློབ་དཔོན་སྨྱལ་པ་འདུལ་འཛིན་གྱིས་གསངས་སྟོན་མཛད་སྟེ་བསྙེན་པར་རྫོགས། སྨྱལ་འདུལ་ལ་འདུལ་བ་གསན། ང་དཔལ་ཆེན་བིརྺ་པ་དང་མཉམ་པའི་རྣལ་འབྱོར་དབང་ཕྱུག་ཞིག་དགེ་སློང་དུ་ཕེབས་པ་འདི་ང་ཕོ་རྒོད་ཡིན་གསུངས། བླ་མ་ལྡུམ་སྐུ་ལུས་གུམ་པ་དམིགས་པས་ཞག་གསུམ་ལ་བསལ། མཁན་པོ་ལ་བསྙུང་འཛེ་ཐོབ་བབས་སུ་བྱུང་བ་ཞག་བཅོ་ལྔ་བསལ། གཞན་ཡང་བྱིན་རླབས་མཛད་པ་ཙམ་གྱིས་ནད་ཞི་བ་དང༌། ནུས་པ་ཕུལ་དུ་བྱུང་བས་སྐྱེ་བོ་དག་བློར་མ་ཆུད་སྟེ་རྒྱུ་རྐྱེན་སྣ་ཚོགས་པ་གླེང་པ་ན་རྗེ་ཕག་གྲུ་པའི་སློབ་མ་ཙཱ་རི་བ་བྱ་བ་གྲུབ་ཐོབ་ཏུ་གྲགས་པ་ཅིག་ན་རེ་ངས་ལྟ་ཟེར་སྐད། ཁོང་གིས་མཇལ་བས་དད་པ་ཐོབ་སྟེ་དེ་གྲུབ་ཐོབ་རྩོད་མེད་དུ་འདུག །ངེད་གཉིས་བླ་མ་མི་གཅིག་པར་འདུག །ངའི་བླ་མ་དགེ་བཤེས་ཁམས་པ་ཡིན་པར་འདུག །ཁོང་གི་བླ་མ་སངས་རྒྱས་ཡིན་པར་འདུག་ཟེར་སྐད་སྟེ་མདོ་ལས་ཀྱང་སངས་རྒྱས་ལ་དག་ས་པ་རྣམས་ཀྱིས་བསམ་གྱིས་མི་ཁྱབ་པ་ཆོས་ཀྱི་དབྱིངས་ཐམས་ཅད་པར་མཐོང་བ་དང་ཐེག་ཆེན་གྱི་འཕགས་པས་རྟག་པའི་སྐུར་མཐོང་བ་དང་སོ་སྐྱེས་མྱ་ངན་ལས་འདའ་བར་མཐོང་བ་རྣམས་མོས་པའི་ཁྱད་པར་ཡིན་ལ་རང་ཉིད་རྒྱུད་ཚོད་མཐོར་སོང་ནས་མོས་གུས་གོང་འཕེལ་དུ་འགྱུར་བ་ཡིན་ནོ། །དེར་གདན་སར་ཕེབས་པས་སྟོང་ཉིད་སྙིང་རྗེའི་རྣལ་འབྱོར་གྱིས་འཛེ་འུར་འདེད་མཛད་པའི་བླ་མ་གྲལ་དབུ་ལ་བཞུགས་ཅེས་གཏམ་བཏང་བས་བས་འཛེ་འུར་འདེད་པར་མཚན་གྲགས། གདན་སར་ལོ་ངོ་གསུམ་བཞུགས་པ་ལ་ཁོང་རྣམས་རྩིང་སྤྱོད་བྱེད་པས་མི་བཞུགས་པར་དགོངས། རྗེ་གོང་མས་ཟ་འོག་གི་འབོལ་རྙིང་པ་འདི་ཁོང་རང་ཚོ་ལ་གཏོད་ལ་ཁྱོད་རང་བྱང་ཕ་གིར་(ཕ༦བ)


PTT001_Page_1386
[མ་དཔེ་གཟིགས་ན་འདིར་གནོན།]

སོང་གསུང་བ་གཟིགས་སྟེ་གཞི་བ་ཚོ་ལ་གདན་ས་འཕྲེད་ཡོད་དོ་གསུངས་ནས་བྱོན། འབྲི་ཁུང་གི་གཞི་བདག་བར་ལྷས་བོན་པོའི་གཟུགས་ཀྱིས་བསུས། ཤ་བ་དང་བྱ་རྒོད་ལ་སྒོམ་བཏབ། ལམ་དུ་གསུང་ཕུར་རྩེགས་དབང་ཕྱུག་སེང་གེ་དང་གཙང་པ་འཇམ་དཔལ་སེང་གེ་སོགས་ལ་གདམས་པ་གསུངས། མི་དང་མི་མ་ཡིན་ཐམས་ཅད་ཀྱིས་བསུས་ནས་དགུང་ལོ་སོ་བརྒྱད་པ་ལྕགས་ཕོ་བྱི་བ་ལ་འབྲི་ཁུང་དུ་བྱོན། སྐལ་ལྡན་གྱི་སློབ་མ་མང་དུ་འདུས་ཅིང་བྱང་དུ་བྱོན་པས་གཉན་ཆེན་ཐང་ལྷས་གསུ་བ་བྱས་ཉི་མ་གཏོད་ལ་གནན་མཁན་པོ་ཀོལ་ཏི་བས་སེམས་སྐྱེད་གསལ་མ་བཏབ་པ་དང་གསོ་སྦྱོང་ལ་ཚོགས་དཀའ་བ་ན་ཕྱིས་མི་མཛད་པར་དགོངས་པས་ཚངས་པ་དང་བརྒྱ་བྱིན་གྱིས་གསོ་སྦྱོང་དང་རབ་བྱུང་གནང་བར་གསོལ་བ་བཏབ། དམ་ཤོད་ཏུ་བྱོན། ཐུགས་རྗེས་འཁྲུག་པ་ཡུན་རིང་དུ་ཞི། དྭགས་པོར་བྱོན་སྟེ་མུ་གེ་ཆེར་ཡོད་པ་ཕེབས་མ་ཐག་ནས་ཞི་སྟེ་བཀའ་དྲིན་ཚད་མེད་པར་གྱུར། དགུང་ལོ་དྲུག་བཅུའི་དུས་རྟེན་འབྲེལ་མཛད་པས་སྐུ་ཚེའི་བར་ཆད་ཞི། དམུ་ཆུའི་བསྙུན་འཕྲུལ་འཁོར་གྱིས་དྭངས། ཕྱིས་དམ་ཤོད་པའི་རབས་ཆད་ཅིག་གིས་ཡོ་བྱད་དང་གསུང་རབ་གདན་སར་ཕུལ་བ་ལ་བརྟེན་ལུང་པའི་མི་ཐམས་ཅད་ཀྱིས་གདན་ས་བཤིག་པར་ཐག་ཆོད་ཚེ་སློབ་མའི་བདེ་ལེགས་བླ་མ་ལ་རྟེན་འབྲེལ་སྒྲིག་དགོས་པར་དགོངས། གསུང་རབ་དེས་གཙོ་བྱས་ཕག་གྲུའི་གསུང་རབ་ཀུན་སྒམ་པོར་ཕུལ་བས་རྩོད་པའང་རང་ཞི། ཕྱིས་ཕག་གྲུ་དར་བའི་རྟེན་འབྲེལ་མཐའ་དག་འགྲིགས་པས་རྗེ་ཉིད་ཀྱི་འཕྲིན་ལས་འདི་ཆེ་ཞིང་བླ་མའི་ཐུགས་དགོངས་རྫོགས་པར་བྱས་པ་ལ་དེ་ཙམ་ཞིག་གྲུབ་གསུང་ཞིང་འདི་ནི་ན་རོ་པའི་བཀའ་བ་བཅུ་གཉིས་ལས་ལྷག་ཞེས་གསུངས་ལ་གཞན་ཀུན་གྱི་སྐུར་པ་བཏབ། ཕྱིས་བླ་མའི་གདན་ས་ངས་བརྒྱ་འགྱུར་དུ་བཏང་ངོ་གསུངས་ནས་རྗེ་སྤྱན་སྔ་བསྐོས་པ་ཕྱིན་ཕག་མོ་གྲུའི་གདན་ས་བཀའ་རྒྱུད་རྣམས་བྱོན་ནོ། །འབྲི་ཁུང་ཉིད་དུ་བྱོན་པ་ནི། མཁན་ཆེན་གུ་ར་བ་ཡུལ་སེའུ་གངས་(ཕ༧ན)


PTT001_Page_1387
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་མོ། ཡབ་སུམ་པ་རྡོ་རྗེ་དཔལ། གྲོགས་མཁར་གཙང་སྟོན་ལས་རབ་ཏུ་བྱུང༌། མཚན་ཚུལ་རྡོར། དཔལ་ཆེན་ཐག་མ་བ་ལས་བསྙེན་པར་རྫོགས། འདུལ་བ་ལ་མཁས། ཞེ་དྲུག་ལ་འབྲི་ཁུང་པ་མཇལ། བྱིན་རླབས་ཞུགས། རིན་ཆེན་འབྱུང་ལྡན་གྱི་སྤྲུལ་པར་ལུང་བསྟན། དགུང་ལོ་རེ་བཞི་ནས་ལོ་གསུམ་གདན་ས་མཛད་དོ། །དབོན་རིན་པོ་ཆེ་བསོད་ནམས་གྲགས་པ་ནི་མདོ་ཁམས་སྙིང་འཇམ་འོམ་བུ་ལུང་དུ་ཡབ་འཇིག་རྟེན་མགོན་པོའི་ཁུ་བོ་དཀོན་མཆོག་རིན་ཆེན་གྱི་སྲས་ཨ་ཉེ་ཨ་གྲགས་ལ་སྲས་གསུམ་གྱི་ཆེ་བ་ཡིན། འབྲིང་པོ་དཔོན་རྒྱུད་པ་རྡོ་རྗེ་སེང་གེ། ཆུང་བ་གཅུང་རིན་པོ་ཆེ་རྡོ་རྗེ་གྲགས་པ། བཅུ་གཅིག་པ་ལ་དཔལ་ཆེན་ཤྲི་ཕུག་པ་མངགས་སྟེ་འབྲི་ཁུང་དུ་བྱོན་ནས་མཚན་གནང༌། སྟག་ཕུར་སྣུབས་སྟོན་ཡོན་ཏན་གྲགས་ལ་དགྱེས་རྡོར་གསན། འབྲི་ཁུང་ཉིད་དུ་འདུལ་བ་སོགས་སྦྱངས། ལོ་བཅུ་གསུམ་དང་དྲུག་དང་བཞིའི་དམ་བཅའ་རིམ་པར་མཛད་ནས་སྒྲུབ་པ་མཛད། སོ་ལྔ་ལ་ཁྲིར་བྱོན། སོ་དགུ་ལ་སྒོ་མང་བཞེངས། ཞེ་དགུ་ལ་འདས། རྗེ་སྤྱན་སྔ་གྲགས་པ་འབྱུང་གནས་ནི་མདོ་ཁམས་ལྕི་ལུང་རག་ནེ་ཡབ་ལྷ་གཟིགས་ཡོན་སྒོམ། འཇིག་རྟེན་མགོན་པོ་ལས་རབ་བྱུང་བསྙེན་རྫོགས་མཛད། ལོ་ཉེར་གཅིག་གཟིམས་གཡོག་མཛད། བཞི་བཅུ་པ་ལ་ཕག་མོ་གྲུར་བསྐོས་སྟེ་ལོ་ཉི་ཤུ་བཞུགས། དབོན་རིན་པོ་ཆེ་སྐུ་ཐིམ་གཅུང་སྒྲུབ་པ་མ་གྲོལ་བས་འབྲི་ཁུང་དུ་ལོ་ཉེར་གཅིག་གདན་ས་མཛད། གྱ་གཅིག་ཤིང་ཡོས་ལ་ཐེགས། གཅུང་རྡོ་རྗེ་གྲགས་པ་ནི་ལོ་དྲུག་པ་ལ་འཇིག་རྟེན་མགོན་པོ་མཇལ་བས་འདི་ཏེ་ལོ་པ་ཡིན་ངེད་རང་ཐམས་ཅད་ལས་ལྷག་པ་འོང་ཞེས་ལུང་བསྟན། བདུན་པ་ལ་འཇིག་རྟེན་མགོན་པོ་ཐེགས། ཉེར་ལྔ་ལ་དབོན་ཐེགས་ཚེ་ཁོ་བོ་སྒྲུབ་པ་མཐར་མ་ཐོན་པས་གདན་ས་སྨྲ་བའི་སེང་གེ་སྤྱན་སྔ་བ་བསྐོས་གསུངས། མཆོག་མ་ཐོབ་བར་ཐེམ་པ་ལས་འདའ་རེ་ཞེས་དབུ་མནའ་དོར་སྨྲ་བ་བཅད་སྟེ་ལོ་བཅུ་གསུམ་(ཕ༧བ)


PTT001_Page_1388
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས། ཀརྨ་པག་ཤི་ཧོར་གྱིས་ཙནྡན་གྱི་མེར་ཞག་ཕྱེད་དང་བཞིར་བསྲེགས་པས་གཤེགས་པར་བཞེད་པ་ན་ཏེ་ལོ་པ་སེང་གེ་ལ་བཅིབས་ནས་བྱོན་འོད་ཀྱིས་འཇིག་རྟེན་སྣང་བར་མཛད་ནས་ཡིག་འབྲུ་གསུམ་དུ་བསྡུས་པ་ཀརྨ་པ་ལ་བསྟིམས་སྟེ་ཟད་པར་མེའི་ཏིང་འཛིན་སྒོམས་མེའི་གཉེན་པོར་མེ་ཐོང་ཞིག་གསུངས་པས་བདུད་ལས་རྒྱལ། ཁོ་བོ་འབྲི་ཁུང་ན་གཅུང་རྡོ་རྗེ་གྲགས་པ་ཡིན་སྔོན་ཏེ་ལོ་པར་གྲགས། སྟོང་གསུམ་ཀུན་ན་ཁོ་བོའི་སྤྲུལ་པ་མཐའ་ཡས་གསུངས། དེའི་ཚེ་ཀརྨ་པས། རང་བྱུང་ཡེ་ཤེས་ཐམས་ཅད་མཁྱེན། །སེང་གེ་སྒྲ་ཡིས་བྱིན་གྱིས་རློབས། །སངས་རྒྱས་ཀུན་འདུས་འབྲི་ཁུང་པ། །འགྲོ་བའི་མགོན་པོ་རྡོ་རྗེ་གྲགས། །ཁོང་སེང་གེ་དཀར་མོའི་སྟེང་དུ་བཅིབས། །མི་ཁོ་བོའི་མདུན་གྱི་ན་མཁར་བྱོན། །གསུང་ལྷང་ལྷང་བདག་ལ་འདི་སྐད་གསུངས། །འགྲོ་བའི་མགོན་པོ་ཀརྨ་པ། །སྦྱངས་པ་མཐར་ཕྱིན་ཐུགས་རྗེ་ཅན། །ལམ་བྱང་ཆུབ་སེམས་ལ་ནན་ཏན་མཛོད། །ཁྱོད་སྟོང་ཉིད་ནམ་མཁའི་རྡོ་རྗེ་ཡིན། །གསུངས་ཤིང་སླར་ཡང་མཁའ་ལ་གཤེགས། །མི་ཁོ་བོ་འབྱུང་ཞིའི་བདུད་ལས་རྒྱལ། །ཞེས་གསུངས། ཕྱིས་ཅོག་སྣ་ནས་ཐེལ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་སུ་གཟིགས་སྟེ་ཕྱག་མཛད་སྐད། ཞེ་དྲུག་ལ་ཁྲིར་ཕེབས། གཙུག་ལག་ཁང་ཀ་བ་བརྒྱ་དང་བརྒྱད་བཅུའི་ས་ལྷ་ཆེན་དུ་མ་གསེར་ཐོག་གསེར་འཕྲུ་དང་བཅས་པ་མཛད། དགེ་འདུན་ཁྲི་ཕྲག་བཅུ་གསུམ་གྱིས་མེ་ཏོག་འཐོར། ཧོར་རྒྱལ་བུ་ཁེར་ཏའི་དམག་གིས་འདམ་དུ་སླེབས་མི་ཆེན་ཀུན་བཀུག་པ་ན་དྲུང་འཁོར་རྟ་དཀར་ཅན་ཁོ་ན་ལྔ་བརྒྱ་སོགས་སྤྲུལ་པའི་འཁོར་གྱིས་བསྐོར་ནས་བྱོན་པས་རྒྱལ་བུས་སྟན་མཉམ་པ་བརྩེགས། རྒྱལ་བུས་ཧེ་རུ་ཀར་མཐོང་ནས་དེ་རིང་བླ་མཆོད་སྟེ་སྔོན་པོ་མིག་གསུམ་མཆེ་བ་དང་བཅས་པར་སྣང་ཨ་ཟེར། སངས་རྒྱས་ཡར་བྱོན་སྙུང་བ་སྤྱན་འདྲེན་པ་ན་དེ་དྲངས་ན་གཤེགས་པར་འགྱུར་ངས་ཁོང་གི་བྱ་བ་བྱེད། ངེད་བཀའ་རྒྱུད་འདི་ཀརྨ་པ་དང་ངེད་གསུམ་ལ་རག་པ་ཡིན་གསུང་ཞིང་ཁོང་གི་མནལ་ལམ་དུ་ཏེ་ལོ་པ་བྱོན་སྟེ་(ཕ༨ན)


PTT001_Page_1389
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་འགྲོ་མི་དགོས་པ་ངས་བྱས་ཡོད་གསུངས་སྟེ་བསྙུན་ལས་གྲོལ། ཧོར་དམག་དེ་ནས་བསློག་ཞིང་ཞབས་ལ་བཏུགས། སླར་མདོ་མང་དང་བཀའ་བསྟན་བཞེངས། རེ་དགུ་ལ་དྭགས་པོ་རྫམ་དུ་ཐེགས། ཐོག་ཁ་བ་རིན་ཆེན་སེང་གེ་ནི་འདན་སྟོད་ཙུ་ངུར་རྡོ་རྗེ་སེང་གེའི་སྲས་བཞིའི་ཐོག་མ་གཅུང་ཨ་ནུ་རྒྱལ་རྡོ་རྗེ་སེང་གེ་མཚམས་བཅད་པ་གྲགས་པ་བསོད་ནམས་སོ། །མེ་ཁྱི་ལ་འཁྲུངས། དེ་མ་ཐག་མ་ཎི་གསུངས། དགུ་ལ་ཡབ་ཡུམ་ལ་ཞུས་སྟེ་གཅུང་རིན་པོ་ཆེའི་དྲུང་དུ་རབ་ཏུ་བྱུང༌། ལོ་བཅུ་བདུན་སྒྲུབ་པ་མཛད། གཅུང་རིན་པོ་ཆེ་གཤེགས་ཀྱང་གདན་སར་མ་བྱོན་སྟེ་བུག་སྒོ་ནས་འགྲོ་དོན་མཛད། ང་གསུམ་པ་ལ་ཁྲིར་ཕེབས་ང་དགུ་པ་ཤིང་སྤྲེ་ལ་ཐེགས། ཚམས་བཅད་པ་ས་ཁྱི་ལ་འཁྲུངས། བཅུ་གསུམ་པ་ལ་གཅེན་ལས་རབ་ཏུ་བྱུང༌། བཅུ་དགུ་ལ་ཆོས་རྗེ་ལ་བསྙེན་པར་རྫོགས། ལོ་བཅུ་གསུམ་སྒྲུབ་པ་མཛད། གནས་སྦྱོང་ལ་བསྟེན་ནས་ཐུགས་རྗེ་ཆེན་པོའི་སྐུའི་བཀོད་པ་རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་གཟིགས་པའི་དེ་མ་ཐག་མཆོག་གི་དངོས་གྲུབ་བརྙེས། ཞེ་བདུན་པ་ཤིང་སྤྲེ་ལ་ཁྲིར་ཕེབས། ལྕགས་ཁྱི་ཞེ་དགུ་ལ་ཐེགས། བཅུ་གཉིས་པ་རྡོ་རྗེ་རིན་ཆེན་ནི་ཀླུང་ཤོད་འཇོན་མར་འཁྲུངས། ཨ་ནུ་རྒྱལ་ལ་རྡོ་རྗེ་རྒྱལ་མཚན། བསོད་ནམས་རྡོ་རྗེ། དཀོན་མཆོག་ཚེས་སྟེ་སྲས་གསུམ་ལས་རྡོ་རྗེ་རྒྱལ་མཚན་ལ་སྲས་བཞིའི་ཐོག་མ་རྗེ་འདི། རྡོ་རྗེ་རྒྱལ་པོ། རྡོ་རྗེ་དཔལ། ཀུན་དགའ་རྒྱལ་མཚན་བཞི་བྱོན། ས་སྟག་ལ་འཁྲུངས། དེ་མ་ཐག་དབྱངས་གསལ་རྣམས་གསུངས། ཡུམ་ལ་གནོད་པ་མ་མཆིས་སམ་གསུངས། རིན་པོ་ཆེས་འདི་སྤྲུལ་པའི་སྐུ་ཡིན་ཞེས་ལུང་བསྟན། ལོ་དྲུག་པ་ལ་ཚམས་བཅད་པའི་སྤྱན་སྔར་ཆོས་ཐམས་ཅད་ལོ་གཉིས་སུ་གསན། བརྒྱད་པ་ལ་རིན་པོ་ཆེ་གཤེགས། སྣུབས་རྡོར་ཡེས་ཀྱིས་གདན་ས་མཛད་པའི་ཚེས་ཧོར་གྱིས་(ཕ༨བ)


PTT001_Page_1390
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་ལོག་བྱས། སྒོ་མང་བཅུ་གསུམ་སོགས་ལྷ་ཁང་ཆེན་མོ་དང་གླིང་བསྲེགས། འཕུར་ནས་ཆུ་འཕན་གྱི་རི་རྩེར་བབ་ཅིང་མཁའ་སྤྱོད་དུ་སོང་བའང་ཁྲི་ཕྲག་ཙམ་བྱུང་བར་གྲགས། ཞལ་ངོ་ཀོང་བོར་བྱོན། སྒོམ་པ་དབོན་པོས་སྟོད་ཧོར་དྲངས། འཇམ་ལམ་བཅད་པས་ས་སྐྱ་པའི་ཏི་ཤྲི་གྲགས་འོད་པས་ཞུས་ནས་གོང་མས་གནང་སྦྱིན་དཔག་མེད་མཛད་ནས་ཚགས་སུ་བཅུག །དགུང་ལོ་བཅུ་གསུམ་པ་ལ་ཁྲིར་ཕེབས་སྟེ་གླིང་བསོས། ཐོག་མར་སྟོན་པའི་དངུལ་སྐུ་བཀྲ་ཤིས་འོད་འབར་བཞེངས། དགེ་འདུན་ཁྲི་ཕྲག་གིས་རབ་གནས་འཐོར། ན་འགག་པ་སློབ་དཔོན་ཡེ་ཤེས་དཔལ་ཁྲི་དཔོན་དུ་བསྐོས། གསེར་ཁང་ཆོས་རྗེ་དང་སྐུ་འབུམ་ཛམ་གླིང་རྒྱན་སོགས་མེ་བརྡུགས་མ་རྣམས་ལ་གསེར་གསོལ། བཀྲ་ཤིས་སྒོ་མང་བཞེངས། རྗེ་རང་བྱུང་པས་གླིང་བསོས་པའི་གཏང་རག་རྒྱ་ཆེར་ཕུལ་ཞིང་ས་ར་ཧ་དངོས་ཡིན་པའི་དྲིས་ལན་དང་བསྟོད་པ་འགྱུར་མེད་བླ་མ་མཛད། ལོ་བདུན་སྒྲུབ་པ་མཛད། ཉེར་བརྒྱད་ནས་རི་ཐེབས་བསོས། སོ་བརྒྱད་པ་ས་སྟག་ལ་ཐེགས། ཆོས་རྗེ་རྡོ་རྗེ་རྒྱལ་པོ་ནི་ཤིང་སྤྲེ་ལ་འཁྲུངས། ཁོ་བོ་རྒྱ་གར་ཡུལ་དུ་མཻ་ཏྲི་པ། ཨོ་ཌྱན་ཡུལ་དུ་པདྨ་འབྱུང་གནས་དང༌། གཙང་གི་ཕྱོགས་སུ་དགེ་ལེགས་རྒྱལ་མཚན་ཡིན། སོགས་གསུངས། ལོ་དྲུག་པ་ལ་ཀོང་པོར་ཕེབས་ནས་ཆོས་ཐོགས་མེད་དུ་གསུང་ཞིང་སློབ་དཔོན་པདྨ་དངོས་སུ་གྲགས། ཆོས་ལུང་ཚོགས་པ་ལས་བསྙེན་པར་རྫོགས། སོ་གཉིས་ལ་ཁྲིར་ཕེབས། ལྷ་ཁང་ཆེན་མོ་བཞེངས། སྣམ་སྦྱར་ཅན་ལྔ་སྟོང་གིས་མེ་ཏོག་འཐོར། ཛམ་བུའི་གསེར་ལས་བཀའ་བསྟན་བཞེངས། ལྔ་བཅུ་ཕྱིན་ཕལ་ཆེར་སྒྲུབ་པ་ལ་བཞུགས། རེ་བདུན་པ་སྟག་ལོ་ལ་ཐེགས། ཉེར་གཉིས་པ་ཆོས་ཀྱི་རྒྱལ་པོ་ནི་ཀུན་དགའ་རྒྱལ་མཚན་གྱི་སྲས་སུ་འཁྲུངས། ཕག་གྲུའི་སྐུ་ལྡེར་ལས་འོད་ཟེར་(ཕ༩ན)


PTT001_Page_1391
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བས་འཇོན་མའི་བར་གསལ་བ་བྱུང༌། བཅུ་གཅིག་ལ་རྗེ་རྡོ་རྗེ་རྒྱལ་པོ་མཇལ། ལྕགས་ཡོས་ལ་གདན་སར་ཕེབས། རྟོགས་ལྡན་གྲགས་སེང་དང་གཡག་སྡེ་པཎ་ཆེན་སོགས་བསྟེན། རྗེ་རོལ་པའི་རྡོ་རྗེ་ལ་ཆོས་གསན། ཏའི་སིདྷུ་ཤཱཀྱ་བཟང་པོ་ཁྲི་དཔོན་དུ་བསྐོས། རྟོགས་ལྡན་གུ་ཡུ་པ་དང་གྲུབ་ཆེན་གཞོན་ནུ་རྒྱལ་མཚན་ལ་གཅུང་ཏེ་ལོ་ཡིན་པར་ལུང་བསྟན་བྱུང༌། བཀའ་བསྟན་དང་སྒོ་མང་བཞེངས། རེ་དྲུག་ལ་ཀུན་སྤངས་མཛད། དོན་གསུམ་ལ་ཐེགས། ཆོས་རྗེ་དོན་གྲུབ་རྒྱལ་པོ་ནི་རྡོ་རྗེ་རྒྱལ་མཚན་གྱི་སྲས་བྱ་ལོ་ལ་འཁྲུངས། ཁྱིམ་མཛད་པའི་སྲས་དབང་རིན་ཆེན་དཔལ་རྒྱལ་ཡིན། སོ་ལྔ་ལ་རབ་ཏུ་བྱུང༌། སྨན་སྒོམ་འོད་ཟེར་སེང་གེ་སོགས་བསྟེན། ཞེ་ལྔ་ལ་ཁྲིར་ཕེབས། ཆུ་བོ་ཟློག་པ་དང་ཉི་ཟླ་གནོན་པ་སོགས་གྲུབ་རྟགས་མང༌། ང་དགུ་ལྕགས་ལུག་ལ་ཐེགས། དབང་རིན་པོ་ཆེ་ནི་ཡབ་ལས་ཆོས་མཐའ་དག་གསན་སྟེ་དབང་གི་ལས་ཀ་བྱུང༌། སྒོམ་པའི་ཁུར་མཛད་ཚེ་ནག་སོག་གིས་ངོ་ལོག་ལོ་རྟ་དཔོན་བསད་རུ་བ་མང་དུ་དེད་པ་ལ་ཁྲི་དམག་མཛད་ནས་བཏུལ། སྒར་ཤུལ་ན་དུད་འགྲོའི་གཙོ་ཕུང་དང་གྲོད་པ་བོར་བ་ལ་ཉི་འོད་ཕོག་པས་ས་ཁེབས་པ་ལ་ཁ་ནས་གཟིགས་པས་བརྒྱལ་སྟེ་ལྷུང༌། ཀྱེ་ཧུད་རིན་ཆེན་སྐུ་རའི་གདུང་རྒྱུད་ལ། །སྡིག་ཅན་བདག་འདྲ་སྐྱེས་སོ་གྲོགས་པོ་དག །ད་ནི་བདག་འདྲ་གསོན་པས་ཅི་ཞིག་བྱ། །ཞེས་སྒོམ་པའི་ཁུར་ཡང་གཏོར་མ་བཞེད་པར་ཕེབས་ནུབ་གསེར་ཁང་གཞལ་མེད་ཁང་དུ་ཧྱིང་ཤ་རྒྱལ་བ་བཟང་པོས་གཟིམས་གཡོག་མཛད་སྟེ་མཚམས་རྩེ་གཅིག་པ་དེ་ནུབ་ནས་ཐེམ་པ་མ་འདས་པ་ལོ་བཅུ་གཅིག་མཛད། ཆོས་རྗེ་གཤེགས་རྗེས་གདན་སར་སྤྱན་དྲངས་པས། བདག་འདྲ་ཐོས་ཆུང་ཤེས་རབ་ཤིན་དུ་བུལ། །གཞན་གྱི་ལམ་སྣ་འདྲེན་པའི་ནུས་པ་མེད། །ཁོ་བོ་ངན་འགྲོའི་གནས་སུ་ལྷུང་(ཕ༩བ)


PTT001_Page_1392
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ན། །ཁྲི་སྐོར་དང་ནི་བུ་ཡིས་ཅི་ཞིག་བྱ། །ཞེས་གསན་མ་བཞེད། ཐམས་ཅད་ཀྱིས་ལུས་སྟོབས་ཀྱིས་ཁྲི་སྤྱན་དྲངས་པ་ན་ཞག་གསུམ་ན་བྲོས་ནས་རྒྱ་ནག་རི་བོ་རྩེ་ལྔ་ལ་བྱོན་སྟེ་ད་དུང་བཞུགས་པར་གྲགས། འབྲི་ཁུང་པ་རྣམས་ཀྱིས་ཐེགས་པ་གསངས་ནས་གཤེགས་རྫུ་བྱས་སྟེ་སྐུ་ལྡད་བཏང་སྐད། ཆོས་རྒྱལ་རིན་ཆེན་དཔལ་བཟང་ནི་དབུར་སྟོད་སྒྲུབ་བྲག་ཚབ་ཏུ་དབང་རིན་པོ་ཆེ་རྒྱལ་སྲིད་སྐྱོང་པའི་སྲས་སུ་ལྕགས་གླང་ལ་འཁྲུངས། དགུང་ལོ་ལྔ་པས་རྒྱ་ནག་གི་འབུལ་སྐྱེལ་ཏའི་ཞིང་ཆེན་པོ་འཁོར་བཅས་ཟིལ་གྱིས་མནན། དད་པ་ཐོབ། མཚན་དཔེས་སྤྲས་པ་གཞན་ལ་བརྡ་སྤྲད། དགུང་ལོ་བདུན་པ་ལ་ཡབ་རྒྱ་ནག་ལ་ཐེགས་ནས་གདུང་རྒྱུད་གཞན་མེད་པའི་ཚེ་ཆེས་སྙུང་པ་ན་ཉིད་ཀྱིས་རིམ་གྲོར་རི་རྒྱ་ལུང་རྒྱ་སྡོམས་གྲིབ་མའི་སྙིང་གར་མེ་བཙའ་རྒྱོབ་གསུངས་སྟེ་དེས་དྭངས། དེའི་ཚེ་སྒྲུའི་ལུང་པ་དཔལ་གྱི་རི་བོ་དང་ཉིད་ཤ་ཝ་རར་གཟིགས་ཤིང་གྲུབ་ཐོབ་བརྒྱད་བཅུ་རྩ་བཞི་ན་མཁར་བྱོན་ནས། ཁྱོད་གར་བསྡད་དཔལ་གྱི་རི་བོ་ཡིན། །ད་ལྟ་ཕར་ཆེར་བདུད་དབང་སོང༌། །སྙིང་པོའི་ཆོས་ཀྱི་སྐལ་བ་མེད། །རེ་ཞིག་རིགས་ཀྱི་བརྒྱུད་པ་སྤེལ། །སྙིང་པོའི་བསྟན་པ་དར་བར་འགྱུར། །ཞེས་གསུང་བ་གསན། ཉིད་ཤ་ཝ་ར་པ་དང་སྲས་ཕྱག་རྡོར་དུ་གཏེར་ཡིག་དག་ལས་ཀྱང་བྱུང་ངོ༌། །བཅོ་ལྔ་པ་ལ་ཐོག་ཁ་གསེར་ཁང་དུ་སྤྱན་དྲངས་སྟེ་གདུང་རྒྱུད་གཞན་མེད་པས་རབ་ཏུ་མ་བྱུང་བ་ཉིད་དུ་དོན་གྱིས་གདན་ས་དང་རྒྱལ་སྲིད་ལྷན་ཅིག་པར་མཛད། དེའི་ཚེ་མཁན་སློབ་ཆོས་གསུམ་སོགས་ཐམས་ཅད་རྗེ་ཙོང་ཁ་པའི་ལུགས་འཛིན་པས་དེ་དག་གི་བླ་མས་གསན་སྦྱོང་ཕུལ་བ་ན་ལྟ་སྒོམ་དང་སྐྱེད་རྫོགས་རྣམས་མདོ་རྒྱུད་ཀྱི་དགོངས་པ་མ་ཡིན་པར་མཁྱེན་ནས། བདག་ནི་སྒྲུབ་རྒྱུད་བསྟན་པའི་རིང་ལུགས་ལ། །སློབ་པར་འདོད་ཀྱང་ཡུམ་དང་ཆེན་པོ་རྣམས། །སྐུ་དབང་ཆེ་བས་བཤེས་གཉེན་འདི་དང་སྦྱར། །ཁོང་གིས་བསྟན་པའི་ལྟ་(ཕ༡༠ན)


PTT001_Page_1393
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གནད་རྣམས་ནི། །གྲུབ་ཆེན་གོང་མ་རྣམས་དང་འགལ་བར་སྣང༌། །ཁོང་གིས་ལོག་པའི་འཁོར་ལོ་བདེ་མཆོག་དང༌། །བདག་ལ་གདོད་ནས་འཆར་བའི་བདེ་མཆོག་གཉིས། །འཇིགས་དུས་བསྣོལ་བའི་ཚུལ་ཡང་མི་མཐུན་འདུག །བདག་གི་སེམས་ཀྱང་འཕྱང་མོ་ཉུག་དུ་གྱུར། །འོན་ཡང་གྲུབ་ཆེན་རྣམས་དང་འབྲལ་མེད་ཕྱིར། །གཉུག་མའི་དོན་ལ་ཐེ་ཚོམ་མེད་མོད་ཀྱང༌། །མཚན་ལྡན་མི་ཡི་བླ་མ་མ་བསྟེན་པས། །འཕྲིན་ལས་ཆུང་བར་བསམས་ནས་དེ་སྐད་སྨྲས། །ཁྱོད་ཚོས་འདི་དག་གཞན་ལ་མ་སྨྲ་ཞིག །ཞེས་གསུངས་ཞིང་བདག་གིས་བདེ་མཆོག་གི་སྐྱེད་རིམ་བསྒོམས་ཚེ་ཞབས་གཡས་ཙོག་སྣའི་སྟེང་དུ་བཞག་པའི་འོག་དུ་དུས་མཚན་གན་རྐྱལ་དུ་འོང་ཞིང་གཡོན་ཅུང་ཟད་བསྐུམས་པ་ཆུ་འཕན་གྱི་རི་རྩེར་བཞག་པའི་འོག་དུ་འཇིགས་བྱེད་ཁ་བུབ་ཏུ་འདུག །གར་སྟབས་མཛད་པས་སྣང་སྲིད་ཐམས་ཅད་ཧེ་རུ་ཀའི་དཀྱིལ་འཁོར་དུ་ལམ་ལམ་འཆར། དཔའ་བོ་རྣལ་འབྱོར་མ་རྣམས་ཀྱི་ཚོགས་ཀྱི་གཙོ་བོ་ཡང་མང་དུ་བྱས། སློབ་དཔོན་གྱིས་གཡས་འཇིགས་བྱེད་དང་གཡོན་དུས་མཚན་མནན་པ་ཅིག་འཆད་ཅིང་འདུག །འོན་ཡང་འཇིག་རྟེན་མགོན་པོ་བཀའ་འབུམ་གྱི་ལུང་ཞིག་ཉན་པ་དེ་སེམས་ལ་ཕན་པ་ཅིག་བྱུང༌། ལྟ་བ་དང་སྐྱེད་རྫོགས་ཀྱང་ང་རང་ལ་གསལ་སྣང་སྐྱེས་པ་དང་གྲུབ་ཆེན་རྣམས་དང་མཐུན་པར་འདུག་གསུངས་སྐད། རིགས་ཀྱི་སྲས་འགར་བཟའ་བསོད་ནམས་སྒྲོལ་མ་ལས་ཆོས་རྒྱལ་རིན་ཆེན་དཔལ་བཟང་དང༌། མངའ་རིས་རྒྱལ་པོའི་སྲས་མོ་ཆོས་རྒྱལ་བཟང་མོ་ཞེས་པ་ལོ་དྲུག་འགྲོ་བ་ན་བདག་འབྲི་ཁུང་དུ་ཤ་ཝ་རའི་དྲུང་དུ་འགྲོ་ཟེར་ནས་ཤིང་གི་སྒྲོམ་དུ་ཁུར་ནས་འབུལ་བ་དང་བཅས་སྟེ་བྱུང་བ་ལ་དབང་རིན་ཆེན་ཆོས་རྒྱལ་འཁྲུངས། བཀའ་རྒྱུད་ཀྱི་གྲུབ་ཆེན་འཇའ་མོ་དགེ་འདུན་མགོན་པོས་ལྟ་སྒོམ་གྱི་གནད་ཞུས་པ་ལ་(ཕ༡༠བ)


PTT001_Page_1394
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་མཉེས་ཀྱང་སྐུ་མདུན་དུ་འགྲོ་མ་བཅུག །གཅོད་པ་ན་མཁའ་རྡོ་རྗེ་ཕྱག་གི་འཛེར་པ་ལ་གཅོད་དམིགས་ཕུལ་བས་སྙུང་ཟུག་འཕྲལ་དུ་ཞི་ནའང་ཆོས་རྗེ་བྱ་བཏང་ལ་ཤོར་ན་ཁྱོད་ལ་ཁག་ཡོད་ཅེས་དམིགས་པ་འབུལ་ཚེ་སྐྱོན་འཛིན་པ་འཇོག །གསེར་གྱི་བཀའ་འགྱུར་ཟླ་གསུམ་ལ་གྲུབ་པ་དང་རྡོ་རྗེ་འཆང་གི་སྐུ་ཆེ་བ་བཞེངས། དགུང་ལོ་རེ་བདུན་གྱི་སྐུ་ཚེའི་ཚད་ཡོད་ཀྱང་བཀའ་རྒྱུད་ཀྱི་གདམས་པའི་སྣོད་མེད་པས་ཐུགས་སྐྱོ་སྟེ་ཞེ་དགུ་ལ་སྤྲུལ་སྐུ་བསྡུས་སོ། །དེའི་སྲས་ཆོས་རྒྱལ་རིན་ཆེན་དཔལ་བཟང་ནི་སྒྲུ་བཀྲ་ཤིས་སྟེང་ཁར་འཁྲུངས། དགུང་ལོ་ཉི་ཤུར་ཁབ་ཏུ་བཞུགས། ཉི་ཤུ་ལ་ཆོས་ལུང་པ་ལས་རབ་ཏུ་བྱུང༌། བཀའ་རྒྱུད་ཀྱི་གསན་བསམ་སོགས་བཀག་ནའང་རང་བྱུང་གི་ཐུགས་དམ་འཁྲུངས། ཉེར་གཉིས་པ་ལ་ཡབ་གཤེགས་པའི་རྟེན་སོགས་རྒྱ་ཆེར་མཛད། ཀོང་པོར་ཆུ་བོ་སྤྱན་གཟིགས་པས་ཟློག་སྤྲུལ་པའི་གྲུས་སྤྱན་འདྲེན་པ་བྱུང༌། ཕྱིས་གདུང་རྒྱུད་ཀྱི་དོན་དུ་བསླབ་པ་འབུལ་བའི་ཚུལ་གྱིས་འགར་བཟའ་རིན་ཆེན་དཔལ་མོ་ཁབ་ཏུ་བཞེས་པ་ལ་འབྲུག་ལོ་ལ་རིན་ཆེན་རྣམ་རྒྱལ། ལུག་ལོ་ལ་རྗེ་ཀུན་དགའ་རིན་ཆེན། ཁྱི་ལོ་ལ་ཆོས་རྒྱལ་བ་རྣམས་འཁྲུངས་སྟེ་རྒྱལ་སྲིད་མཛད། ལོ་འགའ་ན་བཀའ་རྒྱུད་ཀྱི་བསྟན་པ་ཉམས་པས་ཐུགས་སྐྱོ་སྟེ་སོ་དགུ་པ་འབྲུག་ལོ་ལ་སྤྲུལ་སྐུ་བསྡུས་ཞག་ཞེ་དགུར་འོད་གསལ་ལ་བཞུགས། མཐར་རྒྱས་སུ་གདུང་ཐལ་སེར་བ་ལ་གཏོར་བས་ཟློག་ཞིང་སེར་ལམ་གཏན་ཆད་དང་སད་ཀྱི་འཇིགས་པ་ལོ་སྐོར་གཅིག་ཐུབ་སྐད། དབང་རིན་ཆེན་ཆོས་རྒྱལ་ནི་དགུང་ལོ་བཅུ་གསུམ་ནས་ཉི་ཤུའི་བར་ཆོས་ལུང་མཁན་པོ་ཉི་མ་རྒྱལ་མཚན་བསྟེན་སྟེ་བདེ་མཆོག་དུས་འཁོར་སོགས་གསན་སྦྱངས་རྒྱ་ཆེར་མཛད། བཀའ་རྒྱུད་རིན་པོ་ཆེའི་གདམས་པ་གསན་ཡུལ་མ་རྙེད་པ་ན་ཉེར་གཉིས་རིན་པོ་ཆེའི་དངོས་སློབ་ལ་ཕྱི་བ་ན་མཁའ་རྒྱལ་མཚན་(ཕ༡༡ན)


PTT001_Page_1395
[མ་དཔེ་གཟིགས་ན་འདིར་གནོན།]

དང་དེའི་དངོས་སློབ་འདུལ་འཛིན་ངག་དབང་རྒྱལ་མཚན་ལ་གསན་ནས་སྟག་ལུང་ངག་དབང་གྲགས་པ་ལ་བརྒྱུད་པ་རིན་པོ་ཆེའི་གདམས་ངག་ལྷད་མེད་བཞུགས་པར་གསན་ནས་གསན་པར་དགོངས་ཚེ་སྐད་ཅིག་དང་པོ་ལ་སྡེ་ཕན་ཚུན་གྱི་ཁེ་གྲགས་ཀྱི་རྟོག་པ་ཡུད་ཚམ་བྱུང༌། དེ་མ་ཐག་བཀའ་རྒྱུད་རིན་པོ་ཆེའི་གདམས་པ་དྲན་པས་ངར་འཛིན་བཏུལ་སྟེ་བྱོན་ནས་ཐང་འབྲོག་དུ་མཇལ། སྟག་ལུང་རིན་པོ་ཆེས་ཀྱང་སྔར་སྲོལ་བཞིན་གུས་པ་མཛད། འཇིག་རྟེན་མགོན་པོའི་ཟབ་ཆོས་ཐམས་ཅད་ཡོངས་སུ་རྫོགས་ཤིང་ཆོས་བདག་པོ་ལ་འཕྲོད་དོ་གསུངས། འཇིག་རྟེན་གྱི་ཁེ་གྲགས་འབའ་ཞིག་སེམས་པ་རྣམས་དང༌། སྙིང་པོའི་བསྟན་པ་སྣུབ་པར་འདོད་པ་དག་གིས་ཕན་པ་ལྟར་བཅོས་པ་ཅི་ཞུས་ཀྱང་ཐུགས་མ་གཡོས། སྔར་སྐྱོབ་པས་ཕག་གྲུའི་གདན་ས་མཛད་པས་འབྲི་སྟག་དཔོན་སློབ་ཀྱི་མཇལ་ཚུལ་ཡོད་ཀྱང་འདི་ཕྱིན་བཀུར་སྟི་མཉམ་མཛད་དུ་གྱུར། རེ་ཞིག་དབང་གི་ལས་ཀ་དང་སྒོམ་པའི་ཁུར་བཞེས་སྟེ་ཁབ་གཉིས་བཞེས་ཀྱང་སྲས་མ་བཞག་ལྷ་ཁང་ཆེན་མོ་ཞིག་པ་བསོས། གདན་ས་མ་བཞེས་པར་སྒོམ་པ་གཅེན་པོ་ལ་ཕོག་སྟེ་ཐུགས་དམ་གཙོ་བོར་མཛད། སྙིང་པོའི་ཆོས་ཀྱིས་སྐལ་ལྡན་ཡང་མང་དུ་བྱུང་སྟེ་བཀའ་རྒྱུད་ཀྱི་ཕ་རབས་ཟིན། གཅེན་གྱི་སྐུ་རྟེན་དུ་སྟོན་པའི་གསེར་སྐུ་ཆེན་མོ་བཞེངས། རྗེ་ཀརྨ་པ་བདུན་པ་སྤྱན་དྲངས་སྟེ་སྤྲེ་ལོ་དྲུག་པའི་ཉ་ལ་རབ་གནས་མཛད་ཅིང་ཁུ་དབོན་རྣམས་ཀྱིས་ཆོས་མང་དུ་གསན། ཐུགས་དམ་བཀའ་འགྱུར་བཞེངས། སྐུ་ལ་དུག་གིས་མ་ཚུགས། ལུས་འདིའི་བྱ་བ་ཟིན་གསུངས་ནས་མཁར་ཐོག་དུ་ཤིང་བྱི་ལ་ཐེགས། ཉག་རེ་རྟོགས་ལྡན་གྱིས་རྡོ་རྗེ་གདན་ལ་དུ་རུ་ཀའི་དམག་བྱུང་བ་ཟློག་པར་མཁའ་འགྲོས་སྤྱན་དྲངས་པར་མཐོང༌། རྗེ་ཀུན་དགའ་རིན་ཆེན་ནི་སྒྲུ་བཀྲ་ཤིས་སྟེང་ཁར་བལྟམས། (ཕ༡༡བ)


PTT001_Page_1396
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ཚོགས་བསྟན་པའི་བླ་མ་དྲུག་མན་ངག་བསྟན་པའི་བླ་མ་གསུམ་རྣམས་བསྟེན་ཅིང་ཁྱད་པར་དབང་རིན་པོ་ཆེ་ལས་གདམས་ངག་ཐམས་ཅད་རྫོགས་ཤིང་ཐུགས་དམ་གྱི་མཐར་ཕྱིན་པས་སྒོམ་མེད་ཆེན་པོ་མངོན་དུ་མཛད། ཆོས་ལུང་པ་ལས་རབ་བྱུང་བསྙེན་རྫོགས་མཛད། སྔོན་རྗེ་འཇིག་རྟེན་མགོན་པོས་གདན་རབས་བཅུ་གསུམ་པ་ལ་ང་རང་ཡོང་ཞེས་དང༌། ཤར་གླིང་གི་ཚར་ཕུང་ཞིག་ལ་འདི་སྟ་ཡུ་དང་སྟེ་ཡུ་ཉན་པའི་ཚེ་ང་རང་ཡོང་གསུངས་པ་དང་དབོན་རིན་པོ་ཆེ་ལ་ང་ཁྱོད་ཡིན་ཁྱོད་ང་ཡིན་ཞེས་དབྱེར་མེད་པར་གསུངས་ནས་གདན་རབས་བཅུ་གསུམ་པ་ལ་ཁྱོད་ཡོང་དགོས། དེའི་དུས་ཁྱེད་གཉིས་ཀྱིས་ཀྱང་ཁོའི་གྲོགས་གྱིས་གསུངས་པས་རྗེ་འཇིག་རྟེན་མགོན་པོ་ཉིད་བྱོན་པ་སྟེ་སྙིང་པོའི་བསྟན་པ་རྨང་ནས་བསོས་སྟེ་ཆོ་ག་ཆོས་སྤྱོད་ཀྱང་ཉེར་གཉིས་རིན་པོ་ཆེ་ཡན་ལ་ཇི་ལྟར་ཡོད་པ་བཞིན་མཛད་དོ། །སྒོ་མང་ཆེན་མོ་དང་གསུང་རབ་དུ་མ་ཡང་བཞེངས། འཕྲིན་ལས་པ་མི་དབང་མགོན་རྒྱལ་ནི་ཡེ་ཤེས་མགོན་པོ་དངོས་སུ་གྲགས་ལ། ཨ་ཕྱི་དང་དམ་ཅན་སོགས་ཀྱིས་འཕྲིན་ལས་དངོས་སུ་སྒྲུབ། འཕྲིན་ལས་བཞིས་གཞན་དོན་རླབས་པོ་ཆེ་མཛད་སྟེ་མེ་ཕག་ལ་སྤྲུལ་པ་བསྡུས་སོ། །ཁྱད་པར་དུ་རིན་པོ་ཆེ་ཆོས་ཀྱི་རྒྱལ་པོ་སྒོམ་པའི་ཚུལ་གྱིས་ཕག་མོ་རྩེར་བཞུགས་སྟན་ཆགས་པའི་གདུང་རྒྱུད་རིན་པོ་ཆེ་རིམ་པར་བྱོན་པས་ཆོས་དང་སྲིད་ཀྱི་གཙུག་ལག་རྒྱས་པར་མཛད་སྟེ་མདོར་ན་རྗེ་འཇིག་རྟེན་མགོན་པོས་དབོན་རིན་པོ་ཆེ་ལ་གླིང་ལོག་མི་བྱུང་བ་དང་གདུང་རྒྱུད་མི་ཆད་པ་གང་གདམས་གསུངས་པས་གདུང་རྒྱུད་མི་ཆད་པ་གདམ་ཞུས་པས་གདམས་ག་མ་ནོར་ངའི་རྒྱུད་པ་འདི་ཆད་དུ་ཕངས་པ་ཡིན་གསུང་བ་བཞིན་གདུང་རིགས་དྲི་མ་མེད་པས་ད་ལྟའང་ཆོས་ཀྱི་རྒྱལ་སྲིད་མ་ཉམས་པར་སྐྱོང་བར་མཛད་དོ། །ཕག་གྲུ་བཀའ་རྒྱུད་ལས་འབྲི་ཁུང་བཀའ་རྒྱུད་(ཕ༡༢ན)


PTT001_Page_1397
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐབས་ཅུང་ཟད་རྒྱས་པར་བཤད་པའི་སྐབས་སོ། །ཆོས་བྱུང་མཁས་པའི་དགའ་སྟོན་ཞེས་བྱ་བ་དཔལ་གཙུག་ལག་ཕྲེང་བས་སྦྱར་བ་ལས། གསུམ་པ་བོད་ཡུལ་གྱི་སྐབས་ལས་ལེའུ་ཚན་དགུ་པའོ། །བཀའ་རྒྱུད་སྙིང་པོ་འབྲི་ཁུང་བཀའ་རྒྱུད་ཀྱི། །ཆོས་བྱུང་པར་འདི་ལྷུན་པོའི་སྒང་དུ་བསྒྲུབས། །དགེ་བས་རྗེ་བཙུན་བླ་མའི་ཞབས་བརྟན་ཞིང༌། །ཕྲིན་ལས་ནམ་མཁའི་ཁྱོན་ཀུན་ཡོངས་ཁྱབ་ཤོག །བཀྲ་ཤིས་དཔལ་འབར་ཛམ་གླིང་རྒྱན་གྱུར་ཅིག །མངྒ་ལཾ། །(བ༡ན)


previousའབྲི་གུང་བཀའ་བརྒྱུད་ཀྱི་བྱུང་བ་བརྗོད་པ།next