Nitartha Digital Library
Tibetan
ཆོས་འབྱུང་མཁས་པའི་དགའ་སྟོན།


   
   
   
   
   
   
   
   
   
   
   
   
   
ཡུལ་སྤྱི་དང་ཤེས་བྱའི་གཙོ་བོ་རིག་གནས་ལྔ་བྱུང་ཚུལ།


 
previousཡུལ་སྤྱི་དང་ཤེས་བྱའི་གཙོ་བོ་རིག་གནས་ལྔ་བྱུང་ཚུལ།no next

ཡུལ་སྤྱི་དང་ཤེས་བྱའི་གཙོ་བོ་རིག་གནས་ལྔ་བྱུང་ཚུལ།


PTT001_Page_1473
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བྱུང་མཁས་པའི་དགའ་སྟོན་གྱི་ཡན་ལག་ལྔ་པ་ཡུལ་སྤྱི་དང་བྱེ་བྲག་མ་ཕྱེ་བར་ཤེས་བྱའི་གཙོ་བོ་རིག་གནས་ལྔ་ཇི་ལྟར་བྱུང་ཚུལ་བཤད་པ་བཞུགས་སོ། །(ཙ༡བ)


PTT001_Page_1474
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བས་མདོ་རྒྱུད་མང་པོར་ལུང་བསྟན་པ། །ཀླུ་སྒྲུབ་ཡབ་སྲས་ཐོགས་མེད་སྐུ་མཆེད་སོགས། །བསྟན་པ་ཡོངས་སུ་རྫོགས་པའི་པཎྜི་ཏ། །ཕྱོགས་ལས་རྣམ་པར་རྒྱལ་བ་བརྙེས་པ་ཡི། །མཁས་མཆོག་བགྲང་ལས་འདས་པ་བྱོན་རྣམས་ཀྱིས། །འཆད་རྩོད་རྩོམ་པས་བསྟན་པ་རྒྱ་ཆེར་སྤེལ། །ཧེ་རུ་ཀ་དཔལ་དངོས་སུ་གྲུབ་པ་ཡི། །མཆོག་གི་དངོས་གྲུབ་ཐོབ་པའི་རྣལ་འབྱོར་གྱི། །དབང་ཕྱུག་དམ་པ་དཔག་ཡས་བྱོན་རྣམས་ཀྱིས། །མྱུར་ལམ་རྡོ་རྗེ་ཐེག་པའི་གསང་བའི་སྒོ། །ཕྱེ་ནས་སྐལ་ལྡན་དཔག་མེད་བཀྲི་བར་མཛད། །རྒྱལ་བའི་བྱིན་རླབས་མཐུ་ལས་དྲང་སྲོང་དང༌། །ལྷ་ཀླུ་སོགས་ཀྱིས་ཐུན་མོང་རིག་པའི་གནས། །བཟོ་གསོ་སྒྲ་ཚད་ལ་སོགས་ལུགས་བཟང་བསྟན། །ཛམ་གླིང་སྐྱེ་རྒུ་བདེ་ལེགས་གནས་ལ་བཀོད། །དེ་ལྟར་ཤཱཀྱའི་བསྟན་པ་རིན་ཆེན་ལ། །གཅིག་དུ་བྱ་བ་རྒྱ་ཆེན་མཛད་པ་ཡི། །མཁས་གྲུབ་སྐྱེས་ཆེན་དམ་པ་ཐམས་ཅད་ལ། །སྒོ་གསུམ་རབ་ཏུ་དད་པས་ཕྱག་འཚལ་ལོ། །དེ་ཡང་སྙིང་རྗེ་ཆེན་པོ་པད་དཀར་ལས། ཀུན་དགའ་བོ་ང་མྱ་ངན་ལས་འདས་ནས་འོད་སྲུང་དང་ཁྱོད་གཉིས་ལོ་བཞི་བཅུ་ལྷག་ཙམ་དུ་ངའི་དམ་པའི་ཆོས་འཛིན་པར་འགྱུར་རོ། །གྲོང་ཁྱེར་བཅོམ་བརླག་རི་སྤོ་དང་ངོས་ཆེ་བ་ཞེས་བྱ་བར་ཡུལ་གླན་པ་ཅེས་བྱ་བའི་དགེ་སློང་དང༌། ཡང་དེར་དགེ་སློང་དགའ་མཛེས་བྱ་བ་འབྱུང༌། རི་ཨུ་ཤི་རར་དགེ་སློང་(ཙ༢ན)


PTT001_Page_1475
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཁྲི་བཞི་སྟོང་དང༌། གྲོང་ཁྱེར་སྐྱ་ནར་གྱི་བུར་ཀུན་དགའ་ར་བ་ལ་མ་ཞེས་བྱ་བར་དགེ་སློང་རྟ་སྦས་དང༌། དེར་བྱ་གག་གི་ཀུན་དགའ་ར་བར་དགེ་སློང་བླ་མ་དང༌། ཡུལ་ཡན་ལག་དུ་ལོ་ལྔའི་དུས་སྟོན་པ་དགྲ་བཅོམ་པ་ཁྲི་སུམ་སྟོང་དང༌། གྲོང་ཁྱེར་གསེར་གྱི་བྲེར་དགེ་སློང་མཁས་པ་ཅེས་བྱ་བ་དང་ཡང་དག་པར་རྒྱལ་བ་ཅན་ཞེས་བྱ་བ་གཉིས་དང༌། གྲོང་ཁྱེར་གནས་བཅས་སུ་དགེ་སློང་བརྩོན་འགྲུས་ཆེ་དང༌། བྱང་ཕྱོགས་ཀྱི་རྒྱུད་ཡུལ་སྤོས་འཛིན་དུ་དགེ་སློང་འོད་སྲུང་སྟེ་དགེ་སློང་དེ་དག་ཐམས་ཅད་རྫུ་འཕྲུལ་ཆེ་བ་མཐུ་ཆེ་བ་དབང་ཆེ་བར་གྲགས་པ་གསལ་བ་འཇིགས་པ་མེད་པ་མང་དུ་ཐོས་པ་འདུལ་བ་འཛིན་པ་མདོ་སྡེ་འཛིན་པ་མངོན་པ་འཛིན་པ་ཡང་དག་པར་སྟོན་པ་འཛིན་དུ་འཇུག་པ། གཟེངས་བསྟོད་པ། རབ་ཏུ་དགའ་བར་བྱེད་པས་ངའི་བསྟན་པ་རྒྱས་པར་བྱེད་དོ། །བྱང་ཕྱོགས་ཀྱི་རྒྱུད་དུ་གྲོང་ཁྱེར་རྡོ་འཇོག་ཞེས་པར་ཁྱིམ་བདག་རལ་པ་ཅན་ཞེས་པ་འབྱུང༌། དེས་ངའི་ལུས་དང་ཉན་ཐོས་རྣམས་མཆོད་པར་འགྱུར་སྟེ་བསྐལ་པ་སྟོང་ནས་བསྐལ་པ་བཟང་བྱེད་ལ་བཀོད་པ་ཆེན་པོས་ལེགས་པར་བརྒྱན་པའི་འཇིག་རྟེན་དུ་སངས་རྒྱས་ཀུན་དུ་སྣང་བ་ཞེས་བྱ་བར་འགྱུར་རོ། །བྱང་ཕྱོགས་ན་ཕོ་བྲང་རྒྱས་ལྡན་དུ་བྲམ་ཟེ་དང་ཁྱིམ་པ་བསྟན་པ་ལ་དད་པ་མང་པོ་འབྱུང་སྟེ་ཤི་ནས་དགའ་ལྡན་དུ་སྐྱེ་ལ། རབ་ཏུ་བྱུང་བ་ཕལ་ཆེར་ཆོས་བཞིན་མི་སྤྱོད་པས་ལོག་པར་ལྟུང་ངོ༌། །དེང་དགེ་བསྙེན་ཆོས་འཕེལ་ཞེས་བྱ་བ་རྫུ་འཕྲུལ་དང་ལྡན་པ་ཅིག་འབྱུང་ངོ༌། །བྱང་ཕྱོགས་སུ་དགེ་སློང་འཚོ་བྱེད་ཅེས་པ་ཐེག་ཆེན་པ་ཅིག་ལྡན་པ་ཅིག་འབྱུང་སྟེ་དེས་སངས་རྒྱས་ཀྱི་མཆོད་རྟེན་ཞིག་པ་འཆོས་ཤིང་གསེར་གྱིས་བརྒྱན་པ་ལ་སོགས་ལོ་ལྔ་པ་བྱེད་དུ་འཇུག་ཅིང་བདེ་བ་ཅན་དུ་སྐྱེའོ། །མཐའ་འཁོབ་ཀྱི་ཡུལ་ནགས་ཀྱི་ས་ན་རྒྱལ་པོའི་ཕོ་བྲང་ཞི་བ་ན་རྒྱལ་པོ་མེས་སྦྱིན་ཞེས་བྱ་བས་སྐུ་གདུང་དང་ཉན་ཐོས་རྣམས་མཆོད་སྟེ་དེར་དགྲ་བཅོམ་པ་སུམ་སྟོང་ལྷག་ཙམ་འདུའོ། །བྱང་ཕྱོགས་ཀྱི་རྒྱུད་ན་གྲོང་ཤིང་ཀུན་སྐྱེ་བ་ཞེས་བྱ་བར་ཚེམས་མཆེ་བ་ལ་མཆོད་པ་རྒྱ་ཆེན་པོ་བྱེད་ཅིང་དགེ་སློང་ཁྲིམས་ལྡན་མང་དུ་འབྱུང་སྟེ་ཐམས་(ཙ༢བ)


PTT001_Page_1476
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཐེག་པ་གསུམ་གྱིས་མྱ་ངན་ལས་འདའ་སྟེ་དེ་རྣམས་ཀྱིས་ངའི་བསྟན་པ་རྒྱས་པར་བྱེད་པར་འགྱུར་གྱིས་མྱ་ངན་མ་བྱེད་ཅེས་གསུངས་སོ། །ལངྐར་གཤེགས་པར། ལྷོ་ཕྱོགས་བེ་དའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཞེས་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིགས་པ། །ང་ཡི་བསྟན་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་སྟེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་དང༌། འཇམ་དཔལ་རྩ་རྒྱུད་ལས། དེ་བཞིན་གཤེགས་པ་ང་འདས་ནས། །ལོ་ནི་བཞི་བརྒྱ་ལོན་པ་ན། །དགེ་སློང་ཀླུ་ཞེས་དེ་འབོད་འབྱུང༌། །བསྟན་པ་ལ་ནི་དད་ཅིང་ཕན། །རབ་ཏུ་དགའ་བའི་ས་ཐོབ་པ། །ལོ་ནི་དྲུག་བརྒྱ་དག་དུ་འཚོ། །རིག་པ་རྨ་བྱ་ཆེན་མོ་ནི། །བདག་ཉིད་ཆེན་པོ་དེས་ཀྱང་འགྲུབ། །བསྟན་བཅོས་སྣ་ཚོགས་དོན་དང་ནི། །དངོས་པོ་མེད་པའི་དོན་དེ་རིག །གང་ཚེ་ལུས་དེ་བོར་པ་ན། །བདེ་བ་ཅན་དུ་སྐྱེ་བར་འགྱུར། །དེ་ནི་མཐར་གྱིས་སངས་རྒྱས་ཉིད། །ངེས་པ་ཁོ་ནར་ཡང་དག་འཐོབ། །ཅེས་ཀླུ་སྒྲུབ་ལུང་བསྟན་ནོ། །ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་ཀྱི་ནི་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །འཇིག་རྟེན་རིག་པ་སྟོན་བདག་ཉིད། །གཞུང་འབྱེད་ངང་ཚུལ་ཅན་དུ་འགྱུར། །དེ་ཡི་རིག་པ་གྲུབ་པ་ནི། །པ་ལའི་ཕོ་ཉ་མོ་ཞེས་བརྗོད། །དེ་ཡི་སྔགས་ཀྱི་མཐུ་ཡིས་ནི། །བློ་ནི་བཟང་པོ་སྐྱེ་བར་འགྱུར། །བསྟན་པ་ཡུན་རིང་གསལ་བྱའི་ཕྱིར། །མདོ་ཡི་དེ་ཉིད་དོན་སྡུད་བྱེད། །ལོ་ནི་བརྒྱ་དང་ལྔ་བཅུར་འཚོ། །དེ་ལུས་ཞིག་ནས་ལྷ་ཡུལ་འགྲོ། །འཁོར་བ་རྣམས་སུ་འཁོར་བ་ན། །ཡུན་རིང་བདེ་བ་རྗེས་མྱོང་ནས། །བདག་ཉིད་ཆེན་པོ་མཐར་གྱིས་ནི། །བྱང་ཆུབ་འཐོབ་པར་འགྱུར་བ་ཡིན། །ཞེས་ཐོགས་མེད་ལུང་བསྟན་ནོ། །ང་ནི་མྱ་ངན་འདས་འོག་དུ། །ལོ་ནི་དགུ་བརྒྱ་ལོན་པ་ན། །ཞེས་ཟེར་བ་ནི་རྒྱུད་ན་མེད་དོ། །འོན་ཡང་རྒྱའི་སློབ་དཔོན་རྫོགས་(ཙ༣ན)


PTT001_Page_1477
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་གྱིས་དགོངས་འགྲེལ་གྱི་འགྲེལ་པར་བྲིས་པའོ། །ཕྱི་མ་དེ་ཚེ་དུས་དག་དུ། །དགེ་སློང་དགྲ་བཅོམ་ཞེས་བྱ་བ། །དེ་ནི་སྔགས་དོན་བདག་ཉིད་ཅན། །རྒྱུད་ཤེས་དེ་བཞིན་མང་དུ་ཐོས། །གནོད་སྦྱིན་སྔགས་ནི་རབ་བརྗོད་པས། །དེ་ལ་བུམ་པ་བཟང་པོ་གྲུབ། །ཅེས་སོགས་ཀྱིས་དགྲ་བཅོམ་ལུང་བསྟན་ནོ། །དགེ་སློང་མང་དུ་ཐོས་པ་ནི། །དེ་ཡི་ཚེ་ན་འབྱུང་འགྱུར་བ། །མ་ཁོལ་ཞེས་ཀྱང་བྱ་བ་སྟེ། །ང་ཉིད་ཀྱི་ནི་བསྟོད་བྱེད་པ། །ཇི་བཞིན་ཡོད་ཏམ་བཟང་པོ་ནི། །ཇི་ལྟ་བཞིན་དུ་བརྗོད་པར་འགྱུར། །ཀུན་ནས་སེམས་ནི་རབ་དང་ཞིང༌། །སངས་རྒྱས་རྣམས་ཀྱི་བསྟན་ལ་དད། །སྒྲུབ་དཀའ་སྔགས་ནི་རབ་གྲུབ་ཅིང༌། །འཇམ་པའི་དབྱངས་ཀྱིའང་དེ་བཞིན་ནོ། །ཡོན་ཏན་ལྡན་ཞིང་ཚུལ་ཁྲིམས་ལྡན། །མང་དུ་ཐོས་ཤིང་ཆོས་ཀྱང་སྨྲ། །ཞེས་པ་ནས་ཐམས་ཅད་མཁྱེན་པའི་བྱང་ཆུབ་འཐོབ། ཅེས་པའི་བར་གྱིས་མཱ་ཏི་ཅི་ཏྲ་ལུང་བསྟན་ནོ། །སྟོན་པའི་གསུང་རབ་ས་སྟེང་དུ། །དུས་མཐའ་འཇིག་རྟེན་ཉམས་པ་ན། །སྡོམ་བརྩོན་རྒྱལ་པོའི་ཚུལ་གྱིས་ནི། །བྱུང་བས་འགྱུར་བར་ཐེ་ཚོམ་མེད། །དཔེར་ན་མ་ཁོལ་ཞེས་བྱ་དང༌། །མེ་ཏོག་ཞེས་བྱར་རྣམ་པར་གྲགས། །ཡི་གེ་མ་ཞེས་གཞོན་ནུ་ཞེས། །དང་པོ་ཐ་མར་ཆོས་ལ་དགའ། །ཀླུས་བོས་ཞེས་ཀྱང་རྣམས་པར་གྲགས། །རིན་ཆེན་འབྱུང་ཞེས་བྱ་མིང་དང༌། །ཡི་གེ་ག་ཞེས་གཞོན་ནུ་ཞེས། །ཡི་གེ་བ་ཞེས་ཆོས་སེམས་བྱེད། །ཡི་གེར་ཨ་མིང་བདག་ཉིད་ཆེ། །སྟོན་པའི་བསྟན་པ་གཅེས་འཛིན་བྱེད། །བློ་ལྡན་ཡོན་ཏན་ཀུན་གྱིས་བཏུད། །དང་པོའི་ཡེ་གེ་ལ་ཞེས་བསྟན། །ཞི་བ་སྟེ་ཤཱནྟི་པར་གྲགས་སོ། །རྒྱལ་པོ་སངས་རྒྱས་པ་ཡི་ཕྱོགས། །སྟོན་པའི་བསྟན་པ་གསལ་བར་བྱེད། །སྡོམ་བརྩོན་ཡི་གེ་ཨཱ་ཨཱ་ནནྟ་གརྦྷ་ཀུན་དགའ་སྙིང་པོ་ཞེས་བསྒྲགས། །བྲམ་ཟེ་ལས་ནི་རབ་ཏུ་བྱུང༌། །གྲོང་ཁྱེར་གནས་བཅས་གནས་པ་སྟེ། །དེ་བཞིན་ཚེ་ནི་བརྒྱད་བཅུར་འཚོ། །དང་ཡིག་ཡི་གེ་ཨ་དགེ་སློང༌། །ལྷོ་ཡི་ཕྱོགས་སུ་འབྱུང་(ཙ༣བ)


PTT001_Page_1478
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར། །བློན་ལྡན་ཚེ་ནི་དྲུག་བཅུར་འཚོ། །ཀ་ཤི་ཞེས་བྱའི་གྲོང་དུ་གནས། །ཡི་གེ་དྷ་དྷརྨ་ཀིརྟི་ཞེས་སྡོམ་བརྩོན་ཉིད། །ལྷོ་ཡི་ཕྱོགས་སུ་རྣམ་པར་བསྒྲགས། །ཕ་རོལ་རྒོལ་པ་བཟློག་ནས་ཀྱང༌། །དེ་བཞིན་སྡོམ་བརྩོན་སྔགས་ཀྱང་གྲུབ། །གཞན་ཡང་རབ་བྱུང་དམ་པ་ནི། །སིང་ག་ལ་ཡི་གྲོང་ན་གནས། །འཕགས་པ་མིན་ལ་འཕགས་ལྷ་པའི་མིང༌། །སིང་ག་ལ་ཡི་གླིང་ན་གནས། །ཕ་རོལ་རྒོལ་པ་བཟློག་ནས་ནི། །མུ་སྟེགས་རྣམས་ཀྱི་སྔགས་སུན་ཕྱུང༌། །དེ་དུས་འཇིགས་སུ་རུང་བ་ཡི། །དུས་ཀྱི་མཐའ་ལ་འབྱུང་བར་འགྱུར། །ཡི་གེ་ད་དང་ལ་དིཥྚ་ས་ན་དང་པོར། །སྡོམ་བརྩོན་གང་ཞིག་རབ་གསུངས་དང༌། །ཡི་གེ་ར་དང་བ་རཱ་ཧུ་ལ་ཤྲི་དང་པོར། དགེ་སློང་གང་ཞིག་རབ་བྱུང་གསུངས། །སྟོན་པའི་བསྟན་པ་གསལ་བྱེད་པ། །འབྱུང་བར་འགྱུར་བར་ཐེ་ཚོམ་མེད། །རྒྱལ་པོ་ནག་པོ་ཞེས་བྱ་བར། །ཡི་གེ་མ་ཞེས་སྡོམ་བརྩོན་འབྱུང༌། །མཆོད་རྟེན་ཀུན་དགའ་ར་བ་གནས། །རྫིང་དང་ཁྲོན་པའང་ཐམས་ཅད་དུ། །སྟོན་པའི་གཟུགས་བརྙན་དེ་བཞིན་བརྟགས། །གཟིངས་དང་ཟམ་པ་ཉིད་རྣམས་ནི། །བྱེད་པར་འགྱུར་བར་ཐེ་ཚོམ་མེད། །ཚོན་གྱིས་ལུས་ཞིག་མཐོ་རིས་འགྲོ། །དེ་ནས་ཡི་གེ་ས་དང་ཀ། དང་པོ་དག་དུ་བརྗོད་པ་དང༌། །དེ་བཞིན་ཡི་གེ་ར་དང་གྷ། །དང་པོ་དག་དུ་རབ་བརྗོད་དང༌། །དང་པོར་ཡི་གེ་པ་དང་ནི། །ལགས་བཞིན་ལེགས་སྟེ་སྡེ་ཞེས་བསྟན། །སྦྱིན་བྱེད་སྦྱིན་པར་བྱེད་པ་ཉིད། །གཞན་གྱི་གྲུབ་མཐའ་སུན་བྱེད་པ། །ཚོང་པ་སྔོན་དང་སྨན་པ་སྟོན། །གཉིས་ཀ་སྦྱིན་བྱེད་སྣ་ཚོགས་བྱེད། །ཡི་གེ་པ་ཞེས་སྡོམ་བརྩོན་བསྒྲུབས། །དེ་ལས་གཞན་དང་ཡི་གེ་ར། །དང་པོ་ཡི་གེ་བ་གྲགས་དང༌། །སྟོན་པའི་གཟུགས་བརྙན་དོན་ཡང་བྱེད། །བློ་ལྡན་དང་པོ་ཡི་གེ་མ། །དེ་བཞིན་སྡོམ་བརྩོན་དད་པ་འབྱུང་ཤཱང་དྷ་ཀ་ར། །རྣམ་པ་དུ་མ་སྡོམ་བརྩོན་གསུངས། །དེ་ཚེ་མཐའ་ཡས་འབྱུང་བར་འགྱུར། །བྷ་སུ་བན་དྷུ་དབྱིག་གཉེན་སྡོམ་བརྩོན་ཐམས་ཅད་བསྒྲགས་པ་ཡང༌། །སྟོན་པའི་བསྟན་པ་གསལ་བྱེད་པའོ། །བསྟན་པ་དེ་(ཙ༤ན)


PTT001_Page_1479
[མ་དཔེ་གཟིགས་ན་འདིར་གནོན།]

ཚོ་ས་སྟེང་དུ། །རྣམ་པར་ཉམས་ཤིང་སྣང་མེད་ལ། །སྟོན་པའི་གཟུགས་བརྙན་ཡིད་དུ་འོང༌། །བྱེད་པར་འགྱུར་བར་ཐེ་ཚོམ་མེད། །ཐམས་ཅད་བྱང་ཆུབ་ལུང་བསྟན་སྟེ། །ང་ཡི་བྱང་ཆུབ་མཆོག་འཐོབ་འགྱུར། །དེ་བཞིན་འཇིག་རྟེན་སྦྱིན་གནས་འགྱུར། །སྲིད་པ་གསུམ་གྱི་མཐར་ཡང་བྱེད། །སྔགས་དང་རྒྱུད་ལ་མངོན་བརྩོན་པས། །གྲགས་པ་འཛིན་པར་ཤེས་པར་བྱ། །ཞེས་སྡོམ་བརྩོན་རྣམས་ལུང་བསྟན་ལ། དེ་ནས་བྲམ་ཟེ་ཁྱིམ་ན་གནས་པས་བསྟན་པ་ལ་བྱ་བ་བྱེད་པ་ནི། བྲམ་ཟེར་ཆོས་ཀྱི་ངང་ཚུལ་ཅན། །ད་ནི་རབ་ཏུ་བརྗོད་པར་བྱ། །སྔགས་དང་རྒྱུད་ལ་མངོན་བརྩོན་པས། །རྒྱལ་པོའི་ལུགས་ལ་ཉེ་བར་གནས། །དེ་ཚོ་མི་བཟད་དུས་དག་དུ། །འཇིག་རྟེན་ཀུན་ལ་འབྱུང་བར་འགྱུར། །ཡི་གེ་པ་ཞེས་བྲམ་ཟེ་མཆོག །ཕྱུག་ཞིང་རིག་བྱེད་ཕ་རོལ་ཕྱིན། །དེ་འདིར་ས་རྣམས་མ་ལུས་པར། །རྩོད་པའི་ཕྱིར་ནི་རབ་ཏུ་རྒྱུ། །མཚོ་གསུམ་ས་ཡི་མཐར་ཐུག་པར། །ཕ་རོལ་མུ་སྟེགས་རྩོད་ལ་དགའ། །གང་ཕྱིར་དང་པོ་གཙོ་བོའི་ཚིག །སེམས་ཅན་རྣམས་ལ་ཕན་འདོད་པས། །གཞོན་ནུས་ཡོངས་སུ་གསུངས་གྱུར་པ། །ཡི་གེ་དྲུག་པའི་སྔགས་ཀྱང་ཟློས། །ཆོ་ག་རབ་འབྱམས་འདི་དག་ལས། །དེས་ནི་དེ་ཕན་དེ་ལ་བསྟན། །རྒྱལ་དང་ལེགས་པར་རྒྱལ་པ་དང༌། །གྲགས་ལྡན་དགེ་བ་དེ་ལས་གཞན། །རིགས་ལྡན་ཆོས་དང་ལྡན་པ་དང༌། །བརྩོན་ལྡན་ལེགས་པོ་ཁྱབ་འཇུག་དང༌། །སྦྲང་རྩི་སྦྲང་རྩི་བཟང་པོ་དང༌། །དེ་བཞིན་གྲུབ་དང་ལེགས་བྲལ་དང༌། །ར་གྷ་བ་དང་དམངས་རིགས་དང༌། །དེ་བཞིན་ཀཱ་ཤིར་སྐྱེས་པ་གཞན། །གཞོན་ནུ་འདི་ཡི་བཟླས་པ་ལ། །ཐམས་ཅད་ཀུན་ཡང་འབྱུང་བར་འགྱུར། །དེ་དག་ཀུན་ཡང་བཟང་པོ་སྟེ། །བློ་ལྡན་མང་དུ་ཐོས་པ་ཡིན། །ཞེས་དང༌། དེ་འོག་རྣམ་པར་གྲགས་པ་ནི། །བྲམ་ཟེ་ཡི་གེ་དང་པོ་ཨ། །ཆོས་དོན་དགེ་བ་ལྡན་བདག་ཉིད། །བདེན་པར་སྨྲ་ཞིང་དབང་པོ་ཐུལ། །ཞེས་པ་དང༌། དེ་འོག་རྣམ་པར་གྲགས་པ་ནི། །བྲམ་ཟེ་ཆོས་དོན་སེམས་བྱེད་པ། །དེ་ནས་མཐར་(ཙ༤བ)


PTT001_Page_1480
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཡང་ཡིག་ཤ། མ་ལའི་ཡུལ་དུ་དེ་ཉིད་འབྱུང༌། །ཞེས་དང༌། དེ་འོག་རྣམ་པར་གྲགས་པ་ནི། །ལྷོ་ཡི་ཕྱོགས་སུ་བྲམ་ཟེ་ནི། །ཡི་གེ་དང་པོ་བ་བསྟན་པ། །སྟོན་པའི་བསྟན་ལ་དེ་གཙོ་བྱེད། །མཆོད་རྟེན་ཀུན་དགའ་ར་བ་གནས། །སྟོན་པའི་གཟུགས་བརྙན་ཡིད་འོང་གིས། །ས་ནི་རྒྱ་མཚོ་གཉིས་མཐར་ཐུག །ཐམས་ཅད་ཀྱི་ནི་རྒྱན་དུ་བྱས། །དེ་འོག་རྣམ་པར་གྲགས་པ་ནི། །བྲམ་ཟེའི་གཙོ་བོ་ནོར་ཆེན་ལྡན། །དང་པོ་ཡི་གེ་ན་ཞེས་པ། །ལྷོ་ཡི་ཕྱོགས་སུ་ཡང་དག་བརྟེན། །བདག་ཉིད་ཆེན་པོ་སྔགས་ཟློས་ལྡན། །ངེས་པར་བྱང་ཆུབ་གཞོལ་བར་འགྱུར། །ཞེས་པ་འདི་གཉིས་དབྱིག་གཉེན་དང་ཕྱོགས་གླང་ལ་སྦྱོར་བ་མང་ཡང་སྡོམ་བརྩོན་ལས་ལོགས་སུ་ཕྱེ་བའི་བྲམ་ཟེ་ཡིན་པས་མ་ཡིན་ནོ། །དབུས་ཀྱི་ཡུལ་དུ་བྲམ་ཟེ་ནི། །བྲམ་ཟེ་གང་བ་བཟང་ཞེས་པ། །འདུལ་བ་དང་ནི་ཚུལ་བཟང་ཉིད། །གང་བ་བཅོམ་རླགས་ཉིད་དུ་གནས། །དང་ཡིག་བྷ་ནི་ནོར་གྱི་སྤྱན། །རྒྱལ་པོ་རྣམས་ཀྱིས་སྔགས་མཆོད་བྱེད། །བྲམ་ཟེ་འདི་དག་བསྟན་པ་ནི། །སྟོན་པའི་བསྟན་པ་མཆོད་བྱེད་པའོ། །ཞེས་བྲམ་ཟེ་ལུང་བསྟན་པ་ཞིང༌། རྒྱལ་པོ་ལུང་བསྟན་ནི་རྒྱ་གར་ནག་སོགས་ཀྱི་རྒྱལ་རབས་སོ་སོར་བཀོད་ཟིན་ལ། བློ་ལྡན་ལོ་ཧི་ཏ་ལས་གཞན། །ཞེས་སོགས་རྔོག་ལོ་ཆེན་པོའི་ལུང་བསྟན་དུ་འདོད་པའང་མ་ཡིན་སྟེ་དེ་རྒྱལ་པོ་སེང་གེ་ལྔ་པའི་ལུང་བསྟན་ཡིན་ལ། འདི་ནས་བྱང་ཕྱོགས་གངས་འགྲམ་དུ། །བློན་ལྡན་གང་ཞིག་འབྱུང་འགྱུར་བ། །ང་ཡི་བསྟན་པ་འཛིན་བརྩོན་ཞིང༌། །ཡི་གེའི་སྐད་དང་བཤད་བྱ་ལ། །བློ་གྲོས་ཐོགས་པ་མེད་པ་འབྱུང༌། །ཞེས་པ་འདི་འབྱོར་རོ། །སྔོན་སངས་རྒྱས་ཀླུ་རིགས་སྒྲོན་མའི་དྲུང་དུ་རྒྱལ་པོ་བརྩོན་ཆེན་པོའི་ཀླུས་ཤཱཀྱའི་བསྟན་པ་མཐའ་མ་ལ་ཆོས་ཀྱི་སྒྲ་ཆེན་པོ་ལན་གསུམ་བསྒྲགས་སྟེ་མུ་སྟེགས་མགོ་བྱི་རྣམས་བསྐྲད་ནས་ཆོས་ཕྱིར་སྲོག་འདོར་བར་གྱུར་ཅིག་ཞེས་སྨོན་ལམ་བཏབ་སྟེ་ད་ལྟའི་ལི་ཙཱ་ཝི་མཐོང་ན་དགའ་འདི་ཡིན་ཕྱིས་ལྷོ་ཕྱོགས་ཀྱི་རྒྱུད་དུ་རྒྱལ་པོ་རྒུད་པ་གསོ་བའི་ཚེ་ལོ་བརྒྱད་བཅུ་ན་དམ་ཆོས་ནུབ་པར་(ཙ༥ན)


PTT001_Page_1481
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་པའི་ཚེ་ལྷོ་ཕྱོགས་སུ་དྲང་སྲོང་བྱ་བའི་ཡུལ་བསོད་ནམས་ལྡན་པའི་གྲོང་བྱེ་མ་ཆེན་པོ་འབབ་ཆུ་མཛེས་འབྱོར་གྱི་འགྲམ་རྗེ་རིགས་འབྲོ་གོ་ཅན་གྱི་ས་ཕྱོགས་སུ་ངའི་མིང་ཅན་དུ་སྐྱེས་ནས་སངས་རྒྱས་ཀྱི་བྱ་བ་བྱེད་དོ། །བློན་པོ་དམ་ཆོས་དཀྱིལ་འཁོར་གྱི་མཛོད་ཀྱི་ཤཱཀྱའི་བསྟན་པ་འབྱིན་པའི་རྒྱལ་པོར་སྨོན་པ་ནི་ད་ལྟར་གྱི་བྲམ་ཟེ་ཀཽཎྜི་ནྱ་འདི་ཡིན་སྟེ་ང་འདས་ནས་ལོ་བརྒྱ་ཉི་ཤུ་ན་མཽ་རྻའི་རིགས་སུ་རྒྱལ་པོ་མྱ་ངན་མེད་ཅེས་ཕྱེད་ཀྱི་འཁོར་གྱུར་དུ་འགྱུར་རོ། །རྒྱལ་པོ་ཀླུའི་བཙུན་མོ་དམ་པས་ཀྱང་དེ་ཚེ་བུད་མེད་ཀྱི་ལུས་ཀྱིས་རྒྱལ་སྲིད་བྱེད་ཅིང་མུ་སྟེགས་ཐམས་ཅད་འདུལ་བར་སྨོན་པའི་ལྷ་མོ་དྲི་མ་མེད་པའི་འོད་ཁྱོད་ཉིད་སྟེ་ང་འདས་ནས་ལོ་བདུན་བརྒྱ་ན་ལྷོ་ཕྱོགས་ཡུལ་འཁོར་མུན་པ་ཅན་ཆུ་ཀླུང་ནག་པོ་བཟང་བྱེད་ཀྱི་ལྷོ་འགྲམ་གྲོང་ཁྱེར་དཔལ་ཡོན་ཅན་དུ་རྒྱལ་པོ་རྒུད་པ་གསོ་བའི་མི་རབས་གསུམ་པར་རྒྱལ་པོ་དཔལ་འཕེལ་གྱི་བུ་མོ་ལོ་ཏོག་འབྱོར་མར་སྐྱེས་ནས་རྒྱལ་པོ་བྱས་སྟེ་བསྟན་པ་མཆོད་ཅིང་བདེ་བ་ཅན་དུ་སྐྱེས་ནས་མ་འོངས་པ་ན་སངས་རྒྱས་སུ་འགྱུར་རོ། །དེ་བཞིན་གཤེགས་པ་ཀླུ་སྒྲོན་ངའི་ཉན་ཐོས་ཀྱི་མཆོག་མིང་ཆེན་གྱིས་ཀྱང་ཤཱཀྱའི་བསྟན་པ་ལ་ཆོས་སྨྲ་བས་སྨོན་པ་ནི་འོད་སྲུང་ཆེན་པོ་འདིའོ། །ལི་ཙཱ་ཝི་མཐོང་ན་དགའ་ནི་འཇིག་རྟེན་དང་བའི་འོད་ཏུ་སངས་རྒྱས་འོད་འབྱེད་ཡེ་ཤེས་འབྱུང་གནས་སུ་ལུང་བསྟན་ཏེ། ཅེས་དང༌། མགོན་པོ་མངོན་འབྱུང་གི་རྒྱུད་ལས་ཀྱང༌། ཉ་པ་ཅིག་ཉ་ཡིས་ཟོས་ནས་ཤི་བ་དང་རྣལ་འབྱོར་པ་རཱ་རི་ཀ་ཅེས་པར་གྱུར་ནས་དེས་ཆུ་བོ་གངྒཱ་ལ་ཆང་འཕངས་པ་ཆུ་ཚོད་གཅིག་ན་ཡུལ་པ་ད་ཧ་ཞེས་པར་འགྱུར་རོ། །དེའི་སྔགས་ཀྱི་འབྲས་བུས་མཁའ་འགྲོ་དང་མཁའ་འགྲོ་མ་འཆིང་ངོ༌། །ཞེས་པ་དང༌། ཡུལ་ཨུ་རུ་བ་ས་དེར་སྐྱེས་བུ་བརྩོན་འགྲུས་ཆེན་པོའི་འབྱོར་བ་དང་ལྡན་པ་མ་ཎིའི་ཀ་དང་མཚུངས་པ་སྡེ་ཚན་དང་པོའི་ཀ་ལ་དབྱངས་ཡིག་དང་པོས་བརྒྱན་པ་སྡེ་ཚན་བདུན་པའི་བཞི་པ་ཅུང་ཟད་ན་གཞོན་པའི་མིང་ཅན་དུ་རྣལ་འབྱོར་དབང་པོ་གཅིག་པོ་འདིས་དངོས་གྲུབ་ཆེན་པོ་བརྒྱད་ཐོབ་པར་འགྱུར་རོ་ཞེས་ཀཧྣ་པ་སྟེ་ནག་པོ་སྤྱོད་པ་ལུང་བསྟན་ནོ། །(ཙ༥བ)


PTT001_Page_1482
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དེའི་སློབ་མ་རྣལ་འབྱོར་པ་དྲུག་གིས་ལུས་དངོས་པོ་སྤངས་པའི་ཕྱག་རྒྱ་ཆེན་པོ་འཐོབ་པར་འགྱུར་རོ། །ཞེས་དང༌། པཎྜི་ཏ་རྣམས་ཀྱི་གཙོ་བོར་གྱུར་པ་ཆོས་ཀྱི་གྲགས་པ་ཅེས་པར་གྲགས་པ་འདི་དང༌། སྐྱེས་བུ་དྲུག་བསྟན་པ་ལ་ཕན་པ་ཚངས་པར་སྤྱོད་པ་ལ་གནས་པ་རྣམས་ཀྱིས་གྲུབ་བོ། །ཕྱི་ནས་མ་ཧི་ལ་དང་སཱཾ་ག་ར་དང་བྷ་བྱ་གྷོ་ཤ་དང་ཧ་བྲ་ཀརྣ་ཞེས་པའི་མིང་ཅན་ཡོངས་སུ་སྐྱོང་བ་རྣམས་ལོ་བཅུ་གསུམ་གྱི་གྲུབ་པ་འཐོབ་པར་འགྱུར་རོ། །ཞེས་དང༌། དེ་ལས་ལྷོ་ཕྱོགས་སུ་གྲོང་ཁྱེར་ཨ་ཛཱར་ཡོ་གི་ནི་ཞེས་འབྱུང་སྟེ། དེར་ཀླུ་སྒྲུབ་ཅེས་བྱ་བའི་རྣལ་འབྱོར་པས་ཤིང་ཤལ་ཞོན་པ་གོ་པཱ་ལ་ཞེས་པ་ལ་རྒྱལ་པོ་བྱིན་པས་བུ་ཤི་ནས་པ་ཧ་ནའི་ཚ་བོ་ལ་སོགས་པའི་རྒྱལ་པོ་འབྱུང་ངོ༌། །ཞེས་སོ། །དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་ལས། དགེ་སློང་སློབ་དཔོན་ཀླུ་སྒྲུབ་ཅེས་བྱ་མ་ལུས་ཡོན་ཏན་འབྱུང་ཁུངས་སེམས་ཅན་ཀུན་ལ་ཕན་འདོགས་པ། །སློབ་དཔོན་བློ་བརྟན་ཞེས་བྱ་གཅོད་བྱེད་ཚེ་ཡི་གྲུབ་པ་སྟོང་ཕྲག་བཅུ་དང་བཅས་པ་རྣམས། །ཅེས་བྱ་བ་དང༌། དགེ་བཅུའི་ལམ་གྱིས་གྲུབ་པར་གྱུར་པ་འཕགས་པ་ལྷ་དང་ཕ་བའི་ན་བཟའ་རྟ་དབྱངས་དང༌། །ཕྱོགས་ཀྱི་གླང་པོ་གཞན་ལ་ཕན་པའི་བསམ་པ་ཟླ་བ་པདྨའི་མྱུ་གུས་ཞེས། །མ་འོངས་བྷ་ས་ལ་ཡི་རྟག་པའི་རྒྱལ་པོ་མ་ལུས་ནག་པོ་རྒྱལ་པོ་ཨིན་དྲ་བོ་དྷི་དང༌། །ཞེས་པ་དང༌། ཡེ་ཤེས་མིང་ཅན་རྡོ་རྗེ་དྲིལ་བུ་ལག་ལྟུང་དག་ཡང་དེ་བཞིན་ཐོད་པར་ཆང་འཐུང་ཞིང༌། །ཁ་ཊཱཾ་ག་དང་རུས་པའི་རྒྱན་ཆ་ཆང་སྣོད་ཅང་ཏེའུ་སྟེར་བ་ནག་པོའི་མིང་ཅན་ནོ། །ཞེས་གསུངས་པས་ལུང་བསྟན་པའི་གང་ཟག་དེ་དག་གིས་བསྟན་པ་འཛིན་པར་བྱེད་ཏོ། །ཁ་ཅིག་རྣལ་འབྱོར་པའི་ཆ་བྱད་ཅན་ལ་ལུང་བསྟན་མེད་ཅེས་སྨྲ་བའང་དེ་དག་གིས་ཁེངས་སོ། །དེ་ལྟར་ལུང་བསྟན་པའི་སྡོམ་བརྩོན་གྱིས་བསྟན་པ་ལ་བྱ་བ་བྱས་པའི་ཚུལ་ནི། སྤྱིར་ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། །གདགས་པའི་བསྟན་བཅོས་མཽདྒལ་བུས། །རབ་ཏུ་བྱེད་པ་དབྱིག་བཤེས་ཀྱིས། །ཁམས་ཀྱི་ཚོགས་ནི་གང་པོས་བྱས། །རྣམ་ཤེས་ཚོགས་ནི་ལྷ་སྐྱིད་ཀྱིས། །ཡེ་ཤེས་(ཙ༦ན)


PTT001_Page_1483
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཇུག་ཀཏྱའི་བུས། །ཡང་དག་གྲོལ་བའི་རྣམ་གྲངས་ནི། །གསུས་པོ་ཆེ་ཡིས་བྱས་ཅེས་གྲག །ཞེས་སངས་རྒྱས་བཞུགས་དུས་ཉན་ཐོས་ཆེན་པོ་རྣམས་ཀྱིས་མངོན་པ་སྡེ་བདུན་བྱས། ཁ་ཆེ་བྱེ་སྨྲ་འདི་དག་བཀའང་འདོད། །ཕྱིས་དགྲ་བཅོམ་པ་ཉེར་སྦས་དང་ཞི་ལྡན་དང་སྐུར་པོ་ལ་སོགས་པ་བདུན་བརྒྱས་བསྟན་བཅོས་བྱེ་བྲག་དུ་བཤད་པ་ཅེས་གཞུང་འབུམ་པ་མཛད། ཁ་ཅིག་མངོན་པ་བྱེ་བྲག་དུ་བཤད་པ་ཟེར་ཡང་འདི་ལ་སྡེ་སྣོད་གསུམ་ཀའི་བྱེ་བཤད་སོ་སོར་ཡོད་དོ། །བཀའ་དང་པོ་བསྡུས་མ་ཐག་ནས་འོད་སྲུང་གིས་སྟོན་པའི་འཕྲིན་ལས་མཛད་ཅིང་དེ་ནས་ཀུན་དགའ་བོས་སྟེན་པ་དངོས་ལྟ་བུའི་འཕྲིན་ལས་མཛད། སློབ་མ་དང་ཡང་སློབ་ཉིང་སློབ་སོགས་ཀྱི་དགྲ་བཅོམ་པ་ཛམ་གླིང་གང་བ་ལྟ་བུ་ལོ་ལྔ་བརྒྱའི་བར་དུ་དཔེལ་བའི་བསྟན་པ་ལྔ་བརྒྱ་ཕྲག་བཅུའི་དང་པོ་དགྲ་བཅོམ་གྱི་དུས་ཀྱི་ལྔ་བརྒྱ་པ་ཞེས་བྱའོ། །དེ་ལས་ལོ་བཞི་བརྒྱ་ཉི་ཤུ་འདས་ཅིང་བརྒྱད་བཅུ་ལྷག་མར་ལུས་པའི་ཚེ་ལྷོ་ཕྱོགས་བཻ་དརྦྷ་བཟང་བྱེད་ཀྱི་ཡུལ་བོད་ན་བེ་ཏའི་ཡུལ་ཞེས་གྲགས་པར་བྲམ་ཟེར་ཕུན་སུམ་ཚོགས་པ་བུ་མེད་པ་ཅིག་ལ་ལྷས་རྨི་ལམ་དུ་བྲམ་ཟེ་བརྒྱ་ལ་ཆོས་སྟོན་དྲངས་ན་བུ་རྙེད་ཅེས་བྱུང་སྟེ་དེ་ལྟར་བྱས་པས་བུ་ཁྱད་པར་ཅན་ཞིག་བྱུང་བ་མཚན་མཁན་ལ་བསྟན་པས་མཚན་ཤིན་དུ་བཟང་ཡང་ཚེ་ཞག་བདུན་ལས་མེད་བྲམ་ཟེ་བརྒྱ་ལ་ཆོས་སྟོན་དྲངས་ན་ཟླ་བ་བདུན་དང་དགེ་སློང་བརྒྱ་ལ་དྲངས་པས་ལོ་བདུན་འཚོ། དེ་ནས་ཐབས་མེད་ཟེར་བས་དེ་ལྟར་བྱས་སྟེ་ལོ་བདུན་པ་ལ་བུའི་རོ་མི་ལྟ་བའི་ཕྱིར་གཡོག་དང་བཅས་འཁྱམ་དུ་བཏང་བས་ནཱ་ལེནྡར་མཁན་པོ་བྲམ་ཟེ་དགྲ་གཅན་ཟིན་བཟང་པོ་ལས་རབ་ཏུ་བྱུང་མཚན་ཤཱཀྱ་བཤེས་གཉེན། འཆི་བདག་འཇོམས་པའི་དཀྱིལ་འཁོར་དུ་དབང་བསྐུར་ནས་སྐྱེས་ནས་ལོ་བདུན་དུ་ཚང་ཀའི་ནུབ་མོ་མཚན་ཐོག་ཐག་བཟླས་པས་འཆི་བ་ལས་གྲོལ། མཁན་པོ་ལས་གསང་བ་འདུས་པ་སོགས་མདོ་སྔགས་མཐའ་དག་གསན། ཕྱིས་བསྙེན་པར་རྫོགས་ནས་དགེ་སློང་དཔལ་ལྡན་ཞེས་གྲགས་སྟེ་དགེ་འདུན་གྱི་ཞལ་ཏ་པར་བསྐོས། (ཙ༦བ)


PTT001_Page_1484
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཚེ་མུ་གེ་ཉམ་ང་བ་བྱུང་བས་གླིང་བྲ་ནས་གསེར་འགྱུར་གྱི་རྩི་བླངས་སྟེ་དགེ་འདུན་གྱི་འཚོ་བ་སྦྱར་ནས་དབྱར་གནས་གྲོལ་ཚེ་འདྲི་བ་ལ་བཤད་པས་དགེ་འདུན་ལ་མ་ཞུས་པར་དགེ་འདུན་ལོག་འཚོ་ལ་བཀོད་འདུག་ཞེས་གནས་ནས་ཕྱུང༌། ཆད་པར་གཙུག་ལག་ཁང་དང་མཆོད་རྟེན་བྱེ་བ་གྱིས་ཅིག་ཟེར། དེས་མཆོག་གི་དངོས་གྲུབ་ས་དང་པོའི་རྟོགས་པ་ཐོབ། ཐུན་མོང་གི་དངོས་གྲུབ་གནོད་སྦྱིན་མོ་རྣམས་དང་བུམ་པ་བཟང་པོ་གྲུབ། དགེ་སློང་བདེ་བྱེད་ཅེས་པས་རིགས་པའི་རྒྱན་ཞེས་པའི་གཞུང་འབུམ་ཕྲག་བཅུ་གཉིས་པ་བྱས་ནས་ཐམས་ཅད་སུན་ཕྱུང་བ་ནཱ་ལནྡར་ཆོས་གསུངས་ནས་བཏུལ། དེའི་ཚེ་བྱིས་པ་གཉིས་ཆོས་ཉན་ཞིང་ས་འོག་དུ་འགྲོ་བ་ལ་དྲིས་པས་ཀླུ་ཡིན་ཟེར། འོ་ན་ཀླུའི་འདམ་ཁྱེར་ཤོག་གསུངས་པས་ཀླུའི་རྒྱལ་པོས་སྤྱན་དྲངས་སྟེ་བཞུགས་པར་ཞུས་པས་འདི་ཚོལ་བ་དང་འབུམ་སྤྱན་འདྲེན་པ་ལ་འོངས། མཆོད་རྟེན་བྱེ་བ་གྲུབ་ནས་འོང་གསུངས་སྟེ་ཤེས་ཕྱིན་འབུམ་པའི་ཞབས་ཅུང་ཟད་ཀླུས་གཏའ་མར་བཟུང༌། ཀླུའི་འདམ་ལས་གཙུག་ལག་ཁང་དང་མཆོད་རྟེན་ཕལ་ཆེར་ཀླུས་གྲོགས་བྱས་པས་གྲུབ། ཛམ་གླིང་གི་གདུལ་བྱ་མ་རྫོགས་པས་འགའ་ཞིག་མ་མཛད། ལི་ཁ་ར་ཤིང་འཕེལ་དུ་གསེར་འགྱུར་མཛད་སྟེ་སྦྱིན་པ་བཏང༌། ཤར་ཕྱོགས་པ་ཊ་བེ་ས་དང་ཡུལ་ར་དྷ་ར་ལྷ་ཁང་མང་པོ་བཞེངས། དྲིལ་བུ་ལྟ་བུའི་བྲག་གསེར་དུ་བསྒྱུར་བར་བཞེད་པ་སེར་ལྷག་སོང་ཚེ་མ་འོངས་པར་རྩོད་གཞིའི་སྡིག་རྟེན་དུ་འགྱུར་ཞེས་འཇམ་དཔལ་གྱིས་བཀག་པས་འཕྲོ་བཞག །སྒྲ་མི་སྙན་དུ་བྱོན་ཆོས་གོས་ཤིང་ལ་བཀལ་སྟེ་ཁྲུས་མཛད་པས་ཅིག་གིས་ཁྱེར་བ་ལ་ངའི་ཡིན་གསུངས་པས་ང་བདག་ཅན་ཟེར་ནས་ལྟ་སྐད། ལམ་དུ་བྱིས་པ་ཁ་གཅིག་ལ་རྒྱལ་བློན་གྱི་རྩེད་མོ་བྱེད་པ་ན་རྒྱལ་པོ་ཡིན་ན་དགའ་འམ་བྱས་པས་ལོས་དགའ་ཟེར་སྟེ་བུམ་པ་བཟང་པོ་ལ་གསོལ་བ་འདེབས་སུ་བཅུག་པས་རྒྱལ་པོ་བདེ་སྤྱོད་བཟང་པོར་གྱུར། རིན་པོ་ཆེ་མང་དུ་ཕུལ་བའི་ལན་དུ་ཆོས་ཀྱི་རིན་ཆེན་ཕྲེང་བ་གནང་ཞིང་ཕྱིས་བཤེས་པའི་སྤྲིང་ཡིག་ཡང་མཛད། བཙུན་མོ་རྣམས་སློབ་དཔོན་(ཙ༧ན)


PTT001_Page_1485
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཆགས་པས་སྲས་རྣམས་སློབ་དཔོན་འདྲ་བར་བྱུང་བའི་ལྟུང་བ་སྤང་ཕྱིར་ཨཱརྻ་དེ་ཝས་མ་ཧེ་འདུ་བའི་སར་མ་ཧེ་རྒོད་ཀྱི་ལྕི་བ་དང་ས་དང་ཤོག་འདག་ལས་མ་ཧེ་ཕོ་ཞུར་པོ་ལེགས་པ་ཅིག་བྱས་པས་མ་ཧེ་མོ་ཐམས་ཅད་དེ་ལ་འདུས་སྟེ་བསྐོར། དོ་ཞག་བེའུ་ཐམས་ཅད་དེ་འདྲ་བ་ཤ་སྟག་བྱུང་བས་ཡིད་ཆེས། སློབ་དཔོན་འདིས་རྡོ་རྗེ་གདན་ལ་རྡོ་རྗེའི་དྲ་མིག་གིས་བསྐོར་བ་དང༌། འཕགས་པ་ཤིང་ཀུན་རིས་བཏུམ་པ་སོགས་ཀྱི་མཛད་པ་མཐའ་ཡས། སངས་རྒྱས་ཀྱི་བསྟན་པ་སྤྱིར་བསྟན་པ་སཱ་ལི་ལྗང་པའི་མདོ་འགྲེལ། འབྲས་བུ་དབུ་མ་སྟོན་པ་བསྟོད་ཚོགས། ལམ་དབུ་མ་སྟོན་པ་རིགས་ཚོགས། སྤྱོད་པ་སྟོན་པ་བསླབ་བཏུས། མདོ་བཏུས་པ་ཐེག་ཆེན་བློ་སྦྱོང༌། ཉན་ཐོས་ཐེག་ཆེན་དུ་བསྐུལ་པ་རྨི་ལམ་ཡིད་བཞིན་ནོར་བུ། ཁྱིམ་ན་གནས་པ་ལ་བཤེས་སྤྲིང༌། ཐུན་མོང་དུ་རིན་ཆེན་ཕྲེང་བ། སྔགས་ཀྱི་ལྟ་སྤྱོད་སྟོན་པ་རྒྱུད་ཀུན་ལས་བཏུས། ལྟ་བ་སྟོན་པ་བྱང་ཆུབ་སེམས་འགྲེལ། སྐྱེད་རིམ་སྟོན་པ་མདོར་བྱས་མདོ་སཱེ་དཀྱིལ་ཆོག་ཉི་ཤུ་པ། རྫོགས་རིམ་སྟོན་པ་རིམ་ལྔ་སོགས་དང༌། སྦྱོར་པ་བརྒྱ་ལ་སོགས་གསོ་དཔྱད་དང༌། སྐྱེ་བོ་གསོ་ཐིགས་དང་ཤེས་རབ་བརྒྱ་པ་སོགས་ལུགས་ཀྱི་བསྟན་བཅོས་དང༌། རྟེན་འབྲེལ་གྱི་རྩིས་དང་སྤོས་སྦྱོར་གསེར་འགྱུར་སོགས་མདོར་ན་ཤེས་བྱའི་རིག་གནས་སྲིད་ཏོ་ཅོག་ལ་མི་མཁྱེན་པ་དང་བསྟན་བཅོས་མ་མཛད་པ་མེད་པས་ཕྱིས་ཇོ་བོ་རྗེས་ཀྱང་སློབ་དཔོན་འཕགས་པས་ཀྱང་མེ་ཆ་དང་རྩི་རྩི་ཕག་མགོ་གཉིས་ཅིའི་ཕྱིར་མ་མཛད་ཅེས་གསུངས་པ་ཡིན་ལ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་པོ་ཐམས་ཅད་ཐུགས་ལ་མངའ་ཞིང་བསྟན་པ་འདི་ལ་ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ་བྱ་བ་ལས་ཀྱི་འཁོར་ལོ་དང་བཅས་པ་ལ་སློབ་དཔོན་འདི་ལྟ་བུའི་མཛད་པ་ནི་སུ་ཡང་མེད་དོ། །ཕྱིས་རྒྱལ་པོ་བདེ་སྤྱོད་ཀྱི་བུ་གཞོན་ནུ་ནུས་ལྡན་ལ་མས་རས་ཀྱི་གོས་སྲུབས་མེད་པ་ཅིག་བྱིན་པས་འདི་ང་རྒྱལ་སྲིད་འཛིན་དུས་སུ་དགོས་ཟེར་བས་ཁྱོད་ཀྱིས་རྒྱལ་སྲིད་འཛིན་པ་མི་འོང༌། ཡབ་ཚེ་གྲུབ་སྟེ་སློབ་དཔོན་(ཙ༧བ)


PTT001_Page_1486
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་སྒྲུབ་དང་སྲོག་གཅིག་པ་ཡིན་ཟེར་བས་དེས་སློབ་དཔོན་གྱི་དབུ་སློངས་པ་ན་ཆོད་ལ་ཁྱེར་ཞིག་གསུངས་པ་ན་མཚོན་གྱིས་མ་ཕེད། ངས་མཚོན་རྒྱབ་པའི་རྣམ་སྨིན་སྦྱངས་ཟིན་པས་མི་ཕེད། རྩ་ཀུ་ཤ་བརྔས་པར་སྲོག་ཆགས་ཤི་བའི་རྣམ་སྨིན་མ་སྦྱངས་པས་ཀུ་ཤས་ཆོད་གསུངས་སྟེ་བཅད་པ་ན་མཚམས་ནས་སྒྲ་བྱུང་བ། ང་ནི་བདེ་བ་ཅན་གྱི་འཇིག་རྟེན་དུ། །ཕྱིན་ནས་ལུས་འདི་ལ་ཡང་འཇུག་པར་འགྱུར། །ཞེས་བྱུང་སྟེ་ཀུ་ཤ་དེང་བྱས་པས་ཤིང་ཐོག་སྨིན་པ་ལྟར་བྲུལ་བ་གནོད་སྦྱིན་མོས་ཕྲོགས་སྟེ་དཔག་ཚད་དུ་དོར། དབུ་དང་སྐུ་ལུས་གཉི་ག་གསེར་གྱི་མདོག་མ་ཉམས་པར་ཇེ་ཉེར་སོང་ནས་འབྱར་སྟེ་སྐུ་དངོས་ཀྱིས་གཞན་དོན་མཛད་ལ་སྤྱིར་ལོ་དྲུག་བརྒྱར་བཞུགས་སོ། །ཁ་ཅིག་དབུ་དང་སྐུ་ལུས་གཉི་ག་རྡོར་བྱིན་གྱིས་བརླབས་སྟེ་དྲོད་མ་ཡལ་བ་ཅུང་ཟད་ཉེར་འགྲོ་བ་ཡོད་ལ་མ་འོངས་པ་ན་འབྱར་སྟེ་སྐུ་དངོས་ཀྱིས་འགྲོ་དོན་མཛད་པར་འགྱུར་རོ་ཞེས་ཟེར་ཞིང་སྔོན་རྡོ་རྗེའི་གདན་ན་བཞུགས་དུས་ཀ་ཝ་ལི་ནས་ཐུགས་དམ་སྒྲོལ་མ་བྲུལ་ནས་ལེན་པར་བརྩམས་པས་ང་འདིར་ཞོག་ཞིག་འགྲོ་དོན་དུ་འགྱུར་རོ་ཞེས་བྱུང་སྟེ་ས་ལ་ཐིམ་པས་སྒྲོལ་མའི་རྡོ་སྐུ་རང་བྱུང་ཞིག་འབུར་བྱུང་བས་ཀ་ཝ་ལི་ཏཱ་རེར་གྲགས། དེ་གོང་དུ་འཕེལ་བས་མཐོ་བཞིར་ལོངས་ཚེ་འཕགས་པ་རྡོ་རྗེ་གདན་དུ་དངོས་སུ་བྱོན་ནས་ཞིག་གསོ་མཛད་ཅེས་རྒྱ་གར་ན་གྲགས་པར་སྣང་ལ་ད་ལྟ་མཐོ་གསུམ་ལྷག་ཙམ་འདུག་སྐད། རྒྱལ་པོ་བདེ་སྤྱོད་ཀྱིས་སྲས་རྒྱལ་སར་བཞག་སྟེ་སློབ་དཔོན་བཙལ་བས་སློབ་དཔོན་དྲི་ཟའི་རྒྱལ་པོ་ལ་ཆོས་སྟོན་དུ་གཤེགས། སློབ་དཔོན་ཀླུའི་བྱང་ཆུབ་རྗེས་སུ་འཛིན་པར་བསྐོས་སྟེ་རྗེས་སུ་བཟུང་བ་ནི་སློབ་དཔོན་སྟེ་ལོ་པ་ཡིན་ཞེས་པའང་སྣང༌། འཕགས་པ་ཀླུ་སྒྲུབ་ཀྱིས་ཆུ་འགྲམ་གི་ནེ་སིང་ཞིག་ན་བ་ལང་རྫི་མང་དུ་འདུག་པའི་སྣོད་བརྟག་པའི་ཕྱིར་ཆུ་ལ་རབ་མི་མཁྱེན་པ་ལྟར་རྒལ་བར་བརྩམས་པས་བ་ལང་རྫི་བྱིས་པ་ཅིག་གིས་སློབ་དཔོན་འཁུར་སྟེ་ལུས་སྲོག་ལ་མི་ལྟ་བའི་བསམ་པས་བསྒྲལ་བས་སྣོད་ལྡན་དུ་མཁྱེན། སློབ་དཔོན་གྱིས་སྲོད་ནས་གདུགས་(ཙ༨ན)


PTT001_Page_1487
[མ་དཔེ་གཟིགས་ན་འདིར་གནོན།]

ཚོད་བསླངས་ནས་བྱོན་དུས་བྱིས་པ་དེས་རྒྱལ་པོ་བྱས་ནས་རྒྱལ་བློན་གྱི་རྩེ་མོ་བྱེད་ཅིང་འདུས་པས་སློབ་དཔོན་གྱིས་ཁྱོད་རྒྱལ་པོ་ཡིན་ན་དགའམ་གསུངས་པས་ལོས་དགའ་ཟེར། དེར་སློབ་དཔོན་གྱིས་ཡུལ་འཁོར་དང་ཕོ་བྲང་དང་རྒྱལ་བློན་འཁོར་བཅས་ཀྱི་མིང་བྲིས་ནས་བུམ་པ་བཟང་པོར་བཅུག །བྱིས་པ་དེ་ལ་བུམ་པར་ཁ་བཅུག་ནས་འདི་ཐམས་ཅད་ཀྱི་རྒྱལ་པོ་ང་ཡིན་ཞེས་ལན་གསུམ་ཟེར་དུ་བཅུག །དེར་ཡུལ་གྱི་རྒྱལ་པོ་དེ་སྐྱོ་སེང་ལ་འགྲོ་སྙིང་ཆེར་འདོད་ནས་བྲན་དུ་བརྫུས་སྟེ་ཕོ་བྲང་གི་ཕྱི་རོལ་དུ་ཕྱིན། ཤུལ་དུ་གླང་པོ་ཆེ་ཅང་ཤེས་ཀྱིས་བྱིས་པའི་སྤྱི་བོར་བུམ་པ་བཞག་པས་རྒྱལ་པོར་གྱུར། འབངས་གནོན་དཀའ་བ་ན་སློབ་དཔོན་གྱིས་བསྒོས་སྟེ་དམག་ཉུང་ངུ་ཞིག་གིས་བསྐོར་ནས་སྐྱེད་མོས་ཚལ་དུ་སོང་སྟེ་ལྗོན་ཤིང་དང་རྩྭ་དང་རྩིག་པ་སོགས་ལ་ཐལ་མོ་བསྣུན་སྟེ་དམག་ལ་འདོང་བྱས་པ་ཙམ་གྱིས་དཔུང་ཚོགས་ཡན་ལག་བཞིར་གྱུར་ནས་དམག་དཔུང་མཐའ་ཡས་པར་གྱུར། དུ་རུ་ཀའི་དམག་བྱུང་ཚེ་རྒྱལ་པོས་རལ་གྲི་ཕྱར་ཕུབ་སྤྲུགས་པས་དམག་དཔུང་མཐའ་ཡས་པར་གྱུར་སྟེ་དུ་རུ་ཀ་ཚར་བཅད། ཕྱིས་རྒྱལ་སྲིད་བུ་ལ་བསྐོས་ནས་གཙུག་ལག་ཁང་མྱ་ངན་མེད་ཚལ་དུ་ཞང་པོ་གནས་བརྟན་བྱེད་པ་ལས་རབ་ཏུ་བྱུང་ཞིང་ཡེ་ཤེས་ཀྱི་མཁའ་འགྲོ་མས་རྗེས་སུ་བཟུང་སྟེ་ལོ་བཅུ་གཉིས་ལྕགས་འོག་དུ་སྒྲུབ་པ་མཛད། མ་དགེ་སློང་མའི་དགེ་འདུན་གྱི་གནས་བརྟན་མ་བྱེད་པ་དང་མཁན་པོའི་གནང་བ་ཐོབ་ནས་སློབ་དཔོན་ཀླུ་སྒྲུབ་འཚོལ་དུ་ཕྱིན་པས་སློབ་དཔོན་གྱི་སློབ་མ་མ་ཏང་གིས་རྗེས་སུ་བཟུང་སྟེ་ཏིལ་བརྡུང་ཞིང་ལམ་སྦྱངས་པས་ཏེ་ལོ་པར་གྲགས་ཞེས་བཀའ་བཞིའི་ལོ་རྒྱུད་རྙིང་པ་ཅིག་ན་སྣང༌། ཀུན་མཁྱེན་བུས། བྱིས་པ་ཛེ་ཏ་ཀའི་ལག་རིས་ལས་རྒྱལ་པོར་ལུང་བསྟན་ཞེས་འཆད་སྣང་ངོ༌། །དེ་ཡང་རྟག་ཆད་ཀྱི་མཐར་མི་གནས་ཅིང་དབུ་མའི་དབྱིངས་ལ་གནས་པ་དང་ཆོས་ཀྱི་རིན་པོ་ཆེ་མངའ་ཞིང་གསལ་བའི་ལྟ་བས་ཡོད་མེད་ཀྱི་ཕྱོགས་ཚར་གཅོད་པའི་ཕྱིར་ཀླུའི་རྒྱལ་པོ་དང་(ཙ༨བ)


PTT001_Page_1488
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་པ་དང་ཆོས་ཀྱིས་རྒྱལ་སྲིད་སྐྱོང་ཞིང་བདུད་བཞི་ལས་རྒྱལ་བའི་ཕྱིར་སྲིད་སྒྲུབ་དང་འདྲ་བས་ཀླུ་སྒྲུབ་ཅེས་མཚན་དུ་བྱས་སོ། །རྒྱ་མའི་སངས་རྒྱས་དབོན་སྟོན་གྱིས་ནི་སློབ་དཔོན་ཤྲཱི་སྠ་ནའི་ནུབ་དཔལ་གྱི་རིའི་ཤར་ཕྱོགས་གྲོང་ཁྱེར་བསོད་ནམས་དང་ལྡན་པར་འཁྲུངས། དགུང་ལོ་ཉེར་བརྒྱད་ལ་མཁན་པོ་དྲི་མེད་གཟི་བརྗིད་ཅེས་སྦྱོར་ལམ་པ་ཅིག་དང་སློབ་དཔོན་ཛྙཱ་ན་ཞེས་པ་རྒྱུན་ཞུགས་ཤིག་ལས་རབ་ཏུ་བྱུང་བར་འཆད་དོ། །རྗེ་རིགས་འབྲ་གོ་ཅན་གནས་པའི་ས་ཕྱོགས་སུ་ཞེས་ལུང་བསྟན་པ་ལྟར་ན་རྗེ་རིགས་སུའང་མི་འགལ་ལམ་སེམས། དེའི་སྲས་ཨཱརྻ་དེ་ཝ་ནི་སིངྒྷ་ལའི་གླིང་དུ་པདྨ་ལས་རྫུས་སྐྱེས་སུ་བྱུང༌། དེའི་རྒྱལ་པོས་བུར་བཟུང༌། ཆེར་སྐྱེས་ནས་འཕགས་པ་ཀླུ་སྒྲུབ་ཀྱི་དྲུང་དུ་བྱོན་སྟེ་ཤེས་བྱ་ཐམས་ཅད་ཁོང་དུ་ཆུད་དོ། །ཕྱི་ཞིག་ན་ལྷོ་ཕྱོགས་ཀྱི་ཡུལ་འཕགས་རྒྱལ་དུ་ཡབ་བྲམ་ཟེའི་སྨན་པ་དགེ་འདུན་གསང་བ་དང་ཡུམ་རཏྣ་སིདྡྷི་ནིའི་སྲས་སུ་རྟ་དབྱངས་འཁྲུངས། སྙིང་པོ་བསྡུས་པའི་རང་འགྲེལ་ལས་ཡབ་སེང་གེ་གུ་ཧྱ་ཞེས་སེང་གེ་གསང་བར་བཤད་ཀྱང་མིང་གི་རྣམས་གྲངས་ཡིན། ཁ་ཅིག་ནུབ་ཕྱོགས་ཁ་ཆེ་བ་རྒྱལ་པོ་ཀ་ནིཥྐའི་ཕོ་བྲང་གི་ཛ་རདྡྷ་ཞེས་རིགས་ཅན་འདུ་བའི་སར་འཁྲུངས་ཅེས་ཀྱང་འཆད། མཚན་མཁན་གྱིས་བུམ་པ་ཨ་རུ་རས་མཚན་པའི་ལག་རིས་མཐོང་ནས། མཛེས་ཅིང་སྨན་གྱི་བུམ་པ་ཐོགས། །དྲི་ཞིམ་མདངས་དང་ལྡན་གྱུར་པ། །དགའ་བའི་ཚུལ་གྱིས་ལྟ་བྱེད་པ། །ཟུག་རྔུ་སེལ་བྱེད་རྒྱལ་གྱུར་ཅིག །ཞེས་ཤིས་པ་བརྗོད་སྟེ་བདུད་རྩི་བུམ་པ་ཅན་དུ་བཏགས། སྐྱེས་མ་ཐག་རྟ་སྐད་འཚེར་བས་བྲམ་ཟེ་རྟ་སྐད་ཅན་དང་དེ་ལ་འགྱུར་ཁྱད་ཀྱི་རྟ་དབྱངས་དང་སུས་མཐོང་ཡང་དགའ་བས་གཞོན་ནུ་དགའ་བྱེད་དུ་ཐོགས། ཕྱིས་ཕ་མ་ལ་གུས་པས་ཕ་མའི་ཁོལ་པོ་སྟེ་པི་ཏ་ཙཱི་ཏྲ་ཅེས་ཕའི་ཁོལ་པོ་དང་མ་ཏི་རྩཱི་ཏྲ་མའི་ཁོལ་པོར་གྲགས། དྲང་སྲོང་རྐང་གཉིས་སྤྱོད་ལས་སྨན་ལོབས། རྒྱལ་པོ་ཅིག་གི་ནད་རྐང་མཐིལ་གྱི་མིས་རྩ་འགྱུར་བྱེད་མནན་པས་སེལ་བ་སོགས་དུ་མ་བྱུང་བས་སྨན་དཔྱད་ལ་ཕུལ་དུ་ཕྱིན་སྟེ། དེད་(ཙ༩ན)


PTT001_Page_1489
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཀུན་སྐྱོང་ནོར་གྱི་བདག །དཔལ་ལྡན་ཕ་ཁོལ་སྨན་གྱི་བདག །ཀ་མིངྒ་ནི་དམག་གི་བདག །མཛེས་མ་འོད་ལྡན་ཚལ་གྱི་བདག །ཞེས་བདག་པོ་བཞིའི་ཡ་གྱལ་ཡིན། དབང་ཕྱུག་ཞག་བདུན་གྱིས་གྲུབ་སྟེ་ནག་པོ་ཐུབ་རྒྱལ་དུ་བཏགས་ནས་མངལ་སྐྱེས་ཀྱིས་མི་ཐུབ་པ། ཁ་ནས་མེ་ཕྱུང་སྟེ་རྒོལ་བ་སྲེག་པ། མཐར་དབང་ཕྱུག་ཉིད་ཞུགས་ནས་རྩོད་པ་རྣམས་བྱིན། དབང་ཕྱུག་གི་གྲོགས་པོ་ཚངས་པས་ནེ་ཙོ་པཎྜི་ཏ་ཅེས་རྩོད་ལན་ཐམས་ཅད་ནེ་ཙོས་འདེབས་པ་དང༌། ཁྱབ་འཇུག་གིས་པཱ་ཎ་པཎྜི་ཏ་ཅེས་ཐོད་ལེ་སྐོར་བསྐྱུར་བས་རྩོད་ལན་བྲིས་ཡོང་བ་དང༌། དབྱངས་ཅན་མས་སྲིང་མོ་པཎྜི་ཏ་ཅེས་སྲིང་མོར་བྱས་སྟེ་རྩོད་ལན་འདེབས་པ་རྣམས་བྱིན། ནུབ་ཕྱོགས་སུ་སངས་རྒྱས་ཀྱི་བསྟན་པ་མེད་པ་ཙམ་བྱས། སླར་མ་ཡིས་སྒྲོལ་མ་ལ་མཎྜལ་འབུལ་བ་དྲིས་ནས་ནང་པའི་བསྟན་པ་ད་དུང་ཡོད་ཏམ་ཟེར་བས་ཡུལ་དབུས་སུ་བཏང་ན་ཐུལ་འོང་བསམས་ནས་ནང་པའི་བསྟན་པ་དངོས་ཤྲཱི་ནཱ་ལནྡྲ་ལ་སོགས་ཡུལ་དབུས་ན་ཡོད་པ་ཡིན་མོད་ཟེར་བས་ཡུལ་དབུས་སུ་འོངས། ཡུལ་དེར་སླེབས་ནས་ཤི་ན་ག་ལ་དྲ་ག་ན་ཡོད་བྱས་པས་བུད་མེད་ཅིག་ན་རེ་བྲམ་ཟེ་སྒྲ་མ་བྱང་བ་ཤྲཱི་ནཱ་ལནྡ་བྱ་བ་ཡིན་ཟེར་བས་བུད་མེད་ཀྱིས་ཀྱང་སྒྲ་ཤེས་པར་འདུག་སྙམ། ཡང་བྱིས་པ་ཅིག་རྩ་བ་རྐོ་བ་ལ་ཅི་རྐོ་བྱས་པས་རྩ་བ་རྐོ་ཟེར། ཅིའི་རྩ་བ་བྱས་པས་རྩེ་མོའི་རྩ་བ་ཟེར། རྩེ་མོ་གང་གི་དྲིས་པས་རྩ་བའི་རྩེ་མོ་ཟེར། བྱིས་པས་ཀྱང་རྒལ་ལན་ཤེས་པར་འདུག་པས་ད་རེས་ལྡོག་གམ་སྙམ་ཡང་བསྙེམས་པས་མུ་སྟེགས་ཀྱི་རྒྱལ་པོ་སོགས་མུ་སྟེགས་པ་ཐམས་ཅད་བསྡུས་སྟེ་ནཱ་ལནྡྲར་ཕྱིན། དེ་ན་གཙུག་ལག་ཁང་ཆེན་དྲུག་བཅུ། ཁང་ཕྲན་བརྒྱ་རྩ་བརྒྱད། པཎྜི་ཏ་ལྔ་བརྒྱ། གནས་བརྟན་ཆེན་པོ་བཅུ་དྲུག་སོགས་ཡོད་ཀྱང་རྟ་དབྱངས་སུ་ཤེས་པས་འདི་མངལ་སྐྱེས་ཀྱིས་མི་ཐུབ་ཟེར་སྟེ་རྩོད་པོ་མ་བྱུང༌། གཙུག་ལག་ཁང་གི་ཕྱི་ནས་བསྐོར་སྟེ་མི་སར་པ་མི་གཏོང༌། ཉིན་རེ་ལ་དུས་གསུམ་དུ་རྔ་བོ་ཆེ་བརྡུངས་ནས་དབང་(ཙ༩བ)


PTT001_Page_1490
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་དང་སྟོན་པ་དྲུག་དང་རྟ་དབྱངས་རྒྱལ་བར་གྱུར་ཅིག་ཞེས་སྒྲ་ཆེན་པོ་སྒྲོག །ཁོ་དགེ་འདུན་གྱི་གྲལ་དུ་འོངས་ནས་མགོ་ཟླུམ་དང་པོ་གང་ནས་སྐྱེས། ཅེས་དབྱུག་པ་རྡེག །དགེ་འདུན་གྱིས་དཀོན་མཆོག་ལ་གསོལ་བ་བཏབ་པས་གནས་བརྟན་གྱི་རྨི་ལམ་དུ་ཡེ་ཤེས་མགོན་པོ་ན་རེ། མུ་སྟེགས་ཀྱིས་ངའི་གཟུགས་ཀྱི་སྤྱི་བོར་ཕུར་པ་བཏབ། ངན་རྫས་སྣ་ཚོགས་པ་བྱུགས་ཡོད་པས་ཕུར་པ་ཐོན་ངན་རྫས་ཁྲུས་ལ་སླར་ཁུང་བུ་གསོས། གཏོར་མ་རྒྱ་ཆེན་པོ་ཐོང༌། དེ་ནས་སྤྲུལ་པ་བྱ་རོག་ཞིག་ཡོང་བ་ལ་ཡི་གེ་ཐོགས། ལྷོ་ཕྱོགས་དཔལ་གྱི་རི་ནས་ཀླུ་སྒྲུབ་སྤྱན་དྲང་གིས་ཟེར། དེ་བཞིན་བྱས་པས་བྱ་རོག་ཆེན་པོ་ཅིག་བྱུང་བ་ལ་སྔོན་རྒྱལ་པོ་ལེགས་མཐོང་ཆེན་པོ་གླིང་བཞིར་འགྲོ་བ་མ་ཧེ་སྟོང་ཕྲག་མང་པོས་ཤིང་རྟ་འདྲེན་པའི་ཚེ་ཁྱུ་མཆོག་དེ་རྭས་ལུས་འཕྲུག་ཞིང་སྡོད་ཚེ་གཞན་གྱིས་མི་འདྲོངས་པས་མ་ཧེ་རྣམས་ཀྱིས་ཁྱུ་མཆོག་ལ་གསོལ་བ་འདེབས་པའི་ཚིག་བཀུར་བར་དཀར་བའི་ཁུར་གྱིས་ལུས་དུབ་ནས། བདག་ཅག་རྣམས་ནི་ཁྱོད་ལ་གསོལ་འདེབས་ན། ཁྱོད་ནི་རྨ་མེད་བཞིན་དུ་རོལ་པ་འབའ་ཞིག་གིས་ནི་རྭ་ཡིས་འཕྲུག་བྱེད་སྟེ། གཅིག་གོ་ལྟའམ་ཡུན་རིང་གནས་ཀྱང་ཁྱོད་ཀྱི་ཁུར་ཡིན་ཕྲག་ལ་ལོང༌། ཞེས་པ་བྲིས་སྟེ་བྱ་རོག་གི་མགུལ་དུ་བཏགས་སྟེ་བཏང༌། བྱ་རོག་གིས་དཔལ་གྱི་རིར་གཏོར་སྟེགས་སྟེང་དུ་སྐད་སྣ་ཚོགས་བཏོན་པས་ཡི་གེ་བཀྲོལ་སྟེ་བཀླགས་པས་དགོངས་སྟེ་འབྱོན་བར་བརྩམས་པ་ན་ཨཱརྻ་དེ་ཝས་དེའི་གཉེན་པོ་ང་ཡིན་སྙམ་སྟེ་སློབ་དཔོན་འོ་བརྒྱལ་བདག་གིས་འགྲོ་བར་ཞུ་བྱས་པས་བརྟག་པའི་ཕྱིར་སློབ་དཔོན་གྱིས་ནང་པ་དང་ཨཱརྻ་དེ་ཝས་ཕྱི་པའི་ཆ་བཟུང་བརྩད་པས་ཀྱང་སློབ་མ་རྒྱལ། སློབ་དཔོན་གྱིས་ཕྱི་པ་དང་སློབ་མས་ནང་པ་བཟུང་སྟེ་བརྩད་པས་ཀྱང་སློབ་མ་རྒྱལ། སློབ་དཔོན་ཕྱི་རོལ་པའི་གཞུང་ལ་འདྲིས་དྲགས་པས་མུ་སྟེགས་དངོས་སུ་འཁྲུལ་སྟེ་མུ་སྟེགས་ངན་པ་དེ་ཁྱེར་ཞེས་ལྷམ་བུ་ཆུང་འཕངས། དྲན་པས་ཟིན་ནས་ཁྱོད་ཀྱིས་མུ་སྟེགས་ཀྱི་འདུ་ཤེས་བྱུང་བ་ཡིན་པས་གཤེགས་པ་མི་དགོས། ལམ་གྱི་མུ་སྟེགས་(ཙ༡༠ན)


PTT001_Page_1491
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཐུལ་མིག་ལ་མ་ཆགས་པར་གྱིས་ཅིག་གསུང༌། ལམ་དུ་ནགས་ཀྱི་ལྷ་མོ་ན་རེ་སློབ་དཔོན་གྱི་སྤྱན་ལེགས་ཅེས་རྗེས་སུ་འབྲེངས་པ་ན་འོ་ན་ཁྱོད་ཁྱེར་ཞེས་སྤྱན་ཡ་གཅིག་བྱིན། ནཱ་ལནྡར་བྱོན་ཚེ་ཤིང་ཚོང་བར་བརྫུས་སྟེ་ཡོ་བྱད་ཤིང་ཁུར་གྱི་གསེབ་ཏུ་བཅུག་ནས་བྱོན་པས་ཐར། ནང་གི་ཁྲོན་པ་ཙམ་མ་གཏོགས་ཆུ་ཐམས་ཅད་བཀག་པས་དགེ་འདུན་འཚོག་ཚེ་ཆུ་གསེར་གྱི་ཟོ་བ་བཏེག་པའི་ན་རུ་དོ་དོ་གཏོང་བ་ལ་གཞན་རྣམས་ཞལ་འཁྲུ་བ་ཙམ་ལས་མི་ཡོང་ཡང་སློབ་དཔོན་གྱིས་ཕྱག་དང་གདོང་བཀྲུས་ནས་ཆུ་སླར་གཏད། ལོ་ཚིགས་དྲིས་པས་ལོ་ལྔ་བརྒྱ་ལོན་གསུངས། ཀླུ་སྒྲུབ་ཡིན་ནམ་བྱས་པས་མིན་ཟེར་ཨཱརྻ་དེ་ཝ་ཡིན་ནམ་བྱས་པ་ཡིན་ཟེར་བས་ཐམས་ཅད་དགྱེས་སྟེ་རོལ་མོ་བསྒྲགས། གཎྜིའི་སྒྲ་ལས་ཀྱང༌། ལྷ་དང་ཀླུ་དང་གནོད་སྦྱིན་གྱིས་མཆོད་པ། །མ་ལ་ཡར་སྐྱེས་ཙནྡན་རྒྱུད་ལས་བྱུང༌། །རིན་ཆེན་གཎྜི་ཏོག་ཏོག་འདི་བརྡུངས་པས། །མུ་སྟེགས་འཆལ་པ་རྣམས་ཀྱི་གླད་པ་འགེམས། །ཅེས་གྲག་པས་མུ་སྟེགས་རྣམས་ཡིད་མ་བདེ། ཁོ་ཆུ་སྦྱིན་བྱེད་པ་ན་སློབ་དཔོན་གྱིས་ཀྱང་ཆུ་གཏོར། ཅི་བྱེད་ཟེར་བ་ལ་སླར་དྲིས་པས་ཕ་མེས་ཤི་བ་ལ་སྟེར་ཟེར། ང་ཡང་ཀཾ་རུ་ན་སློབ་དཔོན་གྱི་ལྡུམ་ར་སྐམ་པ་ལ་གཏོར་བྱས་པས། ཀཾ་རུར་སྐམ་པ་ལ་འདི་ནས་གཏོར་བས་ཅི་ཕན་ཟེར། ཕ་མེས་སྔོན་ཤི་བ་ལ་ད་ལྟ་ཆུ་བྱིན་པས་ཅི་ཕན་བྱས་པས་བརྡུགས། མགོ་ཟླུམ་ག་ལས་འོངས་ལ་མགོ་ཟླུམ་སྐེ་ལ་འོངས་དང༌། སྐེ་ཅན་མགོ་ཟླུམ་ག་ལས་འོངས་ལ་ལམ་ནས་འོངས་དང༌། ལམ་ག་ལས་འོངས་ལ་དེ་ལམ་ལ་དྲིས་ཅིག་གིས་བརྡུགས། ཐེམ་པ་ལ་ཞོན་ནས་ད་ཕྱི་ནང་གང་དུ་འགྲོ་དང་བྱེའུ་བར་བར་བཅུག་ནས་ཤིའམ་གསོན་ཟེར་བ་ལ་དེ་ཁྱོད་ཀྱི་རྐྱེན་ལ་རག་ལས་ཀྱིས་བརྡུགས། ཁོ་ཁྲུས་བྱེད་པ་ན་སློབ་དཔོན་གྱིས་ཀྱང་བུམ་པ་ཅིག་ནང་མི་གཙང་བས་བཀང་ནས་ཕྱི་(ཙ༡༠བ)


PTT001_Page_1492
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲུས་པས་ནང་མི་གཙང་བས་བཀང་ནས་ཕྱི་བཀྲུས་སྟེ་ཅི་བྱེད་ཟེར་བ་ལ་ཁྱོད་ཀྱང་དེས་ཅི་བྱེད་ཀྱིས་བརྡུགས། དཔང་པོ་ཕྱི་པ་ནང་པ་གཉི་ག་འཛིན་པ་གསུམ་གསུམ་སྟེ་དགུ་བཞག་ནས་རྩོད། གང་རྒྱལ་བའི་བསྟན་པ་ལ་ཕམ་པ་ཐམས་ཅད་འཇུག་པར་བྱས། གང་མ་ཉན་པ་རྒྱལ་པོས་ལྕེ་གཅོད་པར་བྱས། སློབ་དཔོན་གྱིས་ཁོའི་མགོ་ཐོག་དུ་ལྷམ་སྐྲད་བཏགས། བྱི་ལ་གཅིག་ནེ་ཙཱོའི་གཟུགས་གསོད་པ་ལ་གོམས་སུ་བཅུག་སྣུམ་གྱིས་ཞལ་བ་བྱུགས། སྐྱེས་པ་གཅེར་བུ་དབང་པོ་ལས་སུ་རུང་བ་ཞིག་རྣམས་བརྡོགས། ཁོ་ན་རེ་མིག་གཅིག་པ་འདི་ཅི་འདྲ་ཟེར་བ་ལ་སློབ་དཔོན་གྱིས། བརྒྱ་བྱིན་མིག་སྟོང་ལྡན་ཡང་དེ་ཉིད་མཐོང་བ་མེད། །དྲག་པོ་མིག་གསུམ་ལྡན་ཡང་དེ་ཉིད་མཐོང་བ་མེད། །ཨཱརྻ་དེ་ཝ་མིག་གཅིག་པོ་ནི་གང་ཡིན་དེས། །ཆོས་རྣམས་ཀུན་གྱི་རང་བཞིན་དེ་ཉིད་གསལ་བར་མཐོང༌། །ཞེས་གསུངས་པས་ལན་མ་བྱུང༌། འདིའི་ལན་ཐོབ་ཅེས་ནེ་ཙོ་བཏང་བྱུང་བ་བྱི་ལས་བསད། ཁྱེད་སངས་རྒྱས་པ་མི་འཚེ་བ་ཆོས་སུ་སྨྲའམ། སྨྲ་བྱས་པས། འོ་ན་ནེ་ཙོ་བསད་པ་རང་གིས་ཕམ། སྲིང་མོ་གདྒའི་ལྷ་མོ་དང་དཔལ་གྱི་རི་ན་དགེ་སློང་བཞིས་སྡིག་པ་སྦྱང་གི་ཡོད། ཁྱེད་སངས་རྒྱས་པ་ལས་བྱེད་པ་པོ་ལ་སྨིན་པར་འདོད་པ་མ་ཡིན་ནམ། ཡིན། འོ་ན་དེ་རྣམས་ཀྱིས་སྡིག་པ་སྦྱངས་ཀྱང་ཁོང་རང་གི་བྱང་མོད། འོ་ན་བྱི་ལས་ནེ་ཙོ་བསད་པ་བྱི་ལ་ལ་འབྱུང་མོད། པྲ་ཎ་པཎྜི་ཏ་སྐྱར་བྱུང་བ་སྣུམ་བྱུག་པས་ཡི་གེ་མ་བྱུང༌། སྲིང་མོ་བྱུང་བ་སྐྱེས་པ་གཅེར་བུ་ཐོན་པས་ངོ་ཚ་ནས་ཡལ། ལྷམ་སྐྲད་བཏགས་པས་དབང་ཕྱུག་འཇུག་མ་ནུས། ཕྱིས་ཁོས་ལྷམ་སྐྲད་བོར་བས་ཞུགས་སྟེ་བརྩད་པས་མཐར་ཤིན་དུ་ཕྲ་བས་དཔལ་མོས་ཀྱང་མ་གོ་སྟེ་ཚར་བཅད། ཁོས་མིག་གསུམ་ནས་མེ་ཕྱུང་བས་སློབ་དཔོན་གྱིས་ཞབས་ལ་སྤྱན་བཅུ་གཉིས་སྤྲུལ་ནས་མནན་པས་ཁོ་(ཙ༡༡ན)


PTT001_Page_1493
[མ་དཔེ་གཟིགས་ན་འདིར་གནོན།]

འགྱེལ་སྟེ་བརྒྱལ། སངས་པ་དང་ཚངས་པའི་འཇིག་རྟེན་དུ་འབྲོས་སོ་སྙམ་ནས་དབང་ཕྱུག་གི་མཐུས་ན་མཁའ་ལ་བྲོས། སློབ་དཔོན་གྱིས་ཀྱང་དེད་སྟེ་དེ་ཡན་ལ་རླུང་སྤུ་གྲིའི་རེག་པ་ཅན་བྱ་བ་ཐམས་ཅད་དུམ་བུར་བྱེད་པ་ཡོད་པས་མ་འགྲོ། ཡིད་མ་འཆེས་ན་སྐྲའི་ལ་བ་ཆོད་ལ་སྐྱུར་གསུངས་ནས་ཁོས་དེ་བཞིན་བྱས་པས་ཕྱེ་མར་སོང་སྟེ་བབ་བྱུང༌། ད་དུང་ཅུང་ཟད་སོང་བ་ན་རལ་གྲི་ཕྱོར་གསུངས་པས་ལྕགས་ཀྱི་ཕྱེ་མར་སོང༌། འདིས་སྙིང་རྗེས་ཁྱད་པར་དུ་འཕགས་པར་འདུག་སྙམ་ནས་དད་པ་ཐོབ་པར་ཁ་ཅིག་འཆད། དེ་ནས་བཟུང་སྟེ་ཁྲིད་པས་ཁོ་རང་ནི་ནང་པར་མ་ཞུགས་པས་རྒྱལ་པོས་ལྕེ་བཅད་སྟེ་ལྷ་ཁང་ཞིག་དུ་བཙོན་དུ་བཅུག །གཞན་ཐམས་ཅད་ནང་པར་ཞུགས། ཁོས་ལྕེབ་པའི་ཕྱིར་གླེགས་ཐག་བཀྲོལ་པས་ཤོག་གུ་ཞིག་ལྷུང་བ་མི་གཡོ་བའི་ཡི་གེ་བཅུ་པའི་སྒྲུབ་ཐབས་མཐོང་བས་སྔགས་ཐུང་འདི་འདྲ་ལ་ཕན་ཡོན་འདི་འདྲ་གར་འོང་སྙམ་ཚེ་ལྡེར་ཚོ་ཞིག་གིས་ཁྱོད་ད་དུང་སངས་རྒྱས་ཀྱི་བསྟན་པ་ལ་ཡིད་མ་ཆེས་སམ་ཞེས་ཐལ་ལྕག་བསྣུན་པས་བརྒྱལ། སངས་རྩམ་ན་མདུན་ན་ཤོག་བུ་འགའ་ཟུང་འདུག་པ་བཀླགས་པས་ཕ་ཁོལ་ལུང་བསྟན་གྱི་མདོ་བྱ་བ་ཁོ་རང་གིས་སྨོན་ལམ་ལོག་པ་དང་ཕྱིས་བསྟན་པའི་གསལ་བྱེད་ཆེན་པོར་འགྱུར་བའི་ལུང་བསྟན་འདུག་སྟེ་ཐེ་ཚོམ་སྐྱེས་ནས་ངེས་པར་སངས་རྒྱས་པ་བདེན་ན་བདག་གི་ལྕེ་སྔར་བཞིན་སོས་པ་དང་མུ་སྟེགས་བདེན་ན་མི་སོས་པར་གྱུར་ཞིག་ཞེས་སྨོད་བོར་བས་དེ་ཉིད་དུ་ལྕེ་སྔོན་བཞིན་སོས་པས་དད་པ་རང་དབང་མེད་པར་སྐྱེས་སྟེ་སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ། །སྐྱོབ་པའི་ཆོས་ལ་ཕྱག་མཚལ་ལོ། །དགེ་འདུན་ཆེ་ལ་ཕྱག་ཚལ་ལོ། །གསུམ་ལ་རྟག་དུ་བདག་ཕྱག་འཚལ། །ཚོགས་ཆེན་གཉིས་རྫོགས་མཁྱེན་པའི་སྐུ་གསུམ་གྲུབ། །རྣམ་རྟོག་མི་མངའ་ཐམས་ཅད་ས་ལེ་མཁྱེན། །ཆོས་སྐུ་མཁའ་འདྲ་གཟུགས་སྐུ་མཛེས་(ཙ༡༡བ)


PTT001_Page_1494
[མ་དཔེ་གཟིགས་ན་འདིར་གནོན།]

སྐུར་ལྡན། །སངས་རྒྱས་དཔག་བསམ་འདྲ་ལ་ཕྱག་འཚལ་ལོ། །ཆོས་ཉིད་རྒྱུ་མཐུན་གསུང་རབ་བཅུ་གཉིས་དང༌། །ཆོས་ལ་སྐྱེ་འགག་མེད་ཅིང་སྤྲོས་པས་དབེན། །དེ་ལ་དམིགས་ན་ཡོན་ཏན་ཀུན་འགྲུབ་པ། །ལེགས་རྒྱུ་དམ་པའི་ཆོས་ལ་ཕྱག་འཚལ་ལོ། །ཉོན་མོངས་སྒྲིབ་དང་ཤེས་བྱའི་སྒྲིབ་པ་དག །གཉེན་པོས་རིམ་པར་གསལ་ནས་སངས་རྒྱས་སར་བཞུགས་པ། །སེམས་ཅན་དོན་མཛད་སངས་རྒྱས་ཞིང་སྦྱོང་བའི། །འཕགས་པའི་དགེ་འདུན་ཆེན་ལ་ཕྱག་འཚལ་ལོ། །སོགས་དཀོན་མཆོག་གསུམ་ལ་བསྟོད་པ་ཤུགས་འབྱུང་དུ་བརྩམས། ན་ལནྡ་ཉིད་དུ་མཁན་པོ་ཛེ་ཏ་རི་དགྲ་ལས་རྣམ་རྒྱལ་དང་སློབ་དཔོན་ནོར་བཟང་ལས་བསྙེན་པར་རྫོགས་ཞེས་གྲགས་པ་ལྟར་ན་ཛེ་ཏ་རི་སྔ་མ་ཞིག་བྱུང་བར་སྣང་ལ། དཀོན་མཆོག་འབངས་སུ་མཚན་བཏགས་དཔལ་གྱི་རིར་ཀླུ་སྒྲུབ་ཡབ་སྲས་ལ་མདོ་སྔགས་ཐམས་ཅད་གསན། ལན་གཅིག་པུས་འཁྱུད་བཅིངས་སྟེ་ཆོས་ཉན་པས་འཕགས་པས་དེ་ལྟ་བུ་མི་རུང་གསུངས་པ་ན་ང་འདྲ་བའི་ང་རྒྱལ་ལ་ཆོས་ཉན་ཡང་མི་ཤེས་པ་སྙམ་སྟེ་ཤིན་དུ་ངོ་ཚ་ཞིང་ང་ཡང་འདི་འདྲ་ན་གཞན་ལྟ་ཅི་སྨོས་སྙམ་ནས་བླ་མ་ལྔ་བཅུ་པ་བརྩམས་པར་གྲགས། བསྟན་པ་ལ་གནོད་པ་བྱས་པའི་བཤགས་པར་བསྟན་བཅོས་མང་དུ་རྩོམས་ཅིག་གསུངས་བས། སངས་རྒྱས་ལ་སྐུར་པ་བཏབ་པའི་གཉེན་པོར་བསྟོད་པ་བརྒྱ་ལྔ་བཅུ་པ་དང་སྐྱེས་རབས། ཆོས་ཀྱི་བཤགས་པར་ཆོས་ཀྱི་སྐུ་ལ་བསྟོད་པ། དགེ་འདུན་གྱི་བཤགས་པར་བླ་མ་ལྔ་བཅུ་པ་དང་རྩ་ལྟུང་གི་སྡོམ། རྒྱུ་འབྲས་སྤངས་པའི་བཤགས་པར་སྨན་དཔྱད་ཡན་ལག་བརྒྱད་པ་ཆེན་པོ། ཡན་ལག་བརྒྱད་པ་ལ་འཇུག་པ། ཡན་ལག་བརྒྱད་པའི་སྙིང་པོ་་ཡན་ལག་བརྒྱད་པ་བསྡུས་པ་རྣམས་མཛད། ཁྱད་པར་སྙིང་པོ་བསྡུས་པ་རྩོམ་ཚེ། ས་གསུམ་དགེ་ལེགས་འབྱུང་བ་ཡི། །དགེ་བའི་ལྟས་ནི་སྣ་ཚོགས་བྱུང༌། ཞེས་ཀླུ་ཡུལ་དུ་འོད་སྣ་ཚོགས་(ཙ༡༢ན)


PTT001_Page_1495
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྤྲིན་ཆགས་པ། དེ་ལས་བདུད་རྩིའི་ཆར་འབབ་པ། ཤིང་འབྲས་དུས་མིན་དུ་སྨིན་པ་སྟེ་གསུམ། ལྷ་ཡུལ་དུ་རྒྱལ་མཚན་གཡོ་བ། དེ་ལས་འོད་འཕྲོ་བ། མེ་ཏོག་གི་ཆར་འབབ་པ་གསུམ། མི་ཡུལ་དུ་ས་གཡོ་བ། ཨུཏྤལའི་ཆར་འབབ་པ། དུག་གི་མེ་ཏོག་རྙིངས་པ། གསེར་གདུགས་རང་བཞིན་གྱིས་འཁོར་བ། དུང་རྣམས་རང་སྒྲ་འབྱིན་པ། ཤིང་གི་བཅད་མཚམས་ནས་འོ་མ་དང་སྦྲང་རྩི་འབྱུང་བ། རྫ་རྔ་ལས་སྔགས་སྒྲ་འབྱུང་བ། དཀོན་མཆོག་རྟེན་རྣམས་མདངས་དང་ལྡན་པ། ནང་པའི་པཎྜི་ཏ་རྣམས་ཀྱིས་ཤིས་པ་བརྗོད་པ་དང་བཅུ་གཉིས་སྟེ་བཅོ་བརྒྱད་བྱུང༌། བྷཾ་ག་ལར་ཙནྡྲ་གོ་མི་བྱེ་མ་ལས་བཞེངས་པའི་སྒྲོལ་མའི་དྲུང་དུ་བཞུགས་ཚེ་ཙུ་ཏ་རྐང་གཅིག་པའི་ཡུལ་གྱི་མི་གཉིས་བར་དུ་འཕྲུལ་འཁོར་བཅུག་སྟེ་མགྱོགས་པར་འགྲོ་བས་ཁྱེར་སྟེ་ཡུལ་དེར་སླེབས། ཤིང་སྲིན་བུས་ཟོས་པའི་རྗེས་ཡི་གེར་ཡོད་པ་ལ་རྡོར་གཅོད་དང་སྡུད་པ་ཚང་བར་འདུག་པ་ལ་མཆོད། དེར་གཞན་དོན་མི་ནུས་པས་སྒྲོལ་མ་ལ་གསོལ་བ་བཏབ་པས་མནལ་སད་ཚེ་ཡུལ་དབུས་སུ་བྱོན། ངོ་མཁྱེན་པ་ཐམས་ཅད་འདས་པས་ནགས་སུ་བཞུགས་པའི་ཚེ་སྟག་མོ་ལ་སྐུ་ལུས་བཏང་བས་སྐྱེས་རབས་འཕྲོར་ལུས། མཚན་གྱི་རྣམ་གྲངས་བློ་གྲོས་བཀྲ་བ། ཨ་ཤོ་ཀ་ཅེས་ཀྱང་བྱ་ཞིང༌། དཔལ་ཆེན་དགེ་བ་ནི་ཁྱིམ་ན་བཞུགས་པའི་མཚན་དུ་འདོད་པ་དང་ཡབ་ཀྱི་མཚན་དུ་འདོད་པ་གཉིས་སྣང་ཡང་ཟླ་ཟེར་ལས། བདག་གི་མེས་པོར་གྱུར་པ་ནི། །དཔལ་ཆེན་དགེ་བ་ཞེས་བྱ་བ། །དེ་ནི་ད་ལྟའང་ས་གསུམ་ན། །གྲགས་པ་དྲི་མེད་སྒྲོག་པར་བྱེད། །ཅེས་པ་ལྟར་ན་དངོས་ཀྱི་མཚན་དུ་རིགས་ལ། མུ་སྟེགས་ཀྱི་དུས་རལ་པ་ཅན། སྐྲའི་ལ་བ་ཅན། ནང་པར་གྱུར་ནས་ཆོས་ལྡན་རབ་འབྱོར་དབྱངས། མར་མེ་མཛད། དཔའ་བོ། འབུམ་ཊཱིཀྲ་མཁན་པོ། དཾ་ཥྚ་ས་ན། བཀོད་མ་འཛིན་པ། བདེ་མཆོག་མི་(ཙ༡༢བ)


PTT001_Page_1496
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་བ། སྒྲོལ་མ་སྟེ་སློབ་དཔོན་ལྷ་གསུམ་པ་ཅེས་སོགས་མང་དུ་གྲགས་སོ། །སློབ་དཔོན་ཨཱརྻ་དེ་ཝས་དེ་ལྟ་བུའི་སྟོན་པ་ཆེན་པོ་བཏུལ་སྟེ་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་མཛད། དབུ་མ་བཞི་བརྒྱ་པ་དང་ལག་པའི་ཚད། གཏན་ཚིགས་གྲུབ་པ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ། སྤྱོད་བསྡུས་སྒྲོན་མེ། བདག་བྱིན་རླབས། སེམས་ཀྱི་སྒྲིབ་སྦྱོང༌། གདན་བཞི་ཡབ་བཀའ་ཡུམ་བཀའི་སྒྲུབ་ཐབས། ཤིང་གཅིག་དཀའ་འགྲེལ་སོགས་མཛད་ལ། འཕགས་པ་མིན་ལ་འཕགས་པའི་མིང༌། ཞེས་པའང་མིང་འདོགས་དུས་འཕགས་པ་མ་ཡིན་པ་ལ་དགོངས་ཀྱི་ཕྱིས་གྲུབ་ཐོབ་ཆེན་པོ་བཞི་ལ་སྤྱིར་རྟ་སྐད་ཅན་གྱི་གཉེན་པོར་ལི་ཙཱ་ཝི་དྲི་མེད་གྲགས་པ་དང་རྒྱལ་སྲས་ལག་ན་པདྨས་སྨོན་ལམ་བཏབ་པར་གྲགས་པས་ཀླུ་སྒྲུབ་ཡབ་སྲས་ནི་དེ་དག་གི་ངོ་བོར་ཁུམས་སོ། །འཕགས་པ་ལི་ཁར་ཤིང་འཕེལ་ན་གཏོང་བ་མཛད་དུས་རྒན་རྒོན་གཉིས་ལ་གསེར་མང་དུ་གནང་བས་རྒན་པོས་ཉེ་གནས་བྱས་ཆོས་ཉན་པ་ཚེ་འཕོས་ནས་ཀླུའི་བྱང་ཆུབ་ཏུ་འཁྲུང་པ་ཡིན་སྟེ་མཁས་གྲུབ་ཟླ་མེད་པར་གྱུར་ནས་ཚེའི་རིག་འཛིན་བརྙེས་སྟེ་དཔལ་གྱི་རི་ལ་ད་ལྟའང་བཞུགས་ལ་གསང་འདུས་དཀྱིལ་ཆོག་དང་རིམ་ལྔའི་འགྲེལ་པ་སོགས་མཛད། བླ་མ་དག་མ་ཧེའི་རྭ་སྒོམ་དུ་བཅུག་པ་དེ་ཡིན་གསུང་ཡང་དེ་ནི་སློབ་དཔོན་ཤངྑི་པ་བྱ་བ་ཡིན་པར་པཎ་ཆེན་ནགས་རིན་གྱིས་གསུངས་སྟེ། འཕགས་པ་ཀླུ་སྒྲུབ་བལ་པོར་ཤིང་ཀུན་ལ་བྱ་བ་མཛད་དུས་སློབ་མ་ཞིག་ཤེས་རབ་ཤིན་དུ་ཆུང་བས་དམིགས་པ་ཅི་བསྟན་ཡང་མ་ཟིན་པས་ཐུགས་སྐྱོ་སྟེ་འོ་ན་མགོ་ལ་མ་ཧེའི་ར་སྐྱེས་པར་སྒོམས་ཨང་གསུངས་པས་དེ་ཟིན་ནས་བསྒོམས་པས་སློབ་དཔོན་བྱོན་ཚེ་རྭ་བྲག་ཕུག་ལ་འཐོགས་པར་མཐོང་བས་ལྡང་མ་ཤེས་པ་ན་དམིགས་པ་བརྟན་པར་དགོངས་སྟེ་མཉེས་ནས་རྭ་མགོ་ལ་ཐིམ་པར་སྒོམས་ཅིག་གསུངས་སྟེ་དམིགས་པ་ཉུང་ངུ་ཞིག་བསྟན། སློབ་དཔོན་གྱིས་བཅུད་ལེན་གྱི་ཆུ་གྲུབ་ནས་རིལ་བུ་བྱས་སྟེ་བཀྱེ་བ་ན་གཞན་(ཙ༡༣ན)


PTT001_Page_1497
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རྩིས་ཆེན་བྱེད་ཅིང་འདུག །དེས་དཔྲལ་པ་ལ་རེག་ཙམ་བྱས་སྟེ་འཕངས་སོ། །སློབ་དཔོན་གྱིས་དེའི་རྒྱུ་དྲིས་པས་ང་སློབ་དཔོན་གྱི་གདམས་ངག་ལས་གྲུབ་པ་ཐོབ་པ་ཡིན། དེ་འདྲ་ཅི་དགོས་བྱ་ཡིས་ཆུ་དང་སྣོད་ལྟ་གོན་མཛོད་ཟེར་བས་སློབ་དཔོན་གྱིས་རྫས་མང་པོ་ཆུས་བཀང་པས་ཁོས་ལྷུང་བཟེད་དུ་དྲི་ཆུ་བཙགས་པ་ཐིགས་པ་རེ་བླུག་པས་གྲུབ་པའི་དངུལ་ཆུར་གྱུར་སྟེ་སློབ་དཔོན་གྱིས་ཀླུ་སྒྲུབ་ཕུག་པར་གཏེར་དུ་སྦས། ཕྱིས་རྫོ་གི་ཞིག་གིས་རྡོ་རྗེ་གདན་ནས་ཁ་བྱང་རྙེད་སྟེ་བལ་པོ་ཞིག་ལ་གནས་ཚང་བྱས། ཀླུ་བསྒྲུབས་སྟེ་ཕུག་པ་འདི་ན་ནོར་མང་པོ་ཡོད་ཟེར་འདོན་ནོ་ཞེས་གནས་པོ་ཁྲིད་སྟེ་ཕུག་པར་ཕྱིན་པས་ཕུགས་ན་ཆུ་གཏིང་ཟབ་པ་ཅིག་འདུག་པ་ལ་སྦྲུལ་གྱི་ཟམ་པ་བྱུང་སྟེ་ཕྱིན་པས་སྣོད་ཆུས་གང་བ་མང་དུ་འདུག་པ་ནས་ཆུ་ལྷུང་བཟེད་གང་ཁྱེར་ཕྱིས་དེའི་ཐིགས་པ་གཅིག་ཟངས་ལ་ལྷུང་བ་གསེར་དུ་གྱུར་པ་ཤེས་སྟེ་གནས་པོས་ཆུ་སྦས་སྟེ་ཁྱིམ་ལ་མེ་སྤར་སྟེ་གསེར་འགྱུར་བྱས་དགེ་བ་རྒྱ་ཆེན་པོ་བསྒྲུབས་པ་འདི་པཎ་ཆེན་བོད་དུ་བྱོན་པའི་ལོ་བརྒྱའི་སྔོན་ཙམ་ཡིན་པར་གསུངས། ཤཱཀྱ་བཤེས་གཉེན་གྱིས་སྤྱོད་བསྡུས་སྒྲོན་མེའི་འགྲེལ་པ་མཛད་པས་འཕགས་པ་ལྷའི་སློབ་མ་ཡིན་པ་སྙམ། སློབ་དཔོན་ཟླ་བ་གྲགས་པ་འོད་གཞན་རྣམས་འཕགས་པའི་དངོས་སློབ་ཏུ་འཆད། བཀའ་བཞི་རྒྱུད་པའི་ལོ་རྒྱུས་ལས་ཀླུ་སྒྲུབ་མྱ་ངན་ལས་འདས་ནས་ལོ་ལྔ་བརྒྱ་ནས་འཁྲུངས་པ་དང་འཕགས་པ་ལྷའི་སློབ་མར་འཆད། ཚིག་གསལ་དུ། ཀླུ་སྒྲུབ་དགྲ་གཅན་ཟིན་ནི་བཟང་པོའི་ཞལ་སྔ་དང་བཅས་ལྷས་ཀྱང་གསུངས་རྗེས་སུ། །འབྲེངས་པས་དེ་ཡི་ཚུལ་ལུགས་དུས་ནི་ཡུན་རིང་ཞིག་དུ་གསལ་བར་བསྟན་པ་མཛད། །དེ་ཡི་སློབ་མ་བསྟན་བཅོས་དེ་ལ་རྣམ་པར་འབྱེད་པས་རྣམ་ངེས་བློ་ལྡན་པ། །རྣམས་ཀྱིས་མུ་སྟེགས་མ་ལུས་ཕམ་བྱས་ཐུབ་མཆོག་བསྟན་པ་ཡུན་རིང་བཤད། །ཅེས་དེའི་སློབ་མ་རྣམས་ཀྱིས་ཅེས་པ་ལས་བདག་གི་བླ་མ་ཞེས་པ་(ཙ༡༣བ)


PTT001_Page_1498
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་མི་སྣང་ངོ༌། །སློབ་དཔོན་ཟླ་བ་གྲགས་པ་ནི་ལྷོ་ཕྱོགས་སོ་མ་ནར་འཁྲུངས། སྐྱེ་བ་ལྔ་བརྒྱར་པཎྜི་ཏར་གྱུར། འཇམ་དཔལ་གྱིས་རྗེས་སུ་བཟུང་བས་ཟླ་མེད་པའི་མཁས་པར་གྱུར། བཞི་བརྒྱ་པའི་འགྲེལ་པ་དང་གཙོ་བོར་ཉི་ཟླ་ལྟར་གྲགས་པ་གསལ་བ་རྣམ་གཉིས་ཅེས་པ་རྩ་ཤེའི་འགྲེལ་པ་ཚིག་གསལ་དང་གསང་འདུས་ཀྱི་འགྲེལ་པ་སྒྲོན་གསལ་མཛད། ནཱ་ལནྡྲར་བཞུགས་སྟེ་དེ་ན་པཎྜི་ཏ་ལྔ་བརྒྱ་པོ་ཐམས་ཅད་སེམས་ཙམ་པ་ཡིན། སློབ་དཔོན་གཅིག་པོ་དབུ་མ་ཐལ་འགྱུར་བ་ཡིན། ལན་གཅིག་ཁྱམས་སྟོད་ན་མར་བྱོན་པས་རྡོའི་ཀ་བ་ལ་དབུ་ཐུག་པས་ཁོང་རྣམས་ན་རེ། ཁྱོད་ཆོས་ཐམས་ཅད་རང་བཞིན་མེད་པ་ཡིན་ཟེར་བ་ཀ་བ་དང་མགོ་རང་བཞིན་མེད་པར་བྱ་མོད་ཟེར་བས་ཀ་བ་ག་རེ་གསུངས་ནས་ཕྱག་གཡུགས་པས་ཉི་ཞུར་ལ་བྱ་བ་བཞིན་དུ་སོང༌། ཡང་ཆར་དྲག་ཆེན་པོས་དགེ་འདུན་གྱི་མ་ཧེ་མོ་རྣམས་ནགས་ལ་འཐོར་སྟེ་འོ་མ་དྲང་དུ་མ་བྱུང་བ་ན་ཁོང་རྣམས་ན་རེ། ཁྱོད་སྣང་སེམས་འདི་ཐམས་ཅད་ཡང་དག་མ་ཡིན་པ་ལ་ཡིན་པར་སྣང་བ་ཡིན་ཟེར་བ་རི་མོའི་བ་ཡང་དེ་ལྟ་བུ་ཡིན་པས་འོ་མ་འཇོས་ཅིག་ཟེར་བས་ཡང་རི་མོའི་བ་ལས་འོ་མ་བཞོས་སྟེ་དགེ་འདུན་ལ་དྲངས། ཆོ་འཕྲུལ་འདི་དག་གིས་པཎྜི་ཏ་མང་པོ་དབུ་མ་པར་བཏུལ་བར་གདོན་མི་ཟའོ་ཞེས་ཁོ་བོ་སེམས་སོ། །སློབ་དཔོན་ཙནྡྲ་གོ་མི་ནི་པཎྜི་ཏ་ཙནྡྲ་བྱ་བ་ཞིག་མུ་སྟེགས་ཆད་ལྟ་བ་ཞིག་དང་རྟག་དུ་རྩོད་པས་པཎྜི་ཏས་ཚེ་སྔ་ཕྱི་ཡོད་པའི་སྒྲུབ་བྱེད་དང༌། ཁོས་མེད་པའི་སྒྲུབ་བྱེད་བཀོད་ཀྱང་མཉམ་པོ་ལས་མ་བྱུང་བས་ངས་སྐྱེ་བ་ཕྱི་མ་དངོས་སུ་བསྟན་གྱི། དེ་ཡང་ཟླ་བ་ཕྱི་མ་ལ་ང་ཤི་ནས་བ་རནྡྲའི་གྲོང་དུ་པཎྜི་ཏ་ཆོས་ཁོལ་བྱ་བའི་བུར་སྐྱེ་ང་ཡིན་པའི་རྟགས་སུ་སྨིན་མཚམས་སུ་རྨེ་བ་ཟླ་བ་ལྟ་བུ་ཡོད་པས་མིང་ཡང་ཟླ་བར་འབོད་པ་ཅིག་འོང་ལོ་བདུན་ན་རྩོད་པ་བྱའོ་ཞེས་བྱས་སྟེ་དེ་ལྟར་བྱུང་བའི་སྐྱེས་མ་ཐག་དུ་ཡུམ་འོ་མ་བརྒྱལ་ལམ་བྱས་པས་མས་ཁ་(ཙ༡༤ན)


PTT001_Page_1499
[མ་དཔེ་གཟིགས་ན་འདིར་གནོན།]

རོག་སྡོད་བྱས་པས་མའི་ངག་ཉན་པས་ཅི་ཡང་མ་སྨྲས། མཚན་ཟླ་བར་བཏགས། ཕྱིས་དགེ་འདུན་གྱི་ཕྱག་མི་ལེན་གྲལ་མགོར་མི་བཞུགས་པའི་ཕྱིར་གོ་མིའི་དགེ་བསྙེན་དུ་བཞུགས་པས་ཙནྡྲ་གོ་མིར་གྲགས་སོ། །མུ་སྟེགས་དེས་སྒྲའི་བསྟན་བཅོས་ཆེན་པོ་དཀྲུགས་པ་ཅིག་ཕ་ལ་བསྐུར་ནས་འདིའི་འགྲེལ་མ་ཤེས་ན་ཕྱི་པར་འཇུག་དགོས་སོ་ཟེར། དེ་མ་གོ་ནས་པཎྜི་ཏ་གཞན་ལ་འདྲི་བ་དང་ཕྱི་རོལ་པ་ལ་རྔན་པ་གཏད་ནས་དྲིས་ཀྱང་མ་ཤེས། དཔེ་ཆ་བཞག་དཀའ་གནས་བཟུང་ནས་འདྲིར་སོང་བ་བུས་འཕྲིགས་སྟེ་དཔེ་ཆ་བལྟས་ནས་གོང་འོག་དུ་ཐོ་བཏབ་སྟེ་བཞག །ཕ་ལོག་ནས་དཔེ་ཆ་བལྟས་པ་ཙམ་གྱིས་ཤེས་སྟེ་འདིར་སུ་བྱུང་དྲིས་པས་སུ་ཡང་མ་བྱུང་བུ་གླེན་པ་ངས་ལྟ་ཞིང་འདུག་ཟེར། ཕས་དྲིས་པས་མ་ལ་མཛུབ་མོའི་བརྡ་བྱས། མས་སྨྲོས་ཅིག་མི་སྨྲ་བ་ཅི་ཡིན་བྱས་པས་མའི་ངག་ཉན་པ་ཡིན་ཟེར། ཟླ་བ་ཕྱི་མའི་ཉ་ལ་རྩོད་པའི་ཚེ། བུ་ཆུང་གིས་ང་པང་པར་ཞོག་ལ་རྩོད་དུ་ཆུག་ཟེར་བས་འདི་དང་རྩོད་ཅིག་བྱས་པས་བུས་བ་ཆུང་ངུ་འདིས་ངའི་རྩོད་ཟླ་མི་ཡོང་ཟེར་བ་ལ་ཁྱེ་འུས། མར་མེ་ཆུང་ཡང་མུན་པ་སེལ། །ལྕགས་ཀྱུ་ཆུང་ཡང་གླང་པོ་འདུལ། །བྱིས་པ་ཆུང་ཡང་མུ་སྟེགས་འདུལ། །སྔོན་འདི་ལྟར་དམ་བཅས་པ་མ་ཡིན་ནམ། །ཞེས་གསུངས་པ་ཙམ་གྱིས་སྤོབས་པ་ལན་མེད་དུ་གྱུར་སྟེ་མུ་སྟེགས་ཐམས་ཅད་ནང་པར་བཅུག །བ་རེནྡྲའི་རྒྱལ་པོས་ཀྱང་བཀུར་སྟེ་བུ་མོ་བྱིན། ཕྱིས་བྲན་མོས་ཇོ་མོ་ཏཱ་རེ་ཞེས་བོས་པ་ན་ཡི་དམ་དང་མཚན་གཅིག་པས་མི་རུང་བར་ཤེས་སྟེ་བཟོད་པ་གསོལ་བ་ན་རྒྱལ་པོས་འོ་ན་གངྒཱ་ལ་སྐྱུར་ཞིག་ཟེར་ནས་བསྐྱུར། སློབ་དཔོན་གྱིས་སྒྲོལ་མ་ལ་གསོལ་བ་བཏབ་པས་གངྒཱའི་ནང་དུ་གླིང་ཆགས་པར་བཞུགས་སྟེ་ཙནྡྲ་གླིང་ཞེས་པར་གྲགས། ཉ་པས་བསྒྲལ་སྟེ་རྒྱལ་པོའང་དད་སྟེ་བླ་མར་བཀུར། ཕྱིས་ནཱ་ལནྡྲར་སློབ་དཔོན་ཟླ་གྲགས་ཆོས་(ཙ༡༤བ)


PTT001_Page_1500
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་བའི་སར་གདུགས་གཅིག་བསྣམས་ནས་བྱོན་པས་སློབ་དཔོན་གྱི་གསུང་ནས་ཕ་གི་ང་ལ་རྩོད་པ་བྱེད་པ་ཅིག་ཡིན་པར་འདུག །ཆོས་ཅིས་ཤེས་དྲིས་ཤོག་གསུངས་སྟེ་དྲིས་པས། སྒྲ་པཱ་ཎི་དང་བསྟོད་པ་བརྒྱ་ལྔ་བཅུ་པ་འཇམ་དཔལ་མཚན་བརྗོད་གསུམ་ཤེས་ཟེར་བས་མཁས་པ་ཆེན་པོར་རིག་ནས་ནཱ་ལནྡ་པ་ཐམས་ཅད་ཀྱིས་ཕྱིར་བྱོན་ཞིག་ཟེར་ནས་སླར་དཔག་ཚད་ནས་བསུས་སྟེ་དེའི་ཚེ་རབ་ཏུ་བྱུང་བ་མང་པོས་གསུ་བ་ང་དགེ་བསྙེན་གྱིས་བླང་བར་མི་རིགས་པས་གསུ་བ་དཀོན་མཆོག་ལ་འབུལ་སྙམ་པས་འཇམ་དབྱངས་ཀྱི་སྐུ་ཞིག་ཤིང་རྟ་ལ་བཞུགས་སློབ་དཔོན་ཉིད་ཀྱིས་རྔ་ཡབ་གཡོབ་ཅིང་བསྟོད་པ་མཛད་པས་སྐུ་གཟུགས་དེས་དབུ་ཡོན་པོར་བྱས་ནས་གསན་པ་བྱུང་བས་འཇམ་དབྱངས་མཇིང་ཡོན་གྱི་བསྟོད་པ་ཅེས་ཛམ་གླིང་གི་བསྟོད་ཆེན་བཞིའི་གཅིག་དུ་གྲགས། སློབ་དཔོན་ཟླ་གྲགས་དང་རྩོད་ཚེ་དེ་རིང་གི་ལན་སང་བཏབ་པས་འདི་ལ་འདྲིས་ས་ཞིག་ཡོད་པར་འདུག་སྙམ་ནས་ཟླ་གྲགས་ཀྱིས་གསན་དུ་བྱོན་པས་ཁཱར་ས་པཱ་ཎའི་ལྷ་ཁང་ན་ཐུགས་རྗེ་ཆེན་པོའི་སྐུ་དེས་མཆོག་སྦྱིན་བཤིག་ནས་མཛུབ་མོ་ཀེར་ཞིང་འཆད་པ་གསན། ས་བཅུའི་བྱང་སེམས་ལའང་ཉེ་རིང་འདི་འདྲ་འདུག་བསམས་ནས་འཕགས་པ་ཉེ་རིང་མ་མཛད་ཞུས་པས་གསུང་འཕྲོ་ཆད། མཛུབ་མོ་ཀེ་རེ་ལུགས་པ་ལ་གསོལ་བ་བཏབ་པས་ཐུགས་རྗེ་ཆེན་པོ་མཛུབ་ཀེར་གྱི་བསྟོད་པ་ཅེས་བསྟོད་ཆེན་གཅིག་དུ་གྲགས། ཐོ་རེངས་མནལ་ལམ་དུ་བྱོན་སྟེ་དགེ་སློང་ཞིག་དང་ངེད་གསུམ་སེམས་ལྷན་ཅིག་དུ་བསྐྱེད་ཅིང་ཁོས་ང་བསྒྲུབས་པ་ཡིན། ཁྱོད་ཀྱི་ལྷག་པའི་ལྷ་ནི་འཇམ་དཔལ་ལོ་གསུངས། སྤྱན་རས་གཟིགས་ཀྱིས་ཐེག་ཆེན་གྱི་བསྟན་བཅོས་མང་དུ་རྩོམས་ཅིག་གསུངས་པས་ཟླ་བ་སྒྲོན་མའི་འགྲེལ་པ་དང་སྐུ་གསུམ་ལ་འཇུག་པ་སོགས་མང་དུ་མཛད། སློབ་མ་རྒྱལ་རིགས་ཀྱི་དགེ་སློང་ཞིག་བབས་ནས་སྡིག་པ་སྤྱོད་པ་འདུལ་ཕྱིར་སློབ་སྤྲིང༌། སྒྲ་ཙནྡྲ་པ་ཡན་ལག་དང་བཅས་པ་མཛད་ནས་བཏུལ། སློབ་(ཙ༡༥ན)


PTT001_Page_1501
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཟླ་བ་གྲགས་པས་སྒྲ་མདོ་ཀུན་དུ་བཟང་པོ་ཅེས་པ་ཚིགས་བཅད་ལེགས་པ་ཅིག་མཛད་པ་གཟིགས་སྟེ་རང་གི་བསྟན་བཅོས་ལ་ངོ་ཚ་ནས་ཁྲོན་པར་བསྐྱུར་བས་ཁྲོན་པ་ལ་རྟག་དུ་འཇའ་ཟུག་ཆུ་འཐུང་ཚད་ནད་ཞི་ཞིང་ཤེས་རབ་འཕེལ་བས་ཙནྡྲ་ཁྲོན་པར་གྲགས། སྤྱན་རས་གཟིགས་ཀྱིས་ཁྱོད་ཀྱིས་ལྷག་བསམ་གྱིས་བྱས་པ་གཞན་ལ་ཕན་པས་ཁྲོན་པ་ནས་འཕྱུང་ལ་གཞན་ལ་སྟོན་ཅིག་ཞེས་གསུངས་པར་དེང་སང་གྲགས་ལ། རྒྱ་གར་ན་གྲགས་ཚོད་ལ་ཙནྡྲ་པ་མ་དར་ཀུན་དུ་བཟང་པོ་དར་བས་གོ་མིས་བདག་གི་དེ་དར་བར་ཞུས་པས་ཀུན་དུ་བཟང་པོ་དར་འཕྲོ་ཆད་སྟེ་ཙནྡྲ་པ་དར། དེར་སློབ་དཔོན་ཟླ་གྲགས་ཐུགས་ཆད་ནས་བསྟན་བཅོས་ཁྲོན་པར་འཕངས་པས་ཙནྡྲ་ཁྲོན་པ་བྱུང༌། ཕྱིས་སྟེང་དུ་མཆོད་རྟེན་བརྩིགས་པར་གྲགས་ཡོད་སྣང་ལ་སློབ་དཔོན་གཉི་ག་ཟླ་བའི་མཚན་དུ་ནི་མཚུངས་པར་སྣང་ངོ༌། །ཡང་བྲམ་ཟེ་དབུལ་པོ་ཅིག་གིས་སློབ་དཔོན་ལ་ནོར་སློངས་པས་སློབ་དཔོན་ལ་སྦྱིན་རྒྱུ་མེད་ཀྱང་སྙིང་རྗེ་ཆེན་པོ་སྐྱེས་སྟེ་ཞལ་བའི་ལོགས་ལ་སྒྲོལ་མའི་སྐུ་ཅིག་དེ་ཉིད་དུ་བྲིས། དེའི་འོག་དུ་སྒྲོན་མ་དཔལ་ཆེན་མོ་ལ་བསྟོད་པ་བྱ་བ་ཞིག་བྲིས་པས་བསྟོད་པ་ཕྱེད་ཙམ་ཟིན་དུས་བྲིས་སྐུའི་ཞབས་ཀྱི་གདུབ་བུའི་ནོར་བུ་ཞིག་འོད་ཆེ་ཆེར་གྱུར་ནས་བསྟོད་པ་ཟིན་པ་ན་ནོར་བུ་དངོས་སུ་བྲུལ་བྱུང་བ་བྱིན་པས་དབུལ་པ་བསལ་སྟེ་བྲིས་སྐུ་དེ་བྱིན་རླབས་ཅན་དུ་བྱེད་སྐད། བསྟོད་ཆེན་གཅིག་ནི་དེ་བཞིན་གཤེགས་པ་ལ་ལྷ་ལས་ཕུལ་བྱུང་དུ་བསྟོད་པ་ཡིན་ལ་འདི་མཐོ་བཙུན་གྲུབ་རྗེས་མཛད་པར་གྲགས་ཤིང་ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་པ་ཤེས་རབ་གོ་ཆས་མཛད་པར་དཔུན་གཉིས་ཀྱིས་ཏི་སེར་དབང་ཕྱུག་གིས་དགྲ་བཅོམ་མཆོད་པ་མཐོང་ཞིང་རྗེས་སུ་བསྟན་པ་རྣམས་བཤད་ནས་དེ་ལྟར་རྟོགས་པར་གྱུར་སྟེ་སླར་རང་གི་ཡུལ་དུ་སོང་སྟེ་དེ་དག་གིས་གསུང་རབ་ཀྱི་ཆོས་ཁ་ན་མ་ཐོ་བ་མེད་པ་ཡིན་པར་ཤེས་པས་རིག་བྱེད་ཀྱི་ཚིག་རྣམས་རྩྭ་ལྟར་དུ་དོར་སྟེ་རབ་ཏུ་བྱུང་ནས་སངས་རྒྱས་བཅོམ་ལྡན་འདས་(ཙ༡༥བ)


PTT001_Page_1502
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁྱད་པར་དུ་འཕགས་པར་བསྟོད་པ་དང་ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པ་གཉིས་བྱས་སོ་ཞེས་པ་ཙམ་ལས་མེད་ཀྱང་ལྷ་ལས་ཕུལ་བྱུང་གི་སྟོད་འགྲེལ་དེས་མཛད་པར་མཐོ་བཙུན་གྲུབ་རྗེས་ནི་ཁྱད་པར་དུ་འཕགས་པའི་བསྟོད་པས་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་ལ། བདེ་བྱེད་བདག་པོས་ནི་ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པས་བསྟོད་པ་ཡིན་ནོ་ཞེས་བཤད་དོ། །འགྲེལ་པ་འདི་གཉི་ག་ན་དཔུན་གཉིས་ཁོ་ན་ལས་དཔུན་གསུམ་གྱི་འཕྲོས་མི་སྣང་ཡང་ཆེ་བ་གཉིས་དང་པོ་ཕྱི་པ་ལ་མོས་པ་དེ་འཆད་མ་འདོད་པར་སྣང་བས་དཔུན་གསུམ་ཡོད་པ་རྡོ་རྗེ་གདན་གྱི་ལོ་རྒྱུས་ཉིད་དག་པར་རྡོ་རྗེ་གདན་གྱི་དཀར་ཆགས་ལས་བཤད་པ་དང་རྡོ་རྗེ་གདན་གྱི་གཙུག་ལག་ཁང་ཆེན་པོའི་ལོ་རྒྱུས་ཡིད་ཆེས་ཀྱི་ཚད་མ་ལས་ཤེས་སོ། །བསྟོད་ཆེན་གཅིག་ནི་སྒྲོལ་མའི་བསྟོད་པ་མེ་ཏོག་ཕྲེང་འཛིན་དེ་ཁ་ཆེ་ཁྲི་བསྟན་གྱི་རྒྱལ་པོ་རོལ་པའི་རྡོ་རྗེས་རྨི་ལམ་དུ་ལྷས་བསྟན་པ་ལྟར་མཆོད་གཏོར་བྱས་པས་མཚོ་བསྐམས་སར་གཙུག་ལག་ཁང་སྟོབས་ཀྱི་མཐུ་ཅན་བརྩིགས། དེར་དགེ་འདུན་སུམ་སྟོང་གིས་ཉིན་རེ་དུས་གསུམ་དུ་མཆོད་པའི་མཆོད་རྟེན་གྱི་གདུགས་ཀྱི་སྟེང་ན་ཁྱེའུ་སྐྱེས་མ་ཐག་པ་གཟུགས་བཟང་བ་དར་ལས་བཀྲིས་པ་ཅིག་ངུ་ཞིང་འདུག་པས་དགེ་འདུན་གྱིས་མཆོད་རྟེན་གྱི་རྩེ་ནས་རྙེད་པ་འདི་བཀུར་བར་འོས་པ་ཅིག་འབྱུང་ངོ་ཞེས་མ་མ་ལ་གསོར་བཅུག་སློབ་སྦྱང་བྱས་པས་མཁས་པ་ཆེན་པོར་གྱུར་སྟེ་སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་ཞེས་གྲགས། དེས་སྒྲོལ་མ་མངོན་པར་འབྱུང་བའི་རྟོག་པ་འབུམ་པ་ལས་གྲུབ་ཐབས་ཕྱུང་སྟེ་བསྒྲུབས་པས་ཞལ་གཟིགས། ཡོ་བྱད་ཐམས་ཅད་ཆགས་མེད་དུ་གཏོང་བས་སློབ་དཔོན་ཐམས་ཅད་གཏོང་བར་གྲགས། ཡོ་བྱད་ཟད་སློང་བ་མངས་པས་ཡུལ་དབུས་སུ་བྱོན། ལམ་དུ་བྲམ་ཟེ་ལོང་བ་བུ་དང་བུ་མོས་ཁྲིད་པ་ཅིག་བྱུང་འདི་གཉིས་ཁྱིམ་བྱེད་པ་ལ་ཅི་ཡང་མེད་པས་ཁ་ཆེར་སློབ་དཔོན་ཐམས་ཅད་སྦྱིན་པ་ལ་སློང་དུ་འགྲོ་ཟེར། (ཙ༡༦ན)


PTT001_Page_1503
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ང་ཡིན་ཞེས་མནའ་བོར་བས་བྲམ་ཟེ་བརྒྱལ། སློབ་དཔོན་སྙིང་རྗེ་ཆེན་པོ་སྐྱེས་སྟེ་ལུས་བཙོངས་ནས་སྦྱིན་པར་བསམས། རྒྱལ་པོ་ཚངས་པས་བྱིན་གྱིས་རིམ་གྲོར་མི་བརྒྱ་དང་བརྒྱད་སྲེག་པའི་གཅིག་མ་ལོངས་པ་ལ་བཙོངས་སྟེ་རིན་དུ་གསེར་ལྗིད་མཉམ་བྲམ་ཟེ་ལ་བྱིན་པས་དབུལ་བ་བསལ། སློབ་དཔོན་དོང་དུ་བཅུག་པས་ད་གྲངས་ཚང་བས་མྱུར་དུ་སྲེག་འོང་ཟེར་ནས་དོང་གི་མི་ཐམས་ཅད་ཉམས་ཐག་པར་ངུ་བ་ལ་སྙིང་རྗེས་ཆེར་སྐྱེས་ནས་སློབ་དཔོན་གྱིས་མེ་ཏོག་ཕྲེང་འཛིན་གྱིས་སྒྲོལ་མ་ལ་བསྟོད་པས་སྒྲོལ་མའི་སྐུ་ལས་བདུད་རྩིའི་ཆར་བྱུང་བས་དོང་པདྨའི་རྫིང་བུར་གྱུར། བཙོན་རྣམས་གཟི་འོད་དང་བཅས་པས་པདྨའི་སྟེང་དུ་ཡེར་བྱུང་བས་རྒྱལ་པོ་ངོ་མཚར་སྐྱེས་སྟེ་བཙོན་རྣམས་བཏང༌། སློབ་དཔོན་དམག་གིས་བསྐོར་སྟེ་འབྱོན་མི་འཇུག་པར་སྲུང་བ་ན་སྡིག་སྤྱོད་ཀྱི་འདུན་སར་ཐུགས་སྐྱོ་སྟེ་རང་ཡུལ་དུ་ཕྱིན་པར་ཇོ་མོ་ལ་གསོལ་བ་བཏབ་སྟེ་ཇོ་མོའི་དར་དཔྱངས་ལ་འཇུས་ནས་མིག་ཕྱེ་བས་ཁ་ཆེར་རྒྱལ་པོ་གཞན་ཞིག་ཁྲི་སྟེང་ན་འདུག་སྟེ་ཁྱོད་རྒྱལ་པོ་འདིའི་བུར་སྐྱེས་མ་ཐག་ཤིང་གྲིབ་ལ་བསྙལ་ཡོད་པ་འཁོར་ཡེངས་པ་ལ་བྱ་རྒོད་ཀྱིས་ཁྱེར་སྟེ་ཤི་ནས་ཟ་བར་བསམས་སྟེ་མཆོད་རྟེན་གྱི་རྩེར་བཞག་པ་ལས་ཁྱོད་རང་གིས་གསོལ་བ་བཏབ་པ་བཞིན་རང་ཡུལ་དུ་ཕྱིན་པར་བྱས་པ་ཡིན་གསུངས། སློབ་དཔོན་གྱིས་གཙུག་ལག་ཁང་གཉིས་ཀའི་བདག་པོ་དང་རྒྱལ་པོ་གཉིས་ཀའི་མཆོད་གནས་མཛད། ཕྱིས་ཀྱང་སྒྲོལ་མའི་སྒྲུབ་ཐབས་འདིའི་སྒོ་ནས་ཞལ་གཟིགས་མང་སྟེ་པཎ་ཆེན་ཤཱཀ་ཤྲཱིའི་སྐུ་སྲོག་བསྐྱབས། གསེར་སྲང་ལྔ་བརྒྱའི་བུ་ལོན་མ་ཁོར་བར་གཡོག་བྱེད་དགོས་པ་གཅིག་གིས་སློབ་དཔོན་གྱི་རྣམ་ཐར་གྱིས་བསྐོར་བའི་སྒྲོལ་མའི་བྲིས་སྐུ་བཞེངས་སྟེ་གཡོག་བྱེད་བཞིན་བསྒྲུབས་པས་རྨི་ལམ་དུ་ལུང་བསྟན་སྟེ་མུ་ཏིག་གིས་གང་བའི་བུམ་པ་རྙེད་པས་བུ་ལོན་སྦྱངས་ཤིང་ལོངས་སྤྱོད་ཆེན་པོར་གྱུར་པ་ལ་སོགས་དངོས་གྲུབ་བརྙེས་པ་མང་དུ་བྱུང་ངོ༌། འཕགས་པ་ཀླུ་སྒྲུབ་ཡབ་སྲས་(ཙ༡༦བ)


PTT001_Page_1504
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཞུང་ཕྱི་མོའི་དབུ་མ་པ་ཅེས་བྱ་ཞིང་རྒྱུད་འཛིན་ལ་སངས་རྒྱས་བསྐྱངས་དང་ཟླ་བ་གྲགས་པ་སོགས་ཐལ་འགྱུར་བ་འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་པ་དང༌། ལེགས་ལྡན་བྱེད་སོགས་རང་རྒྱུད་པ་དང་ཁྱད་པར་མདོ་སྡེ་སྤྱོད་པའི་དབུ་མ་པ་ཡེ་ཤེས་སྙིང་པོ་དཔལ་སྦས་ཞི་བ་འཚོ་པདྨའི་ངང་ཚུལ་སེང་གེ་བཟང་པོ་སོགས་རྣལ་འབྱོར་སྤྱོད་པའི་དབུ་མར་འཕགས་པ་ཡབ་སྲས་ཀྱི་དགོངས་པ་འཆད་དོ། །ཐོགས་མེད་སྐུ་མཆེད་བྱོན་ཚུལ་ནི་ནང་པའི་གཎྜིའི་སྒྲ་འགེམས་ཅེས་པ་ཕྱི་རོལ་པ་ལ་གནོད་པར་གོ་ནས་དམག་དྲངས་སྟེ་གསུང་རབ་བསྲེགས། ཡང་ཅུང་ཟད་འཕེལ་བ་ན་ཡུལ་དབུས་ཀྱི་རྒྱལ་པོས་སྟག་གཟིག་གི་རྒྱལ་པོ་ལ་རས་ཀྱི་གོས་སྲུབས་མེད་པ་ཅིག་བསྐུར་བའི་སྙིང་གར་རྐང་རྗེས་ཀྱི་རི་མོ་ལྟ་བུ་ཞིག་བྱུང་བས་ངན་སྔགས་བྱས་སོ་ཞེས་དམག་དྲངས་སྟེ་སྣུབས། ཡང་དར་བའི་ཚེ་ཕྱི་པའི་སྤྲང་པོ་གཉིས་ནང་པའི་ལྷ་ཁང་ཞིག་དུ་བཀྲུར་འོངས་པ་དཀོན་གཉེར་གྱིས་ཁྲུས་ཆུ་གཏོར་བས་ཁྲོས་སྟེ་སའི་དོང་བྲུས་པར་གཅིག་གིས་ཉི་མ་བསྒྲུབས་པས་ལོ་བཅུ་གཉིས་ན་གྲུབ་སྟེ་ཅིག་ཤོས་ཀྱིས་ཁུར་སྟེ་གཙུག་ལག་ཁང་དུ་སླེབས་ནས་མིག་བལྟས་ཚད་ལ་མེ་འབར་བས་ལྷ་ཁང་མང་པོ་བསྲེགས། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཆོས་སྐྱོང་མང་དུ་རྦད་ཀྱང་རྟགས་མ་བྱུང༌། ཕྱིས་རྣམ་སྲས་རྟ་སྔོན་ཅན་གྱིས་བསད་བྱུང་བས་ཆོས་སྐྱོང་གི་མཆོག་དུ་བཀུར་སྐད། དེ་ལྟར་ཆོས་མངོན་པ་ལ་དགྲ་ལན་གསུམ་དར་བས་ནུབ་ཅིང་སྟོན་པ་འདས་ནས་ལོ་དགུ་བརྒྱ་ལོན་པ་ན་བྲམ་ཟེའི་དགེ་སློང་མ་གསལ་བའི་ཚུལ་ཁྲིམས་ཀྱིས་བསམས་པ། བསྟན་པའི་རྩ་བ་ཆོས་མངོན་པ་དགྲ་ལན་གསུམ་གྱིས་ནུབ། རང་ཡང་བུ་མེད་དུ་སོང་བས་དར་བར་མི་ནུས། གཞན་ཡང་མི་སྣང་བས་ལུས་ལ་བུ་སྐྱེད་སྟེ་དར་བར་བྱའོ་བསམ་ནས་རྒྱལ་རིགས་དང་འདུས་པས་ཐོགས་མེད་དང་བྲམ་ཟེ་དང་འདུས་པས་དབྱིག་གཉེན་བྱུང་སྟེ་སྐྱེས་མ་ཐག་ལྕེ་ལ་གི་ཝང་གིས་ཨ་བྲི་བ་སོགས་བློ་རྣོ་བའི་ཆོ་ག་བྱས་སྟེ་ཆེར་སྐྱེས་པ་ན་བློ་སྦྱོང་གྱིས་ལ་བསྟན་པ་དར་བར་གྱིས་ཅིག་ཞེས་བསྒོས་སྟེ་གཅེན་གྱིས་རི་བོ་བྱ་(ཙ༡༧ན)


PTT001_Page_1505
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་དུ་བྱམས་པ་བསྒྲུབས་སྟེ་ལོ་གསུམ་ན་རྒན་པོས་ཤིང་བལ་གྱི་ལྭ་བས་ལྕགས་ཀྱི་སྟོང་པོ་ལས་ཁབ་བྱེད་པ་དང༌། དྲུག་ན་ཆུ་ཐིགས་ཀྱིས་བྲག་ཟད་པ་དང༌། དགུ་ན་བྱ་སྒྲོས་བྲག་ཟད་པ་མཐོང་སྟེ་སླར་ཡང་བསྒྲུབས། རྟགས་མ་བྱུང་བས་ལོ་བཅུ་གཉིས་ན་ཐོན་པ་ན་ཁྱི་མོ་རོ་སྨད་འབུས་ཁྱེར་ནས་ལྡང་མི་ནུས་པ་རོ་སྟོད་གཞན་ལ་ཟུག་པ་མཐོང་བས། ཀྱེ་མ། སེམས་ཅན་རྣམས་རང་འདི་ལྟར་སྡུག་བསྔལ་ཡང་ཞན་ལ་ཞེ་སྡང་བ་བསམས་ནས་སྙིང་རྗེ་བཟོད་མེད་དུ་སྐྱེས་སྟེ་གྲོང་ཁྱེར་ནས་སྤུ་གྲི་གཡར་བརླ་ལས་ཤ་བཅད་པ་ལ་འབུ་མི་འཆི་བའི་ཕྱིར་ལྕེས་བླངས་སྟེ་བཞག་པར་འདོད་ནས་མིག་བཙུམ་སྟེ་ལྕེ་བརྐྱངས་པས་ས་ལ་ཐུག །མིག་ཕྱེ་པས་ཁྱི་མེད་པར་རྗེ་བཙུན་འོད་སྒོར་རེ་བྱོན་ནས་འདུག །དེ་ཙམ་དུ་ཞལ་མི་སྟོན་པ་ཐུགས་རྗེ་ཆུང་ཞུས་པས། ང་ཁྱོད་རང་དང་མ་བྲལ་བར་ཡོད་སྟེ་སྒྲིབ་པས་མ་མཐོང་བ་ཡིན། ད་ལྟ་སྙིང་རྗེ་ཆེན་པོ་སྐྱེས་པས་སྒྲིབ་པ་དག་སྟེ་མཐོང་བ་ཡིན། ཡིད་མི་འཆེས་ན་གཞན་ལ་སྟོན་གསུངས་སྟེ་རྗེ་བཙུན་ཕྲག་པར་བཞུགས་ནས་ངའི་ཕྲག་ན་ཅི་འདུག་ཞེས་ཚོང་འདུས་སུ་བསྟན་པས་གཞན་སུས་ཀྱང་མ་མཐོང༌། རྒན་མོ་ཞིག་ན་རེ་ཁྱི་རོ་ཞིག་འདུག་པ་ཟེར་སྐད། དེར་ཐེག་ཆེན་དར་བར་ཞུ་འཚལ་ཞུས་པས་སྐད་ཅིག་དགའ་ལྡན་དུ་ཁྲིད་སྟེ་ལྷའི་དྲོ་སྐད་གཅིག་མིའི་ལོ་ལྔ་བཅུར་ཐེག་ཆེན་གྱི་སྡེ་སྣོད་གསན་པར་གྲགས་ལ་ས་སྡེའི་གནའ་མཆན་ལས་ཟླ་བ་དྲུག་གསན་ཟེར་ཡང་སྤྱིར་སོ་སོའི་སྣང་བ་ཐ་དད་ཀྱིས་འཇོག་པ་མ་གཏོགས་དུས་བདེན་པ་མེད་པ་དང༌། དུས་བྱིན་གྱིས་རློབ་པའི་ཕྱིར་ཚད་བཟུང་བར་མི་བྱའོ། །དེ་རྣམས་ཀྱི་དོན་བསྡུས་པའི་བསྟན་བཅོས་རྩོམ་པར་ཞུས་པས་བྱམས་ཆོས་ལྔ་བརྩམས་པར་སེང་བཟང་བཞེད་ལ། གནད་ཀྱི་ཟླ་ཟེར་བ་སོགས་བཀའ་བསྡུས་མ་ཐག་བརྩམས་པར་འདོད་ལ། བྱམས་ཆོས་ལྔ། སྡོམ་རྣམ་གཉིས། ས་སྡེ་ལྔ། རབ་བྱེད་སྡེ་བརྒྱད་སྟེ་བྱམས་པ་དང་འབྲེལ་བའི་ཆོས་སྡེ་ཉི་ཤུ་པོ་ཐམས་ཅད་ཀྱང་བྱམས་པས་མཛད་པར་བོད་སྔ་རབས་པ་དུ་མ་འདོད་དོ། །སློབ་དཔོན་སླར་མི་ཡུལ་དུ་བྱོན་སྟེ་(ཙ༡༧བ)


PTT001_Page_1506
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་ཆོས་ལྔ་ཡི་གེར་བཀོད་པ་མངོན་རྟོག་རྒྱན་གྱི་འགྲེལ་པ་དེ་ཉིད་རྣམ་ངེས། རྒྱུད་བླའི་འགྲེལ་པ་མདོ་དགོངས་འགྲེལ་གྱི་འགྲེལ་པ། ས་སྡེ་ལྔ། སྡོམ་རྣམ་གཉིས་སོགས་མཛད། རྒྱ་ཆེར་སྤྱོད་པའི་ཤིང་རྟའི་སྲོལ་ཐོག་མར་ཕྱེ། ལོ་བརྒྱ་དང་ལྔ་བཅུར་བཞུགས་སྟེ་འགྲོ་བའི་དོན་མཛད་དོ། །དེའི་གཅུང་པོ་སློབ་དཔོན་སུ་མི་ཏྲ་དབྱིག་གི་བཤེས་གཉེན་ནི་སྔོན་རང་རྒྱལ་མང་པོས་ཆོས་མངོན་པ་དར་བར་སྨོན་ལམ་བཏབ་ཅིང་ལུང་སྨན་གྱི་གཞི་ལས་ལྷག་མཐོང་དང་རྗེས་སུ་མཐུན་པའི་གནས་མལ་གྱི་མཆོག་དུ་ལུང་བསྟན་པ་ཁ་ཆེའི་ཡུལ་དུ་བྱོན་སློབ་དཔོན་འདུས་བཟང་བསྟེན། མངོན་པ་སྡེ་བདུན་དང་བྱེ་བྲག་དུ་བཤད་པ་སོགས་གསན་པས་ཚེགས་མེད་པར་མཁྱེན། རྒྱ་གར་དུ་བྱོན་པས་ལམ་དུ་ཤོ་གམ་པའི་གནོད་སྦྱིན་གྱི་ལྷ་རྟེན་ལན་གསུམ་འཕྲོགས་པས་ཟློག་ཡང་ཆོས་བློ་ལ་ཡོད་པ་དབྲལ་དུ་མ་བཏུབ་པས་བཏང༌། གཅེན་གྱིས་ཐེག་ཆེན་བསྟན་པ་གསན་ནས། ཀྱེ་མ་ཐོགས་མེད་ནགས་སུ་ལོ། །བཅུ་གཉིས་བར་དུ་ཏིང་འཛིན་བསྒྲུབས། །ཏིང་འཛིན་མ་གྲུབ་གླང་ཆེན་གྱི། །རྒྱབ་ཁལ་ལོངས་བའི་གྲུབ་མཐའ་བརྩམས། །ཅེས་ཐེག་ཆེན་གྱི་ཆོས་དང་གང་ཟག་ལ་བསྟིངས་པ་གཅེན་གྱིས་གསན་སྟེ་སློབ་མ་གཉིས་མདོ་སྡེ་ས་བཅུ་པ་དང་བློ་གྲོས་མི་ཟད་པ་བསྟན་པ་གཉིས་ཁ་ཐོན་བྱེད་དུ་བཏང་ནས་སྲོད་ལ་བཏོན་པས་ཐེག་ཆེན་འདི་རྒྱུ་བཟང་ལ་འབྲས་བུ་ཁ་གཡེལ་བ་འདྲ་གསུངས། ཐོ་རེངས་བཏོན་པས་རྒྱུ་འབྲས་གཉིས་ཀ་ཤིན་དུ་བཟང་བར་འདུག་པ་ལ་སྐུར་པ་བཏབ་པ་ལྕེས་ལན་པས་ལྕེ་གཅོད་གསུང་བ་ན་གཅེན་གྱི་དྲུང་དུ་གཤེགས་པར་ཞུས་སྟེ་བྱོན། འབེལ་གཏམ་མཛད་པ་ན་གཅུང་སྤོབས་པ་མྱུར་ཞིང་གཅེན་ཤིན་དུ་བུལ་བའི་ལན་བཟང་པོ་བྱུང་ནས་རྒྱུས་ཞུས་པས། ཁྱོད་སྐྱེ་བ་ལྔ་བརྒྱར་པཎྜི་ཏར་སྐྱེས་པས་སྤོབས་པ་མྱུར་བ་ཡིན། ང་ལ་དེ་ལྟ་བུ་མེད་པས་རྗེ་བཙུན་ལ་ཞུས་ཤིང་ལན་འདེབས་པ་ཡིན་གསུངས། རྗེ་བཙུན་གྱི་ཞལ་བསྟན་པར་ཞུས་པས་སོ་སྐྱེ་ཡིན་ཞིང་དང་པོར་ཐེག་ཆེན་ལ་སྐུར་བ་བཏབ་པས་ཚེ་འདིར་མཇལ་(ཙ༡༨ན)


PTT001_Page_1507
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྐལ་བ་མེད་ཐེག་ཆེན་གྱི་མདོ་འགྲེལ་མང་དུ་རྩོམས། སྐྱེ་བ་ཕྱི་མ་ལ་མཇལ་གསུངས། དེར་ང་ཡི་ཕུ་བོ་ཀླུ་དང་འདྲ། །ང་ནི་ཆར་འདོད་བྱ་དང་འདྲ། །ཀླུ་ཡི་རྒྱལ་པོ་ཆར་ཕབ་ཀྱང༌། །བྱ་ཡི་གྲེ་བར་སོང་བ་མེད། །གསུང་ཞིང་ཐེག་ཆེན་གྱི་བསྟན་བཅོས་མང་དུ་མཛད། རྩ་ཤེའི་འགྲེལ་པ་ཚིག་གསལ་ལས་འཕགས་པ་ཐོགས་མེད་ས་གསུམ་པ་འོད་བྱེད་པ་བརྙེས་ཀྱང་དབྱིག་གཉེན་འདུལ་བའི་དོན་དུ་སེམས་ཙམ་བསྟན་ནོ་ཞེས་པ་ལྟར་དང་པོར་སེམས་ཙམ་བསྟན་པའི་སྒོ་ནས་ཆོས་ཉིད་ལ་བཀྲི་བར་མཛད་ལ། སློབ་དཔོན་གྱིས་ཀྱང་སེམས་ཙམ་གྱི་ལྟ་བ་ལ་དྲིན་དུ་གཟོ་བའི་ཕྱིར་ཡུམ་དོན་སེམས་ཙམ་དུ་བཀྲལ་ལོ། །གཞན་ཡང་ས་བཅུ་པ། བློ་གྲོས་མི་ཟད་པ། ག་ཡ་ག་རིའི་མདོ། སྒོ་དྲུག་པའི་གཟུངས་སོགས་ཀྱི་འགྲེལ་པ་དང༌། མདོ་སྡེ་རྒྱན་དང་ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པ་སོགས་མཛད་དོ། །སྤྱིར་འབུམ་སྡེ་གོ་དགུ་ཐུགས་ལ་མངའ་ཞིང་ཟངས་སུ་འབྲུ་མར་གྱིས་སྐུ་དབྱིངས་ནས་ཞག་བདུན་དུ་ཞལ་ཐོན་མཛད་དོ། །དེ་ནས་བྱེ་བྲག་དུ་སྨྲ་བ་རིམ་པས་ཁ་དྲང་བའི་ཕྱིར་མདོ་སྡེ་པའི་ལྟ་བར་གནས་ཅིང་ཁ་ཆེ་བའི་ལུགས་ལ་ཟུར་ཟ་བ་མངོན་པའི་མཛོད་བརྩམས་ནས་སྐྱེས་དང་བཅས་ནས་ཁ་ཆེ་འདུས་བཟང་ལ་བསྐུར་བས་མཉེས་སྟེ་འགྲེལ་པ་མདོ་དང་མཐུན་པ་ཡང་མཛད། འདིའི་ལོ་གྲག་ཟེར་གསུམ་རྣམས་ངེད་རང་གི་གྲུབ་མཐའ་ལ་ཟུར་ཟའོ་བྱས་པས་ཁོང་རྩོམ་པ་ལ་མཁས་པས་ཚིག་གི་རྒྱན་ཡིན་གསུངས། ཡང་དེ་གསལ་བར་བྱ་ཕྱིར་མཛོད་ཀྱི་རང་འགྲེལ་བརྩམས་སྟེ་བསྐུར་བས་མཁྱེན་སྟེ་ལན་གྱི་ཕུང་པོ་བརྩམས། རྩ་བ་སུན་འབྱིན་གྱི་འགྲེལ་པ་འདི་ལུང་རིགས་ཀྱིས་ཚར་བཅད་ལ་ཁོ་རང་གསུབ་ཏུ་གཞུག་དགོས་གསུངས་ནས་འབྱོན་པར་བརྩམས། དབྱིག་གཉེན་གྱི་ཀྱང་དེ་སློབ་དཔོན་ཡིན་པས་རྩོད་དུ་མི་རུང་ངོ་སྙམ་སྟེ་རང་བྱུང་གི་མཆོད་རྟེན་ལྟའོ་ཞེས་བལ་ཡུལ་དུ་བྱོན་པས་བལ་པོར་བན་གཟུགས་ཆང་བུམ་པ་ཐོགས་པ་གཅིག་གཟིགས་པས་རྣམ་རྒྱལ་ཟློག་ནས་བཏོན་པས་འདས་(ཙ༡༨བ)


PTT001_Page_1508
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་སྐུ་གདུང་གི་མཆོད་རྟེན་ཡོད། ཁ་ཆེ་འདུས་བཟང་ནི་འཁོར་མང་པོའི་ངུར་སྨྲིག་གི་འོད་ཀྱི་ན་མཁའ་དམར་པོར་སོང་བར་བྱོན་སྟེ་ཡུལ་དབུས་སུ་འདས། སློབ་དཔོན་དབྱིག་གཉེན་དེ་ལ་སློབ་མ་རང་ལས་མཁས་པ་བཞིར་གྲགས་པའི་མངོན་པ་རང་ལས་མཁས་པ་སློབ་དཔོན་བློ་བརྟན་ནི་སློབ་དཔོན་དབྱིག་གཉེན་བྷ་ག་བི་ཧར་ན་འབུམ་སྡེ་གོ་དགུ་གཞལ་ཐོན་མཛད་ཚེ་ཕུག་རོན་ཞིག་རྒྱུན་དུ་ཉན་པ་ཤི་ནས་མཐའ་འཁོབ་གྲ་མ་བྱ་བར་བྱེའུ་སྐྱེས་མ་ཐག་ངའི་སློབ་དཔོན་དབྱིག་གཉེན་གང་ན་བཞུགས་ཟེར་བས་ཆེར་སྐྱེས་ནས་ཡུལ་དབུས་སུ་བསྐྱལ། སློབ་དཔོན་གྱིས་ཡི་གེའི་ཕྱི་མོ་ནས་བཟུང་རིག་གནས་ཐམས་ཅད་བསླབས། ཆུང་དུས་སྒྲོལ་མའི་སྐུ་ཞིག་ལ་སྲན་མའི་ཕུད་ཕུལ་བས་ཟད་ཟད་དུ་ཕུལ་ཡང་བྲུལ་བས་བྱིས་པས་ངུས་པ་ན་སྐུ་དེས་མ་ངུ་ངས་བྱིན་གྱིས་རླབ་བོ་གསུངས། དེ་ནས་མཁྱེན་རབ་ཟླ་མེད་པར་གྱུར། རྟེན་དེ་ལ་ཡང་སྲན་མའི་སྒྲོལ་མ་ཞེས་གྲགས་ཤིང་ད་ལྟ་བོད་ན་ཡོད་པའི་དཀོན་བརྩེགས་ལེའུ་ཞེ་དགུ་པོ་འདི་སློབ་དཔོན་གྱི་ཐུགས་ལ་ཇི་སྙེད་བཞུགས་པ་ཡིན་པར་གྲགས་ཤིང་འགྲེལ་པའང་མཛད་སྐད། མཁས་པའི་ཕུལ་དུ་ཕྱིན་སྟེ་སློབ་དཔོན་ཡོན་ཏན་འོད་ཀྱི་སྦྱིན་བདག་རྒྱལ་པོ་ཤྲཱི་ཧརྴས་དཔལ་ཆོས་ཀྱི་གྲགས་པ་ལ་ད་ལྟ་སུ་མཁས་དྲིས་པས། མཁས་པར་རྒྱལ་པོས་བྱས་པ་ཡི། །བཙུན་པ་ཡོན་ཏན་འོད་ཀྱང་སྟེ། །བསྟན་བཅོས་ཀུན་གྱི་པོད་གཅིག་ལ། །སློབ་དཔོན་བློ་གྲོས་བརྟན་པ་ཉིད། །གསུང་སྐད། དེས་ཚད་མ་ཀུན་བཏུས་ཀྱི་འགྲེལ་པ་དང་མཛོད་འགྲེལ་གནམ་ལྕགས་ཐོག་གཟེར་རབ་བྱེད་སྡེ་བརྒྱད་ཀྱི་འགྲེལ་པ་སོགས་མཛད། དེའི་སློབ་མ་གང་བ་དཔེལ་ཡིན་ལ་དེའི་སློབ་མ་ཛི་ན་མི་ཏྲ་དང་དཱ་ན་ཤཱི་ལ་སོགས་ཡིན་པར་གྲགས་སོ། །ཕར་ཕྱིན་རང་ལས་མཁས་པ་འཕགས་པ་རྣམ་གྲོལ་སྡེ་ནི་གཙུག་ལག་ཁང་རྒྱ་ཆེན་པོ་དུ་མའི་བདག་པོ་འཕགས་པ་ཀུ་རུ་ཀུ་ལླེའི་སྡེ་པའི་བདག་པོ་སློབ་དཔོན་སངས་རྒྱས་འབངས་ཀྱི་དཔོན་པོ་ཡིན། ས་དང་པོ་རབ་ཏུ་དགའ་བ་ཐོབ། སངས་རྒྱས་ལས་དངོས་སུ་ཡུམ་གསན་སྟེ་ཡུམ་དོན་དབུ་མར་བཀྲལ་བ་ཉི་ཁྲི་(ཙ༡༩ན)


PTT001_Page_1509
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་མཛད། དེའི་སློབ་མ་དད་པའི་ས་ཚོགས་ལམ་ལ་གནས་པ་བཙུན་པ་གྲོལ་སྡེས་ཉི་ཁྲི་རྣམ་འགྲེལ་མཛད། དེ་ནས་མཆོག་གི་སྡེ། དུལ་བའི་སྡེ། ཡང་དག་རྣམ་སྣང་མཛད། དེའི་སློབ་མ་སློབ་དཔོན་སེང་གེ་བཟང་པོ་ནི་རྒྱལ་རིགས་ལས་རབ་ཏུ་བྱུང་རིག་པའི་གནས་ཐམས་ཅད་ལ་མཁས། ཆོས་བཤེས་ཀྱིས་ལོ་བཅུ་བདུན་དུ་དགེ་བའི་བཤེས་གཉེན་མཉེས་པར་བྱས་ཤིང་བྱམས་པས་རྨི་ལམ་དུ་རྗེས་སུ་བཟུང་བར་འཆད་པ་དང་ཤེས་འབྱུང་གིས་བྱམས་པ་ལས་མངོན་རྟོགས་རྒྱན་གསན་པར་བཤད་པ་ལྟར་བྱམས་པ་བསྒྲུབས་པས་དགེ་སློང་གུར་གུམ་གྱི་མདོག་འདྲ་བ་ཞིག་གིས་བསྐུལ་སྟེ་ཁཱརྶ་པཱ་ཎར་བྱོན། ཞག་གསུམ་དུ་བསྙུང་བ་མཛད་པའི་ཐོ་རེངས་སྤྲིན་གསེབ་ནས་རྗེ་བཙུན་ཞལ་གསེར་མདོག་སྤྱི་གཙུག་མཆོད་རྟེན་གྱིས་སྤྲས་པ་ཆོས་འཆད་ཅན་ཞིག་གིས་འགྲེལ་པ་རྣམས་ཀྱི་འཐད་པ་བསྡུས་ལ་ཁྱོད་ཀྱིས་རྩོམས་ཅིག་གསུང་བ་གསན། རྒྱལ་པོ་དྷརྨ་པཱ་ལས་སྦྱིན་བདག་བྱས་སྟེ་ཚབ་གསུམ་པའི་གཙུག་ལག་ཁང་དུ་ཡུམ་དོན་རྒྱས་པར་འགྲེལ་པ་ཉི་ཁྲི་ལེ་བརྒྱད་མ་དང་བརྒྱད་སྟོང་འགྲེལ་ཆེན། འབྲིང་དུ་འགྲེལ་པ་འགྲེལ་པ་དོན་གསལ། བསྡུས་པར་འགྲེལ་པ་སྡུད་འགྲེལ་རྟོགས་སླ་བ་ཤེས་ཕྱིན་སྒོམ་པ་སོགས་མཛད། སློབ་དཔོན་གྱི་དངོས་སློབ་ལས་འགྲེལ་པ་དོན་གསལ་ལ་ཆོས་ཀྱི་བཤེས་གཉེན་གྱིས་འགྲེལ་པ་ཚིག་གསལ་མཛད་སྟེ་འགྲེལ་བྱེད་སྔ་མ་བཞིའི་མཐུ་ལས་འགྲེལ་པར་བཤད་པས་ཆོས་བཤེས་ཀྱི་འཇམ་པའི་བཤད་པ་ཟེར། ནུབ་ཀྱི་སྒོ་གླེགས་པ་ཤེས་འབྱུང་བློ་གྲོས་ཀྱི་བསྡུས་དོན་ལས་སྔ་མ་བཞི་ལས་ལྷག་པར་འཆད་པར་བཀྲལ་བས་ཤེས་འབྱུང་གི་རྩུབ་བཤད་ཟེར། གསེར་གླིང་པས་འགྲེལ་པར་སྔོན་ཡང་བྱུང་བདག་གིས་ཀྱང་འགྲེལ་ཞེས་པ་ལྟར་བཀྲལ་པས་གསེར་གླིང་པའི་བཏང་སྙོམས་ཀྱི་བཤད་པར་གྲགས་ཤིང་སངས་རྒྱས་ཡེ་ཤེས་ཀྱིས་ཀྱང་སྡུད་འགྲེལ་མཛད་དོ། །འགྲེལ་བྱེད་སྔ་མ་རྣམས་ཀྱི་ཡུམ་བར་མ་ཉི་ཁྲི་དང་མངོན་རྟོགས་རྒྱན་སྦྱར་བ་ལས་སློབ་དཔོན་གྱིས། ལ་(ཙ༡༩བ)


PTT001_Page_1510
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལས་དོན་གཞན་ལས་ཚིག །གཞན་ལས་རྣམ་གྲངས་མིང་གིས་སྟེ། །ཞེས་པ་ལྟར་བརྒྱད་སྟོང་པ་སོགས་ལས་དོན། ཉི་ཁྲི་ལས་ཚིག་འབུམ་ལས་མིང་གི་རྣམ་གྲངས་བསྡུས་པས་ཡུམ་ཐམས་ཅད་ཀྱི་རྒྱན་དུ་བཀྲལ་བ་དང༌། དབུ་མར་གནས་པ་དང་རྗེ་བཙུན་གྱིས་གནང་བ་བྱིན་པ་སྟེ་གསུམ་གྱི་མངོན་རྟོགས་རྒྱན་གྱི་འགྲེལ་པའི་ནང་ན་དོན་གསལ་འདི་རྨད་དུ་བྱུང་བ་ཡིན་ནོ། །འདུལ་བ་རང་ལས་མཁས་པ་ཡོན་ཏན་འོད་ནི་རྒྱ་ཆེར་འགྲེལ་ལས། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཆེན་པོ་བྲམ་ཟེའི་སློབ་དཔོན་བཙུན་པ་ཡོན་ཏན་འོད་བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་བདེ་བར་གཤེགས་པའི་ཆོས་འདུལ་བ་བདུད་རྩིའི་ཉིང་ཁུས་ཤེས་རབ་ཀྱི་དབང་པོ་རྒྱས་པ་དེ་བཞིན་གཤེགས་པའི་བཀའ་དམ་པ་ནན་ཏན་སྙིང་པོར་སྒྲུབ་པ་ཅེས་བཤད་པའི་ཡོན་ཏན་དང་ལྡན་པ་དེས་འདུལ་བའི་མདོ་རྩ་བ་དང་དེའི་རང་འགྲེལ། ལས་བརྒྱ་རྩ་གཅིག་པ་དང༌། བྱང་སའི་ཚུལ་ཁྲིམས་ལེའུའི་འགྲེལ་པ་སོགས་མཛད། ཕྱིས་བསོད་ནམས་གྲགས་པ་དང་ཞི་བའི་འོད་ཀྱི་སློབ་མ་ཤཱཀྱ་འོད་ཀྱིས་སུམ་བརྒྱ་པ་རྩ་འགྲེལ་མཛད། བོད་གཞན་རྣམས་ཡོན་ཤཱཀ་གཉིས་མཆོག་གཉིས་དང་གཞན་དྲུག་རྒྱན་དྲུག་དུ་འདོད་ཀྱང་ཤེས་བྱེད་མེད་ལ། ཀླུ་སྒྲུབ་ཐོགས་མེད་གཉིས་མཆོག་དང་གཞན་དྲུག་རྒྱན་དྲུག་དུ་རྗེ་ཆོས་གྲགས་རྒྱ་མཚོ་བཞེད་པ་ཉིད་ལེགས་ལ། ཀླུ་སྒྲུབ་ཐོགས་མེད་ནི་ལུང་བསྟན་མང་ཞིང་ཤིང་རྟའི་སྲོལ་འབྱེད་ཡིན་པས་མཆོག་དུ་གྲུབ་ཅིང་མགོན་པོ་མངོན་བྱུང་གི་རྒྱུད་ཀྱི་ལུང་བསྟན། པཎྜི་ཏ་རྣམས་ཀྱི་གཙོ་བོར་གྱུར་པ་ཆོས་ཀྱི་གྲགས་པ་ཅེས་གྲགས་པ་འདི་དང་སྐྱེས་བུ་དྲུག་བསྟན་པ་ལ་ཕན་པ་ཚངས་པར་སྤྱོད་པ་ལ་གནས་པ་རྣམས་ཀྱིས་གྲུབ་བོ། །ཅེས་པ་འདིས་རྒྱན་དྲུག་ཐོན་ནོ། །དེས་ན་ཨཱརྻ་དེ་ཝ་དང་དབྱིག་གཉེན་ཕྱོགས་གླང་ཆོས་གྲགས་ཡོན་ཤཱཀ་གཉིས་སྟེ་དྲུག །ཀླུ་སྒྲུབ་ཐོགས་མེད་སྟེ་མཆོག་གཉིས་སོ། །ཚད་མ་རང་ལས་མཁས་པ་ཕྱོགས་ཀྱི་གླང་པོ་(ཙ༢༠ན)


PTT001_Page_1511
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རིགས་བྲམ་ཟེར་གནས་མ་བུའི་སྡེ་པ་ལས་རབ་ཏུ་བྱུང༌། མཁས་པར་གྱུར་སྟེ་མཁན་པོ་ལ་སྤོང་བ་བསམ་གཏན་གྱི་མན་ངག་ཞུས་པས་ཕུང་པོ་ལས་དེ་ཉིད་དང་གཞན་མ་ཡིན་པའི་བདག་སྒོམས་ཅིག་གསུངས། དེ་མ་རྙེད་ནས་མར་མེ་སྤར་གཅེར་བུར་མིག་བགྲད་སྟེ་བདག་བཙལ་པས་མཁན་པོས་ཁྱོད་རང་གིས་གྲུབ་མཐའ་སུན་འབྱིན་པར་འདུག་པ་སོང་ཞིག་གསུངས་པས་མཁན་པོ་དེ་ཉིད་དུ་སུན་འབྱིན་ནུས་ཀྱང་འོས་མ་ཡིན་ནོ་སྙམ་ནས་བྱུང་སྟེ་སློབ་དཔོན་དབྱིག་གཉེན་གྱི་དྲུང་དུ་ཐེག་པ་གསུམ་ག་ལ་སྦྱངས། ཁྱད་པར་རྣམ་རིག་དང་ཚད་མ་ལ་མཁས་པར་གྱུར་སྟེ་མཛོད་ཀྱི་འགྲེལ་པ་དང་ཡོན་ཏན་མཐའ་ཡས་པར་བསྟོད་པའི་འགྲེལ་པ་དང༌། རིགས་པའི་སྒོ་དང་དམིགས་པ་བརྟགས་པ་སོགས་ཚད་མའི་བསྟན་བཅོས་ཐོར་བུ་པ་བརྒྱ་རྩ་བརྒྱད་མཛད། དེ་ཐམས་ཅད་གཅིག་དུ་བསྡུ་བར་བཞེད་སྟེ་བྲག་ཕུག་གི་བྲག་ངོས་ལ་རྡོ་ཐལ་གྱིས། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས། །ཚད་མ་སྒྲུབ་ཕྱིར་རང་གི་གཞུང་ཀུན་ལས། །བཏུས་སྟེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ། །ཞེས་བྲིས་པ་ཙམ་གྱིས་ས་གཡོས་སྒྲ་ཆེན་པོ་གྲག །མུ་སྟེགས་ཀྱི་སྟོན་པ་ཐམས་ཅད་བྱིན་པ་ཤིང་ལྟར་རེངས་སྟེ་མུ་སྟེགས་ནག་པོ་ཐུབ་རྒྱལ་བྱ་བའི་མངོན་ཤེས་ཀྱི་ཤེས་ནས་སློབ་དཔོན་བསོད་སྙོམས་ལ་བྱོན་པའི་ཤུལ་དུ་ལན་གཉིས་ཕྱིས། གསུམ་པ་ལ་འདི་དབྱི་བ་ཀུ་རེ་ཡིན་ན་དགོས་པ་ཡོད་པས་མ་ཕྱི་ཞིག །ཕྲག་དོག་གིས་ཡིན་ན་བློ་ལ་ཡོད་པ་དབྱི་མི་ནུས་སོ། །ནོར་བའི་བློས་དབྱི་ན་ལུས་སྣང་བར་གྱིས་ཅིག་དང༌། རྩོད་པར་བྱའོ་ཞེས་བྲིས་པས་བསྡད་འདུག་པ་དང་བརྩད་པས་ལན་གསུམ་དུ་སློབ་དཔོན་རྒྱལ་ཡང་བསྟན་པ་ལ་འཇུག་དུ་མ་སྟུབ། མཐར་ཁ་ནས་མེ་བྱུང་སྟེ་སློབ་དཔོན་གི་ཡོད་བྱད་བསྲེགས་པས་མུ་སྟེགས་འདི་གཅིག་པུའང་མ་ཐུལ་ན་སེམས་ཅན་ཐམས་ཅད་ག་ལ་ཞིག །རྡོ་ཐལ་ས་ལ་བབས་མ་ཐག་སེམས་བསྐྱེད་བཏང་ངོ་སྙམ་ནས་(ཙ༢༠བ)


PTT001_Page_1512
[མ་དཔེ་གཟིགས་ན་འདིར་གནོན།]

འཕངས་པས་རྗེ་བཙུན་འཇམ་དཔལ་ན་མཁའ་ལ་བྱོན་སྟེ། བུ་མ་བྱེད་མ་བྱེད་ཐེག་པ་དམན་དང་ཕྲད་པ་ལས་ནི་བློ་གྲོས་ངན་སྐྱེ་སྟེ། ཁྱོད་གྱི་བསྟན་བཅོས་འདི་ལ་མུ་སྟེགས་ཚོགས་ཀྱིས་གནོད་མི་ནུས། ཁྱོད་ཀྱིས་ས་མ་ཐོབ་ཀྱི་བར་དུ་དགེ་བའི་བཤེས་སུ་ང་འགྱུར་ཞིང༌། ཕྱིས་མའི་དུས་སུ་བསྟན་བཅོས་ཀུན་གྱི་མིག་གཅིག་དུ་ནི་འདི་འགྱུར་རོ། །ཞེས་རྗེས་སུ་གནང་བར་གྲགས་ལ། ཆོས་མཆོག་ལས་དབེན་པར་རང་དོན་ཡིད་བྱེད་ཀྱིས་བློ་སྐྱེས་པ་ན་འཇམ་དཔལ་བྱོན་པ་དང་ཁ་ཆེ་ཛྙཱ་ན་ཤྲཱིས་ཁྱོད་ཀྱིས་སངས་རྒྱས་མ་ཐོབ་བར་དུ་ཞེས་འཆད་དོ། །དེ་ལྟར་ཚད་མ་ཀུན་ལས་བཏུས་རང་འགྲེལ་དང་བཅས་པ་བརྩམས་སྟེ་མུ་སྟེགས་ཐམས་ཅད་ཚར་བཅད་དོ། །དེའི་སློབ་མའི་གཙོ་བོ་པཎྜི་ཏ་དབང་ཕྱུག་སྡེས་ཀུན་ལས་བཏུས་ལ་འགྲེལ་པ་མཛད་དོ། །དཔལ་ཆོས་ཀྱི་གྲགས་པ་ནི་ལྷོ་ཕྱོགས་རྒྱལ་དབང་གཙུག་གི་ནོར་བུར་མུ་སྟེགས་ཀྱི་བྲམ་ཟེར་འཁྲུངས། སློབ་པར་བྱ་བ་མཐའ་དག་མཁས་པར་ལོབས་སྟེ་བྲམ་ཟེའི་བརྟུལ་ཞུགས་ལེན་འདོད་ནས་ཞང་པོ་མུ་སྟེགས་ཀྱི་སྟོན་པ་མ་ལེན་ལ་ཡོ་བྱད་བསླངས་པས་མ་བྱིན་སྟེ་བསྐྲད་པས་མུ་སྟེགས་ཐམས་ཅད་ཚར་གཅད་པར་བྱའོ་སྙམ་ནས་རིག་པའི་གནས་ཐམས་ཅད་ལ་སྦྱངས། དབང་ཕྱུག་སྡེ་ལ་ཀུན་ལས་བཏུས་ཚར་གསུམ་དུ་ཉན་པས་དང་པོ་ལ་དབང་ཕྱུག་སྡེས་ཇི་ལྟར་གོ །བ་ལྟར་གོ་གཉིས་པ་ལ་ཕྱོགས་གླང་གིས་ཇི་ལྟར་དགོངས་པ་ལྟར་གོ་སྟེ་དབང་ཕྱུག་སྡེའི་འདོད་པ་ནོར་བར་རྟོགས། གསུམ་པ་ལ་འབྲས་བུ་རྒྱུའི་ཁྱད་པར་གྱི་རྗེས་སུ་བྱེད་པ་ལྷག་པར་རྟོགས་སྟེ་སློབ་དཔོན་ལ་བརྗོད་པས་ཤིན་དུ་མཉེས་སྟེ་ངའི་ནོར་བ་རྣམས་ཕྱོགས་སྔར་གྱིས་ལ་འགྲེལ་པ་རྩོམས་ཅིག་གསུང་སྟེ་བྲན་དུ་རྫུ་བ་སོགས་ཐབས་སྣ་ཚོགས་ཀྱིས་གྲངས་ཅན་དང་རིག་བྱེད་ཀྱི་མཐའ་གསང་བར་སྨྲ་བ་ལ་སོགས་པ་མུ་སྟེགས་ཐམས་ཅད་ཀྱི་གསང་ཚིག་བླངས་སྟེ་ཐམས་ཅད་ཤེས་པ་ན་བརྩད་པས་སྟོན་པ་ཆེན་པོ་རྣམས་ཚར་བཅད། ལ་ལ་ཡུལ་(ཙ༢༡ན)


PTT001_Page_1513
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་བྲོས། གཞན་ཐམས་ཅད་ནང་པར་བཅུག་སྟེ། གལ་སྟེ་ཆོས་ཀྱི་གྲགས་པ་ཡི། །སྨྲ་བའི་ཉི་མ་ནུབ་པ་ན། །ཆོས་རྣམས་གཉིད་ལོག་ཡང་ན་ཤི། །ཆོས་མ་ཡིན་རྣམས་ད་གདོད་ལོངས། །ཅེས་གསུངས་སྐད། གྲུབ་ཐོབ་བརྒྱད་བཅུའི་ནང་དུའང༌། །མུ་སྟེགས་རིགས་ལ་སྒྲ་ཚད་མཁས། །ཕྱིར་རྒོལ་ཚར་བཅད་མཁའ་ལ་གཤེགས། །དྷརྨ་ཀཱིརྟི་ཅེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་དོ། །དེ་ལ་རྒྱལ་པོ་མེ་ཏོག་རྒྱས་པས་ད་ལྟ་སུ་མཁས་དྲིས་པས། ཤེས་རབ་ཅན་ནི་ཕྱོགས་ཀྱི་གླང་པོ་སྟེ། །ཙནྡྲ་གོ་མི་བརྗོད་པ་རྣམ་པར་དག །སྙན་ངག་དཔའ་བོ་ལས་བྱུང་སྡེབ་སྦྱོར་མཁས། །མེ་ཏོག་ཀུན་དུ་རྒྱས་པ་ལོངས་སྤྱོད་ལྡན། །ཕྱོགས་ལས་རྣམ་པར་རྒྱལ་བ་ང་མིན་སུ། །ཞེས་གསུངས་པས་དྷརྨ་ཀཱིརྟི་ཡིན་ནམ་ཟེར། དེ་སྐད་དུ་ཡང་གྲགས་གསུངས་པས་སྦྱིན་བདག་བྱས་སྟེ་རྒྱས་པར་འགྲེལ་པ་རྣམ་འགྲེལ། འབྲིང་རྣམ་ངེས། བསྡུས་པ་རིགས་ཐིགས་སྟེ་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ། རྟགས་བྱེ་བྲག་དུ་སྟོན་པ་གཏན་ཚིགས་ཐིགས་པ། མུ་སྟེགས་ཀྱིས་བཏགས་པའི་འབྲེལ་བ་འགོག་པ་འབྲེལ་བ་བརྟག་པ། སྣང་བ་སེམས་ཡིན་ཀྱང་གཞན་རྒྱུད་འཐད་པ་རྒྱུད་གཞན་གྲུབ་པ། རྩོད་ཚུལ་སྟོན་པ་རྩོད་པའི་རིགས་པ་སྟེ་གྱེས་པ་ཡན་ལག་གི་བསྟན་བཅོས་བཞི་སྟེ་ཚད་མ་སྡེ་བདུན་མཛད། རྩོམ་པའི་གོ་རིམ་གྲུབ་པའི་ལེའུ། མངོན་སུམ་ལེའུ། རང་དོན་ལེའུ། གཞན་དོན་ལེའུ་སྟེ་བརྗོད་བྱའི་གོ་རིམ་དེ་ལྟར་ཡིན་ཡང་ཚད་མ་སློབ་པ་ན་དང་པོར་རྟགས་ཀྱི་རྣམ་གཞག་གལ་ཆེ་བར་དགོངས་ཤིང་རྟོགས་དཀའ་བར་གཟིགས་ནས་རང་དོན་ལེའུ་ལ་འགྲེལ་པ་མཛད་པས་ཕྱིས་སློབ་མ་རྣམས་ཀྱིས་རང་དོན་ལེའུ་ཐོག་མར་བྱས་སོ། །པཎྜི་ཏ་ལྷ་དབང་བློ་ལ་ལེའུ་གཞན་གསུམ་གྱི་འགྲེལ་པ་རྩོམ་པར་བསྐོས་པ་ལན་གསུམ་པ་བརྩམས་པའི་དང་པོ་གཉིས་ལ་མ་མཉེས། གསུམ་པ་(ཙ༢༡བ)


PTT001_Page_1514
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཟུར་གྱི་ནུས་པ་དང་འཕྲོས་པའི་དོན་རྣམས་མ་བྱུང་འདུག་རུང་དངོས་བསྟན་ཙམ་བྱུང་འདུག །འོན་ཡང་ངའི་རིགས་པ་འདི་གཞན་གྱིས་ཇི་ལྟ་བ་མི་ཤེས་པར་འདུག་ཅེས། རྒྱ་མཚོ་ལ་ནི་ཆུ་བོ་བཞིན་དུ་རང་གི་ལུས་ལ་ཐིམ་ཞིང་ནུབ་པ་ཉིད་དུ་འགྱུར། ཞེས་པ་བཅུག་ཞིང་བསྟན་བཅོས་རྣམས་ཕལ་ཆེར་གྱིས་མ་ཤེས། ལ་ལས་ཕྲག་དོག་བྱས་སྟེ་ཉེས་སོ་ཞེས་བསྟན་བཅོས་ཁྱི་མཇུག་ལ་བཏགས་པས་ཁྱི་ཀུན་དུ་རྒྱུ་བ་བཞིན་དུ་བསྟན་བཅོས་དར་བར་འགྱུར་གསུངས་ནས་མཉེས། འོན་ཡང་སྐྱེ་བོ་ཕལ་ཆེར་སོགས་ཀྱི་ཤྩོ་ཀ་མགོར་བཅུག་གོ་ཞེས་གྲགས་ལ། རིགས་གཞུང་རྒྱ་མཚོར་འདི་རྩོམ་པར་དམ་བཅར་བཞེད་དོ། །ཤཱཀྱ་བློས་འགྲེལ་པ་གཉི་ག་བསྡོམས་པ་ལ་འགྲེལ་པ་མཛད། རྣམ་འགྲེལ་གྲུབ་པའི་ལེའུ་མ་གཏོགས་པ་ལ་ཤེས་འབྱུང་སྦས་པས་འགྲེལ་པ་ཚད་མའི་རྒྱན་མཛད། རྒྱལ་བས་བྱིན་གྱིས་རྒྱན་གྱི་འགྲེལ་པ་དང༌། རང་དོན་ལེའུ་ལ་ཛམ་རིས་འགྲེལ་པ་མཛད། མངོན་སུམ་ལེའུ་དང་གཞན་དོན་ལེའུ་ལ་ཉི་མ་སྦས་པས་འགྲེལ་པ་མཛད། རྣམ་འགྲེལ་ལ་འགྲེལ་པ་རྗེས་འབྲེང་མ་བྲམ་ཟེར་བདེ་བྱེད་དགའ་བས་མཛད། རྣམ་ངེས་ལ་ཆོས་འབྱུང་བྱིན་དང་དགེ་སྲུང་གི་སློབ་མ་ཆོས་མཆོག་གིས་འགྲེལ་པ་དང༌། ཡེ་ཤེས་དཔལ་བཟང་གིས་འགྲེལ་པ་དང༌། དུལ་ལྷས་འགྲེལ་པ་སློབ་ཕན་མཛད། རིགས་ཐིགས་ལའང་ཆོས་མཆོག་དང་རྒྱལ་བའི་ལྷས་འགྲེལ་པ་མཛད་ཅིང་ཡན་ལག་གི་བསྟན་བཅོས་བཞི་ག་ལ་དུལ་ལྷས་རྒྱ་ཆེར་འགྲེལ་རེ་མཛད། བོད་དུ་ནི་ཐོག་མར་བསྡུས་པ། དེ་ནས་འབྲིང༌། དེ་ནས་རྒྱས་པ་དར་སྟེ་ཕྱི་རབས་སུ་བསྟན་བཅོས་ཀུན་གྱི་མིག་གཅིག་པོར་གྱུར་ཏོ། །སློབ་དཔོན་ཞི་བའི་ལྷ་ནི་ཡུལ་འཁོར་བཟང་པོར་རྒྱལ་པོ་དགེ་བའི་གོ་ཆའི་སྲས་སུ་བལྟམས། ཆུང་ངུ་ནས་འཇམ་དཔལ་རྣོན་པོ་གྲུབ་སྟེ་འཇམ་དཔལ་གྱིས་བསྐུལ་སྟེ་ནཱ་ལནྡར་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང༌། འཕགས་པ་ལས་དངོས་སུ་གསན་ནས་ཤིན་དུ་(ཙ༢༢ན)


PTT001_Page_1515
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་མེད་ཀྱི་སྤྱོད་པ་མཛད་པས་གཞན་རྣམས་ཀྱིས་འདུ་ཤེས་གསུམ་པར་བཏགས། གནས་ནས་འབྱིན་པའི་ཕྱིར་མདོ་འདོན་པར་བསྐོས་པས་ཁྲུ་བཅུ་གཉིས་པའི་ཁྲི་ལ་བཞུགས་ནས་སྔོན་མ་གྲགས་པ་ཐོན་ཞིག་ཟེར་བ་ལྟར་སྤྱོད་འཇུག་གསུངས་ནས་ཤེར་ལེའུ། གང་ཚེ་དངོས་དང་དངོས་མེད་དག །ཞེས་པའི་ཚེ་ཇེ་མཐོར་གྱུར་ནས་སྐུ་མི་སྣང་བར་གསུང་གྲག་པས་རྫོགས་པར་བཏོན། དེར་པཎྜི་ཏ་གཟུངས་ཐོབ་པ་རྣམས་ཀྱིས་བསྡུས་པས་ཁ་ཆེ་བ་རྣམས་ཀྱིས་ཤྩོ་ཀ་བདུན་བརྒྱ་དང་ཡུལ་དབུས་པ་རྣམས་ཀྱིས་སྟོང་དུ་བྱུང་ལ། ཁ་འཕངས་པའི་ཀུན་བཏུས་གཉིས་ཀྱང་མ་ཤེས་པས་སློབ་དཔོན་ལྷོ་ཕྱོགས་མཆོག་རྟེན་དཔལ་ཡོན་ཅན་ན་བཞུགས་པར་ཐོས་སྟེ་སྤྱན་དྲངས་པས་མ་བྱོན། སྤྱོད་འཇུག་ཤྩོ་ཀ་སྟོང་དེ་ཚད་མར་གྱི། བསྟན་བཅོས་གཉིས་བྲང་ཁང་གི་གདུང་གསེབ་ན་ཡོད་གསུང་ཞིང་དགེ་སློང་ཨེ་ལ་དྷ་རི་ལས་བྱུང་ཡང་ཟེར། ཡང་ཤར་ཕྱོགས་སུ་གཡུལ་ངོ་ཆེན་པོ་ཅིག་དུ་ཞུགས་སྟེ་སྐད་ཅིག་གིས་དུམ་པར་མཛད། དགོན་པའི་བྲག་ཕུག་ཆེན་པོར་མུ་སྟེགས་པ་ལྔ་བརྒྱ་གནས་པ་དང༌། ཡང་གཅིག་ན་སྤྲང་པོ་སྟོང་གནས་པ་ལ་ཞག་བདུན་དུ་ཡུལ་ངན་བྱུང༌། ཟམ་པ་ཀུན་ཆུས་ཁྱེར། སློང་མ་ནུས་པར་ལྟོགས་ནས་འཆི་བ་ལ་ཕྱོགས་པ་འབྲས་ཆན་ལྷུང་བཟེད་རེ་བསླངས་སྟེ་བྱིན་པས་ཚིམ་པར་བྱས་ཤིང་ཆོས་ལ་བཀོད། སྡིག་སྤྱོད་ཀྱི་རྒྱལ་པོ་གཅིག་གི་བློན་པོ་མཛད་སྟེ་སྡིག་པ་ལས་ལྡོག་ཅིང་ཤིང་གི་རལ་གྲིའི་འོད་ཀྱིས་བཏུལ། མུ་སྟེགས་ཤཾ་ཀར་དེ་ཝས་ན་མཁའ་ལ་དབང་ཕྱུག་གི་དཀྱིལ་འཁོར་རྡུལ་ཚོན་གྱིས་བྲིས་པ་རླུང་གིས་གཏོར་སྟེ་མུ་སྟེགས་ཐམས་ཅད་བཏུལ། བུད་མེད་མྱོས་བྱེད་མ་ཞེས་པས་ཆང་བཙོངས་ནས་སྐྱེ་བོ་རྣམས་མྱོས་པར་བྱེད་ཅིང་ཁྱོད་མུ་སྟེགས་པ་རྫུ་འཕྲུལ་ཐོབ་པ་དེས་མྱོས་པ་རྣམས་གསོད་པ་ན་ཉི་མ་གཏའ་མར་བཅུག་པས་བཏུལ། དེ་ལྟར་བསྟན་བཅོས་རྩོམ་ཞིང་མཁའ་ལ་གཤེགས། བྱང་སེམས་བསླབ་པ་(ཙ༢༢བ)


PTT001_Page_1516
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཕྱིན་པ། ཤཱནྟི་དེ་ཝ་ཞེས་པ་དེས་བྱང་སེམས་ཀྱི་བསླབ་པ་རྒྱས་པར་སྟོན་པ་བསླབ་པ་ཀུན་ལས་བཏུས། བསྡུས་ནས་སྟོན་པ་མདོ་ཀུན་བཏུས། ཚིག་ཉུང་ལ་དོན་རྒྱས་པ་སྤྱོད་འཇུག་རྣམས་མཛད་ཅིང༌། བསླབ་བཏུས་ཀྱི་མངོན་པར་རྟོགས་པ་གསེར་གླིང་པས་མཛད་ཅིང་མདོ་ཀུན་བཏུས་ཀྱི་དོན་སྡུ་ཇོ་བོས་མཛད་དོ། །སྤྱོད་འཇུག་ལ་འགྲེལ་པ་བརྒྱ་རྩ་ཡོད་པར་གྲགས་ཀྱང་ཤེས་འབྱུང་གི་འགྲེལ་ཆེན་སོགས་བོད་དུ་བརྒྱད་ཙམ་འགྱུར་རོ། །དེ་ལ་སོགས་པ་སྐྱེས་བུ་དམ་པ་བགྲང་ལས་འདས་པས་རྒྱ་གར་ཤར། ནུབ། དབུས། ལྷོ། བྱང་རྣམས་སུ་བསྟན་པ་བཟུང་ལ། བོད་དང་རྒྱ་ནག་ལ་སོགས་པར་ཡང་དེ་དག་གི་རྒྱུད་འཛིན་ལས་བསྟན་པ་བྱུང་བ་ཡིན་ནོ། །ནང་རིག་པ་ལས་རྒྱུ་མཚན་ཉིད་ཐེག་པའི་སྐབས་སོ། །⁽1763⁾སྤྱིར་བསྟན་འགྱུར་ན་འདུལ་བའི་སྐོར་པོ་ཏི་ཉི་ཤུ་རྩ་གཉིས། མངོན་པ་འོག་མ་ལ་པོ་ཏི་བཅུ་གཉིས་དང༌། གོང་མ་ལ་ས་སྡེ་མི་ཐེ་བའི་དྲུག །བྱམས་ཆོས་ལ་པོ་ཏི་བཅུ་ལྷག་ཙམ་རྣམས་འགྱུར། རྡོ་རྗེ་ཐེག་པ་ཇི་ལྟར་དར་ཚུལ་ལ། ཉན་ཐོས་སེནྡྷ་པ་ལ་སོགས་པའི་ངོར་ནི། སྔར་ལུང་མ་བསྟན་ལན་ཅིག་བྱུང༌། །ཞེས་སོགས་ཐེག་ཆེན་བཀར་སྒྲུབ་པའི་དོན་བདུན་ཉིད་ཀྱིས་གསང་སྔགས་བཀར་སྒྲུབ་ལ། ཉན་ཐོས་ཀྱི་འདུལ་བར་ཡང༌། ཕན་པར་བྱེད་པའི་གསང་སྔགས་བཟུང་བར་བྱའོ་ཞེས་དུག་གཞིལ་བ་དང་སྦྲུལ་ཟློག་པའི་སྔགས་ཙམ་ཡང་བཟུང་བར་གསུངས་ན་ཚེ་གཅིག་གིས་འཚང་རྒྱ་བ་དང་ཉོན་མོངས་ཡེ་ཤེས་སུ་བྱེད་པའི་གསང་སྔགས་ཅིས་མི་བཟུང་ལ། སྔགས་རྣམས་ཀྱི་སྔགས་ཀྱི་མཐུ་ནི་བསམ་གྱིས་མི་ཁྱབ་བོ་ཅེས་ཡང་ཡང་གསུངས་པས་ཟུར་གྱིས་བསྟན་པ་ཡིན་ལ་ཤེས་ཕྱིན་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རིག་སྔགས་ཆེན་མོའོ་སོགས་ཀྱིས་མིང་དང༌། སོར་ཕྲེང་ལ་ཕན་པའི་མདོར་མི་ཉིས་སྟོང་དུ་གཅིག་གིས་མ་ཚང་བ་བསད་པ་དེ་རྣམས་ལ་བསྟན་པ་ལ་གནས་པ་ནི་འགའ་ཡང་བསད་པ་མེད་ཏོ་སོགས་ཀྱིས་དགྲོལ་བ་ལམ་བྱེད་དང༌། བུད་མེད་འགྱུར་(ཙ༢༣ན)


PTT001_Page_1517
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མདོས་སྦྱོར་བ་ལམ་བྱེད་སྟེ་དོན་ཟུར་གྱིས་བསྟན་པ་ཡིན་ནོ། །དེ་ཡང་བྱ་རྒྱུད་ཀྱི་གཟུངས་ཕལ་ཆེར་ནི་རང་རང་གི་གླེང་གཞིའི་སྐབས་བཞིན་སྟོན་པས་ཐུན་མོང་གི་གདུལ་བྱ་ལ་གསུངས་པ་མང་ལ་ཁ་ཅིག་གདུལ་བྱ་ཐུན་མོང་མ་ཡིན་པའི་སྣང་བ་ཡིན་པའང་ཡོད་དོ། །བྱ་བ་སྤྱིའི་རྒྱུད་ཆེན་རྣམས་ལས་གསང་བ་སྤྱི་རྒྱུད་ནི། གླེང་གཞི་མེད་ཀྱང་མཇུག་དུ་ཕྱག་ན་རྡོ་རྗེ་དབང་ཕྱུག་ཆེན་པོས་བསྟན་པ་ཞེས་བཤད་པས་ཕྱག་རྡོར་གྱིས་གསུངས་པ་ཡིན་ལ། ཐོག་མར། དེ་ནས་གཞན་ཡང་གསང་བའི་རྒྱུད། །ཅེས་སོགས་ཡོད་པས་རྒྱུད་ཆེན་པོ་ཅིག་གི་དུམ་བུ་ཟུར་དུ་བཀོལ་བར་སྣང་ལ། ལེགས་གྲུབ་ལ་སོགས་པ་ཡང་ཕྱག་རྡོར་གྱིས་གསུང་པའོ། །མདོར་ན་ལྷ་རྗེ་བོ་ལྟ་བུ་ལས་དངོས་གྲུབ་ལེན་པ་བྱ་བའི་རྒྱུད་རྒྱུད་སྡེ་སྟོང་ཕྲག་བཞི་སྟེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས་བྱ་བའི་རྒྱུད་སྟོང་ཕྲག་བཞིའོ་ཞེས་སོ། །སྤྱོད་རྒྱུད་ལ་རྣམ་སྣང་མངོན་བྱང་ནི། བྱང་སེམས་དོན་གྲུབ་ལོངས་སྐུར་འཚང་རྒྱ་བའི་དུས་ཀྱི་ཆོས་ཀྱི་རྣམ་གྲངས་མཐའ་ཡས་པ་ལས་ཅུང་ཟད་ཙམ་སྟེ་བྱང་ཆུབ་སེམས་དཔའི་ལུས་ཀྱིས་སེང་གེའི་ཁྲི་ལ་བཞུགས་སྟེ་ཅེས་སོགས་གསུངས་ལ། ཕྱག་རྡོར་དབང་བསྐུར་གྱི་རྒྱུད་ནི་ཀུན་དུ་བཟང་པོ་ཕྱག་རྡོར་དུ་ཇི་ལྟར་དབང་བསྐོར་ཚུལ་སྟོན་པའོ། །མདོར་ན་ལྷ་གྲོགས་པོ་ལྟ་བུ་ལས་དངོས་གྲུབ་ལེན་པ་སྤྱོད་པའི་རྒྱུད་སྟོང་ཕྲག་བརྒྱད་དོ། །རྣལ་འབྱོར་གྱི་རྒྱུད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ན་མཁའ་ཁྱབ་པར་འདུག་སྟེ་བྱང་ཆུབ་སེམས་དཔའ་དོན་གྲུབ་ལ་བསྐུལ་སྟེ་ཟླ་བ་རྡོ་རྗེའི་ངོ་བོར་བྱང་ཆུབ་ཏུ་སེམས་བསྐྱེད་ནས་རིག་པའི་དབང་ལྔ་བསྐུར་བས་རྡོ་རྗེ་དབྱིངས་སུ་མཚན་བཏགས་སྟེ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀུན་དུ་བཟང་པོར་མངོན་པར་རྫོགས་པར་སངས་རྒྱས་ནས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ལས་རྡོ་རྗེ་སེམས་དཔའི་སྐུར་གྱུར་པ་ལ་ཕྱག་ན་རྡོ་རྗེ་མངོན་པར་དབང་བསྐུར་སྟེ་རྟེན་བརྟེན་པ་སྤྲུལ་བཤད་ཀྱི་སྒོ་ནས་སེམས་ཅན་གྱི་ཁམས་(ཙ༢༣བ)


PTT001_Page_1518
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དག་བཏུལ། སླར་ཡང་དབང་ཕྱུག་ཆེན་པོ་ལ་སོགས་པ་དྲག་པོས་འདུལ་བར་བྱ་བ་རྣམས་འཇིགས་སུ་རུང་བའི་སྐུ་དང་སྔགས་དང་ཕྱག་རྒྱས་བཏུལ་སྟེ་དབང་ཕྱུག་སངས་རྒྱས་ཐལ་བའི་དབང་པོར་གནས་འཕངས། སླར་ཐུགས་ཀྱི་ཆ་གཅིག་ལུས་ལ་ཞུགས་པ་མ་ཧཱ་ཀཱ་ལ་ཞེས་བསྟན་པ་སྲུང་བར་བསྐོས་པའོ། །གཞན་དྲེགས་བྱེད་ཐམས་ཅད་དཀྱིལ་འཁོར་དུ་དབང་བསྐུར་སྟེ་ཁྱབ་འཇུག་ནི་རྡོ་རྗེ་སྒྱུ་མ་དང་ཚངས་པ་ནི་རྡོ་རྗེ་ཐུབ་པ་སོགས་སུ་མཚན་བཏགས། དབང་ཕྱུག་གིས་ཡོན་དུ་ཨུ་མ་དང་བརྒྱ་བྱིན་གྱིས་ཐིག་ལེ་མཆོག་མ་ཕུལ་བ་སླར་རྣམས་སྣང་ལ་ཕུལ་སྟེ་རྡོ་རྗེ་སྒེག་མོ་དང་རྡོ་རྗེ་གར་མར་དབང་བསྐུར་ཞིང་དེ་ཉིད་བསྡུས་པ་དང་དཔལ་མཆོག་དང་རྩེ་མོ་སོགས་རྣལ་འབྱོར་གྱི་རྒྱུད་སྟོང་ཕྲག་བཅུ་གཉིས་བསྟན་ལ་སྟོན་པ་མྱང་ངན་ལས་འདས་ནས་རིང་པོ་མ་ལོན་པ་རྒྱ་གར་ཤར་ཕྱོགས་སུ་ཕྱག་རྡོར་གྱི་དངོས་སློབ་རྒྱལ་པོ་རབ་གསལ་ཟླ་བ་བྱུང་སྟེ་རྡོ་རྗེ་དབྱིངས་སུ་མངོན་པར་དབང་བསྐུར་ཞིང༌། དེ་ལ་དགྲ་གཅན་ཟིན་དང་ཀླུ་སྒྲུབ་ཡབ་སྲས་ནས་མི་ཡུལ་དུ་དར་བར་མཛད་པར་གྱུར་ལ། དེ་ཉིད་འདུས་པ་ལ་ཤཱཀྱ་བཤེས་གཉེན་གྱིས་འགྲེལ་པ་ཀོ་སཱ་ལའི་རྒྱན་མཛད། ཀུན་སྙིང་གིས་དེ་ཉིད་འདུས་པའི་འགྲེལ་པ་སྟོང་ཕྲག་བཅོ་བརྒྱད་པ་དང་དཔལ་མཆོག་གི་འགྲེལ་པ་སྟོང་ཕྲག་ཉེར་བཞི་པ་དང་དཀྱིལ་མཆོག་རྡོ་རྗེ་འབྱུང་བ་མཛད། གྲོལ་བའི་མཛོད་ཀྱིས་འཇིག་རྟེན་གསུམ་རྒྱལ་གྱི་འགྲེལ་པ་མཛད། ཀུན་སྙིང་གཉིས་དང་ཀ་མ་ལ་དྷེ་ནུས་ངན་སོང་སྦྱོང་རྒྱུད་ཀྱི་འགྲེལ་པ་མཛད་ཅིང་སྒྲུབ་ཐབས་མཛད་པོ་མང་དུ་བྱུང་བས་དར་ཞིང་རྒྱས་ལ། བོད་དུ་ཡང་བསྟན་པ་སྔ་དར་ལ་སངས་རྒྱས་གསང་བ་སངས་རྒྱས་ཞི་བ་སོགས་དང་ཕྱི་དར་ལ་ལོ་ཆེན་རིན་བཟང་གིས་དར་ཞིང་རྒྱས་པར་མཛད་སྟེ་ཡོ་ག་སྟོད་ལུགས་དང༌། བུ་དོང་གི་སྣུར་ཉི་མ་སོགས་ནས་བཟུང་སྟེ་སྣུར་ལུགས་དང༌། རྩ་སྐྱ་པ་རྣམས་ནས་བཟུང་སྟེ་རྩ་ལུགས་ཅེས་དར་བར་གྱུར་ལ། ཕྱིས་བུ་རིན་པོ་ཆེས་ཡོ་གའི་རྒྱུད་ལག་ལེན་གྱིས་བསྟན་པ་རྨང་ནས་བསོས་ཀྱང་(ཙ༢༤ན)


PTT001_Page_1519
[མ་དཔེ་གཟིགས་ན་འདིར་གནོན།]

དེང་སང་ནི་ཆོ་ག་ཁ་ཅིག་ཙམ་སྣང་ངོ༌། །རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་མིང་ནི་སྟོང་ཕྲག་བཅུ་གཉིས་སྟེ་རྒྱས་པར་གྲངས་མེད་ཏོ་ཅེས་གསུངས་ལ། ཕ་རྒྱུད་ཀྱི་ལུགས་ལ་རྣལ་འབྱོར་ཆེན་པོ་ཙམ་མམ། མ་རྒྱུད་ཀྱི་ལུགས་ཀྱིས་ཕ་རྒྱུད་མ་རྒྱུད་གཉིས་དང༌། དུས་འཁོར་གྱི་ལུགས་ལ་གཉིས་མེད་རྒྱུད་བསྣན་སྟེ་གསུམ་དུ་ཡང་འབྱེད་ལ། དེ་ལ་ཕ་རྒྱུད་ཀྱི་གཤེད་སྐོར་རྣམས་ནི་བདུད་བཏུལ་བའི་དུས་ཀྱི་གདུལ་བྱ་སོ་སོའི་སྣང་བ་ཡིན་ལ། གཤེད་དམར་ནག་དང་འཇིགས་བྱེད་རྣམས་བོད་ཏུ་ནི་ཇོ་བོ་དང་རཱ་ལོ་སོགས་ཀྱིས་དར་བར་མཛད་དོ། །སྤྱིར་རྡོ་རྗེ་བཙུན་མོའི་མཁའ་དབྱིངས་སུ་རྡོ་རྗེ་འཆང་ཆེན་པོ་ནམ་དུ་ཡང་མི་ཕྱེད་པར་རྟག་པར་བཞུགས་ཤིང་རྡོ་རྗེའི་རྒྱུད་ཆེན་པོ་རྣམས་ནམ་ཡང་མི་ནུབ་པར་བསྟན་ཞིང་སྟོན་ལ་སྟོན་པ་རྒྱུད་མི་ཆད་པ་ཉིད་ལས། ལྷའི་གནས་དང་མིའི་ཡུལ་ལ་སོགས་པ་གདུལ་བྱ་སྐལ་ལྡན་གར་ཡོད་དུ་སྤྲུལ་པའི་སྐུ་དང་ཆོས་ཀྱི་སྣང་བ་འཆར་བས་སྨིན་གྲོལ་དུ་བྱེད་པ་ནི་ཆོས་ཉིད་ཡིན་ལ། དེ་ལས་གསང་བ་འདུས་པ་ནི་སྔོན་སྟོན་པ་བཞུགས་དུས་མཉན་ཡོད་ནས་དཔག་ཚད་སུམ་བརྒྱ་ན་ཨོ་ཌྱན་གྱི་ཡུལ་ཡོད་སྟེ་དེ་ན་རྒྱལ་པོ་ཨིནྡྲ་བྷཱུ་ཏི་གནས་པ་ན་དགྲ་བཅོམ་པ་རྣམས་ན་མཁའ་ལ་འགྲོ་བ་མཐོང་སྟེ་དྲིས་པས་སངས་རྒྱས་ཀྱི་ཉན་ཐོས་སུ་ཤེས་ནས་དད་སྟེ་ཤར་ཕྱོགས་སུ་ཕྱག་དང་མཆོད་པ་བྱས་པས་སྟོན་པ་འཁོར་བཅས་མངོན་སུམ་དུ་མཐོང་སྟེ་གདུགས་ཚོད་ལ་སྤྱན་དྲངས་སྟེ་སྲིད་པ་ལས་བསྒྲལ་དུ་གསོལ་ཞུས་པས་རབ་ཏུ་བྱུང་ཞིག་གསུང༌། འདོད་ཡོན་མ་སྤངས་པས་གྲོལ་བར་མཛད་དུ་གསོལ་ཞུས་པས་རྟེན་བརྟེན་པ་དང་བཅས་པའི་སྤྲུལ་པའི་དཀྱིལ་འཁོར་དུ་དངོས་སུ་དབང་བསྐུར་ཞིང་རྒྱུད་བསྟན། རྒྱལ་པོ་འཁོར་བཅས་ཀྱིས་ཉམས་སུ་བླངས་པས་མཆོག་གི་དངོས་གྲུབ་ཐོབ་སྟེ་ཡུལ་ཁམས་དེ་ཕལ་པའི་སྐྱེ་བོས་སྟོངས་པར་གྱུར་ཏོ། །འདི་ནི་ཡེ་ཤེས་ཐིག་ལེ་ལས་ལུང་བསྟན་པའི་ཨིནྡྲ་བྷཱུ་ཏི་ཡིན་ལ་སློབ་དཔོན་པདྨའི་ཡབ་དོད་དེའང་ཡིན་པ་སྙམ་ཞིང་ཨིནྡྲ་བྷཱུ་ཏི་གསུམ་(ཙ༢༤བ)


PTT001_Page_1520
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཆེན་པོ་ཅེས་བྱའོ། །དེ་ནས་ཨོ་ཌྱན་གྱི་ཡུལ་དེ་མཚོ་ཆེན་པོ་ཅིག་དུ་གྱུར་སྟེ་ཕྱག་རྡོར་གྱིས་ཀླུ་རྣམས་ལ་རྒྱུད་གཏད་པས་མཚོ་འགྲམ་དུ་སྤྲུལ་པའི་ལུས་ཀྱི་གྲོང་བཅས་ཤིང་མཐར་མིར་གྱུར་སྟེ་དེའི་ཚེ་ཌོམྦི་ཧེ་རུ་ཀས་ཆང་ཚོང་མ་བི་ན་ས་བཏུལ་ཞིང་དེས་སྲས་ལཱ་བ་བ་བསྐྱེད་པས་རྒྱལ་པོ་ཨིནྡྲ་བྷཱུ་ཏི་བཏུལ་བར་བཀའ་བཞི་རྒྱུད་པ་ལ་གྲགས་པ་འདི་ནི་ཨིནྡྲ་བྷཱུ་ཏི་བར་པ་ཅེས་བྱ་བ་བདེ་མཆོག་གི་འགྲེལ་པ་མཛད་པ་པོ་ཀ་མ་པ་ལའམ་ལཱ་བ་པ་ཞེས་པ་ཡང་རྒྱལ་པོའི་བླ་མ་འདིའོ། །དེ་ནས་ཅི་ཞིག་ན་དྲང་སྲོང་འགྲོ་བ་དབུགས་འབྱིན་ཞེས་བྱ་བས་རྒྱལ་པོ་སྲས་མོ་ལྷ་མོ་རོལ་པ་ཆེན་མོ་གྲུབ་པ་ལ་བཀོད། དེ་ནས་རིམ་བཞིན་རྒྱལ་པོ་དཔའ་བོ་རྡོ་རྗེ། མདུན་ན་འདོན་དམ་ཚིག་རྡོ་རྗེ། ཞིང་པ་པདྨའི་རྡོ་རྗེ། ཆང་ཚོང་མ་ལྷན་ཅིག་སྐྱེས་པའི་རྡོ་རྗེ། ཐ་ག་པ་དགའ་བའི་རྡོ་རྗེ། བྲམ་ཟེ་མོ་རྡོ་རྗེ། འབྲེལ་ཁན་གྲུབ་པའི་རྡོ་རྗེ། དཔལ་ལྡན་ཀུན་འགྲོའི་མགོན་པོ། རྣལ་འབྱོར་པ་ཐུགས་ཀྱི་རྡོ་རྗེ། ལྕམ་ལཀྵྨི་ཆེན་མོ། དེས་རྒྱལ་པོ་ཨིནྡྲ་བྷཱུ་ཏི་རྗེས་སུ་བཟུང་རྒྱལ་པོ་དེ་ཨ་ཝ་དྷུ་ཏི་མཛད་པས་ལཱ་བ་པར་གྲགས་པར་ལྷན་ཅིག་སྐྱེས་གྲུབ་རྩ་འགྲེལ་ལས་བཤད་པ་ནི་ཨིནྡྲ་བྷཱུ་ཏི་ཆུང་བ་སྟེ་གསུམ་པའོ། །ཁྱད་པར་དུ་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོར་གསུངས་པ་ལི་ཙཱ་ཝི་དྲི་མ་མེད་པར་གྲགས་པ་དེ་ཉིད་གནས་གཙང་གི་ལྷའི་རྣམ་པས་སྐལ་ལྡན་རྗེས་སུ་འཛིན་པ་བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་དུ་བསྟན་སྟེ་དེས་ས་ར་ཧ་དང་ཀླུ་སྒྲུབ་རྗེས་སུ་བཟུང་ནས་དེ་ལ་དར་བ་ནི་གསང་འདུས་འཕགས་སྐོར་ཞེས་བྱའོ། །འཇམ་པའི་དབྱངས་ཀྱིས་བྱིན་གྱིས་བརླབས་པ་སློབ་དཔོན་སྒེག་པའི་རྡོ་རྗེའམ་དཔལ་སྣ་ཚོགས་གཟུགས་ཅེས་བྱ་བས་ཀྱང་གསང་འདུས་ཀྱི་འགྲེལ་པ་ཉེ་བར་ལེན་པ་ལ་སོགས་པ་མཛད་ཅིང་བི་ཤཱ་མི་ཏྲས་ཀྱང་དེའི་རྗེས་སུ་འབྲེངས་སྟེ་མཛད་དོ། །འདི་ནི་སྒེག་པའི་རྡོ་རྗེ་སྔ་མ་སྟེ་བོད་དུ་བསྟན་པ་བྱུང་བའི་སྔོན་དུ་བྱོན་པ་དམ་ཚིག་གསལ་བཀྲ་མཛད་པོ་ཡིན་ལ། ཕྱི་མ་ནི་ཛེ་ཏ་རི་དགྲ་ལས་རྣམ་པར་རྒྱལ་བ་འཇམ་དཔལ་ལས་དངོས་སུ་ཆོས་མཐའ་དག་གསན་པ་དེས་ལོ་བརྒྱ་ལོན་པ་(ཙ༢༥ན)


PTT001_Page_1521
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཚེ་ཚད་ལོ་བཅུ་ལས་མེད་པས་ངའི་ཆོས་རྣམས་སྣོད་ལྡན་ལ་བྱིན་ཞིག་གསུངས་པ་ན་ཛམ་གླིང་ལ་ལན་གསུམ་གཟིགས་པས་མ་ག་དྷ་ན་མ་ཧེའི་རྫི་བོ་ལོ་བརྒྱད་བཅུ་ལོན་པ་ཅིག་སྣོད་ལྡན་དུ་གཟིགས་ནས་ལས་འདི་ཞོག་ལས་ཆོས་སྒོར་ཞུགས་ཅིག་གསུངས་པས། ཡི་གེ་ཡང་མི་ཤེས་འཚོ་བའང་མེད། རྒས་པས་ཚེ་ཕྱི་མ་ལ་རྗེས་སུ་འཛིན་པར་ཞུས་ཟེར་བ་ལ། འཇམ་དཔལ་དཀར་པོའི་སྒྲུབ་ཐབས་གནང་སྟེ་ཞག་བདུན་བསྒྲུབ་པས་འཇམ་དཔལ་ཞལ་གཟིགས། ཆོས་ཐམས་ཅད་རང་བྱུང་དུ་ཤེས་པའི་པཎྜི་ཏར་གྱུར་སྟེ་བློ་གྲོས་ཅན་ནམ་པཎྜི་ཏ་མ་ཏི་ཅེས་གྲགས། འཁྲུངས་སའི་མིང་གིས་ནོར་བུ་གླིང་པ་དང༌། གསང་མཚན་སྒེག་པའི་རྡོ་རྗེར་གྲགས། ང་རྒས་པས་བཤད་པ་མི་ཁོམ་སྒྲུབ་པ་བྱེད་ཞུས་པས་ཁྱོད་རང་གི་ཚེ་ལྷག་ལོ་བཅུ་ཡོད་པ་དང༌། ངའི་ཚེ་ལྷག་ལོ་བརྒྱད་ཡོད་པ་ཁྱོད་ལ་བྱིན་གྱིས་ལོ་བཅོ་བརྒྱད་འགྲོ་དོན་གྱིས། དེ་ནས་རྗེ་བཙུན་ལ་གསོལ་བ་ཐོབ་དང་ཚེ་ཉི་ཟླ་དང་མཉམ་ཡང་སྲིད་གསུངས་སྟེ་སློབ་དཔོན་མཁའ་སྤྱོད་དུ་བྱོན་པར་འཇམ་དབྱངས་དཀར་པོའི་ལོ་རྒྱུས་ལས་བཤད་པའི་ཛེ་ཏ་རི་འདི་ནི་ན་རོ་པ་པཎྜི་ཏ་མཛད་ནས་བྱང་སྒོ་སྲུང་བའི་དུས་ཀྱི་སྒོ་སྲུང་ཅིག་ཡིན་ལ། སྒེག་པའི་རྡོ་རྗེའི་སུམ་སློབ་ཁ་ཆེ་པཎ་ཆེན་ཡིན་ནོ། །སློབ་དཔོན་སངས་རྒྱས་ཡེ་ཤེས་ནི་སློབ་དཔོན་སེང་གེ་བཟང་པོ་ལས་མཁས་པར་སྦྱངས། སྒེག་པའི་རྡོ་རྗེ་ལས་རྣལ་འབྱོར་རྒྱུད་མན་དང་རྣལ་འབྱོར་མ་གུ་ནེ་རུ་ལས་བླ་མེད་མང་དུ་གསན། རྡོ་རྗེ་རྣལ་འབྱོར་མ་གདོལ་བའི་བུ་མོ་བསྟན་པས་རྗེས་སུ་བཟུང་སྟེ་ཛམྦྷ་ལ་གྲུབ། ཛཱ་ལནྡྷ་རར་སློབ་དཔོན་བྱིས་པ་ཆུང་བའི་ཞབས་ལ་མ་རྒྱུད་དུ་མ་མཉན། ཡུལ་ཀཾ་ཀོ་ན་ཞེས་ན་མཁའ་ལ་ནགས་ཚལ་འཁྲིགས་པ་ན་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་སྲུང་བའི་ཞབས་ཅེས་པ་ཐབས་རྒྱུད་ལ་མཁས་པ་བྲམ་ཟེ་ཙ་དྲ་ར་ལ་སོགས་སློབ་མ་རྫུ་འཕྲུལ་ཅན་མང་པོས་བསྐོར་བ་ཐམས་ཅད་ཀྱི་འཚོ་བ་ནོར་རྒྱུན་མས་ཉིན་རེ་ཞིང་སྦྱོར་བ། དེ་ལ་ལོ་དགུར་བསྟེན་སྟེ་སྐྱེད་རིམ་གྱིས་སྐྱེ་བ་གཅིག་གིས་ཐོགས་པར་གྲུབ་ཅིང་ཟླ་བ་བཅོ་བརྒྱད་དུ་སྤྲོས་བཅས་ཀྱི་(ཙ༢༥བ)


PTT001_Page_1522
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་མཛད། དེ་ཁོ་ན་ཉིད་རྟོགས་པར་བྱ་བའི་ཆེད་དུ་རྡོ་རྗེ་གདན་གྱི་རྒྱབ་ཀུ་པ་ཛའི་ནགས་གཅན་གཟན་གདུག་པས་གང་བར་བཞུགས་སྟེ་འགྲོ་བ་རྣམས་བདག་འདྲ་བར་གཟིགས་སྟེ་ཟླ་བ་དྲུག་དུ་ལྷ་གནད་ལ་བོར་བ་ན་སློབ་དཔོན་འཇམ་དཔལ་བཤེས་གཉེན་བྱོན་སྟེ་དེ་ཡང་ཁང་ཆུང་དུ་བ་ཅན་ཞིག་གི་ཕྱི་ན་བཙུན་རྒན་འབན་པོ་ཤམ་ཐབས་བྱེ་བ་ཆོས་གོས་ལ་ཐོད་བྱས་ནས་ཞིང་རྨོ་ཞིང་རོལ་དུ་འབུ་མང་པོ་དམར་ཉོག་གིས་འཆི་བ། ཆུང་མ་རྒན་མོ་མི་སྡུག་པ་ཅིག་དང་ཁྱི་མོ་ནག་མོ་མཚན་མ་དཀར་བ་དང་བཅས་པ་གཟིགས་སྟེ་ཐེ་ཚོམ་སྐྱེས་པ་ན་བཙུན་རྒན་དེས་དགེ་སློང་འདི་ལ་དྲོ་དྲོངས་ཅིག་ཟེར་ནས་ནང་དུ་ཁྲིད་སྟེ་ཆུ་མིག་ཞིག་འདུག་པ་ནས་ཆུ་དང་ཉ་མང་པོ་བཅུས་སྟེ་བཙོས་ནས་སྣོད་དུ་བྱུང་བ་ལ་ཁྱི་མོ་དེས་འོ་མ་སྐྱུགས་ན་བླུག་སྟེ་བྱིན་པ་མ་ཟོས་པ་ན་བཙུན་རྒན་དེ་བྱུང་ནས་ད་འོ་ན་ཁྲུས་ལ་བྱིན་ཟེར་སྟེ་སླར་འབྲས་བཙོས་སྟེ་བྱིན། ཟོས་ཟིན་པ་ན་ན་མཁའ་ལ་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་སྤྲུལ་ནས་ང་དང་འདི་གང་ལ་མོས་གསུང་བ་ན་དཀྱིལ་འཁོར་ལ་མོས་པར་ཞུས་པས་སློབ་དཔོན་དང་འཁོར་གཉིས་ཀྱང་ནང་དུ་སོང་བ་ན་གཞན་མི་གནང་བར་ཁང་པ་ཅིག་ལམ་བྱུང་བའི་ནང་དུ་ཕྱིན་པས་འཇམ་དཔལ་རྡོ་རྗེའི་དཀྱིལ་འཁོར་མངོན་སུམ་དུ་བཞུགས་པས་དབང་བསྐུར་ཞིང་རྗེས་སུ་གཞལ་ལུང་གསུངས་པས་དེ་ཁོ་ན་ཉིད་རྟོགས་ཤིང་ཟས་མ་ཟོས་པ་དང་སྤྲུལ་པ་ལ་བདམ་པས་ཚེ་འདིར་ཟུང་འཇུག་གི་སྐུ་མི་འགྲུབ་སྟེ་བར་དོར་མཆོག་འགྲུབ་པས་བསྟན་བཅོས་མང་དུ་རྩོམས་ཅིག་གསུངས་སྟེ་མི་སྣང་བར་གྱུར་ཏོ། །དེར་སློབ་དཔོན་གྱིས་སྒྲུབ་ཐབས་ཀུན་དུ་བཟང་པོ་ལ་སོགས་པ་ལུང་གིས་ཟིན་པའི་ཆོས་བཅུ་བཞི་མཛད། སློབ་དཔོན་ཚོགས་སུ་ཆོས་གསུང་བ་ན་སློབ་དཔོན་འཇམ་དཔལ་བཤེས་གཉེན་བན་ཧྲུལ་དུ་བྱོན་པ་ལ་ཕྱག་མ་མཛད། དབེན་པར་ཕྱག་མཛད་པས་ད་ཅི་ཅིའི་ཕྱིར་མི་བྱེད་གསུངས། མ་མཐོང་ངོ་ཞུས་པས་མཐོང་བཞིན་དུ་མ་མཐོང་ཞེས་སྨྲ་ན་མིག་ལྷུང་བར་གྱུར་ཅིག་ཞེས་གསུངས་པས་སྤྱན་འབྲས་གཉིས་ས་ལ་ལྷུང༌། (ཙ༢༦ན)


PTT001_Page_1523
[མ་དཔེ་གཟིགས་ན་འདིར་གནོན།]

སླར་སྤྱན་འབྲས་བཅུག་སྟེ་ཉིན་མཚན་གཉིས་གར་མཐོང་བ་ལྷའི་མིག་བྱིན། སློབ་མའི་མཆོག་བཅོ་བརྒྱད་བྱུང་ཞིང་མར་མེ་མཛད་བཟང་པོ་ལ་སོགས་པ་བཞི་ཚེ་དེ་ཉིད་ལ་གྲུབ་ཅིང་སྨན་པའི་ཞབས་ཀྱི་ཞལ་ལུང་གི་འགྲེལ་པ་སོགས་མཛད། ཐ་ག་ནས་མཛད་པའི་རྒྱུད་ཀྱི་འགྲེལ་པ་དང༌། ཤནྟི་པའི་འགྲེལ་པ་སྙིམ་པའི་མེ་ཏོག་ཡང་ཡེ་ཤེས་ཞབས་ལུགས་ཡིན་ལ་རྗེས་འབྲེང་གིས་མཛད་པ་ནི་ཤིན་དུ་མང་ངོ། །སློབ་དཔོན་ཀུན་སྙིང་གིས་གསང་འདུས་ཀྱི་འགྲེལ་ཆེན་པོ་ཏི་དྲུག་དུ་ལོངས་པ་མཛད། འཕགས་སྐོར་དང་ཡེ་ཤེས་ཞབས་ལུགས་གཉི་ག་ལོ་ཆེན་དང་སྨྲྀ་ཏི་དང་གཙོ་བོར་མར་པ་ཆོས་ཀྱི་བློ་གྲོས་དང་འགོས་ཁུག་པ་ལྷ་བཙས་ལས་བརྒྱུད་སྟེ་བོད་ཡུལ་དུ་ཆེས་དར་བར་གྱུར་ཏོ། །བདེ་མཆོག་གི་ཕྱོགས་ལ་རང་བཞིན་གྱི་གནས་སུ་ལོངས་སྐུ་རྒྱུའི་ཧེ་རུ་ཀས་ཆོས་སྟོན་པ་རྒྱུན་མི་ཆད་པ་ཉིད་ལས་སྤྲུལ་སྐུ་འབྲས་བུའི་ཧེ་རུ་ཀར་བཞེངས་ཚུལ་ནི། རྩོད་ལྡན་གྱི་ཐོག་མའི་ཚེ་ལྷ་ཆེན་པོ་དབང་ཕྱུག་ཞི་རྒྱས་དབང་དྲག་གི་སྐུ་བཞིས་རི་རབ་གྱི་རྩེ་དང་གཞན་འཕྲུལ་དབང་བྱེད་སོགས་སུ་བཙུན་མོ་བཞི་དང་རྟག་དུ་རོལ་བས་གནས་ཅིང༌། དེའི་ཚེ་བར་སྣང་ནས་ལྷ་དང་དྲི་ཟ་བཞི། ས་སྟེང་ནས་གནོད་སྦྱིན་དང་སྲིན་པོ་བཞི། ས་འོག་ནས་ཀླུ་དང་ལྷ་མིན་བཞི་སྟེ་ཉི་ཤུ་རྩ་བཞི་འཁོར་དུ་བྱུང་བ་ལ་པུལླི་ར་མ་ལ་ལ་སོགས་ཡུལ་ཉི་ཤུ་རྩ་བཞི་བགོས་ནས་བྱིན། བརྒྱད་ཚན་རེ་ཞིང་མཁའ་སྤྱོད། ས་སྤྱོད། ས་འོག་སྤྱོད་པའི་གནས་སུ་གྲགས། རྡོའི་ལིདྒ་མགོའི་དབྱིབས་ཅན་སོགས་རེ་རེ་བྱིན་སྟེ་དེ་ལ་མཆོད་ཅིང་ཕྲ་མེན་མ་མགོ་བརྙན་ཅན་བཞི་དང་མི་འམ་ཅི་མོ་ཕྱེད་མདོག་ཅན་བཞི་སྟེ་བརྒྱད་ལ་དུར་ཁྲོད་བརྒྱད་བྱིན་སྟེ་འདོད་པའི་ཁམས་སྟོངས་པ་ཙམ་དུ་ཟ་བར་བྱེད་ལ་དེ་ནི་གདུལ་བྱའི་ཧེ་རུ་ཀའོ། །བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཉིད་རི་རབ་ཀྱི་རྩེར་འཁོར་ལོ་སྡོམ་པར་བཞེངས་པས་དབང་ཕྱུག་དང་ཨུ་མ་བརྫིས་སྟེ་དབང་ཕྱུག་ས་འོག་དུ་སངས་རྒྱས་(ཙ༢༦བ)


PTT001_Page_1524
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མི་སྐྱོད་པ་སོགས་རིགས་ལྔས་གཞལ་ཡས་ཁང་དང༌། ཀུན་བཟང་ནས་བཟང་སྐྱོང་གི་བར་སེམས་དཔའ་ཉེར་བཞི་དང་རྡོ་རྗེ་ཕོ་ཉ་མོ་དང་ཙུནྡྷ་སོགས་ནས་གཙུག་ཏོར་མ་དང་རྡོ་རྗེ་འཇིགས་བྱེད་མའི་བར་ལྷ་མོ་ཉེར་བཞི་པོ་རྣམ་ཐོད་དུམ་དང་རབ་གཏུམས་མ་ལ་སོགས་པའི་དཔའ་བོ་དཔའ་མོ་དང་འཇིག་རྟེན་གསུམ་རྒྱལ་དང་གོ་རི་སོགས་ཁྲོ་བོ་ཡབ་ཡུམ་བརྒྱད་ཀྱིས་སྒོ་མ་བཞིས་ཕྲ་མེན་མ་བཞི་འདུལ་ཕྱིར་ཡབ་གདོང་བརྙན་དུ་སྦས་ཤིང་མཚམས་མ་བཞིས་ཡབ་ཕྱེད་མདོག་དུ་སྦས་སྟེ་གདུལ་བྱའི་མིང་དང་ཆ་ལུགས་ཇི་ལྟ་བར་བསྒྱུར་བའི་འཁོར་དང་མཆེད་པའི་ལྷ་མོ་བཅུ་གཉིས་དང་གོ་ཆའི་ལྷ་དང་སྐྱེ་མཆེད་ཀྱི་ལྷ་རྣམས་སོ་སོས་སྤྲུལ་སྟེ་ཕུལ་ནས་གདུལ་བྱ་རྣམས་ཐིམ་ལོངས་སྤྱོད་བདག་པོ་གསུམ་གྱིས་འཚང་རྒྱ་བར་བྱེད་པ་ན་གདུལ་བྱེད་ཀྱི་ཧེ་རུ་ཀའོ། །དེ་ལྟར་གནས་ཡོ་བྱད་རྒྱན་ཆ་སྲོག་སྔགས་སོགས་ཐམས་ཅད་ཡེ་ཤེས་ཀྱི་ངོ་བོ་བྱིན་གྱིས་བརླབས་སྟེ་རྩ་རྒྱུད་རྒྱས་པ་འབུམ་ཕྲག་གསུམ་པ་དང་མངོན་པར་བརྗོད་པ་འབུམ་པ་དང་ན་མཁའ་དང་མཉམ་པ་འབུམ་པ་དང་ཉུང་ངུའི་རྒྱུད་དང་འབུམ་ཕྲག་སུམ་བཅུ་སོ་དྲུག་གི་ཚད་ཅན་མཁའ་འགྲོ་མཚོ་དང༌། དེ་དང་ཚད་མཉམ་པའི་ཡེ་ཤེས་རྒྱ་མཚོ་སྡོམ་པ་རྒྱ་མཚོ་དབྱེ་བ་རྒྱ་མཚོ་དེ་ཉིད་རྒྱ་མཚོ་སྟེ་རྒྱ་མཚོ་དྲུག་ལ་སོགས་པ་གསུངས་ཤིང་བཀའ་བསྡུ་བ་པོ་རྣམས་ཀྱིས་བསྡུས་སྟེ་ཕལ་ཆེར་མཁའ་འགྲོའི་ཕྱག་ན་བཞུགས་པ་ཡིན་ལ། རྒྱུད་བསྡུས་པ་རྣམས་ཤཱཀྱའི་རྒྱལ་པོས་སྔོན་བྱུང་བསྐྱར་བའི་ཚུལ་དུ་གསུངས་པའོ། །སླར་ཕྱག་ན་རྡོ་རྗེ་དང་ཡེ་ཤེས་ཀྱི་མཁའ་འགྲོས་ས་ར་ཧ་དང་ཀླུ་སྒྲུབ་ལ་གསུངས་ཤིང་རྩ་རྒྱུད་ལེའུ་ལྔ་བཅུ་པ། སྐྱེད་རིམ་སྟོན་པ་མངོན་བརྗོད་བླ་མ། སྐྱེད་རྫོགས་གསལ་བར་བྱེད་པ་སྡོམ་འབྱུང༌། ཐུན་མོང་གི་བཤད་རྒྱུད་རྡོ་རྗེ་མཁའ་འགྲོ་ཕྱོགས་མཐུན་ཧེ་རུ་ཀ་མངོན་བྱུང་དང་ན་མཁའ་དང་མཉམ་པ་དང་རྣལ་འབྱོར་མཐུན་སྦྱོར་དང་ཨ་ར་ལི་ལ་སོགས་པ་སྤྱན་དྲངས་ནས་དར་ཞིང་གཙོ་བོར་ལོ་ནག་དྲིལ་གསུམ་གྱིས་རྒྱས་པར་མཛད་སྟེ་ཏེ་ལོ་ན་རོ་ཆོས་འདིའི་(ཙ༢༧ན)


PTT001_Page_1525
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པོར་གྱུར་ལ། དེ་དག་གི་རྣམ་ཐར་ནི་བཀའ་བཞི་རྒྱུད་པར་འཆད་དོ། །བོད་ཏུའང་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་དང་ཇོ་བོ་རྗེ་དང་ཕམ་ཏིང་བ་དང༌། མར་དོ་ཆོས་དབང་དང༌། ལོ་ཆུང་གྲགས་འབྱོར་ཤེས་རབ་རྣམས་ཀྱིས་དར་རྒྱས་སུ་མཛད་ལ་པུ་རངས་ལོ་ཆུང་ནི་མཁའ་སྤྱོད་དངོས་སུ་གྲུབ་བོ། །སྤྱིར་རྩ་རྒྱུད་ཀྱི་སྟོད་འགྲེལ་ཕྱག་ན་རྡོ་རྗེ་མཛད་པ་དང༌། ལཱ་བ་པའི་དཀའ་འགྲེལ་དང༌། ལྷ་སྦས་དང་རྒྱལ་བ་བཟང་པོ་དང་ཏ་ཐཱ་ག་ཏ་རཀྵི་ཏ་དང༌། ཨིནྡྲ་བོ་དྷི་དང༌། རྒྱལ་དཀའ་ཟླ་བའི་འགྲེལ་པ་སོགས་དང༌། སྐལ་ལྡན་གྲགས་པའི་དཔའ་བོ་ཡིད་འོང་སོགས་དང༌། སྡོམ་འབྱུང་གི་དཀའ་འགྲེལ་རཏྣ་རཀྵི་ཏས་མཛད་པ་དང༌། རྡོ་རྗེ་མཁའ་འགྲོའི་འགྲེལ་པ་བྷ་ཝ་བྷ་དྲས་མཛད་པ་དང༌། མཁའ་འགྲོ་རྒྱ་མཚོའི་འགྲེལ་པ་གྲུབ་གཟིངས་སྟོང་ཕྲག་བརྒྱད་པ་པདྨ་བཛྲས་མཛད་པ་སོགས་སྤྱིར་བདེ་མཆོག་གི་རྒྱུད་རྒྱ་གཞུང་པོ་ཏི་བཅུ་ཙམ་བཞུགས་སོ། །དགྱེས་རྡོར་ནི་འབྲས་བུའི་ཧེ་རུ་ཀ་མི་སྐྱོད་དགྱེས་པ་རྡོ་རྗེར་བཞེངས་པས་རྒྱུད་བསྟན་པ་སྟེ། ཕྱག་ནི་བཅུ་དྲུག་ཞབས་བཞི་པ། །སོགས་དང༌། དེ་ལ་བདག་མེད་མས་ཞུས་པ། །ཅེས་སོ། །ཆོས་ནི་རྒྱས་པ་འབུམ་བདུན། འབྲིང་འབུམ་ལྔ། བསྡུས་པ་བརྟག་གཉིས་སྟེ་རྩ་བའི་རྒྱུད། རྒྱུད་ཕྱི་མ་ཕྱག་ཐིག །ཕྱི་མའི་ཕྱི་མ་ཡེ་ཤེས་སྙིང་པོ། ཡེ་ཤེས་ཐིག་ལེ། བཤད་རྒྱུད། སྙིང་པོའི་རྒྱུད། གྲུབ་པ་ངེས་བསྟན། འབྲས་བུའི་རྒྱུད་དེ་ཁོ་ན་ཉིད་ཀྱི་སྒྲོན་མེ་རྣམས་ལས་རྩ་རྒྱུད་རྒྱས་པ་འབུམ་བདུན་དང་འབྲིང་འབུམ་ལྔའི་བརྟག་པ་ཕྱི་མ་རྣམས་དང་གྲུབ་པ་ངེས་བསྟན་བོད་དུ་མ་འགྱུར་ལ། གཞན་རྣམས་དང་ཐུན་མོང་མ་ཡིན་པའི་བཤད་རྒྱུད་རྡོ་གུར་དང་བཅས་པ་ཕེབས་སོ། །བརྟག་གཉིས་འདི་མིང་མཐུན་དུ་འདོད་པ། རྩ་རྒྱུད་བསྡུས་པར་འདོད་པ། ཕྱུང་བའི་རྒྱུད་དུ་འདོད་པ་སྟེ་གསུམ་ལས་རྡོ་རྗེ་སྙིང་འགྲེལ་དུ་རྩ་རྒྱུད་བསྡུས་པར་བཤད་པ་ལ་རིན་ཆེན་རྒྱན་འདྲར་དེ་བཀའ་ནས་ཕྱུང་རྒྱུད་དུ་འཆད་མོད་ཀྱང་འབུམ་ལྔའི་བརྟག་པ་དང་པོ་གཉིས་བརྟག་པ་སུམ་བཅུ་པོའི་མདོར་(ཙ༢༧བ)


PTT001_Page_1526
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ནམ་དོན་བསྡུར་གནས་པས། རྡོ་རྗེ་སྙིང་པོ་མངོན་བྱང་ཆུབ། །བརྟག་པའི་རྒྱལ་པོ་དང་པོ་སྟེ། །སྒྱུ་མའི་བརྟག་པ་གཉིས་པ་ཡིན། །ཞེས་པ་ལྟར་བརྟག་པ་དང་པོ་གཉི་ག་ཕྱུང་བ་ཡིན་ལ། ཡེ་ཤེས་ཐིག་ལེར་རྩ་རྒྱུད་བརྟག་གཉིས་མ་བཤད་པའང་འབུམ་ལྔ་བཤད་པས་ཟློས་པ་སྤོང་བའི་ཕྱིར་ཡིན་ལ། གོང་དུ་བརྟག་པ་བཅུ་གཉིས་པར། །རྒྱས་པར་གསུངས་པ་མདོ་རུ་བསྡུ། །ཞེས་དང༌། ཅི་གསུངས་སྦྱིན་སྲེག་བྱས་ནས་ནི། །ཞེས་པ་ནི་སྔར་འབུམ་བདུན་དུ་བསྟན་པ་བཞིན་ཞེས་པ་སྟེ་རྩ་བརྒྱུད་བསྡུས་པ་ཡིན་པས་རྡོ་རྗེ་སྙིང་འགྲེལ་དང་མི་འགལ་ཞིང་ལེའུ་དང་པོ་གཉིས་ཕྱུང་བ་ཡིན་པས་ན་རོ་ཡབ་སྲས་ཀྱི་བཞེད་པ་གྲུབ་བོ་ཅེས་ཁོ་བོ་སེམས་སོ། །རྡོ་རྗེ་སྙིང་འགྲེལ་དང༌། སྤྱད་དཀའ་ཟླ་བའི་འགྲེལ་པ་ཀུ་མུ་ད་དང༌། ཤཱིནྟ་པའི་མུ་ཏིག་ཕྲེང་བ་སོགས་རྩ་རྒྱུད་ཀྱི་འགྲེལ་པ་བཅུ་གསུམ་ཙམ་དང༌། ཨིནྡྲ་བོ་དྷིའི་གུར་གྱི་དཀའ་འགྲེལ་སོགས་དགྱེས་རྡོར་གྱི་རྒྱུད་འབྲེལ་རྒྱ་གཞུང་པོ་ཏི་བཅུ་གཉིས་ཙམ་བཞུགས་ལ་བོད་དུའང་ས་རྔོག་གཉིས་སོགས་སྒོ་དུ་མ་ནས་དར་རོ། །འདི་ལ་འགོས་འབྲོག་གིས་ཧེ་བཛྲ་ཞེས་པའི་ཧེ་བོད་སི་གསལ་བྱེད་ཧེ་སྔོན་དུ་བྱིན་པ་ཡིན་པར་བསམས་ནས་ཀྱེ་རྡོ་རྗེ་ཞེས་བསྒྱུར་བ་ལྟར་ཐམས་ཅད་ལ་གྲགས་མོད་ཀྱང༌། དེ་ལྟར་ན་མཚན་དངོས་རྡོ་རྗེ་ཁོ་ནར་འགྱུར་ལ། ཧེ་ནི་སྙིང་རྗེ་ཆེན་པོ་ཉིད། །ཞེས་པ་ནུས་པ་གཏན་མེད་འགྱུར་བས་དགྱེས་པའམ་རོལ་བའི་ཧེ་ལ་དང་བཛྲའི་ཡ་ཡིག་ཕྱིས་ནས་དགྱེས་པའི་རྡོ་རྗེའམ་རོལ་པའི་རྡོ་རྗེར་འདོན་པ་རྗེ་མར་པ་དང་རྗེ་རང་བྱུང་བའི་བཞེད་པ་ཉིད་ངེས་པར་དགོས་སོ། །གཞན་ཡང་གདན་བཞི་དང་མ་ཧཱ་མཱ་ཡ་སོགས་སྤྲུལ་བཤད་དུ་གསུངས་པ་དང༌། སངས་རྒྱས་ཐོད་པ་ནི་ཡུམ་གྱི་བ་གར་མྱ་ངན་ལས་འདས་པར་བསྟན་ན་དབུ་ཐོད་ཀྱི་ནང་ནས་རྒྱུད་ཀྱི་གླེགས་བམ་བྱུང་བར་སྣང་བ་སྟེ། མདོར་ན་རྒྱུད་སྡེ་མཐའ་དག་ཡེ་ཤེས་ཀྱི་མཁའ་འགྲོ་རྣམས་དང༌། ཀླུ་སྒྲུབ་ཡབ་སྲས་ཀྱིས་མི་ཡུལ་དུ་སྣང་བར་མཛད་ལ། རྒྱུད་ཁ་ཅིག་ཀླུ་སྒྲུབ་ཀྱིས་ལྐུགས་པར་བརྫུས་དེ་ཨོ་ཌྱན་ནས་བླངས་པར་ཡང་(ཙ༢༨ན)


PTT001_Page_1527
[མ་དཔེ་གཟིགས་ན་འདིར་གནོན།]

རྔོག་པ་ཁ་ཅིག་འཆད་དོ། །དཔལ་དུས་ཀྱི་འཁོར་ལོ་ལ་རེད་མདའ་པས་སྐུར་པ་བཏབ་པའི་དོགས་པ་ཅུང་ཟད་བསལ་བར་བྱ་སྟེ་རྒྱུད་ཀྱི་ཐོག་མར་ཨེ་ཝཾ་མེད་པ་མ་གྲུབ་སྟེ། དོན་གྱི་ཨེ་ཝཾ་ཡོད་པའི་ཕྱིར། ཨེ་ཝཾ་ལ་སྒྲ་དོན་གཉིས་སུ་འབྱེད་པའང་རྒྱུད་འདི་ཁོ་ནའི་ཁྱད་ཆོས་སོ། །རྒྱུད་འདི་མི་ཤེས་ན་ཨེ་ཝཾ་གཟུགས་སྒྲུབ་དང་སྒྲ་སྒྲུབ་སོགས་ཨེ་ཝཾ་ཉིད་ཤེས་མི་ནུས་པས་ཁྱེད་ཅག་ཨེ་ཝཾ་གྱི་མིང་ལ་མོས་པ་བྱེད་པར་ཟད་དོ། །འཇམ་དཔལ་མཚན་བརྗོད་ཀྱང་སྤྱིར་རྒྱུད་ཀྱི་དུམ་བུ་ཡིན་ཡང་དོན་གྱི་ཨེ་ཝཾ་ཡོད་སྟེ། ཨ་ཐ་ཤྲི་རྨན་བཛྲ་དྷ་ར། ཞེས་ཨ་ཤེས་རབ་དང་ཐ་ཐབས་ཡིན་པའི་ཕྱིར། བསྡུས་རྒྱུད་ལ་སྔ་ཕྱི་བཤད་པ་མི་མཐུན་པ་ནི་སྐབས་སོ་སོར་དོགས་པ་སེལ་བར་འགྱུར་རོ། །གང་གིས་བླངས་པའི་ཁུངས་མེད་པ་མ་གྲུབ་སྟེ་ཙི་ལུ་པས་པད་དཀར་གྱི་སྤྲུལ་པ་ལས་བླངས་པ་དང་དུས་ཞབས་པས་བླངས་པ་སོགས་གསུངས་པའི་ཕྱིར། དུས་ཀྱི་འཁོར་ལོའི་ཐ་སྙད་གསུངས་སྟེ་བཤད་རྒྱུད་རྡོར་ཕྲེང་ལས། ཧེ་རུ་ཀ་དང་དུས་འཁོར་ལོ། །དང་པོའི་སངས་རྒྱས་ལ་སོགས་མཚན། །ཞེས་རྒྱུད་སྟོན་པ་པོའི་སོ་སོའི་མཚན་གྱི་རྣམ་གྲངས་སུ་གསུངས་པའི་ཕྱིར། དོན་གྲུབ་སྟེ་རྒྱལ་པོ་ཨིནྡྲ་བོ་དྷིའི་མཉམ་སྦྱོར་འགྲེལ་པ་སོགས་སུ་གྲུབ་ཆེན་མང་པོས་དུས་འཁོར་ཁུངས་སུ་མཛད་ཅིང༌། ཇོ་བོས། དང་པོའི་སངས་རྒྱས་རྒྱུད་ཆེན་ལས། །ཅེས་གསུངས་པའི་ཕྱིར། ཤམྦྷ་ལའི་ཡུལ་ཡོད་སྟེ་འཇམ་དཔལ་རྩ་རྒྱུད་ལས་ཤམྦྷ་ལ་ཞེས་གསལ་བར་གསུངས་པའི་ཕྱིར། རྒྱུད་དོན་ཇི་ལྟ་བ་འབྱེད་པ་དང་སྐལ་ལྡན་རྗེས་སུ་འཛིན་པ་ལ་སྔགས་ཀྱི་གྲུབ་ཐོབ་དགོས་པར་སུས་ཀྱང་གོ་སྟེ་དེས་ན། རྒྱུད་དོན་ཇི་བཞིན་ཤེས་ལ་མངོན་ཤེས་ནི། །ལྔ་པས་ལྷག་པ་དྲུག་པོ་ངེས་པར་དགོས། །ཅེས་ཁོ་བོ་སྨྲའོ། །སྐྱེས་བུ་ཉི་ཤུ་རྩ་ལྔ་སོགས་དྲིས་པ་ལུང་མ་བསྟན་གྱི་དྲི་བའོ་ཟེར་བ་ལན་ལུང་དུ་མ་བསྟན་པ་ཅེས་པ་མཐོང་གི་ལུང་མ་བསྟན་གྱི་དྲི་བ་ཞེས་པ་མ་མཐོང་ལ་(ཙ༢༨བ)


PTT001_Page_1528
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་མཐའ་ལྡན་སོགས་དང་མཚུངས་ན་ལན་མི་གསུང་བར་རིགས་པས་རང་གི་འགལ་བ་ཁས་བླངས་པ་ཡིན་ནོ། །རྒྱང་འཕེན་པ་ནི་འབྱུང་བའི་མཐུ་ལས་སེམས་མེད་པར་སེམས་ཅན་སྐྱེ་བར་འདོད་ཀྱི་འབྱུང་བའི་སྐྱེ་གནས་ཅན་གཏན་མི་འདོད་ན་དྲོད་བཤེར་སྐྱེས་དྲོད་ཤེར་གྱི་རྐྱེན་གྱིས་སྐྱེ་བ་ཙམ་ཞིག་ཁྱེད་རང་ཡང་ཁས་མི་ལེན་ནམ། དུད་འགྲོ་སྐྱེ་གནས་བཞི་དང་ཞེས་པའི་འགྲེལ་པར། བརྫུས་སྟེ་སྐྱེས་པ་ནི་ལྗོན་ཤིང་ལ་སོགས་པ་སྟེ་སའི་སྐྱེ་གནས་སོ་ཞེས་བཤད་པ་འདི་ལ་བརྫུས་སྐྱེས་ཡིན་ན་དུད་འགྲོ་ཡིན་པས་ཁྱབ་པར་གོ་བ་ནི་སྔོན་མ་བྱུང་བའི་བློ་གྲོས་ཅིག་གོ །འཇིག་རྟེན་ཁམས་ཀྱི་ཚད་སོགས་བཤད་པ་ཡང་དག་མ་ཡིན་སྟེ་མངོན་པ་དང་མ་མཐུན་པའི་ཕྱིར། ཞེ་ན། འོ་ན་བདེ་དགྱེས་གསང་གསུམ་ག་ཡང་དག་མ་ཡིན་པར་ཐལ་སྟེ་ཐུན་མོང་གི་སྡེ་སྣོད་གསུམ་ག་དང་མ་མཐུན་པའི་ཕྱིར། བྱང་སྒྲ་མི་སྙན་སྡོམ་པའི་ཞིང་ཡིན་པར་འདིར་ཡང་མ་སྨས་ཤིང་གསེར་གྱི་འཁོར་ལོས་བསྒྱུར་བའི་ཁྲིམས་འཇུག་པར་མངོན་པར་ཡང་བཤད་དོ། །དེ་ལྟ་མོད་ཀྱི་འཕགས་པ་བྷ་ཀུ་ལ་འཁོར་བཅས་བཞུགས་པ་དྲན་པར་གྱིས་ཅིག །དེ་ལྟ་མོད་ཀྱི། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་པ་ལ་ཁྱེད་ནི་འོག་མ་འོག་མ་དག་གི་གནོད་ཅེས་འཆད་པར་སྣང་ངོ༌། །ཁམས་གོང་སོགས་ན་ས་བོན་དཀར་པོ་དངོས་སུ་འཛག་པ་ཡོད་པར་ཐལ། འཛག་པའི་བག་ཆགས་ཡོད་པའི་ཕྱིར་སྙམ་པ་འདི་ནི་དགུན་གྱི་ས་གཞི་ལ་ཆོས་ཅན། མྱུ་གུ་དངོས་སུ་ཡོད་པར་ཐལ། མྱུར་གུའི་ས་བོན་ཡོད་པའི་ཕྱིར་ཞེས་པ་ཁོ་ན་ཡིན་ནོ། །ཀུནྡ་སྤངས་བ་རྩ་ལྟུང་ལྔ་པ་ཡིན་ཡང་སྤྲོ་བའི་དུས་བདུན་བཤད་པ་གོ་བར་གྱིས་ཅིག །ཕར་ཕྱིན་ཐེག་པར་བཤད་པའི་ཟད་པར་བཅུ་དང་འདིར་བཤད་པའི་ཟད་པར་མིང་གཅིག་ཀྱང་དོན་མི་མཚུངས་སྟེ་འདིར་ཁམས་གོང་གི་རྒྱུ་སྙོམས་འཇུག་གི་བསམ་གཏན་ཁམས་དེ་དང་དེ་ཤས་ཆེ་བ་ལ་འཆད་དོ། །གྲུབ་མཐའ་བཞི་སངས་རྒྱས་ཀྱིས་མ་གསུངས་ན། དེ་ལ་བྱེ་(ཙ༢༩ན)


PTT001_Page_1529
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་སྨྲ་བ་བསྟན། །ཞེས་སོགས་ཇི་ལྟར་དྲང༌། མུ་སྟེགས་རྣམས་སྔོན་དགེ་སློང་རྐུན་པོས་བཅོམ་པ་ཅིག་གི་ཆ་ལུགས་མཐོང་བས་བྱུང་བ་དང༌། སྟོན་པ་ཉིད་བརྒྱ་བྱིན་དུ་གྱུར་པ་ན་སྣོད་དང་མི་ལྡན་པ་ལ་ལམ་སྣ་ཚོགས་བསྟན་པས་བྱུང་བ་སོགས་མདོ་སོ་སོར་བཤད་པ་མ་མཐོང་ངམ། འདུལ་བ་གླེགས་བམ་ལ་འགོད་པར་སྟོན་པས་མ་གནང་ན་འདུལ་བའི་གླེགས་བམ་མི་སྲིད་པའམ་སྲིད་ན་བཀའ་དང་འགལ་བ་བྱས་པར་གྱུར་རོ། །འབྲི་བར་འགྱུར་ལ་བྲིས་ཅེས་བཤད་པའང་དྲང་སྲོང་སྒྲ་ལ་ཆགས་པ་རྣམས་གདུལ་ཕྱིར་ཆེད་དུ་རྣམ་དབྱེ་དང་རྐྱེན་ཉམས་སུ་བཅུག་པ་དུ་མ་ཡོད་པར་མ་ཐོས་སམ། སྦྱོར་དྲུག་ཡང་གསང་འདུས་ལས་བཤད་པ་དང་འགལ་ལོ་ཞེས་པ་གསང་འདུས་ཁོ་ནས་ཆོག་ན་རྒྱུད་གཞན་ག་ལ་དགོས། གལ་སྟེ་དུས་འཁོར་ལས་སོར་སྡུད་ཀྱི་དབང་སོགས་ཡུལ་ལ་མི་འཇུག་པར་བཤད་ལ། གསང་འདུས་ལས་ཡུལ་ཡང་ཡང་ལེན་པར་བཤད་ཏོ་སྙམ་ན་ཡུལ་ལ་མི་འཇུག་པ་ནི་ཐ་མལ་པའི་གཟུགས་སོགས་ལ་མི་འཇུག་པ་ཡིན་ལ་དེ་མི་འཇུག་པར་ཟིན་པའི་རྟགས་སུ་དུ་སོགས་སྣང་བ་ཡིན་ལ་ཡང་ཡང་ལེན་པ་ནི་སྟོང་གཟུགས་དེ་ལ་མ་ཡེངས་པ་ཡིན་ནོ། །འདི་ཡི་སྒྲུབ་བྱེད་དོན་དུ་མནའ་ཆུ་འཐུང༌། །དེ་ལས་གཞན་པའི་སྒྲུབ་བྱེད་ཡོད་རེ་ཀན། །ཞེས་པར་རབ་ཏུ་བྱུང་བས་མནའ་དོར་བར་མི་བྱའོ་ཞེས་པ་དང་འགལ་སྟེ་མནའ་བསྒག་པོ་མེད་པར་ཡང་ལན་གཉིས་བསྟུད་ནས་དོར་བའི་ཕྱིར། འོན་ཡང་འཕགས་པས་མཛད་དམ་མིན་ཡང་སླ། །ལེགས་པར་བཤད་པའང་མང་དུ་མཐོང་བས་ན། །ཐར་འདོད་རྣམས་ཀྱིས་འཇུག་བྱ་མ་ཡིན་ཞེས། །ཁོ་བོའི་འདི་ལ་གཅིག་དུ་སྐུར་མི་འདེབས། །ཅེས་ཟེར་བ་ནི་མུ་སྟེགས་ཀྱི་ལུགས་སུ་སྔོན་ཡང་ཡང་བསྟན་པ་དང་ཐར་འདོད་ཀྱི་འཇུག་བྱར་ཁས་ལེན་པ་འགལ་ཞིང༌། འཕགས་པས་མཛད་པའི་དོགས་པ་ཡོད་བཞིན་དུ། །འཕགས་ཆེན་རྣམས་ཀྱི་(ཙ༢༩བ)


PTT001_Page_1530
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པ་འདི་ལ་གཟིགས། །ཅེས་པ་འགལ་ཞིང་མནའ་དོར་བའི་དེ་མ་ཐག་དུ་འཕགས་པས་མཛད་དམ་ཞེས་དང་ལེགས་བཤད་མང་དུ་མཐོང་བ་དང་ཐར་འདོད་ཀྱི་འཇུག་བྱར་ཁས་བླངས་པས་མ་རབས་ཀྱི་ཆོས་སྦྱང་པ་ཡིན་ནོ། །སྔོན་རྗེ་བཙུན་གྲགས་པས་དུས་འཁོར་གྱི་རྩ་ལྟུང་ལྔ་པ་འགོག་པ་དང༌། བཅོམ་རལ་པས་དུས་འཁོར་འདི་དྲང་སྲོང་རྒྱས་བའི་གཞུང་དང་མཐུན་པས་ཕྱི་ནང་གང་ཡིན་དང་བཀའ་བསྟན་བཅོས་གང་ཡིན་མི་ཤེས་པས་པོ་ཏི་ཟུར་དུ་བྱས་ལ་ཞོག་ཟེར་དགོས་བྱུང་མོད་ཀྱང་བོད་ཀྱི་བླ་མ་རེ་གཉིས་ཀྱིས་དགག་སྒྲུབ་བྱས་པས་ལྟར་སྣང་དུ་སྒྲུབ་ནུས་ན་རྒྱ་གར་གྱི་ཚད་ལྡན་དེ་ཙམ་གྱིས་བཀྲལ་བ་འདིས་ཡང་དག་དུའང་ཅིས་མི་སྒྲུབ་ལ། སྤྱིར་རྩོད་བཅས་ཀྱི་རྟགས་ཀྱིས་དངོས་བཏགས་གང་དུའང་སྒྲུབ་མི་ནུས་པ། སྤྱོད་འཇུག་ལས། ཐེག་ཆེན་རྩོད་བཅས་ཕྱིར་ཞེ་ན། །སོགས་དང་མཚུངས་ལ། དམན་པའི་བློར་མི་ཤོང་པ་ཉིད་ཀྱིས་མཆོག་དུ་བྱམས་པས་བཤད་དོ། །དེ་ལྟར་རྒྱུད་ཆེན་པོ་ལ་སྐུར་པ་འདེབས་པའི་དོགས་པ་བསལ་ནས་དེང་སང་ཛམ་གླིང་གི་མི་རྣམས་ལ་གྲགས་པའི་རྒྱུད་རྣམས་ཀྱི་རྒྱལ་པོ་ནི་དཔལ་དུས་ཀྱི་འཁོར་ལོ་སྟེ། དེ་ཡང་སྔོན་འཕགས་སྐྱེས་པོ་དང་མ་ལ་གནོད་ཀྱིས་སེར་སྐྱ་བསྐོར་ཚེ་ཤཱཀྱ་རྣམས་ཕལ་ཆེར་བདེན་པ་མཐོང་ཞིང་ཐམས་ཅད་དགེ་བསྙེན་ཡིན་པས་འཇིགས་པ་བསྟན་པ་ཙམ་མ་གཏོགས་སུས་བརྒལ་ནའང་ཉེ་དུའི་གྲལ་ནས་དབྱུང་ངོ་ཞེས་ཁྲིམས་བྱས་སྟེ་མདས་གཞུའི་རྒྱུན་རྣམས་གཅོད་པ་དང་ཁྲབ་ཀྱི་རྒྱུན་བུ་བཅད་ནས་བྱང་བུ་སྙིལ་པ་དང་གོས་ལྷུང་བ་ཙམ་བྱེད་ཚེ་ཤཱཀྱ་ཤམྦྷ་ཀ་རི་བྲག་ཅིག་ན་གནས་པ་སེར་སྐྱར་འོངས་ཚེ་བསྐོར་བ་མཐོང༌། ཁྲིམས་མ་ཐོས་པས་མདའ་གཅིག་གིས་ཀྱང་སྐྱེས་བོ་ལྔ་བརྒྱ་བསད་པས་ཤཱཀྱ་རྣམས་ཀྱིས་ཉེ་དུའི་ནང་ནས་ཕྱུང་ནས་ཉེ་འཁོར་ཁྲིད། སྟོན་པའི་དབུ་སྐྲ་དང་སེན་མོ་ཞུས་སྟེ་ཡུལ་འབའ་གུ་ཏར་ཆས་སྟེ་རང་ཉིད་ཕོ་ཉ་བར་བྱས་སྟེ་སྔོན་དུ་ཕྱིན་ནས་ཤཱཀྱ་ཤམྦྷ་ཀ་ཅེས་པ་འབྱོན་ཞིང་ཡོད་པས་རྒྱལ་པོ་ཞུས་ཤིག་གཞན་དུ་བརླག་པར་(ཙ༣༠ན)


PTT001_Page_1531
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ་བྱས་པས་ཁྱོད་རང་ལ་ནུས་པ་ཅི་ཡོད་ཟེར་བས་ཕ་བོང་རལ་གྲིས་བཅད་པས་སྐྲག་སྟེ་ཁྱོད་ཉིད་ལ་སྐྱབས་ཞུ་ཟེར་བས་རྒྱལ་པོ་བྱས་པར་འདུལ་བ་ལས་བཤད་སྟེ། ལ་བཟུང་བའམ་འཛིན་པ་ལ་འཇུག་པས་དེ་ཕྱིན་ཤམྦྷ་ལ་ཞེས་ཤམྦྷས་བཟུང་བ་ཞེས་གྲགས་ལ། ཡུལ་དེ་ཤིན་དུ་ཐག་རིང་བས་རྫུ་འཕྲུལ་གྱིས་བྱོན་པར་རིགས་སོ། །རྒྱལ་པོ་ཉི་མའི་འོད་ཅེས་ཀྱང་བྱ་བས། འདས་པའི་རྒྱལ་པོ་ཉི་མའི་འོད། །དེ་ནི་བགེགས་དགྲའི་སྤྲུལ་པ་སྟེ། །ཞེས་གསུངས་པ་ཡིན་ལ། དེའི་ལྷ་མོ་རྣམ་པར་རྒྱལ་མ་ལས་ཕྱག་རྡོར་ཟླ་བཟང་དུ་འཁྲུངས་ཤིང་འདི་ནི་འཕགས་ཡུལ་ནས་འབྱོན་དུས་གཞོན་ནུར་ཡོད་པར་རིགས་ཤིང་ཤམྦྷ་ལ་པའི་ཆོས་རྒྱལ་རིགས་ལྡན་རྣམས། ང་ཡི་ཤཱཀྱའི་རིགས་འདི་ལ། །ཞེས་ཤཱཀྱའི་རྒྱལ་རིགས་ཡིན་ཚུལ་ཡང་དེ་ལྟ་བུའོ། །དེ་ཡང་ཡུལ་དྲུག་དུས་སྦྱོར་གྱི་དབང་དུ་བྱས་ན་ཡུལ་དྲུག་པོ་ཉི་མ་ལ་ཉེ་རིང་མ་གཏོག་འཕེལ་འགྲིབ་མཚུངས་པས་ཚད་མཉམ་ལ། འོན་ཡང་འཕགས་ཡུལ་ནི་མཚམས་བཟུང་གི་འཕེལ་འགྲིབ་ཙམ་སྨོས་ཀྱི་དེ་ཕན་མ་སྨོས་པ་ཡིན་ནོ། །དེས་ན་རྡོ་རྗེ་གདན་དབུས་སུ་བྱས་པའི་བྱང་དུམ་བུ་དྲུག་དུ་བགོས་པའི་དུམ་བུ་བྱང་མ་པདྨ་འདབ་མ་བརྒྱད་པའི་དབྱིབས་གངས་རིས་བཅད་པ་འདབ་མ་རེ་རེ་ལ་གྲོང་བྱེ་བ་ཡོད་པའི་ཡུལ་ཆེན་པོ་བཅུ་གཉིས་རེ་ཡོད་ཅིང་དེ་རེ་རེ་ལ་ལྷ་དང་ཀླུའི་རིགས་སོགས་ཀྱི་རྒྱལ་པོ་རེ་ཡོད་པས་རྒྱལ་པོ་དགུ་བཅུ་རྩ་དྲུག་ཡོད་ལ། ཡུལ་རེ་རེ་ཞིང་ཙམ་པ་ཀ་དང་སྤྲེའུ་དང་རུཀྨ་ལ་སོགས་པའི་མིང་དང་སྐད་རིགས་སོ་སོ་བ་ཅན། དེའི་དབུས་ན་སུམ་ཆ་ཙམ་དུ་མཐོ་བའི་པདྨའི་ལྟེ་བ་ནི་ཤམྦྷ་ལ་སྟེ་དེའི་དབུས་ན་ཕོ་བྲང་ཆེན་པོ་ཀ་ལཱ་པ་དང་ལྷོ་ཕྱོགས་ན་མ་ལ་ཡའི་སྐྱེད་མོས་ཚལ་དང་དེའི་ཤར་ནུབ་ན་ཉེ་བའི་ཡིད་ཀྱི་མཚོ་དང་པདྨ་དཀར་པོའི་མཚོ་དང་བཅས་པ་ཡོད་སྟེ་དེ་བཞི་ཀའང་དཔག་ཚད་བཅུ་གཉིས་རེར་མཉམ་མོ། །ཤཱཀྱའི་རྒྱལ་རྒྱུད་རྣམས་དེར་ཡུལ་གོ་དྲུག་པོ་ཐམས་ཅད་ལ་དབང་བསྒྱུར་ཞིང་ཆོས་ཀྱིས་རྒྱལ་སྲིད་སྐྱོང་ངོ། །ཡང་རྒྱ་གར་(ཙ༣༠བ)


PTT001_Page_1532
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་ཕྱོགས་འགྲོ་ལྡིང་བའི་ཡུལ་ཟད་མཚམས་གངྒཱ་དང་སཱི་ཏ་རྒྱ་མཚོར་འདྲེ་བའི་བར་ན་ཤྲཱི་དྷུ་ན་ཀ་ཊེ་ཅེས་པ་དཔལ་འབྲས་སྤུངས་ཀྱི་མཆོད་རྟེན་ཡོད་སྟེ། དེ་ནི་སྔོན་སངས་རྒྱས་གསེར་ཐུབ་ཀྱི་བསྟན་པའི་མཇུག་དུ་མུ་གེ་ཆེན་པོ་བྱུང་བ་ན་དགེ་སློང་གྲུབ་ཐོབ་ཅིག་གི་བུམ་པ་བསྒྲུབས་པས་འབྲས་སཱ་ལིའི་ཆར་ཛམ་གླིང་ཁྱབ་པར་བོལ་ནུབ་ཙམ་དང་ཉིན་ལམ་བཅུ་གཉིས་ཀྱི་རྒྱ་ལ་གྱང་རིམ་གསུམ་ཙམ་དང་བུམ་པའི་སྟེང་དུ་མཆོད་རྟེན་དབྱིབས་སུ་འབྲས་ཀྱི་རི་ཆེན་པོ་ཆགས་པའི་ཕུད་ལས་རྫུ་འཕྲུལ་ཅན་རྣམས་ཀྱིས་འབྲས་ཕྱེ་ལས་སྔ་མ་དང་ཚད་མཉམ་པའི་མཆོད་རྟེན་བཞེངས། ཁྱབ་འཇུག་གིས་བཻཌཱུརྻའི་བདར་བུམ་བརྒྱ་རྩ་བརྒྱད་ཕུལ་བ་ལ་སོགས་ལྷ་ཀླུ་ཀུན་གྱིས་མཆོད་པ་སྣ་རེ་བྱས། ལྕགས་རིའི་ནང་ན་ཡུལ་ཁམས་ཆེན་པོ་དུ་མ་དང་གྲོང་ཁྱེར་དཔལ་ཡོན་ཏན་ཅན་འདུས་དང་བཅས་པ་ཡོད་པའི་བུམ་པའི་ནང་སྟེང་ན་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་དང་འོག་ན་ཆོས་དབྱིངས་གསུང་དབང་གི་དཀྱིལ་འཁོར་བློས་བསླང་བ་བཞུགས་པ་ཅིག་ཡོད་དོ། །སྟོན་པ་ལོ་བརྒྱད་བཅུ་པ་མྱ་ངན་ལས་འདའ་པ་ལ་ཕྱོགས་པའི་ཉི་ཁྱིམ་གྱི་དབང་གིས་ས་གས་ལོ་མགོ་བཟུང་བ་ནག་པ་ཟླ་བའི་ཉ་ལ་དཔལ་ལྡན་འབྲས་སྤུངས་དེར་གཤེགས་སྟེ་དང་པོའི་སངས་རྒྱས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཤམྦྷ་ལ་ནས་འོངས་པའི་རྒྱལ་པོ་ཟླ་བ་བཟང་པོ་ལ་སོགས་སྐལ་པ་དང་ལྡན་པ་རྣམས་ལ་དུས་ཀྱི་འཁོར་ལོའི་དབང་བསྐུར་ཞིང་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་གསུངས་ལ། ལོ་འདི་ནས་ནི་དྲུག་བརྒྱའི་ལོས། །སོགས་དང༌། ཕྲེང་འཛིན་ཚིགས་བཅད་སུམ་བཅུ་ནི། །ལྷག་པའི་ཕྱོགས་བརྒྱ་ལེའུ་ལྔས། །དཔལ་ལྡན་རྒྱུད་དག་རྫོགས་པར་ནི། །སྨྲ་བའི་རྒྱལ་པོས་དེ་སྟོན་འགྱུར། །ཞེས་བསྡུས་རྒྱུད་སྡུད་པ་དང༌། རྒྱས་འབྲེལ་བྱེད་པོ་པད་དཀར་འཛིན། །ཞེས་མ་འོངས་པ་ལུང་དུ་བསྟན་སྟེ་ཟླ་བ་ཕྱི་མའི་ཉ་ལ་སྤྲུལ་པའི་སྐུ་མྱ་ངན་ལས་འདའ་བར་བསྟན་ཏོ། །རྒྱུད་ཐོས་པའི་དེ་མ་ཐག་དུ་ཟླ་བ་བཟང་པོས་སྲས་ལྷ་དབང་ཆོས་སྟོན་པོར་བསྐོས་ནས་ལོ་(ཙ༣༡ན)


PTT001_Page_1533
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་མ་ལ་ཡའི་སྐྱེད་མོས་ཚལ་དུ་སྐུ་དཀྱིལ་ཁྲུ་བཞི་བརྒྱ་པའི་དཀྱིལ་འཁོར་བློས་བསླང་པ་རིན་པོ་ཆེ་ལས་བཞེངས་ཤིང་འགྲེལ་ཆེན་སྟོང་ཕྲག་དྲུག་བཅུ་པ་མཛད་སྟེ་ཤར་ཁྱམས་སུ་སྟོན་པའི་སྲོལ་བཙུགས་སྟེ་སྤྲུལ་སྐུ་བསྡུས་སོ། །ཀུན་མཁྱེན་བུ་ལ་སོགས་པ་སངས་རྒྱས་པའི་ཕྱི་ལོ་དུས་འཁོར་གསུངས་པར་བཞེད་ཀྱང་འཇམ་པའི་དབྱངས་ཀྱང་ང་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱ་ན་ཞེས་དང༌། ལོ་འདི་སྟེ་ཆོས་བསྟན་པའི་ལོ་འདི་ནས་སོ་ཞེས་དུས་འཁོར་གསུངས་པའི་ལོ་དང་མྱ་ངན་ལས་འདས་པའི་ལོ་གཅིག་དུ་གསུངས་པ་དང༌། ཐེག་པ་གསུམ་བསྟན་ནས་ཅེས་པ་ཆོས་འཁོར་བསྐོར་ཟིན་པའི་དོན་ཡིན་པས་ན། རྒྱལ་བས་བརྒྱད་བཅུའི་བར་དག་དུ། །སེམས་ཅན་རྣམས་ལ་ཆོས་བསྟན་ནས། །དམ་པ་དང་པོའི་དཔལ་ལྡན་རྒྱུད། །དཔྱིད་ཟླ་འབྲིང་པོའི་ཉ་ལ་གསུངས། །ཞེས་རྗེ་རང་བྱུང་ཞབས་བཞེད་ཅིང༌། ལྷ་དབང་གི་ལོ་བརྒྱའི་དང་པོ་དང་ཟླ་བ་བཟང་པོའི་ལོ་གཉིས་ཀྱི་སྔ་མ་གཅིག་དུ་བྱས་པས་ལོ་ལྷག་ཆད་མི་འབྱུང་བ་ཡིན་ནོ། །ལྷ་དབང་གཟི་བརྗིད་ཅན། སྣ་ཚོགས་གཟུགས། ལྷའི་དབང་ཕྱུག་ཟླ་བས་བྱིན། ལྷའི་དབང་ལྡན་སྟེ་ཆོས་རྒྱལ་འབའ་ཞིག་པ་དྲུག་གིས་ལོ་དྲུག་བརྒྱ་འདས་པ་ན་འཇམ་པའི་དབྱངས་གྲགས་པ་སེང་གེའི་ཁྲིར་བྱོན་ནས་རྩ་རྒྱུད་དང་འགྲེལ་ཆེན་བསྟན་སྟེ་ལོ་བརྒྱ་པ་ལ་ཉི་མའི་ཤིང་རྟ་ལ་སོགས་ཚངས་པའི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་ལ་རྡོ་རྗེའི་ཐེག་པར་ཞུགས་ཤིག་གང་མི་འཇུག་པ་རྣམས་ཤམྦྷ་ལ་ཡུལ་གོ་དྲུག་དང་བཅས་པར་མ་འདུག་ཞིག །གཞན་དུ་མས་འོངས་པར་ཁྱེད་རྣམས་ཀླ་ཀློར་འགྱུར་རོ་ཞེས་གསུངས་པས་ཐམས་ཅད་ཡུལ་བོར་གཉེན་འདུན་ཁྲིད་སྟེ་ཉི་མ་བཅུར་སོང་སྟེ་ནགས་ཚལ་ཞིག་དུ་སླེབས་པ་ན་འཇམ་དཔལ་གྱིས་དེ་རྣམས་སྐལ་པ་དང་ལྡན་པར་གཟིགས་ཤིང་དེ་རྣམས་སོང་ན་རིགས་བཞི་དད་པར་མི་འགྱུར་བར་གཟིགས་སྟེ་མུ་སྟེགས་ཐམས་ཅད་རྨོངས་པར་བྱེད་པའི་ཏིང་ངེ་འཛིན་ལ་བཞུགས་པས་དེ་(ཙ༣༡བ)


PTT001_Page_1534
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་མྱོས་ནས་གཉིད་ལོག་བཞིན་མི་མ་ཡིན་རྣམས་ཀྱིས་ཁྱེར་ནས་ཀ་ལཱ་པའི་སྒོ་དྲུང་དུ་སླེབས་སོ། །སད་ནས་ངོ་མཚར་དུ་བྱུང་བ་ན་བློན་པོ་ཆེན་པོ་རྒྱ་མཚོའི་བློ་གྲོས་ཀྱིས་རྒྱལ་པོ་ཆེན་པོ་གྲགས་པ་ནི་འཇམ་པའི་དབྱངས་ཀྱི་སྤྲུལ་པའི་སྐུ་སྟེ་འདི་ཉིད་ལས་སྐྱབས་སུ་དོང་ཞིག་ཞེས་བསྐུལ་བས་སེམས་སད་སྟེ་ཉི་མའི་ཤིང་རྟ་ལ་བསྐུལ་སྟེ་དབང་བསྐུར་བ་དང་བསྡུས་རྒྱུད་མཛད་པར་གསོལ་བ་བཏབ་པས་དེ་རྣམས་དང་ཡུལ་གོ་དྲུག་གི་མི་རིགས་བཞི་སྐལ་པ་དང་ལྡན་པ་ཐམས་ཅད་ལ་ནག་པའི་ཉ་ལ་དཀྱིལ་འཁོར་གྱི་ཁང་པར་དབང་བསྐུར་ཞིང་བསྡུས་པའི་རྒྱུད་མན་ངག་བསྟན་པས་ཐམས་ཅད་ས་གའི་ཉའི་ཐོ་རེངས་ཡེ་ཤེས་ཀྱི་སྐུ་གྲུབ་བོ། །དེ་ནས་སྲས་པད་དཀར་ཆོས་སྟོན་པ་དང་འགྲེལ་པ་མཛད་པར་བསྐོས་སྟེ་ལོངས་སྤྱོད་རྫོགས་སྐུར་ཐིམ་མོ། །པད་དཀར་གྱིས་བསྡུས་རྒྱུད་ལ་འགྲེལ་ཆེན་དྲི་མེད་འོད་སྟོང་ཕྲག་བཅུ་གཉིས་པ་མཛད་དོ། །དེ་ལྟར་གྲགས་པས་རིགས་བཞི་རྡོ་རྗེའི་རིགས་གཅིག་དུ་མཛད་པ་ཕྱིན་རིགས་ལྡན་དུ་མཚན་འདོན་ནོ། །བསྡུས་རྒྱུད་མཛད་ནས་ལོ་བརྒྱད་བརྒྱ་ན་ཀླ་ཀློ་སྦྲང་རྩིའི་བློ་གྲོས་འབྱུང་བར་ལུང་བསྟན་སྟེ་དེ་ཡང་ཤམ་བྷ་ལའི་ལྷོ་ཕྱོགས་ཀླ་ཀློ་སྟག་གཟིག་པའི་ཡུལ་དུ་སྟག་གཟིག་པའི་རྒྱལ་པོ་ཨརྡྷོ་ཞེས་པས་རཧ་མ་ཎའི་འཇུག་པའི་ལོག་ཆོས་བརྩམས། ཀླ་ཀློའི་སྟོན་པ་ཨ་ནོ་གྷ་ལ་སོགས་པ་བྱུང༌། ཁྱད་པར་དུ་སོག་པོའི་ཡུལ་ཏྲི་ཏི་ཅེས་པ་གྲོང་བྱེ་བ་ཡོད་པར་བཱ་ག་རའི་གྲོང་དུ་སྦྲང་རྩིའི་བློ་གྲོས་བྱུང་སྟེ་ནང་པའི་གཙུག་ལག་ཁང་དྲུག་བཅུ་རྩ་བརྒྱད་བཤིག །མུ་སྟེགས་པའི་འཁྱེར་ཡང་ཀླ་ཀློར་གྱུར་ཏོ། །ཀླ་ཀློ་ཨདྷོ་བྱུང་བ་རིགས་ལྡན་ཁྱབ་འཇུག་སྦས་པའི་ལོ་ང་གཅིག་པ་དེ་ཀླ་ཀློའི་ལོ་སྟོང་དང་བརྒྱད་བརྒྱའི་ཐོག་མ་ཡིན་པར་ཆག་ལོ་གསུམ་པའི་དུས་འཁོར་ཆོས་བྱུང་ན་སྣང་ངོ༌། །པད་དཀར་ཕྱིན། བཟང་པོ་རྣམ་རྒྱལ་བཤེས་གཉེན་བཟང༌། །ཕྱག་དམར་ཁྱབ་འཇུག་སྦས་ཉི་གྲགས། །ཤིན་བཟང་རྒྱ་མཚོ་དམ་པར་རྒྱལ། །རྒྱལ་དགའ་ཉི་མ་སྣ་ཚོགས་གཟུགས། །ཟླ་འོད་མཐའ་ཡས་(ཙ༣༢ན)


PTT001_Page_1535
[མ་དཔེ་གཟིགས་ན་འདིར་གནོན།]

ས་སྐྱོང་དང༌། །དཔལ་སྐྱོང་སེང་གེ་རྣམ་པར་གནོན། །སྟོབས་ཆེན་མ་འགག་མིའི་སེང་གེ། དབང་ཕྱུག་ཆེན་པོ་མཐའ་ཡས་དང༌། །རྣམ་རྒྱལ་དྲག་པོ་འཁོར་ལོ་ཅན། །ཞེས་བྱ་སྟེ། གདན་ནི་ཉི་ཤུ་རྩ་ལྔ་པོ་རྣམས་རིམ་པར་བགྲངས་པ་དག་གི་དུས་ཀྱི་མཐར། །ཞེས་དང༌། གདན་སོ་གཉིས་ཀྱི་མཐར་དྲག་པོ་འབྱུང་བར་གསུངས་པའི་རྒྱུད་ཚིག་བཞིན་བྱས་པ་སྟེ། མཐའ་ཡས་རྣམ་རྒྱལ་གཅིག་དུ་བྱེད་པ་དང་ཉེར་གསུམ་པ་དྲག་པོ་བྱེད་པའང་སྣང་ངོ༌། །མ་འོངས་པ་བོད་དང་འཕགས་ཡུལ་སོགས་ཛམ་གླིང་ཕལ་ཆེར་ཀླ་ཀློས་གང་བའི་ཚེ་འཇམ་དཔལ་ཉིད་རིགས་ལྡན་དྲག་པོ་འཁོར་ལོ་ཅན་དུ་གྱུར་པས་རྡོའི་རྟ་བཅིབས་ཤིང་མདུང་ཐུང་འཛིན་པ་དང་རྟ་པའི་དམག་དཔོན་ཧ་ནུ་མན་དང༌། ཤིང་རྟ་པའི་དམག་དཔོན་དྲག་པོ་དང་རྒྱལ་པོ་དགུ་བཅུ་རྩ་དྲུག་རླུང་གི་ཤུགས་ཅན་གྱི་རྡོའི་རྟ་པ་བྱེ་བ་དགུ། གླང་པོ་ཆེ་འབུམ་ཕྲག་བཞི། ཤིང་རྟ་པ་འབུམ་ཕྲག་ལྔ༌། དཔུང་བུ་ཆུང་མིག་མཐོང་དྲུག་སོགས་ལྷ་དང་མིའི་དམག་དཔུང་མཐའ་ཡས་པ་བཤམས་སྟེ་ཡུལ་གོ་དྲུག་བརྒལ་ནས་ཆུ་བོ་སཱི་ཏའི་ལྷོར་བྱོན་སྟེ། ཀླ་ཀློའི་དཔུང་ཚོགས་ཡན་ལག་བཞི་འཇོམས་ཅིང་ཀླ་ཀློའི་རྒྱལ་པོ་བྱེད་པའི་བློ་གྲོས་དང་དམག་དཔོན་ཟླ་བ་ཆེན་པོའི་བུ་དང་དབང་པོའི་མགོན་པོ་སོགས་བཅད་ཅིང་བཏུབས་པར་སྣང་བའི་རྫུ་འཕྲུལ་གྱིས་བཏུལ་སྟེ་ཆོས་ལ་འགོད་པར་མཛད་ཅིང་དེ་ནས་གླིང་འདིར་རྫོགས་ལྡན་འཇུག་ལ་སྲས་ལྷ་དབང་དང་ཚངས་པ་གཉིས་འབྱུང་བའི་ལྷ་དབང་གིས་ལྷོ་གླིང་ནུབ་མར་ཀླ་ཀློ་འདུལ་བ་སོགས་རྒྱལ་རྒྱུད་ས་དུམ་བུ་བཅུ་གཉིས་པོ་ཐམས་ཅད་དུ་འཁོར་བ་ཡིན་ནོ། །རིགས་ལྡན་གྱིས་ཀླ་ཀློའི་སྟེང་དུ་བྱོན་ནས་འདུལ་བ་ཡིན་གྱི། དེ་ཚེ་ཀླ་ཀློའི་རྫུ་འཕྲུལ་གྱིས། །ཤམྦྷ་ལ་རུ་དམག་འདྲེན་འགྱུར། །ཞེས་འཆད་པ་དེའང་མིན་ལ། དེ་ཚེ་ཕྱག་ན་རྡོ་རྗེ་ཡི། །སྤྲུལ་པ་དྲག་པོ་ཞེས་བྱ་བས། །ཞེས་བཤད་འཇམ་དཔལ་དང་ཕྱག་རྡོ་ནོར་བ་ཡིན་ནོ། །རྒྱུད་འགྲེལ་རྒྱ་གར་དུ་ཕེབས་པའི་ཚུལ་ལ། སློབ་དཔོན་རྡོ་རྗེ་དྲིལ་བུ་པས་བདེ་མཆོག་གི་སྒྲུབ་(ཙ༣༢བ)


PTT001_Page_1536
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་སུ་དྲི་མེད་འོད་ཀྱི་མཆོད་བརྗོད་བཀོད་པ་དང༌། བིརྺ་པས་གཤིན་རྗེའི་གཤེད་ཀྱི་འཕྲུལ་འཁོར་གྱི་ཆོ་ག་དུས་འཁོར་ལ་བསྟེན་ནས་མཛད་པ་སོགས་གྲུབ་པ་རྣམས་ཀྱི་སྤྱོད་ཡུལ་དུ་སྔོན་ནས་གྱུར་ཡང་ཐུན་མོང་གི་སྣང་བར་ནི་ཙི་ལུ་པཎྜི་ཏས་སྤྱན་དྲངས་པ་སྟེ། དེ་ཡང་རྒྱལ་པོ་དེ་ཝ་པཱ་ལའི་དུས་རྒྱ་གར་ཤར་ཕྱོགས་ཨོརྦི་སར་རྣལ་འབྱོར་པ་ཅིག་གི་སྲས་སུ་འཁྲུངས། ཆུང་ངུ་ནས་རབ་ཏུ་བྱུང་ཞིང་རིག་གནས་དང་སྡེ་སྣོད་ཐམས་ཅད་ལ་ཟླ་མེད་ཀྱི་མཁས་པར་གྱུར་སྟེ་བཙུན་ཆུང་བས་དགེ་ཚུལ་ཞེས་ཙི་ལུ་པཎྜི་ཏར་གྲགས། ཞག་རེ་ལ་ཤྩོ་ཀ་སྟོང་ཟིན་པའི་གཟུངས་ཐོབ། དེས་ནཱ་ལནྡ་སོགས་དང་ཁྱད་པར་དུ་ཏུ་རུ་ཥྐའི་གནོད་པ་མེད་པ་རིན་ཆེན་རི་བོའི་གཙུག་ལག་ཁང་དུ་གསུང་རབ་ཐམས་ཅད་གཟིགས་པས་ཚེ་གཅིག་ལ་འཚང་རྒྱ་བ་གསང་སྔགས་ལ་རག་ཞིང་དེ་སྤྲུལ་པའི་རྒྱལ་པོས་དངོས་སུ་སྟོན་པ་ཤམྦྷ་ལ་ན་ཡོད་ཟེར་བ་གཟིགས་ཤིང་ཡི་དམ་གྱིས་ཀྱང་ལུང་བསྟན་སྟེ་རྒྱ་མཚོར་འགྲོ་བའི་ཚོང་པ་དང་ལྷན་ཅིག་ཟླ་བ་དྲུག་དུ་གཟིངས་ལ་བྱོན། དེ་ནས་ཚོང་པ་རྣམས་ཟླ་བ་དྲུག་གི་དུས་བྱས་ནས་རིན་པོ་ཆེའི་གླིང་སོ་སོར་སོང༌། སློབ་དཔོན་གྱིས་ཤམྦྷ་ལའི་ལམ་ཡིག་བཟུང་ནས་རི་ཆེན་པོ་ཅིག་ལ་འཛེགས་པས་རིའི་རྩེར་སླེབ་པ་ན་དགེ་སློང་གཟུགས་བཟང་བ་ཞིག་དང་ཕྲད་སྟེ་འདྲི་བ་ལ་ཤམྦྷ་ལར་ཆོས་ཉན་དུ་འགྲོ་བྱས་པས། དེ་ཤིན་དུ་བགྲོད་པར་དཀའ་སྟེ་ཤེས་པ་བྱུང་ན་འདི་ཉིད་དུ་ཉན་པས་ཆོག་མོད་གསུངས་པས་རིགས་ལྡན་གྱི་སྤྲུལ་པར་ཤེས་སྟེ་རྗེས་སུ་བཟུང་བར་ཞུས་པས་དེ་ཉིད་དུ་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་རྒྱུད་འགྲེལ་མན་ངག་ཐམས་ཅད་རྫོགས་པར་གནང་སྟེ་སྤྱི་བོར་མེ་ཏོག་བཞག་ནས་སེམས་འགྲེལ་རྣམས་ཀྱི་ཚིག་དོན་ཇི་ལྟ་བ་ཁོང་དུ་ཆུད་པར་གྱུར་ཅིག་ཅེས་བརྗོད་པའི་མོད་ལ་ཚིག་དོན་ཐམས་ཅད་ཐུགས་སུ་ཆུད། སྤྲུལ་པ་མི་སྣང་བར་གྱུར་སྟེ་སླར་བྱོན་པས་ཚོང་པ་རྣམས་དང་འཛོམ་སྟེ་ཚུར་བྱོན། ནཱ་ལནྡ་དང་ཀ་ཏ་ཀའི་རྒྱལ་པོའི་སར་བཞུགས་ནས་དུས་ཀྱི་འཁོར་ལོ་བསྟན་པས་སློབ་མ་གསུམ་བྱུང་སྟེ་དེ་དག་གིས་ཞུས་ནས་ཐུགས་(ཙ༣༣ན)


PTT001_Page_1537
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནས་པ་ཡི་གེར་བཀོད། སློབ་མ་རྒྱལ་འབྱུང་སྦས་པས་གྲུབ་པ་ཐོབ་ཀྱང་སློབ་མ་མ་བསྐྱངས། པིཎྜ་པའམ་ལི་ཏོ་པས་རྒྱུད་པ་བཟུང་སྟེ་ད་བྷངྒ་ལར་འཁྲུངས། མཁས་པ་ཟླ་མེད་པར་གྱུར་ཅིང་ཁྱད་པར་ཙི་ལུ་པའི་ཆོས་བུམ་པ་གང་བྱོར་མཁྱེན། སྦྱངས་ཡོན་བསོད་སྙོམས་པ་མཛད་པས་པི་ཏོ་པའི་པཎྜི་ཨཱ་ཙཱ་རྻ་སྟེ་སློབ་དཔོན་བསོད་སྙོམས་པ་ཅེས་གྲགས། ཡུལ་དེར་དམག་བྱུང་བ་ན་དཔེ་རྣམས་སྦས་ནས་བྲོས་པ་སླར་བཏོན་ཚེ་མ་ཚང་ནས་སླར་འབྲི་བར་ཞུས་པས་མཁའ་འགྲོ་མས་སྦས་པས་འབྲི་མི་རུང་གསུངས་ནས་ཙི་ལུ་བ་ཤར་ཕྱོགས་མེ་ཏོག་ཁྱིམ་དུ་བྱོན་སྟེ་ཡེ་ཤེས་ཀྱི་སྐུ་སྒྲུབ། མ་ཚང་བ་སེམས་འགྲེལ་གཉིས་ཀྱི་སྨད་དུ་གྲགས་ཀྱང་མ་ཡིན་སྟེ་ཕྱག་རྡོར་སྟོད་འགྲེལ་ནི་ཚིགས་བཅད་ཕྱེད་དང་བཅུ་གསུམ་ཁོ་ནའི་འགྲེལ་པར་བཤད་པ་དང༌། རྡོ་རྗེ་སྙིང་འགྲེལ་དུའང་འདི་ལས་ཕྱི་མ་སྤྱོད་པའི་ལེའུ་ལ་སོགས་པ་རྒྱ་ཆེར་རྟོགས་པར་བྱའོ་ཞེས་དང༌། ལྷོ་དང་བྱང་གི་ཡུལ་དུ་འཚོལ་དགོས་པར་ཞལ་འཕངས་པའི་ཕྱིར། དེས་ན་མ་ཚང་བ་ནི་རྩ་རྒྱུད་རྩ་འགྲེལ་ལོ། །པིཎྜ་པས་དུས་འཁོར་གྱི་སྒྲུབ་ཐབས་སྙིང་པོའི་རྒྱན་མཛད་ཅིང་དེའི་སློབ་མ་བྲམ་ཟེ་དཱ་རི་དྲ་པས་དབང་གི་རབ་བྱེད་ཀྱི་འགྲེལ་པ་མཛད་དོ། །སློབ་མའི་གཙོ་བོ་ནི་དུས་ཞབས་པ་ཆེན་པོ་སྟེ། ཤར་ཕྱོགས་པ་རནྡྲེར་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་ཡབ་ཡུམ་གྱིས་རྒྱུད་ལས་གསུངས་པའི་རིགས་རྒྱུད་འཇོག་པའི་རྣལ་འབྱོར་བྱས་སྟེ་སྲས་བསྐྲུན་པས་འཇམ་དཔལ་འོད་དང་བཅས་ནས་བྱོན་པར་མཐོང་ཞིང་ཁྱེའུ་བློ་གྲོས་ཐོགས་པ་མེད་པ་ཅིག་བྱུང་ནས་སྒྲོལ་མ་བསྒྲུབས་པས་ཚེགས་མེད་དུ་གྲུབ་སྟེ་ནམ་དགོས་ལུང་སྟོན། ཆུང་ངུ་ལ་རབ་ཏུ་བྱུང་ནས་མཁས་པ་ཟླ་མེད་པར་གྱུར་ནས་ཀླུ་བྱང་ལ་ཡང་བསྟེན། ཙི་ལུ་པ་ཆུང་བར་ཡང་གྲགས། བི་ཏོ་པ་ལས་དུས་འཁོར་གསན་སྟེ་བུམ་པ་གང་བྱོར་གྱུར་ཀྱང་ཐུགས་མ་ཚིམ་སྟེ་ཤམྦྷ་ལར་འབྱོན་པར་དགོངས། སྒྲོལ་(ཙ༣༣བ)


PTT001_Page_1538
[མ་དཔེ་གཟིགས་ན་འདིར་གནོན།]

མས་ལུང་བསྟན་སྟེ་མྱ་ངམ་གྱི་ཐང་ལ་ཟླ་བ་བཞི་འགྲོ་དགོས་པས་རྒྱ་མཚོར་གཟིངས་ལ་ཞུགས་སྟེ་ཕྱིན། ཚོང་པ་རྣམས་ནོར་བུའི་གླིང་སོ་སོར་སོང༌། སློབ་དཔོན་གྱིས་རི་ཞིག་ལ་འཛེགས་པས་རྩེ་མོར་རིགས་ལྡན་གྱི་སྤྲུལ་པས་རྗེས་སུ་བཟུང་སྟེ་དབང་རྒྱུད་མན་ངག་ནོད། རི་དེའི་རྩ་བར་ཞག་བདུན་བསྒོམས་པས་གྲུབ་པ་ཐོབ་སྟེ་སྐད་ཅིག་གིས་ཤམྦྷ་ལར་བྱོན་ནས་རིགས་ལྡན་དངོས་ལ་ཆོས་ཐམས་ཅད་གསན། བསྡུས་རྒྱུད་རྩ་འགྲེལ་རྒྱུད་ཕྱི་དང་བཅས་པ། དབང་མདོར་བསྟན། ལྟ་འདོད་མདོར་བསྟན། དོན་དམ་བསྙེན་པ། རྣལ་འབྱོར་གསུམ་སྙིང༌། སེམས་འགྲེལ་གཞན་གཉིས་རྣམས་ཀྱི་གླེགས་བམ་ཡང་སྤྱན་དྲངས་སྟེ་འཕགས་ཡུལ་དུ་རྒྱས་པར་གྱུར་ཏོ། །དེ་ལ་སློབ་མའི་མཆོག་ཨ་ཝ་དྷཱུ་ཏི་པ། ཤྲཱི་བྷ་དྲ་བོ་དྷི། ནཱ་ལནྡ་པ་སྟེ་འདི་གསུམ་ག་ལ་དུས་ཞབས་པ་ཆུང་བར་སོ་སོར་གྲགས། ན་རོ་པ། སཱ་དྷུ་པུ་ཏྲ། རཏྣཱ་ཀཱ་ར་གུཔྟ། ཐར་འབྱུང་སྦས་པ། འདུལ་འབྱུང་བློ་གྲོས། སེང་གེ་རྒྱལ་མཚན། མཐའ་ཡས་རྣམ་རྒྱལ་སོགས་བྱུང་ངོ༌། །དེ་ལ་ཨ་ཝ་དྷཱུ་ཏི་པ་ནི། དགེ་སློང་བློ་ཤིན་དུ་བརྟུལ་བ་ཞིག་གིས་རིག་བྱེད་མའི་ཤེས་རབ་སྒྲུབ་པ་བྱས་པས་བྱུ་རུ་ལ་རིག་བྱེད་མའི་སྐུ་བཟོས་བུད་མེད་ཀྱི་རོ་མ་ཉམས་པ་ཅིག་གི་ཁར་ཆུག །རོ་ཁ་སྦུབ་པའི་རྒྱབ་ཏུ་སྐྱིལ་ཀྲུང་གིས་འདུག་ལ་ཞག་བདུན་སྒྲུབ་ཅིག་ཞེས་ལུང་བསྟན་བྱུང་སྟེ་དེ་ལྟར་བསྒྲུབས་པས་ཞག་བདུན་ན་རོ་དེ་སྟེང་དུ་ཁ་ལོག་སྟེ་ཁྱོད་ཤེས་རབ་ཇི་ཙམ་འདོད་ཟེར་བ་ལ་འཇམ་དཔལ་དང་མཉམ་པར་འདོད་བྱས་ཀྱང་འོང་བ་ལ་བྲིས་ཟིན་ཚད་ཟིན་པར་འདོད་བྱས་པས་དེ་ལྟར་བྱུང༌། ཡུལ་དབུས་སུ་བཞུགས་པས་ངག་གི་དབང་ཕྱུག་དུ་གྲགས། དངུལ་གཞོང་དུ་མཆིལ་མ་དོར་ཚད་ལོངས་སྤྱོད་དུ་གྱུར་པས་སྦྱིན་པ་ཕྱོགས་མེད་དུ་གཏོང༌། ཕྱོགས་བཞིར་པཎ་ཆུང་གསུམ་གསུམ་འཁོད་པ་ལ་ཆོས་མི་འདྲ་བ་བཞི་དུས་གཅིག་ལ་སྟོན་སྐད། དེས་དུས་འཁོར་ཞབས་ལ་རྒྱུད་ཇི་ཙམ་མཁྱེན་དྲིས་པས་ལན་(ཙ༣༤ན)


PTT001_Page_1539
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་རྒྱུད་ཀྱི་མིང་ཡང་མ་ཟིན་སྐད། དེར་རྒྱུད་མན་ངག་གསན་སྟེ་དཀའ་འགྲེལ་པདྨ་ཅན་དང་སྦས་པ་མིག་འབྱེད་རྩ་འགྲེལ་དང་དཔལ་ལྡན་རྒྱུད་སྐར་གྱི་དཀྱིལ་ཆོག་སོགས་མཛད། སློབ་མ་རྣལ་འབྱོར་པ་མང་དུ་བྱུང་ལ། དགེ་བསྙེན་བོ་དྷི་དང་ནཱ་ལནྡ་པའང་སློབ་མ་ཡིན་ནོ། །དགེ་བསྙེན་བོ་དྷི་ནི་ཤར་ཕྱོགས་མཉྫུ་ཧ་དེ་ཥར་འཁྲུངས། མཁས་པ་ཆེན་པོར་གྱུར་པས་དུས་འཁོར་ཞབས་ལས་རྒྱུད་མན་ངག་གསན་སྟེ་ནགས་ལ་བསྒོམས་པས་གྲུབ་པ་བརྙེས། བོད་དུའང་གྱི་ཇོས་སྤྱན་དྲངས་སྟེ་བྱོན། རྟེན་དགེ་བསྙེན་མཚན་ཤྲཱི་བྷ་དྲ་བོ་དྷི། འདིས་དུས་ཞབས་སྙན་རྒྱུད་མཛད་ཏོ། །ནཱ་ལནྡ་པ་ནི་དགེ་བསྙེན་དེའི་སྲས་ཡིན་ལ་མཁྱེན་རབ་ཟླ་མེད་ཅིང་ཨ་ཝ་དྷཱུ་ཏི་པ་ལ་སོགས་ཀྱི་ཡོན་ཏན་རྫོགས་ཀྱང་མ་ཚིམ་པར་བོད་དུ་བྱོན་ནས་གསེར་བཙལ་བས་སྲང་གང་རྙེད་པ་དུས་ཞབས་པ་ཆེན་པོ་ལ་ཕུལ་སྟེ་རྒྱུད་དང་གདམས་པ་གསན་པས་དུས་ཞབས་པ་ཆེན་པོ་དང་ཡོན་ཏན་མཉམ་པར་གྱུར། དེས་རྒྱལ་པོ་ར་མ་པཱ་ལིའི་དུས་ནཱ་ལནྡའི་སྒོ་གོང་དུ་རྣམ་བཅུ་དབང་ལྡན་བྲིས། འོག་དུ་གང་དུས་འཁོར་མི་ཤེས་པས་མཚན་བརྗོད་མི་ཤེས། མཚན་བརྗོད་མི་ཤེས་པ་དེས་གསང་སྔགས་མི་ཤེས། སྔགས་མི་ཤེས་པ་ཐམས་ཅད་འཁོར་བ་པ་སྟེ་དེས་ན་གསང་སྔགས་མཉན་པར་བྱའོ་ཞེས་པའི་འགྲེལ་ཚིག་དངོས་བྲིས་པས་པཎྜི་ཏ་ལྔ་བརྒྱ་ཙམ་གྱིས་བརྩད་པས་ཐམས་ཅད་བཏུལ་ནས་ཞབས་ལ་བཏུད་སྟེ་ཨ་བྷྱ་དང་ཙ་མི་དང་ཨ་བྷི་ཡུཀྟ་དང་མཉྫུ་ཀཱིརྟི་དང་ཁ་ཆེ་ཟླ་མགོན་དང་རི་བོ་བ་དང་ཨ་ཙ་ལ་གརྦྷ་དང་དཱ་ན་ཤི་དང་མ་ཧཱ་པུ་ཎྱ་དང་ཁ་ཆེ་གམྦྷིར་དང་ཤཱནྟ་གུཔྟ་དང་གུ་ན་རཀྵི་ཏ་ལ་སོགས་པ་མཁས་པ་ཆེན་པོ་མང་དུ་བྱུང་ཞིང་ཁྱིམ་པ་རྣམས་ཀྱང་དཔེ་འབྲི་ཞིང་བག་ཆགས་འཇོག་གོ །ན་རོ་པ་ནི་ཕྱི་ནང་སུས་ཀྱང་རྩོད་མི་ནུས་པས་རྩོད་མེད་ཅེས་པ་སྟེ་དུས་ཞབས་པ་ལས་གསན་ནས་དབང་མདོར་བསྟན་དང་བརྟག་གཉིས་པ་འགྲེལ་པ་མཛད་སྟེ་ཁ་ཆེའི་ལུགས་སུ་གྲགས། །འདི་ན་རོ་པ་པཎྜི་ཏ་མཛད་པའི་དུས་ཡིན་པར་འདུག །(ཙ༣༤བ)


PTT001_Page_1540
[མ་དཔེ་གཟིགས་ན་འདིར་གནོན།]

སཱ་དྷུ་བུ་དྲ་ནི་ལེགས་པའི་སྲས་ཅེས་བྱ་སྟེ་མཚན་དངོས་ཤྲཱི་དྷ་ར་དཔལ་འཛིན་ནོ། །དེས་སློབ་དཔོན་དཔེ་མེད་འཚོ་ཞེས་པ་རྡོ་རྗེ་རྣལ་འབྱོར་མས་ལུང་བསྟན་སྟེ་ཧེ་རུ་ཀས་དེ་ཁོ་ན་ཉིད་དངོས་སུ་བསྟན་པ་དེ་དང་དུས་འཁོར་ཞབས་གཉི་ག་ལས་གསན་སྟེ་མངོན་དཀྱིལ་དང་དབང་མདོར་བསྟན་གྱི་འགྲེལ་པ་མཛད། དེས་འོད་བྱེད་ལྷ། ཆོས་འབྱུང་ཞི་བ་སོགས་སྟེ་བོད་དུའང་བིཀྵུ་ཏི་ཙནྡྲའི་ལུགས་དང་པཎ་ཆེན་ནགས་རིན་ལུགས་ཀྱང་རིང་རྒྱུད་འདི་ལས་བྱུང་བའོ། །རད་ནཱ་ཀཱ་ར་གུཔྟ་ནི་གཞོན་ནུ་ལ་ཤིན་དུ་མཁས་པར་གྱུར་སྟེ་པཎྜི་ཏ་རབ་བྱུང་མང་པོའི་འཁོར་ཡོད། མ་རྒན་མོ་གསོ་ཕྱིར་རྟེན་དགེ་བསྙེན་དུ་ཡོད་པ་ལ་མ་ག་དྷར་བློན་པོ་ཆེན་པོ་ཅིག་གིས་མའི་འཚོ་བ་གསེར་སྲང་སུམ་བཅུ་བྱིན་ནས་རབ་ཏུ་འབྱུང་བར་བསྐུལ་སྟེ་རབ་ཏུ་བྱུང༌། རིན་འབྱུང་སྦས་པར་བཏགས། དུས་ཞབས་པ། ཛེ་ཏ་རི། ན་རོ་པ་སོགས་བསྟེན། སྟོན་པ་དང་མཚུངས་པས་རྡོ་རྗེའི་གདན་དུ་བཞུགས། འཁོར་ལྔ་བརྒྱ་དང་བཅས་པའི་སྦྱིན་བདག་བློན་པོ་དེས་བྱེད་དོ། །ཕྱི་ཞིག་ན་པོ་ཊ་ལར་སྤྱན་རས་གཟིགས་མཇལ་དུ་འབྱོན་པར་དགོངས་སྟེ་བྱོན་ནས་སཽ་རིའི་ཡུལ་དུ་ཕེབས་པ་ན་ཡུལ་དེའི་རྒྱལ་པོའི་རྨི་ལམ་དུ་རྡོ་རྗེ་གདན་གྱི་ཐུབ་པ་ཆེན་པོས་ངའི་བསྟན་པ་ལྷོ་ཕྱོགས་སུ་མ་བཏང་བར་ཟུང་ཞིག་གསུང་བ་རྨིས་པས་སློབ་དཔོན་དུ་ཤེས་ནས་མི་བཞུགས་ན་ལྕེབ་པར་བྱས་པས་བཞུགས་སྟེ་བསྟན་པ་དར་བར་མཛད་པས་སཽ་རི་པ་ཅེས་གྲགས་སོ། །ཐར་འབྱུང་སྦས་པས་ས་ར་ཧའི་དམངས་དོ་སྦྱོར་དྲུག་དུ་བཀྲལ། སེང་གེ་རྒྱལ་མཚན་ནས་ཉི་མའི་འོད་སོགས་པཎ་ཆེན་ནགས་རིན་ལུགས་ཀྱི་དབང་རྒྱུད་བྱུང་ངོ༌། །དུས་ཞབས་པ་ཆུང་བས་སེང་གེ་སྒྲ་བསྒྲགས་པས་བཏུལ་པའི་སློབ་མ་རྣམས་ཀྱི་ནང་ནས་ཨ་བྷྱ་ཀཱ་ར་གུཔྟ་ནི་འཇིགས་མེད་འབྱུང་གནས་སྦས་པ་ཅེས་བྱས་སྟེ་ལྷོ་ཕྱོགས་སུ་བྲམ་ཟེ་ཕུན་སུམ་ཚོགས་པ་ཅིག་དུ་འཁྲུངས། སྒྲ་ཚད་གཟོ་གསོ་ལ་མཁས་པར་གྱུར་ནས་སྒོ་བསྡམས་ནས་སྒྲའི་པོ་ཏི་ཅིག་ལྟ་བའི་ཚེ་བུ་མོ་མཛེས་མ་(ཙ༣༥ན)


PTT001_Page_1541
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་འོངས་སྟེ་བདག་ནི་གདོལ་པ་མོ་སྟེ་དགའ་མགུར་སྤྱོད་དུ་འོངས་སོ་ཟེར་བ་ན་རེག་དུ་ཡང་མི་རུང་ངོ་བྱས་པས་ཁྱོད་ཀྱིས་སྐྱེ་བ་མང་པོར་ང་ལ་ཡི་དམ་བྱས་པས་འོངས་པ་ཡིན། ང་ལ་ཉན་ན་སངས་རྒྱས་པ་གྱིས་ལ་དབང་སྐུར་ཞུས། མ་ག་དྷར་སོང་ཞིག་ཟེར་ནས་ཡལ་ལོ། །དེ་ནས་བྷངྒ་ལར་བྱོན་རབ་ཏུ་བྱུང༌། རྒྱུད་གསན་ནས་སྒོམ་པའི་ཚེ་བུད་མེད་ཤ་ཁྲག་དམར་རྩ་རེ་ཐོགས་པ་ཅིག་གི་བདག་གདོལ་པ་མོ་ཡིན། འདི་ཟོ་ཞིག་ཟེར་བས་མི་རུང་ངོ་སྨྲས་པས། མ་ག་དྷར་སོང་ཞིག་ཟེར་ནས་ཡལ། དེ་ནས་མ་ག་དྷར་བྱོན། དཔེ་མེད་འཚོ་ལ་སོགས་ལ་གསང་སྔགས་མང་དུ་གསན། སཽ་རི་པ་ལ་བསྙེན་རྫོགས་མཛད། མན་ངག་ཞུས་ནས་སྒོ་སུམ་རིམ་བསྡམས་ནས་མུན་ཁང་དུ་སྒོམ་པ་ན་བུ་མོ་ཤ་ཆང་ཐོགས་པ་ཅིག་བྱུང་སྟེ་ང་བླ་མའི་གཡོག་མོ་ཡིན། བླ་མ་རཏྣ་ཀ་རས་ཚོགས་སྐལ་སྐྱེལ་དུ་བཏང་བ་ཡིན་པས་ལོངས་སྤྱོད་ཅིག་ལན་གསུམ་དུ་ཟེར་བ་ལ་མི་རུང་ངོ་སྨྲས་པས་ཁྱོད་ཀྱིས་སྐྱེ་བ་མང་པོར་ང་ལ་ཚོགས་བསགས་པས་ངས་དངོས་གྲུབ་ལན་གསུམ་དུ་བསྐྱལ་ཡང་ཁྱོད་མི་འདོད་པར་འདུག་ཟེར་སྟེ་ཅི་ཡང་མི་སྣང་བར་ཡལ། སྒོ་ཡང་བཅད་པ་སྔར་བཞིན་འདུག །བླ་མ་ལ་དེ་སྐད་ཞུས་པས་ཁྱོད་རྟོགས་པ་ཆེ་བར་འདུག་པས་སྐྱེལ་དུ་མ་བཏང༌། ཡི་དམ་གྱིས་བྱོན་པར་འདུག་སྟེ་མ་ཤེས་པར་འདུག་གསུངས། དེ་ནས་འགྱོད་སྟེ་ཡི་དམ་གྱིས་དངོས་སུ་ལུང་མི་སྟོན་ན་ཤི་བ་སླའོ་ཞེས་པ་སྟེ་བཙུགས་པས་ཞག་བདུན་ན་རྨི་ལམ་དུ་རྒན་མོ་ཞིག་བྱུང་བ་མཐར་རྡོ་རྗེ་རྣལ་འབྱོར་མར་གྱུར་ནས་བསྟན་བཅོས་མང་དུ་རྩོམས་ཅིག །བར་དོར་མཆོག་གི་དངོས་གྲུབ་ཐོབ་བོ་ཞེས་གསུངས། དེ་ནས་དུས་ཞབས་པ་ལ་དུས་ཀྱི་འཁོར་ལོ་གསན་སྟེ་བི་ཀྲ་མ་ཤཱི་ལའི་གནས་བརྟན་དང་པོ་མཛད། སངས་རྒྱས་ལྟ་བུར་བཞུགས་པས་རྒྱ་གར་བ་རྣམས་ཀྱིས་མཚན་བརྗོད་མི་ནུས་པར་བི་ཀྲ་མ་ཤཱི་ལ་པཎྜི་ཏ་ཟེར་བར་གྲགས་སོ། །ཤི་བ་སློང་(ཙ༣༥བ)


PTT001_Page_1542
[མ་དཔེ་གཟིགས་ན་འདིར་གནོན།]

ནུས། རྒྱལ་པོས་གྲོང་ཁྱེར་གཅིག་ཕུལ་བ་ལ་པཎྜི་ཏའི་གཙུག་ལག་ཁང་དགེ་འདུན་ལྔ་བརྒྱ་དང་ཉི་ཤུའི་འཚོ་བ་སྦྱོར། རྡོ་རྗེ་རྣལ་འབྱོར་མའི་གསུང་སྒྲུབ་ཕྱིར་འདུལ་བ་སྣང་བ། མངོན་པ་བསྡུས་པ། དབུ་མའི་སྙེ་མ། བརྒྱད་སྟོང་འགྲེལ་པ་གནད་ཀྱི་ཟླ་འོད། ཐུབ་པ་དགོངས་རྒྱན། སམྤཱུ་ཊའི་འགྲེལ་པ་མན་ངག་སྙེ་མ། སངས་རྒྱས་ཐོད་པའི་འགྲེལ་པ་མི་འཇིགས་པའི་གཞུང་འགྲེལ། དུས་འཁོར་ལ་འཇུག་པ། རྒྱུད་འགྲེལ་གྱི་བརྒལ་ལན། དུས་འཁོར་གསལ་བ། གསང་འདུས་རིམ་ལྔའི་འགྲེལ་པ་ཟླ་འོད། བདེ་མཆོག་གི་སྒྲུབ་ཐབས། རང་བྱིན་རླབས། རྡོར་སེམས་སེར་པོ་དང་ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས། ལཱུ་ཡི་པའི་མངོན་རྟོགས་སྟེ་སྒྲུབ་ཐབས་གྲགས་པ་ཅན་བཞི། དབང་ཆོས་རྡོ་རྗེ་ཕྲེང་བ་རྣལ་འབྱོར་རྫོགས་པའི་ཕྲེང་བ་སྦྱིན་སྲེག་འོད་ཀྱི་ཕྲེང་བ་སྟེ་ཕྲེང་བ་སྐོར་གསུམ། སྒྲུབ་ཐབས་རྒྱ་མཚོ་སྟེ་སྤྱིར་འབུམ་སྡེ་གཅིག་མཛད། དགུང་ལོ་བརྒྱ་དང་ཉི་ཤུ་རྩ་གཅིག་བཞུགས་ནས་མཆོག་གི་དངོས་གྲུབ་བརྙེས་སོ། །དེའི་སློབ་མ་ཤུ་བྷམ་ཀཱ་ར་གུཔྟ་དགེ་འབྱུང་སྦས་པ་དང༌། ཝཱ་གཱི་ཤྭ་ར་གུཔྟ་ངག་དབང་སྦས་པ། བི་ཁཱཡ་ཏ་དེ་ཝ་རྣམ་གྲགས་ལྷ། ནིཥྐ་ལཾ་ཀ་དེ་ཝ་རྙོག་མེད་ལྷ། བྷ་ས་ཀ་ར་གུཔྟ་འོད་བྱེད་སྦས་པ། ནཱ་ཡ་ཀ་འདྲེན་པའི་ཐབས་སོགས་མཁས་གྲུབ་དཔག་མེད་དང་བོད་ཀྱི་ལོ་ཙཱ་བ་གྲགས་པ་རྣམ་གསུམ་ཞེས་ཙ་མི་སངས་རྒྱས་གྲགས། སྤོང་ཞོ་གསལ་བ་གྲགས། ཁེར་གང་འཁོར་ལོ་གྲགས་དང༌། གཞན་རྒཱ་ལོ། གཉན་ལོ། ཤེའུ་ལོ་ཙཱ། རོང་གླིང་ལོ་ཙཱ། ལྡི་རི་ཆོས་གྲགས། ཏྲེ་བོ་ཤེས་རབ་དཔལ་ལ་སོགས་ཀྱང་ཡིན་ནོ། །དགེ་འབྱུང་སྦས་པ་ལ་གྲུབ་ཐོབ་ལེགས་སྤྱོད་ཞབས་དང་མུ་ནིནྡྲ་ཤྲཱི་བྷ་དྲ་ཐུབ་དབང་དཔལ་བཟང་གཉིས་བྱུང་ལ། ལེགས་སྤྱོད་ནས་བཟུང་སྟེ་རད་ནཱ་རཀྵི་ཏ་དང་མ་ཎི་ཀ་ཤྲཱི་ཛྙ་ན་སོགས་བྱུང་ཞིང་མུ་ནིནྡྲ་ནས་རཱ་ཧུ་ལ་ཤྲཱི་བྷ་དྲ་དགྲ་གཅན་ཟིན་དཔལ་བཟང་པོ་སྟེ་བསྟན་པའི་བདག་པོར་གྲགས་པ་དེ་ལ་སོགས་པ་(ཙ༣༦ན)


PTT001_Page_1543
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ངོ། །བི་ཁཱཡ་ཏ་དེ་ཝ་རྡོ་རྗེ་གདན་གྱི་མཁན་པོ་ཡིན་ཞིང་དེའི་སློབ་མ་པཎ་ཆེན་ཤཱཀ་ཤྲཱིའོ། །ནིཥྐ་ལཾ་ག་ནི་རྩེ་གཅིག་དུ་བསྒྲུབས་པས་གྲུབ་པ་ཐོབ་སྟེ་རྡོ་རྗེ་གདན་པ་མཛད། དེས་བལ་པོར་འཁྲུངས་པའི་པཎྜི་ཏ་རེ་ཝེནྡྲ་དེ་ཝ་ཉི་དབང་ལྷ་ལ་གསུངས་སྟེ་རྡོ་རྗེ་གདན་དུ་ཆོས་དཔོན་གྲུབ་ཐོབ་བཞི་བསྟུད་ནས་བྱུང་བའི་ཕྱི་མ་ཡིན་ལ་ཕྱིས་བལ་པོར་བཞུགས་སོ། །ཙ་མི་ནི་མི་ཉག་གྷར་འཁྲུངས། དུས་ཞབས་པ་དང་ཨཱབྷྱ་སོགས་ལ་བསྟེན་ཡང་ཕྱིས་ཨ་བྷ་སོགས་པཎ་གྲུབ་ཐམས་ཅད་ཀྱིས་འདུད། ཀུན་གྱིས་ཚད་མའི་སྐྱེས་བུར་བཀུར། རྡོ་རྗེ་གདན་དང་ནཱ་ལནྡའི་དགེ་འདུན་གྱི་འདྲེན་པ་མཛད། དཱ་ན་ཤྲཱི་ནི་དྷ་བྱང་ཆུབ་སེམས་དཔའ་ཞེས་ཇོ་བོ་རྗེའི་དབོན་པོ་དེའོ། །ཤནྟ་ཀཱ་ར་གུཔྟ་ཞི་འབྱུང་སྦས་པ་ནི་པཎྜི་ཏ་ཐམས་ཅད་ཀྱི་བླ་མ། བཀའ་བསྟན་བཅོས་ཀྱི་གླེགས་བམ་ཕལ་ཆེར་ཕྱག་ན་ཡོད་པ། དགའ་ལྡན་དུ་འབྱོན་བར་ཞལ་གྱིས་བཞེས་པ་དེའོ། །ཁ་ཆེ་ཟླ་བ་མགོན་པོ་ནི་ཁ་ཆེར་བྲམ་ཟེར་ཆེན་པོ་ཞིག་གི་སྲས་སུ་འཁྲུངས། དབུགས་ཐེངས་རེ་ལ་ཤྩོཀ་རེ་ཟིན་ཞིང་ཤྩོཀ་བཅུ་དྲུག་ལན་རེས་འཛིན་ནུས་པས་ལོ་བཅུ་གཅིག་ཡན་ལ་རིག་བྱེད་མ་ལུས་པ་ཤེས། ཡུམ་སངས་རྒྱས་པ་ཡིན་པས་བྲམ་ཟེར་བཟང་པོ་ཞབས་ལ་ཆོས་ཉན་དུ་བཅུག་སྟེ་མཁས་པར་གྱུར། སློབ་མའང་མཁས་པ་ལྔ་ཙམ་བྱུང༌། དབང་མདོར་བསྟན་གྱི་དཔེ་གཟིགས་པས་ཤིན་དུ་དད་སྟེ་ཡུལ་དབུས་སུ་བྱོན། དུས་འཁོར་ཞབས་ཆུང་བ་ཡབ་སྲས་དང་མཇལ། རྒྱུད་མན་ངག་ལ་ཤིན་དུ་མཁས་ཤིང་བསྒོམས་པས་གྲུབ་པ་བརྙེས། བྱང་སེམས་ལ་བརྟན་པ་ཐོབ། ཟག་པ་ཟད། འཇམ་དཔལ་དངོས་སུ་གྲགས། རིགས་ལྡན་པདྨ་དཀར་པོས་ལུང་བསྟན་སྟེ་བོད་དུ་བྱོན་ནོ། །རྒྱུད་འགྲེལ་ཆེན་པོ་བོད་དུ་དར་ཚུལ་ནི་མེ་མཁའ་རྒྱ་མཚོའི་འདས་ལོ་སྲེ་བའི་ཐོག་མའི་རབ་བྱུང་ལ་གྱི་ཇོ་ཟླ་འོད་དང་དུས་ཞབས་པ་ཤྲཱི་བྷ་དྲས་བསྒྱུར་བས་གྱི་ཇོ་འགྱུར་བྱུང༌། དེ་མ་ཐག་སློབ་མ་(ཙ༣༦བ)


PTT001_Page_1544
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་པཎ་རྣམས་ཀྱིས་བགོས་ནས་བསྒྱུར་བས་འགྱུར་མང་དུ་གྲགས་པ་བྱུང༌། དེ་བཞིན་དུ་རྨ་དགེ་བའི་བློ་གྲོས་ཀྱི་རྨ་འགྱུར། མང་འོར་བྱང་ཆུབ་ཤེས་རབ་ཀྱི་འགྱུར། བློ་གྲོས་སྙིང་པོའི་འགྱུར། བསོད་ནམས་ཡེ་ཤེས་ཀྱི་འགྱུར། འབྲོ་ལོའི་འགྱུར། འགོས་ལོའི་འགྱུར། འ་ཞ་རྒྱ་གར་བརྩེགས་ཀྱི་འགྱུར། གཉན་དར་མ་གྲགས་ཀྱི་འགྱུར། རྒྱ་གར་ཉིད་དུ་བསྡུས་རྒྱུད་ལྡི་རི་ཆོས་གྲགས་དང་འགྲེལ་ཆེན་ཙ་མིའི་འགྱུར། རོང་གླིང་ལོ་ཙཱ་བའི་འགྱུར། སྟེང་པ་ལོ་ཙཱ་བའི་འགྱུར། རྭ་ཆོས་རབ་ཀྱི་འགྱུར། ཆག་ཆོས་རྗེ་དཔལ་གྱི་འགྱུར། ཤོང་སྟོན་གྱི་འགྱུར། དཔང་ལོའི་འགྱུར། རྣམ་གཉིས་འགྱུར་སོགས་གླེགས་བམ་གཅིག་ལ་དུས་འཁོར་འགྱུར་མང་བར་གྲགས་ཤིང༌། སྤྱིར་དུས་འཁོར་ཕྱོགས་ལ་རྒྱ་གཞུང་པོ་ཏི་ལྔ་ཙམ་བཞུགས་སོ། །ཡང་མན་ངག་གི་བཀའ་ནི་ཁ་ཆེ་ཟླ་མགོན་གྱིས་སྒོམ་པ་ཀུན་མཆོག་སྲུང་ལ་རྫོགས་པར་གནང༌། དེ་ནས་རིམ་བཞིན་སྒྲོ་སྟོན་གནམ་ལ་བརྩེགས། གྲུབ་ཆེན་ཡུ་མོ། མཁས་པ་བྲེ་བོ་མགོན་པོ། ལྡུམ་ར་སྒང་པ། སྙེ་མདོ་བ་བསོད་ནམས་དཔལ། སྙེ་མདོ་བ་ཀུན་དགའ་དོན་གྲུབ། རྗེ་རང་བྱུང་པ་སྟེ་ཀར་ལུགས་དང༌། ཡང་གྲུབ་ཆེན་ཡུ་མོ་ནས་སྲས་དྷརྨེ་ཤྭ་ར། ན་མཁའ་འོད། གྲུབ་ཐོབ་སེ་མོ་ཆེ། འཇམ་སར། ཀུན་མཁྱེན་ཆོས་སྐུ་འོད་ཟེར། ཀུན་མཁྱེན་འཕགས་འོད། བུ་རིན་པོ་ཆེ་སྟེ་བུ་ལུགས་དང༌། ཀུན་མཁྱེན་ཆོས་སྐུ་འོད་ཟེར་ནས་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། བྱང་སེམས་རྒྱལ་བ་ཡེ་ཤེས། ཡོན་ཏན་རྒྱ་མཚོ། ཀུན་མཁྱེན་དོལ་པོ་བ་སྟེ་ཇོ་ནང་ལུགས་སོགས་ཡིན་ལ། འདི་ལ་འབྲོ་ལོ་བརྒྱུད་པ་ལ་མི་དགོས་ཀྱང་པཎྜི་ཏས་འབྲོ་འགྱུར་ལས་བཤད་པས་འབྲོ་ལུགས་ཅེས་གྲགས་སོ། །གྱི་ཇོ་ཟླ་བའི་འོད་ཟེར་གྱི་གསུང་ཁྲོམ་པདྨ་འོད་ཟེར་གྱིས་བྲིས་པ་ནས་གྱི་ཇོ་ལུགས་དང༌། ཙ་མི་ལོ་ཙཱ། དཔལ་རྒྭ་ལོ། ཞང་རིན་པོ་ཆེ་སོགས་ཚལ་ལུགས་དང༌། ཙ་མི། རྒྭ་ལོ། ས་ཆེན་(ཙ༣༧ན)


PTT001_Page_1545
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ས་ལུགས་དང༌། སེ་ལོ་ཙཱ། གཉོས་འོད་མ། བཀྲ་ཤིས་རིན་ཆེན། དེ་གཉིས་ལ་དུས་འཁོར་བ་སངས་རྒྱས་རྡོ་རྗེས་ཚར་སོ་གཉིས་གསན། དེ་ལ་ཨོ་ཌྱན་པས་བཤད་པ་གསན། དབང་སྡེའི་སློབ་མ་ལྷ་ཆེན་རྡོ་རྗེ་ཚུལ་ཁྲིམས་ལ་གསན། དེ་ལ་རྗེ་རང་བྱུང་པས་དབང་ལུང་གསན། བཤད་སྒྲུབ་ལ་སྙེ་མདོ་བ་ཀུན་དོན་བར་དུ་འཇུག་པ་སོགས་ཙ་མི་ལུགས་དང༌། ཤེའུ་ལོ་ཙཱ། རྒྱ་ཐམས་ཅད་མཁྱེན་པ། སྙེ་མདོ་བ་ཡབ་སྲས་སྟེ་ཤེའུ་ལུགས་དང༌། ས་མནྟ་ཤྲཱི། རྭ་ཆོས་རབ། ཀྲེ་བོ་མགོན་པོ་སོགས་དང༌། རྭ་ཆོས་རབ་ནས་རྭ་ཡེ་ཤེས་སེང་གེ་རྭ་འབུམ་སེང༌། རོང་པ་རྒྭ་ལོ། རོང་པ་ཤེས་སེང༌། རོང་པ་རྡོ་རྗེ་རྒྱལ་མཚན། དཔལ་ལྡན་སེང་གེ། དེ་ལ་བུ་རིན་པོ་ཆེ་སྟེ་རྭ་ལུགས་དང༌། རད་ནཱ་རཀྵི་ཏ་དང་རེ་ཝེནྡྲ་ལ་སོགས་ནས་ཆག་ཆོས་རྗེ་དཔལ། གོ་ལུང་པ་མདོ་སྡེ་དཔལ། ཨོ་ཌྱན་པ་སོགས་ཆག་ལུགས་དང༌། པཎ་ཆེན་ཤཱཀྵི། དཔྱལ་ལོ་སོགས་པན་ཆེན་ལུགས་དང༌། ཁྱད་པར་ཤ་ཝ་ར་དབང་ཕྱུག་གིས་སྔོན་བི་བྷཱུ་ཏི་ཙནྡྲ་རྣལ་འབྱོར་ཟླ་བ་དང་ཕྱིས་པཎྜི་ཏ་ནགས་ཀྱི་རིན་ཆེན་རྗེས་སུ་བཟུང་བ་ལས་འཕེལ་བ་ཤ་ཝ་རའི་སྦྱོར་དྲུག་སོགས་དུས་འཁོར་གྱི་སྦྱོར་དྲུག་བོད་ཡུལ་ཁྱབ་པར་འཕེལ་ཞིང༌། རྗེ་རང་བྱུང་པས་འཇིག་རྟེན་ཁམས་ལེ་ལ་རྩིས་ཀུན་བསྡུས་པ། ནང་ལེ་ལ་ཟབ་མོ་ནང་དོན། དབང་ལེ། སྒྲུབ་ལེ་ལ་མངོན་དཀྱིལ། ཡེ་ལེ་ལ་རྣལ་འབྱོར་གསུམ་སྙིང་གི་འགྲེལ་པ་མཛད་པས་དོན་གྱིས་རྒྱུད་འགྲེལ་ཡོངས་རྫོགས་ཀྱི་དོན་ཚང་བ་དང༌། གྲུབ་ཆེན་ཡུ་མའི་གསལ་སྒྲོན་རྣམས་བཞི་དང༌། དཔལ་ལྡན་བླ་མའི་འགྲེལ་ཆེན་དང༌། མཁན་ཆེན་པདྨ་བཟང་པོའི་འགྲེལ་ཆེན་དང༌། ཕྱིས་བྱམས་གླིང་པའི་འགྲེལ་ཆེན་དང༌། བུ་དོལ་རྗེས་འབྲེང་དང་བཅས་པའི་སྐྱེད་རྫོགས་ཀྱི་བསྟན་བཅོས་ཆེས་མང་དུ་བྱུང་ངོ༌། །གསང་སྔགས་ཀྱི་དེང་སང་གྲགས་ཆེ་བ་ནི་གཙོ་ཆེ་བ་དེ་དག་ཡིན་ལ་གཞན་མན་ངག་ལ་སོགས་པའི་སྒོ་ནས་དངོས་གྲུབ་བརྙེས་པ་ནི། རྒྱ་བོད་དུ་བགྲང་གིས་མི་ལང་(ཙ༣༧བ)


PTT001_Page_1546
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཅུང་ཞིབ་པར་ཀུན་མཁྱེན་བུའི་བདེ་གསང་དུས་གསུམ་གྱི་ཆོས་བྱུང་དང༌། ཆག་ལོ་གསུམ་པའི་དུས་འཁོར་ཆོས་བྱུང་སོགས་ལས་ཤེས་པར་བྱའོ། །གྲུབ་ཐོབ་བརྒྱད་བཅུར་གྲགས་པ་ནི་གྲུབ་ཐོབ་ཇི་ཙམ་བྱོན་པའི་གྲངས་མ་ཡིན་ཡང་རྡོ་རྗེ་གདན་དུ་བསྟན་པ་ཡོངས་རྫོགས་ཀྱི་པཎྜི་ཏ་མཆོག་གི་དངོས་གྲུབ་ཐོབ་པས་སངས་རྒྱས་དང་མཚུངས་པར་གྲགས་པ་གསུམ་རིམ་པར་བྱུང་བའི་ཆེ་བ་མྱ་ངན་མེད་པའི་དཔལ། འདི་ཇོ་བོ་རྗེ་བོད་ན་བཞུགས་པའི་དུས་ཡིན། འབྲིང་པོ་རོལ་པའི་རྡོ་རྗེ། ཆུང་བ་དོན་ཡོད་རྡོ་རྗེ་གསུམ་ལས་ཆེན་པོ་དེས་དུར་ཁྲོད་གསིལ་བ་ཚལ་དུ་ཚོགས་ཀྱི་འཁོར་ལོ་བཤམས་ནས་གྲུབ་ཐོབ་ཐམས་ཅད་ལ་གསོལ་བ་བཏབ་པས་བརྒྱད་བཅུ་རྩ་བཞི་བྱོན་པ་ལ་སྔ་རིམ་གྱིས་བསྟོད་པ་ཤྩོཀ་རེ་དང་ཕྱག་རེ་མཛད་པ་དང་སོ་སོས་རྡོ་རྗེའི་གླུ་རེའང་གསུངས་པ་ནས་དར་བ་ཡིན་ལ། ཁ་ཅིག་རྡོ་རྗེ་གདན་པ་ཆེ་བ་འདི་རྒྱལ་བ་ཤིང་རྟ་འཛིན་པ་ཆེན་པོ་ཅེས་གྲགས་པ་ཙ་མི་ལོ་ཙཱ་བ་ཡིན་ཡང་ཟེར་རོ། །ནང་རིག་པ་ལས་སྔགས་ཀྱི་ཆོས་བྱུང་སྟེ་སངས་རྒྱས་ཀྱི་བསྟན་པ་ཁོ་ནའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ནང་རིག་པའི་སྐབས་སོ། །བསྟན་འགྱུར་ན༏ དུས་འཁོར་གྱི་སྐོར་པོ་ཏི་ལྔ། གསང་འདུས་སྐོར་པོ་ཏི་ཉི་ཤུ་རྩ་གཅིག༏ བདེ་མཆོག་སྐོར་པོ་ཏི་གཉིས། དགྱེས་རྡོར་སྐོར་པོ་ཏི་དགུ༏ ཡོ་གའི་སྐོར་པོ་ཏི་བཅུ་གཅིག་ལ་སོགས་པ་ཡོད། ཕྱི་ནང་ཐུན་མོང་གི་རིག་གནས་སྒྲ་ཚད་གཟོ་གསོ་བཞིའི་སྒྲ་ཚད་ནི། དེང་སང་བོད་ཕལ་ཆེར་གྱིས་བཀའ་སྤྱིའི་ཚིག་གི་ཆ་འགྲེལ་པ་སྒྲ་དང་དོན་གྱི་ཆ་འགྲེལ་པ་ཚད་མར་འཆད་མོད་ཀྱང་དེ་ནི་མ་ཡིན་སྟེ་དེ་ལྟ་ན་བཤད་བྱ་བཀའ་ལས་འཆད་བྱེད་བསྟན་བཅོས་སྔ་བར་འགྱུར་སྟེ། བཀའ་ནི་ཐུན་མོང་གི་སྣང་བར་འཁོར་ལོ་དང་པོ་སྔ་མ་ཡིན་ལ་སྒྲ་ཚད་ནི་དེའི་སྔོན་ནས་ཡོད་པའི་ཕྱིར་སྟེ། ཤཱ་རིའི་བུས་ལོ་བཅུ་དྲུག་པ་ལ་དབང་པོའི་བརྡ་སྤྲོད་པ་བཀླགས་སྟེ་རྒོལ་བ་ཐམས་ཅད་ཚར་བཅད་དོ་ཅེས་ལོ་བཅུ་དྲུག་ནས་ཨིནྡྲ་བྱ་ཀཱ་ར་ཎ་ཤེས་པར་བཤད་པའི་ཕྱིར། རྩ་བ་ལས་འགྲེལ་པ་སྔ་བ་ནི་གང་ནའང་མེད་དོ། །(ཙ༣༨ན)


PTT001_Page_1547
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་མོད་ཀྱི་སྒྲའི་བསྟན་བཅོས་ཀྱི་བཀའ་ཐམས་ཅད་ཀྱི་ཚིག་གི་ཆ་འགྲེལ་མི་ནུས་སྟེ་སངས་རྒྱས་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པས་ཚིག་དང་ངེས་པའི་ཚིག་ཐམས་ཅད་པ་ལ་དབང་འབྱོར་བ་ཡིན་པས་སང་སྐྲྀ་ཏ་འབའ་ཞིག་སྟོན་པ་མ་ཡིན་ལ་གདུལ་བྱ་སོ་སོ་བཞིན། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད་སོགས་ཐམས་ཅད་པས་སྟོན་གྱི་ལྷའི་སྐད་ལེགས་སྦྱར་འབའ་ཞིག་པ་གསུང་བ་མ་ཡིན་པའི་ཕྱིར། འདི་དག་གི་ཚིག་ཀྱང་བརྗོད་བྱེད་ཐམས་ཅད་ཚིག་ཡིན་ནོ་སྙམ་པ་ཅིག་དེང་སང་མཁས་བླུན་ཀུན་འདོན་པར་སྣང་བས་དེ་ལ་བསམས་མོད་ཡང་འདི་ནི་གསུང་རབ་ལས་ཆེར་མི་འབྱུང་ལ། མངོན་པ་ལས་ནི་ཨ་ལྟ་བུ་མིང༌། ཨ་ཡིག་ལྟ་བུ་ཚིག་སྟེ་དོན་གྱི་ངོ་བོ་ཙམ་སྟོན་པ་མིང་དང༌། དོན་གྱི་ཁྱད་པར་སྟོན་པ་ཚིག་དུ་བཤད་ལ། འདི་ནི་སྐད་རིགས་བཞི་ཀ་ལ་ཡོད་པས་ལེགས་སྦྱར་གྱི་ཁྱད་ཆོས་མ་ཡིན་པའི་ཕྱིར་དང༌། སྒྲ་པའི་ལུགས་ལ་བྱིངས་ལ་རྐྱེན་བྱིན་པས་དོན་ཙམ་སྟོན་པ་མིང་ངམ་རྟགས་ཡིན་ལ། དེ་ལ་རྣམ་དབྱེ་སི་སོགས་ཉེར་གཅིག་བྱིན་པའམ་བྱིངས་ལ་ཏི་སོགས་བརྒྱ་བརྒྱད་བཅུ་བྱིན་པ་ན་ཚིག་ཡིན་ལ། དེའི་ཚེའང་མིང་ཚིག་གི་ཟླས་ཕྱེ་བའི་ཚིག་ཁོ་ན་འགྲེལ་པ་ལ་རྒྱུ་མཚན་དང་དགོས་པ་ཅི་ཡང་མེད་པའི་ཕྱིར་དང༌། རང་བཞིན་དང་རྐྱེན་རྣམས་འགྱུར་གྱིས་སྦྱར་བའི་ལེགས་སྦྱར་བཟང་པོ་ནི་རིག་བྱེད་ཀྱི་བསྟན་བཅོས་སོགས་ཕྱི་རོལ་པའི་གཞུང་རྣམས་ལ་ཡོད་ཀྱང་སྙིང་པོ་ཅི་ཡང་མེད་ལ། རྒྱལ་ཆེན་བཞི་ལའང་སྟོན་པས་གཉིས་ལ་ཡུལ་དབུས་པའི་སྐད་དང་གཉིས་ལ་ཐ་ཁོབ་པའི་སྐད་སྟེ་པྲཀྲྀ་ཏ་རང་བཞིན་པའི་སྐད་ཏུ་ཆོས་བསྟན་པས་མཐོང་ལམ་ལ་བཀོད་པའི་ཕྱིར། དེས་ན་སྒྲའི་ཨེ་ཝཾ་ཁོ་ན་ལ་ཞེན་པ་སྤང་ཕྱིར་རྩ་བསྡུས་ཀྱི་རྒྱུད་དུ་སྒྲའི་ཨེ་ཝཾ་མ་བརྗོད་པར་དོན་གྱི་ཨེ་ཝཾ་བཤད་པ་ཡིན་ལ། སྡུད་པ་སོགས་མ་ག་དྷའི་སྐད་དང༌། མ་རྒྱུད་མང་པོ་སྐད་རིགས་བཞི་ལས་གཞན་རྣལ་འབྱོར་མའི་ཀླ་ཀློའི་སྐད་(ཙ༣༨བ)


PTT001_Page_1548
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སུ་གསུངས་པའི་ཕྱིར། འདི་ནི་བཀའ་ཐམས་ཅད་ལེགས་སྦྱར་དུ་ཡོད་དོ་སྙམ་པ་དག་གི་འདོད་པར་ཟད་དོ། །གླེགས་བམ་གྱི་ཐོག་མར་རྒྱ་གར་སྐད་དུ་སྨོས་པ་ཡང་གང་ནས་བསྒྱུར་བའི་ཡུལ་ཤེས་པའི་ཆེད་དུ་སྟེ་མདོ་སྡེ་ཁ་ཅིག་ལ་རྒྱ་ནག་སྐད་ཏུ་ཅེས་ཡོད་དོ། །སྒྲའི་དོན་ཚད་མ་ལས་འཚོལ་དགོས་པ་མ་ཡིན་སྟེ་སྒྲ་ཤེས་ན་དོན་ལ་མི་རྨོངས་ཅེས་འཆད་ཅིང༌། གཞན་ཡང་རྗེས་འཇུག་ཤེས་པ་ཡིས། །དོན་གྱི་སྦྱོར་བ་མ་མཐོང་ཡང༌། །དོན་དང་ལྡན་པའི་སྦྱོར་བ་ཤེས། །ཅེས་སྒྲ་ཤེས་ན་རང་སྐབས་ཀྱི་དོན་གཞན་ལ་མ་བསྟེན་པར་རྟོགས་པར་འཆད་པ་ཡིན་ནོ། །ཚད་མས་ཀྱང་བཀའི་དོན་འགྲེལ་བ་མ་ཡིན་སྟེ་ཚད་མ་ནི་བཀའི་སྔོན་ནས་མུ་སྟེགས་རྟོག་གེ་པ་རྣམས་ལ་ཆེར་གྲགས་པའི་ཕྱིར་རོ། །ཕྱི་པའི་ཚད་མས་མིན་ཡང་ནང་པའི་ཚད་མས་འགྲེལ་ལོ་སྙམ་ན་མ་ཡིན་སྟེ་རྣམ་ངེས་ལས། རྟོག་གེའི་ལམ་གྱིས་ཆོས་ཉིད་ལ་ཁྲིད་ན། །བདེ་གཤེགས་བསྟན་ལས་ཆེར་བསྲིངས་ཉམས་པ་ཡིན། །སྟོན་པ་བླ་ན་མེད་པའི་བསྟན་པ་ཡང༌། །གལ་སྟེ་གཞན་དུ་གྱུར་ན་དཔྱད་པའི་རིགས། །ཅེས་དང༌། ཇོ་བོས། མངོན་སུམ་རྗེས་དཔག་དགོས་པ་མེད། །མུ་སྟེགས་ཟློག་ཕྱིར་བྱས་པ་ཡིན། །ཞེས་སོ། །འདི་དག་ལ་ཀུན་མཁྱེན་བུས་ཀྱང༌། །ཞེས་གྲགས་སོ་ཁོ་བོ་ནི་གཞན་དུ་སེམས་སོ་ཞེས་བཤད་པ་ཡིན་ནོ། །དེས་ན་ཚད་མ་ལ་ཕྱི་ནང་གཉིས་ལས་ཕྱི་པའི་ཚད་མ་ནི་ཁྱད་གཞི་བདག་ཁས་བླངས་ནས་ཡུལ་ཡུལ་ཅན་དང་འགྲེལ་པ་སྣ་ཚོགས་པ་རྟོག་པས་བཏགས་སྟེ་འཇོག་པ་སྟེ་དེ་ནི་ནང་པའི་ཚད་མའི་ཕྱོགས་སྔ་རྣམས་སོ། །ནང་པའི་ཚད་མ་ནི་ཚད་མ་ཞེས་པའི་མིང་ཁོ་ན་ཕྱི་པ་དང་ཐུན་མོང་བ་ཡིན་གྱི་དོན་ཁྱད་པར་བ་ཡིན་ནོ། །སྤྱིར་གསུང་རབ་ཀྱི་དགོངས་པར་གནས་མོད་ཀྱང་ཁྱད་པར་དུ་ཚད་མའི་རིགས་པར་ཐ་སྙད་བཏགས་པ་ནི་འཇམ་དཔལ་གྱིས་དགྲ་བཅོམ་པ་ཆོས་སྐྱོབ་ལ་གསུངས། དེས་ཚད་མའི་བསྟན་བཅོས་སྨྲ་བའི་སྒྲོམ་ཞེས་པ་མཛད། དེས་མཁས་པ་མི་དབང་(ཙ༣༩ན)


PTT001_Page_1549
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ལ་བཤད། དེས་དབྱིག་གཉེན་ལ་བསྟན། དེས་ཚད་མ་རང་ལས་མཁས་པ་ཕྱོགས་ཀྱི་གླང་པོ་ལ་བཤད། དེས་ཚད་མའི་མདོ་མཛད་ཅིང་དེའི་ཡང་སློབ་ཆོས་ཀྱི་གྲགས་པས་སྡེ་བདུན་མཛད་ནས་དར་ཞིང་ཕྱིས་རྗེ་ཆོས་གྲགས་རྒྱ་མཚོས་བཤད་བྱའི་མདོ་ཀུན་ལས་བཏུས་བཀོད། དེ་ལ་རྒྱས་འབྲིང་བསྡུས་གསུམ་གྱི་བཤད་ལུགས་གསུམ་བཀོད། དེ་ཉིད་ལ་ལྷ། ཤཱཀ། རྒྱན་སོགས་ཀྱིས་ཇི་ལྟར་བཀྲལ་བ་རྣམས་སྨོས། ཡན་ལག་གི་བསྟན་བཅོས་བཞི་རང་སྐབས་སུ་སྨོས་པ་རིགས་གཞུང་རྒྱ་མཚོ་མཛད་པ་འདི་གཟུར་གནས་མཆིས་ན་ཚད་མའི་ལེགས་བཤད་ཟླ་མ་མཆིས་པར་སྣང་ངོ༌། །རྒྱས་འབྲིང་བསྡུས་པ་ཅེས་པའང་ཚད་མར་གྱུར་པ་ལ་རྒྱས་བཤད་ཡོད་པས་རྒྱས་པ་དང་ཚད་མ་ངོས་འཛིན་ཙམ་སྨོས་པ་བསྡུས་པའོ། །སྤྱིར་ཆོས་ཀྱི་གྲགས་པ་ཉིད་ཀྱིས། རྗེས་སུ་དཔག་པ་མ་ཟློག་ཕྱིར། །ཞེས་པ་ལས་མ་བྱུང་ཡང༌། འདིར་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ཞེས་པའི་དཔེ་གསུམ་གྱིས་རྗེས་དཔག་གསུམ་པོ་རིམ་པས་བསྟན་པར་བཞེད་ཅིང་ཐེག་ཆེན་གྱི་མངོན་པ་ལས་དབང་ཤེས་རྟོག་མེད་དུ་བཤད་པ་དང༌། མདོ་གཞན་ལས་དགེ་སློང་དག་གཟུགས་ཤེས་པ་ནི་རྣམ་པ་གཉིས་སྟེ་མིག་དང་ཡིད་ཏོ་ཅེས་པས་དབང་མངོན་ཡིད་མངོན་བསྟན་པ་དང༌། འཁོར་ལོ་ཕྱི་མའི་མདོ་དུ་མ་ལས་རང་རིག་མངོན་ཡིད་མངོན་གསུམ། སྤྱིར་སངས་རྒྱས་དང་བྱང་སེམས་ཀྱི་ཏིང་ངེ་འཛིན་མཐའ་ཡས་བཤད་པས་རྣལ་འབྱོར་མངོན་སུམ་བསྟན་ཞིང༌། དཔེ་ནི་མི་ཞིག་རྒྱ་མཚོའི་ཆུ་ནི་ལྟ་ཕྱིར་འགྲོ་བ་ཡིས། །གལ་སྟེ་ཤིང་དང་ནགས་ཚལ་རི་མཐོང་ད་དུང་རིང༌། །ཅི་སྟེ་རྟགས་མ་མཐོང་ན་རྒྱ་མཚོ་ཆེན་པོ་ནི། །ཉེ་བར་གྱུར་ཏོ་སྙམ་དུ་དེ་ལ་སོམ་ཉི་མེད། །སོགས་དང༌། བསྟན་བཅོས་ལས། དུ་བ་ལས་ནི་མེར་ཤེས་དང༌། །ཆུ་སྐྱར་ལས་ནི་ཆུ་བཞིན་དུ། །བྱང་ཆུབ་སེམས་དཔའ་བློན་ལྡན་གྱིས། །རིགས་ནི་མཚན་མ་དག་ལས་ཤེས། །ཅེས་པ་(ཙ༣༩བ)


PTT001_Page_1550
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པས་རྗེས་དཔག་བཤད་པ་ཡིན་ནོ། །དེས་ན་ཕྱི་རོལ་པའི་འདོད་པ་བཀག་པས་ལན་མ་ཐེབས་པར་ཁེགས། སླར་རྟགས་དང་མཚན་མཚོན་སོགས་ཇི་བཞིན་པ་བཞག་སྟེ་གཉི་ག་སྒྲུབ་བྱེད་ལ་ཁས་ལེན་མཐུན་པ་ན་སྟོན་པ་སངས་རྒྱས་ཡིད་འཆེས་པའི་གནས་སུ་བསྒྲུབས་ནས། གནས་གསུམ་པར་ནི་འཕོ་བ་ན། །བསྟན་བཅོས་ལེན་པ་རིགས་ལྡན་ཡིན། །ཞེས་དེས་བསྟན་པའི་ཆོས་ལ་འགོང་པ་སྟེ་ཚད་མའི་བསྟན་བཅོས་ཀྱི་དགོས་པ་དེ་ཡིན་ནོ། །དེ་ལྟར་དཔྱད་ནས་འཇུག་པའི་ཕྱི་རོལ་པ་དེ་སྟོན་པ་སངས་རྒྱས་ལ་ཡིད་ཆེས་པ་ན་དེས་བསྟན་པའི་ཆོས་འདུལ་བ་ལྟར་ཚུལ་ཁྲིམས་ལེན། མདོ་སྡེ་དང་མངོན་པ་ལྟར་ཞི་ལྷ་བསྐྱེད་དགོས་སྟེ་དེ་དག་གཞུང་གཞན་ལ་རག་ལས་པས། རྟོག་གེའི་ལམ་གྱིས་སོགས་གསུངས་ཅིང་མངོན་རྗེས་ཀྱི་དཔྱད་པ་ལ་མ་ཞུགས་པར་ཡང་ཆོས་ཉིད་རྟོགས་ནུས་པའི་ཕྱིར། མངོན་སུམ་རྗེས་དཔག་དགོས་པ་མེད། །ཅེས་གསུངས་སོ། །དེས་ན་ཚད་མའི་བསྟན་བཅོས་ཀྱིས་ངེས་དོན་གཏན་མི་སྟོན་པ་ནི་མ་ཡིན་སྟེ། འཕགས་ཆེན་རྣམས་ཀྱིས་དེ་ཁོ་ན་ཉིད་མ་ཡིན་པའི་ཆོས་མ་གཟིགས་པ་དང༌། ཕྱིས་ཀྱི་མཁས་གྲུབ་དག་གིས་ཚད་མ་རྣམ་འགྲེལ་འདི་ཆོས་ཀྱི་གྲགས་པའི་དོ་ཧ་ཡིན་གསུང་བ་དོན་ལ་གནས་སྟེ། དེ་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེའི་ཡང་དེ་ཉིད་ཡིན། །སོགས་དང༌། ཚད་འབྲས་ཀྱི་མཐར་ཐུག་ཡང༌། ཆོས་ཀྱི་དབྱིངས་གཞལ་བྱ། སོ་སོ་རང་རིག་པའི་ཡེ་ཤེས་ཚད་མ། ཆོས་ཉིད་ཇི་ལྟ་བ་རྟོགས་པ་འབྲས་བུ་ཞེས་ཐོབ་པ་རྒྱ་ཆེན་སྤྱོད་རྒྱུད་ཀྱི་ངེས་དོན་དང༌། མཁས་པ་རྣམས་ཀྱིས་གང་གསུངས་པ། །དེ་ནི་དངོས་སྟོབས་འོངས་པ་ཡིན། །ཞེས་དང༌། སྟོང་ཉིད་ལྟ་བས་གྲོལ་འགྱུར་གྱི། །ཞེས་སྤྲོས་པ་བསལ་བས་འཇུག་པ་ཟབ་མོ་ལྟ་བའི་ངེས་དོན་གཉི་གར་དུ་གནས་པའི་ཕྱིར། ཐེག་ཆེན་ཡང་དག་པའི་དབང་དུ་བྱས་སྟེ་ཐེག་ཆེན་གྱི་རིགས་པས་དཔྱད་ན་རང་རིག་ཡང་ཚད་མ་མ་ཡིན་སྟེ་རང་གཞན་ནི་རྟོག་པས་བཏགས་པ་ཡིན་(ཙ༤༠ན)


PTT001_Page_1551
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རིག་མི་རིག་ཀྱང་བལྟོས་ཟླས་བཞག་པའི་བལྟོས་པ་ཡིན་པའི་ཕྱིར། དབང་ཡིད་ཀྱང་ཚད་མ་མ་ཡིན་སྟེ། ཏིང་འཛིན་རྒྱལ་པོ་ལས། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ལྕེ་དང་ལུས་དང་ཡིད་ཀྱང་ཚད་མ་མིན། །གལ་སྟེ་དབང་པོ་འདི་དག་ཚད་མ་ན། །སུ་ལ་འཕགས་པའི་ལམ་གྱིས་ཅི་ཞིག་བྱ། །ཞེས་སོ། །ཉན་རང་བྱང་སེམས་ཀྱི་མངོན་སུམ་ཡང་ཚད་མ་མིན་སྟེ། སངས་རྒྱས་པ་ན་མི་བདེན་པས་སླུ་བའི་ཕྱིར། དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་ཡང་ཚད་མ་མ་ཡིན་སྟེ་མེ་ས་གཞི་ལ་ཡོད་ཀྱང་དུ་བ་ན་མཁའ་ལ་མཐོང་བ་དང་མེ་ཤི་ཡང་དུ་བ་གནས་པ་མཐོང་བའི་ཕྱིར། གྲགས་པའི་རྗེས་དཔག་ཡང་ཚད་མ་མིན་སྟེ། ཡིན་ན་བདག་ཡོད་པར་འགྱུར་སྟེ་བདག་ཡོད་པར་གྲགས་པའི་ཕྱིར། ཡིད་ཆེས་རྗེས་དཔག་ཡང་ཚད་མ་མིན་སྟེ་དེ་ནི་ལུང་ཡིད་ཆེས་སུ་མཐོང་བ་ཡིན་ལ་དོན་དམ་པ་ལུང་ལ་མི་གནས་པའི་ཕྱིར། དེས་ན་རྣམ་པ་ཀུན་དུ་ཚད་མ་གོ་ཆོད་པོ་ནི་སངས་རྒྱས་ཁོ་ན་ཡིན་སྟེ་དེའི་ཕྱིར་འབྲི་ཁུང་འཇིག་རྟེན་མགོན་པོས་རྡོ་རྗེའི་གསུང་ཚད་མ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་ཞེས་བཞེད་པ་ཡིན་ལ་དབུ་མའི་རིག་པ་འདི་ནི་དབུ་མ་པ་མན་ལ་མ་གྲགས་པས་ཚད་མ་རང་སྐབས་སུ་ཚད་མ་མི་འགྲུབ་པར་ཐལ་བའི་སྐྱོན་ཡང་མེད་དོ། །ཚད་མ་ལ་བསྟན་འགྱུར་ན་པོ་ཏི་ཉི་ཤུ་རྩ་གཉིས་བཞུགས། ཚད་མའི་རིག་པའི་སྐབས་སོ། །སྒྲའི་རིག་པ་ནི། སྔོན་སུམ་བཅུ་རྩ་གསུམ་གྱི་གནས་སུ་སརྦ་ཛྙཱ་ན་དེ་ཝ་སྟེ་ལྷ་ཐམས་ཅད་མཁྱེན་པ་ཅེས་བྱ་བ་བྱུང༌། དེས་སརྦ་ཛྙཱ་བྱ་ཀཱ་ར་ཎ་ཞེས་པའི་སྒྲའི་བསྟན་བཅོས་མཛད། དེའི་སློབ་མ་བརྒྱ་བྱིན་གྱིས་ཨིནྡྲ་བྱ་ཀཱ་ར་ཎ་བརྩམས། དེའི་སློབ་མ་ཕུར་བུ་ང་རྒྱལ་གྱིས་དྲེགས་པ་ན་བརྒྱ་བྱིན་གྱིས་ཕྱིའི་རྒྱ་མཚོ་ལས་ཆུ་བུམ་པ་གང་བླངས། དེ་ལས་ཀྱང་ཀུ་ཤས་ཐིགས་པ་གཅིག་བླངས་སྟེ། སྒྲ་ཡི་རིག་པ་མཐའ་ཡས་པ། །ཡོངས་སུ་རྫོགས་པ་རྒྱ་མཚོ་ཙམ། །དབང་པོས་ཤེས་པ་བུམ་ཆུ་ཙམ། །ཕུར་བུས་ཤེས་པ་ཐིགས་པ་ཙམ། །(ཙ༤༠བ)


PTT001_Page_1552
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བརྗོད་པས་ཕུར་བུ་སྒྱིད་ལུག་པ་ན་ཇི་ལྟར་ཤེས་པ་བཞིན་ལྷ་རྣམས་ལ་སྟོན་ཅིག་པར་བསྒོ་བས། ཚེས་བརྒྱད་སློབ་དཔོན་ངེས་པར་འཇོམས། །བཅུ་བཞི་ལ་ནི་སློབ་མ་འཇོམས། །གནམ་སྟོང་ལ་ནི་རིག་པ་འཇོམས། །ཚེས་གཅིག་ལ་ནི་ཐམས་ཅད་འཇོམས། །ཅེས་རང་ཉིད་བསྙེན་གནས་སྲུང་བའི་དུས་གཉན་བཞི་སྤངས་སྟེ་བཤད་པས་ལྷ་ཡུལ་དུ་དར་ཞིང་རྒྱས་ལ་ལྷའི་ཡུལ་སྐད་ཀྱང་ཡིན་ལ་ཕུར་བུ་ལ་སྒྲ་མཁན་དང་ལྷའི་བླ་མར་གྲགས་སོ། །མི་ཡུལ་དུ་བསྟན་པ་འདི་ལ་དར་ཚུལ་ནི། ལངྐར་གཤེགས་པའི་མདོར། སྒྲ་བྱེད་པ་ནི་པཱ་ཎིའོ། །ཞེས་དང༌། འཇམ་དཔལ་རྩ་རྒྱུད་ལས། བྲམ་ཟེའི་ཁྱེའུ་པཱ་ཎི་ནི། །ངེས་པར་ཉན་ཐོས་བྱང་ཆུབ་ཏུ། །ང་ཡིས་ལུང་བསྟན་བྱས་པ་ཡིན། །འཇིག་རྟེན་དབང་ཕྱུག་བདག་ཉིད་ཆེ། །དེ་ཉིད་དེ་ཡི་སྔགས་གྲུབ་བོ། །ཅེས་ལུང་བསྟན་པ་ལྟར་སངས་རྒྱས་མྱ་ངན་ལས་འདས་ནས་ཅི་ཞིག་ན་བྲམ་ཟེའི་ཁྱེའུ་པཱ་ཎི་བྱུང་སྟེ་སྒྲ་ཤེས་པར་འདོད་ནས་ལག་རིས་མཁན་ལ་ལག་པ་བསྟན་པས་སྒྲ་ཤེས་པའི་མཚན་མ་འདི་ལྟ་བུ་ཡིན་སྟེ་མི་འདུག་ཟེར་བས་མཚོན་གྱིས་མཚན་མ་བཅོས་པ་ན། བརྩོན་འགྲུས་འདི་ལྟ་བུ་ཡོད་ན་གང་ཡང་འགྲུབ་བོ་ཟེར་བས་སྤྱན་རས་གཟིགས་བསྒྲུབས་པས་ཟླ་བ་དྲུག་ལ་ཞལ་མཐོང་སྟེ་ཅི་འདོད་གསུང་བ་ན་སྒྲ་ཤེས་པར་འཚལ་ལོ་ཞུས་པས་ཨ་ཨི་ཨུ་ཅེས་སོགས་ཡི་གེའི་བསྡུ་བ་ཅུང་ཟད་གནང་བ་ཙམ་གྱིས་སྒྲ་ལ་ལྷག་པར་མཁས་པར་གྱུར་སྟེ་པཱ་ཎི་བྱ་ཀཱ་ར་ཎ་ཞེས་ཤྩོཀ་ཉིས་སྟོང་ཡོད་པ་ཅིག་མཛད། དེ་ལ་ཀླུའི་རྒྱལ་པོ་ནོར་རྒྱས་བུས་འགྲེལ་པ་མ་ཧཱ་བྷ་ཥ་ཞེས་པ་ཤྩོཀ་འབུམ་ཡོད་པ་ཅིག་མཛད་སྟེ་རྩ་འགྲེལ་དེ་གཉིས་ལ་བཤད་ཉན་ཚར་རེ་བྱེད་པ་ལ་མིའི་ལོ་སྐོར་རེ་དགོས་པར་གྲགས་སོ། །ཀ་ཙན་གཉིས་ནི་འཕགས་པ་ཀླུ་སྒྲུབ་ཀྱིས་སྦྱིན་བདག་རྒྱལ་པོ་བདེ་སྤྱོད་བཟང་པོས་བཙུན་མོ་ལེགས་སྦྱར་གྱི་སྐད་ཅུང་ཟད་ཤེས་པ་ཅིག་ལ་ཁྲུས་ཀྱི་ཚེ་ཆུ་ཅུང་ཟད་གཏོར་བས་བཙུན་མོས་མ་མོ་ད་ཀཱ་སི་ཉྩ་ཞེས་ལེགས་སྦྱར་གྱི་སྐད་དུ་བདག་ལ་ཆུ་མ་འཐོར་བྱས་པ་རྒྱལ་པོས་(ཙ༤༡ན)


PTT001_Page_1553
[མ་དཔེ་གཟིགས་ན་འདིར་གནོན།]

ཕལ་སྐད་དུ་བདག་ལ་ལ་དུ་སླང་ཞེས་པར་གོ་ནས་ལ་དུ་བསྐུར་བས་བཙུན་མོས་རྒྱལ་རིགས་ངན་པ་བ་ལང་ལྟ་བུ་འདི་དང་ལྷན་ཅིག་མི་གནས་སོ་ཟེར་བ་ན་རྒྱལ་པོས་སྒྲ་ཤེས་པར་བྱའོ་ཞེས་སྤྲོ་བ་བསྲིངས་སྟེ། རྒྱལ་པོའི་ཞང་པོ་ཤྭ་ར་ཝརྨས་ཀརྟི་ཀ་བསྒྲུབས་པས་ཞག་བདུན་ན་སྨིན་དྲུག་རྨ་བྱ་ལ་བཞོན་པ་མཐོང་ནས་སྒྲ་ཤེས་པར་འཚལ་ལོ་ཞུས་པས། སིདྡྷོ་ཝརྑ་ས་མམྣཱ་ཡ། གྲུབ་པའི་ཡི་གེ་ཡང་དག་པར་བརྗོད་པའོ་སོགས་ཀུན་བཤད་རྐང་བཞིའི་བར་བསྟན་པ་ན་མཁས་པར་གྱུར་སྟེ་འཚལ་ལོ་ཞེས་སྨྲས་པས་རྨ་བྱའི་བཞོན་པ་གྱེན་དུ་བསྐྱོད་ནས་མཇུག་སྒྲོ་ཁྲ་བུན་གྱིས་མཐོང་བ་ན། ཀ་ལཱ་པ་བཟོད་པར་གསོལ་ལོ་ཞེས་སྨྲས་སྟེ་ཡི་གེར་བཀོད་ལ་ཀུན་བཤད་རྐང་པ་ཕྱི་མ་བཞི་དང་ཀྲྀཏྲ་སྐང་པ་དྲུག་ཤྭ་ར་ཝརྨ་ཉིད་ཀྱིས་མཛད་པར་གྲགས་ལ། རྒྱལ་པོ་ལ་བསླབས་པས་དེ་མ་ཐག་མཁས་པར་གྱུར་སྟེ། བདག་གི་ལག་གཡས་པདྨ་ཡོད། །གཡོན་པ་ན་ནི་ཨུཏྤ་ལ། །ཡུ་བ་འཇམ་དང་རྩུབ་པ་དག །གང་འདོད་སྨྲོས་ཅིག་བཞིན་བཟང་མ། །ཞེས་པ་བསྐུར་བས་དཔེ་མེད་པར་དགའ་ཞིང་མགུ་པར་གྱུར་ཏོ། །བསྟན་བཅོས་དེ་ལ་དུརྒ་སིདྷས་འགྲེལ་པ་དུར་སིང་མཛད། ཨུཎ་སོགས་ཀྱི་འགྲེལ་པའང་མཛད། འདི་ལ་ལེའུ་ཉེར་ལྔར་འཆད། སློབ་ཚུལ་ཡང་དཔེར་བརྗོད་དངོས་བསྟན་ཙམ་སྟོན་པས་རྒྱལ་པོ་ལུགས་ཟེར། བྲམ་ཟེ་གྲགས་འབྱོར་གྱིས་ནང་པའི་སློབ་མ་རྣམས་ཀྱི་དོན་དུ་འགྲེལ་པ་སློབ་མ་ལ་ཕན་པ་མཛད། ལུགས་འདི་ལ་མཚམས་སྦྱོར་ལ་དྲུག་པ་མི་ཟད་པའི་མཚམས་སྦྱོར་སྟེ་དྲུག་དང་མིང་ལེ་ལ་བདུན་པ་བུད་མེད་ཀྱི་ལེའུ་བསྣན་པས་རྐང་པ་བདུན་སོགས་ལེའུ་ཉེར་བདུན་བྱེད་ཅིང་སློབ་ཚུལ་ཡང་དང་པོར་བཅུ་བཞི་རྣམས་དབྱངས་སོ་ནས་དཔེར་བརྗོད་ཐམས་ཅད་བྱིངས་སྒྲུབ་འབའ་ཞིག་བྱེད་པས་དང་པོར་སློབ་པ་དཀའ་ཡང་མིང་ལེ་ཙམ་ཤེས་པ་ན་ཀ་ལཱ་པ་ཡོངས་རྫོགས་ཤེས་པར་འགྱུར་བས་པཎྜི་ཏའི་སློབ་ཚུལ་ཞེས་གྲགས་ཤིང་མང་དུ་མི་དཔེལ་བ་ལས་ཕྱིས་བུ་དོང་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་སྣར་ཐང་ལོ་ཙཱ་བ་སི་གྷ་ཤྲཱིས་འབུལ་(ཙ༤༡བ)


PTT001_Page_1554
[མ་དཔེ་གཟིགས་ན་འདིར་གནོན།]

བ་བགྱིས་ནས་དར་བཅུག་པ་ཡིན་ནོ། །ཁ་ཆེ་རཙྪཱ་ཏྲ་སྟེ་རིན་ཆེན་གདུགས་ཀྱིས་འགྲེལ་པ་མཛད། སི་སོགས་ཀྱི་མཐའ་དཔྱད་ལ་བྲམ་ཟེ་སརྦ་དྷ་རས་མཛད་པ་དང་འཇམ་དཔལ་གྲགས་པས་མཛད་པ་གཉིས་བྱུང༌། སྤྱན་གསུམ་འབངས་ཀྱིས་དུར་སིང་ལ་འགྲེལ་པ་མཛད། དེ་ཐམས་ཅད་བོད་དུའང་འགྱུར་རོ། །ཙནྡྲ་པ་ནི་སློབ་མ་ཞིག་འདུལ་བའི་དོན་དུ་ཙནྡྲ་གོ་མིས་མཛད། དེ་ལ་རང་གི་ཞང་པོ་དྷརྨ་དཱ་ཥས་འགྲེལ་པ་སྟོང་ཕྲག་དྲུག་པ་དང༌། སེང་གེ་བཟང་པོའི་འགྲེལ་པ་སུ་བནྟུ་དང༌། ཉི་མའི་སྙིང་པོའི་འགྲེལ་པ་གྲུབ་པ་སོགས་བྱུང་ཞིང༌། སྟོང་ཕྲག་དྲུག་པའི་འགྲེལ་པ་རཏྣ་མ་ཏིས་སྟོང་ཕྲག་བཅུ་གཉིས་པ་དང༌། པཱུརྑ་ཙནྡྲས་དེའི་འགྲེལ་པ་སྟོང་ཕྲག་སོ་དྲུག་པ་མཛད། ཡང་རཱ་ཛཱ་ཤྲཱིས་ཀ་ཙན་གཉིས་ཀའི་དོན་བསྡུས་པ་རཱ་ཛཱ་ཤྲཱི་བྱ་ཀཱ་ར་ཎ་མཛད། པཎྜི་ཏ་སྨྲྀ་ཏིས་བོད་དུ་བོད་ལ་ཕན་པའི་ཕྱིར་སྨྲ་སྒོ་མཚོན་ཆ་མཛད། འདི་ལ་ཨ་ཨེ་ཨི་ཨོ་ཨུ་རྀ་ལྀ་རྣམས་ལ་རིམ་པར་དྲང་པོ་མདའ་ལྟ་བུ། སྒྲེང་བ་བསེ་རུ་ལྟ་བུ། བཀུག་པ་གླང་པོ་ཆེའི་སྣ་ལྟ་བུ། བསྟོད་པ་གདུགས་ལྟ་བུ། དམད་པ་རྐང་རྟེན་ལྟ་བུ། བསྒྲིམས་པ་མེ་རིས་ལྟ་བུ། གློད་པ་ཆུ་རིས་ལྟ་བུ། ཞེས་འཆད་དོ། །བོད་དུའང་ས་པཎ་གྱིས་མཁས་པའི་ཁ་རྒྱན་དང༌། དཔང་ལོའི་བརྡ་སྤྲོད་ཚོགས་གསུམ་གསལ་བ་དང་སྣར་ཐང་པའི་སློབ་ཕན་གྱི་འགྲེལ་ཆེན་སོགས་པ་གཞུང་དང་གཞན་འགྲེལ་མང་དུ་བྱུང་ལ། ཁྱད་པར་བོད་སྐད་ལ་རྟགས་དང་རྣམ་དབྱེ་སྟོན་པ་ཐོན་མིའི་སུམ་རྟགས་གཉིས་སོ། །དེ་ལྟར་སྐད་རིགས་ཐམས་ཅད་ཀྱི་གཙོ་བོ་ཡིན་ཞིང་ཡུལ་དབུས་ན་ཡ་རབས་རྣམས་སྐད་རིགས་གཞན་ལ་ངོ་མཚར་བྱེད་པའི་ཕྱིར་དང་སྒྲ་མི་ཤེས་ན་བ་ལང་དང་འདྲ་བར་གྲགས་པའི་ཕྱིར་མཁས་པའི་འཇུག་བྱ་གཅིག་པོ་ཡིན་ནོ། །སྒྲའི་ཡན་ལག་གི་བསྟན་བཅོས་རིག་གནས་ཆུང་བ་གཞན་བཞི་སྟེ་མངོན་བརྗོད་ཤེས་ན་མིང་ལ་མི་རྨོངས། སྡེབ་སྦྱོར་ཤེས་ན་ཚིགས་བཅད་ལ་མི་རྨོངས། ཚིག་རྒྱན་ཤེས་ན་སྙན་ངག་ལ་མི་རྨོངས། ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས་ཞེས་འཆད་དོ། །དེ་ཡང་མངོན་བརྗོད་(ཙ༤༢ན)


PTT001_Page_1555
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཆོས་རེ་རེ་ལ་མིང་གི་རྣམ་གྲངས་དུ་མ་བརྗོད་པ་སྟེ་སློབ་དཔོན་ཨ་མར་ཀོཥ་འཆི་མེད་མཛོད་མཛད་པ་ལ་སུ་བྷཱུ་ཏི་ཙནྡྲས་འགྲེལ་པ་འདོད་འཇོ་མཛད་པ་ལ་སོགས་པའོ། །སྡེབ་སྦྱོར་ནི་སྔོན་དྲང་སྲོང་སེར་སྐྱས་བྱས་པ་རྩ་བའི་མདོ་དང་དེའི་དཔེར་བརྗོད་རྒྱལ་བའི་ལྷས་བྱས་པ་སོགས་དེ་ཐམས་ཅད་ལས། མདོར་བསྡུས་ཚིགས་བཅད་གསལ་བ་དང༌། །མདོ་ཉིད་དཔེར་བརྗོད་གྱུར་པ་དང༌། །མ་འདྲེས་རིམ་ཅན་འདོན་སླ་དང༌། །སྡོད་དང་ཚོགས་སྟེ་ཡོན་ཏན་བརྒྱད། །ཅེས་པས་ཁྱད་པར་དུ་བྱས་པ་སྡེབ་སྦྱོར་རིན་ཆེན་འབྱུང་གནས་རང་འགྲེལ་དང་བཅས་པ་སློབ་དཔོན་རཏྣ་ཨ་ཀཱ་ར་ཤཱནྟས་མཛད། སྙན་ངག་ནི་སྔོན་གྱི་སྙན་ངག་མཐའ་དག་ལས་རྨད་དུ་བྱུང་བ་སློབ་དཔོན་དནྜིའམ་དབྱུག་པ་ཅན་གྱིས་ལྷུག་པ་ཚིག་བཅད་དཔེལ་མ་གསུམ་གྱིས་ལུས་རྣམ་པར་གཞག་པ། ལམ་རྣམ་པར་ཕྱེ། དོན་རྒྱན་སོ་ལྔ༌། སྒྲའི་རྒྱན། གབ་ཚིག་བཅུ་དྲུག་སྐྱོན་བཅུ་སྤང་བ་རྣམས་ཀྱིས་རྫོགས་པར་བསྟན་པ་མེ་ལོང་གི་བསྟན་བཅོས་མཛད་ཅིང༌། དཔེར་བརྗོད་ནི་ཤར་པའི་ལམ་ལ་དཔག་བསམ་ཁྲི་ཤིང་དང་ལྷོ་པའི་ལམ་ལ་དཔའ་བོའི་སྐྱེས་རབས་སོ་བཞི་པ་ལྟ་བུའོ། །ཟློས་གར་ནི་སྔོན་བྱུང་གི་གཏམ་བཞིན་གྱི་གཟུགས་བྱས་སྟེ་སྐད་རིགས་སོ་སོའི་གཏམ་དང་གླུ་ཟློས་ཅིང་གར་བྱེད་པ་སྟེ་རྒྱལ་པོ་སྤྲིན་གྱི་གཞོན་པས་ཀླུའི་སྲོག་བསྐྱབ་པའི་སྐྱེས་རབས་ཀླུ་ཀུན་དུ་དགའ་བའི་ཟློས་གར་དགའ་བའི་ལྷས་མཛད་པ་དང༌། གཙུག་ན་ནོར་བུས་གཙུག་གི་ནོར་བུའི་བར་བཏང་ནས་བྲམ་ཟེའི་དབུལ་བ་བསལ་ཕྱིར་རང་ཚོང་དུ་བཅུག་སྟེ་དགྲ་ལ་སྟེར་དུ་བཅུག་པས་ཐམས་ཅད་བཏུལ་བའི་སྐྱེས་རབས་འཇིག་རྟེན་ཀུན་དུ་དགའ་བའི་ཟློས་གར་ཙནྡྲ་གོ་མིས་མཛད་པ་ལ་སོགས་པའོ། །སྤྱིར་བོད་དུ་ཐོག་མར་སྒྲུང་དང་ལྡེའུ་དང་བོན་གྱིས་བློ་ཁ་ཕྱེ། ཡིག་རྩིས་སོགས་དར་བས་བློ་རྣོན་པོར་གྱུར་པ་ན་བསྟན་པ་དངོས་ཕེབས་པ་ལྟར་སྤྱིར་འཇིག་རྟེན་དུ་ཡང་ཐུན་མོང་གི་རིག་གནས་བཞིས་བློ་གྲོས་རྣོན་པོར་གྱུར་པ་ན་བསྟན་པ་(ཙ༤༢བ)


PTT001_Page_1556
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་འབྱུང་བ་ཡིན་པས་འདི་དག་བསྟན་པ་དངོས་ལ་མི་ལྟོས་མོད་ཀྱང་རིག་པའི་གནས་ཆུང་བ་ལྔ་གསུང་རབ་ལས་མི་འབྱུང་བ་ནི་མ་ཡིན་སྟེ། རྔ་བོ་ཆེ་ལས། སངས་རྒྱས་ཅེས་བྱ་བའི་སྐད་ཀྱི་བྱིངས་ནི་མཁས་ཤིང་རྟོགས་པའི་སྐད་ཀྱི་བྱིངས་ཡིན་སྟེ་སངས་རྒྱས་ཀྱི་སྐད་བྱིངས་དང་མྱ་ངན་ལས་འདས་པའི་སྐད་ཀྱི་བྱིངས་ནི་དེ་ལྟ་བུ་ཡིན་ནོ། །ཞེས་སྐད་ཀྱི་བྱིངས་བཤད་པ་དང༌། རྒྱུད་དུ་མར། ཡི་གེ་ཨ་དང་ཡི་གེ་ཨུ། །ཞེས་སོགས་སྒྲ་སྒྲུབ་དང༌། དུས་འཁོར་ལས། ཐིག་ལེ་ཟླ་བ་རྩ་བ་སྐུ། །ཞེས་སོགས་ཨེ་ཝཾ་གྱི་སྒྲ་སྒྲུབ་དང༌། མདོའི་ཚིགས་བཅད་རྣམས་ལ་སྙན་ངག་གི་རྒྱན་ཤིན་དུ་ལེགས་པ། དཔག་དཀའ་བ་དང་སྒྲིག་པ་ལ་མ་ལྟོས་པའི་སྡེབ་སྦྱོར་ཡོད་པ་དང༌། རེ་རེའང་མིང་གི་མངོན་བརྗོད་དུ་མས་བརྗོད་པར་མཛད་པའི་ཕྱིར་རོ། །འོ་ན་མདོ་དྲན་ཉེ་ལས་སྙན་ངག་གཙོ་བོར་བྱེད་པ་རྣམས་ལྷ་ཡུལ་གྱི་བྱ་གཞན་ལ་ཚིགས་བཅད་ཀྱིས་བསྐུལ་ཞིང་རང་བག་མེད་དུ་སྡོད་པར་སྐྱེས་བ་དང༌། དེས་ན་དགེ་སློང་གིས་ཐོས་པ་ངན་པ་སྙན་ངག་སྡེབ་པར་མི་བྱའོ་ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ནི་འདོད་པའི་གཏམ་གྱི་སྙན་ངག་མི་བྱ་བར་དགོངས་པ་སྟེ་དེ་མ་ཐག་དུ་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་བསྟོད་པ་དང་བསྟན་པ་གསལ་བར་འགྱུར་བའི་སྙན་ངག་བྱའོ་ཞེས་གསུངས་སོ། །དེས་ན་སྙན་ངག་མེ་ལོང་གི་མཇུག་དགོས་པས་དོན་བསྡུ་བའི་སྐབས་སུ། དེ་ལྟར་སྐྱོན་བྲལ་སྐལ་བཟང་ལྡན་པ་ཡི། །སྙན་ངག་བཟང་པོས་དཀོན་མཆོག་རྣམ་གསུམ་གྱི། །ཡོན་ཏན་ཚུལ་བཞིན་རབ་ཏུ་བསྔགས་བྱས་ན། །གྲགས་དང་འབྱོར་དང་རྒྱལ་མཆོག་འཐོབ་པར་འགྱུར། །ཞེས་མཁས་པ་ལ་འོས་པའི་དོན་བསྡུ་བདག་གིས་ཁ་བཀང་བ་ཡིན་ནོ། །སྒྲའི་སྐབས་སོ། །གཟོ་རིག་པ་ལ་སྤྱིར་རྣམ་པར་མ་གྱུར་པ་སེམས་ཀྱི་གཟོ་ནི་འཁོར་འདས་ཇི་ལྟར་འབྱུང་བ་སོགས་ཐམས་ཅད་སྟེ་ནང་རིག་པ་རྣམས་ཀྱང་འདིར་གཏོགས་སོ། །བརྗོད་པ་སྒྲའི་གཟོ་ནི་ངག་གི་འགྱུར་བ་སྟེ་སྒྲ་སྙན་ངག་དང་དབྱངས་དང་གླུ་དང་བརྗོད་པ་ཐམས་ཅད་འདིར་འདུས་སོ། །རྣམ་པར་གྱུར་པ་(ཙ༤༣ན)


PTT001_Page_1557
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིབས་ཀྱི་གཟོ་ལ་བྱེད་པ་པོ་དང་མ་འབྲེལ་པ་འཇིག་རྟེན་ཆགས་པ་སོགས་དང༌། བྱེད་པོ་དང་འབྲེལ་པ་སྐབས་འདིའི་གཟོ་ཉིད་དོ། །དེའི་ཡང་གཙོ་བོ་སྐུ་གསུངས་ཐུགས་རྟེན་ཡིན་ལ་དེ་ལས་ཐོག་མར་བྱུང་བ་ནི་རི་མོ་སྟེ། སྔོན་མི་རྣམས་ཚེ་ལོ་འབུམ་ལས་བྲི་བའི་ཚེ་མིའི་རྒྱལ་པོ་འཇིགས་ཐུལ་ཞེས་བྱ་བ་བྱུང་སྟེ་དེས་ཆོས་བཞིན་ས་བསྐྱངས་པས་ཚེ་ལོ་འབུམ་དུ་འཕེལ་ཞིང་ཤིན་དུ་བདེ་བར་གྱུར། དེ་ནས་རྒྱལ་པོ་དེས་དཀའ་ཐུབ་ཆེན་པོ་སྤྱད་པས་དབང་ཕྱུག་གི་ཡོན་ཏན་བརྒྱད་ཐོབ་ཅིང་ཚངས་པས་ལྷའི་མཚོན་དང་དམག་གིས་ཀྱང་མིའི་ཡུལ་མི་ཕེབས་པ་དང་བསྟན་བཅོས་ཐམས་ཅད་ཤེས་པའི་མཆོག་བྱིན་ནོ། །དེའི་ཚེ་བྲམ་ཟེ་ཞིག་གི་བུ་གཞོན་ནུ་གཅེས་པ་ཅིག་བློ་བུར་དུ་ཤི་བས་བྲམ་ཟེ་དེས་རྒྱལ་པོ་ཁྱོད་ཀྱིས་རྒྱལ་སྲིད་ཆོས་བཞིན་མ་བསྐྱངས་པ་འདྲ་སྟེ་ཁྱོད་ཀྱི་འབངས་ལ་དུས་མིན་གྱི་འཆི་བ་བྱུང་སྟེ་བདག་གི་བུ་ཕྲོགས་སོ། །བུ་སླར་མ་སྩལ་ན་བདག་འདི་གར་ལྕེབ་བོ་ཅེས་བྱས་པས་རྒྱལ་པོས་བྲམ་ཟེ་ཁྲིད་སྟེ་གཤིན་རྗེའི་རྒྱལ་པོ་ཉི་མ་ལྟར་གཟི་བརྗིད་འབར་བའི་དྲུང་དུ་ཕྱིན་སྟེ་ཕྱག་བཙལ་ནས་བྲམ་ཟེའི་བུ་བསྩལ་དུ་གསོལ་བྱས་པས་བདག་གིས་མ་ལན་སྟེ་རང་རང་གི་ལས་སུ་ཟད་དོ། །རྒྱལ་པོས་བྱིན་ཅིག་དང་གཤིན་རྗེས་མི་རུང་ངོ་ཡང་ཡང་སྨྲས་སྟེ་མཐར་གཡུལ་བཤམས་སྟེ་ཕན་ཚུན་མཚོན་ཆའི་ཆར་ཕབ་ཅིང་རྒྱལ་པོས་ལྷའི་མཚོན་གྱི་ཆར་གྱིས་གཤིན་རྗེའི་འཁོར་ཐམས་ཅད་ཕམ་པར་བྱས་པས་གཤིན་རྗེས་ཀྱང་དབྱུག་པ་ཐོགས་ཅིང་རྒྱལ་པོས་ཀྱང་དབྱུག་པ་ཚངས་མགོ་ཅན་ཐོགས་སྟེ་འཇིག་རྟེན་ཐམས་ཅད་དངངས་པ་ན་ཚངས་པ་བྱོན་སྟེ་སོ་སོའི་ལས་སུ་ཟད་ཀྱིས་གཤིན་རྗེས་མ་ཉེས་སོ། །འོན་ཡང་བྲམ་ཟེའི་བུ་རི་མོར་བྲིས་ཅིག་ཞེས་པ་ལྟར་རྒྱལ་པོས་བྲིས་སྟེ་ཚངས་པས་གསོན་པོར་བསླངས་སྟེ་བྲམ་ཟེ་ལ་གཏད། ཡི་དྭགས་གཅེར་བུ་ཟེར་བས་དེ་བཏུལ་བས་ལེགས་སོ་ཞེས་རྒྱལ་པོ་ལ་གཅེར་ཐུལ་དང་དང་པོར་རི་མོ་བྲི་བ་པོ་ཡིན་པས་དང་པོར་བྲི་པ་ཞེས་བཏགས། ཚངས་པས་བསྒོ་སྟེ་རྒྱལ་པོས་ཀྱང་གཤིན་རྗེ་ལ་ཕྱག་དང་མཆོད་པ་བྱས་སྟེ་ཀུན་དགའ་(ཙ༤༣བ)


PTT001_Page_1558
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱུར་ཏོ། །སླར་རྒྱལ་པོས་ཚངས་པའི་འཇིག་རྟེན་དུ་སོང་སྟེ་རི་མོ་བྲི་ཚུལ་ཞུས་པས། རི་ཡི་མཆོག་ནི་རི་རབ་ཡིན། །སྒོ་ང་ལས་སྐྱེས་རྣམས་ཀྱི་ནི། །གཙོ་བོ་ན་མཁའ་ལྡིང་ཡིན་ནོ། །མི་ཡི་གཙོ་བོ་ས་བདག་སྟེ། །དེ་བཞིན་རི་མོ་སྒྱུར་རྩལ་གཙོ། །སོགས་དང༌། རྒྱལ་པོ་དེ་བཞིན་སྒྱུ་རྩལ་ཀུན། །རི་མོའི་ལས་ལ་ཡང་དག་བསྟེན། །ཞེས་སོགས་ཀྱིས་བསྔགས་ནས་བི་ཤྭ་ཀརྨས་སྟོན་པར་ལུང་བསྟན་ཞིང་དེས་འཁོར་ལོས་བསྒྱུར་བའི་ཚད་གཙོ་བོར་བྱས་སྟེ་ཚད་དང་མི་ལྡན་པའི་ཉེས་པ། ལྡན་པའི་ཕན་ཡོན་སོགས་བསྟན་ཞིང༌། ལུས་ལ་མཛེས་པ་མ་ཚང་ན། །ཚད་དག་གིས་ནི་ཅི་ཞིག་བྱ། །ཞེས་མཛེས་དགོས་པར་ཡང་བསྟན་པ་ལ་སོགས་རི་མོའི་མཚན་ཉིད་ཚངས་པའི་ཚད་ཡིག་ཞེས་བྱ་བ་དྲང་སྲོང་ཨ་ཏྲེའི་བུས་སྦྱར་བ་ལས་བྱུང་བ། ཁྱད་པར་དུ་དུས་ཀྱི་འཁོར་ལོ་དང་བདེ་མཆོག་སྡོམ་འབྱུང་ལས་གསུངས་སོ། །ཕྱི་རབས་རྒྱུད་འདི་དག་གི་དགོངས་པར་ཁ་གཡར་བའི་ཆག་ཚད་ཀྱི་བསྟན་བཅོས་སྣང་བ་ནི་དེ་དག་གི་དགོངས་པ་མིན་པར་མཐོང་སྟེ་བདེ་དགྱེས་སོགས་སྐུ་སྒེག་ཅིང་རྒྱས་པ་དགོས་པ་ལ་སྐམ་པོ་ཕྲ་རིང་དུ་བྱེད་པ་དང༌། ཕྱག་མཚན་འཆོལ་པ་དགོས་པའི་རྒྱུད་གཅིག་གཉིས་ཡོད་ལ། སློབ་དཔོན་ཨ་བྷྱ་ཀཱ་རས་ཕྱག་མང་གཡས་རྣམས་ཡས་འགྱེད་དང་གཡོན་རྣམས་མས་འགྱེད་དུ་བྱེད། གཞན་བྲིས་སྐུ་རྒྱ་གར་མ་དང་ལི་མ་འདི་ཙམ་ཞིག་ལ་ཕྱག་མཚན་ཡས་འགྱེད་ཁོ་ན་ཡོད་པ་ལ་ཕྱག་མཚན་རྣམས་མས་འགྱེད་ཁོ་ན་བྱེད་པ་དང༌། གཡས་བརྐྱང་སོགས་ལ་མཐོ་ལྔར་བཤད་པའི་གདན་གྱི་བཞི་ཆ་མ་ནོན་པས་རྒྱལ་པོས་རྒྱལ་ས་མ་ནོན་པ་སོགས་འདི་བྱུང་བ་ཡིན་པས་གནད་བཅོས་པ་འདི་རྣམས་དོར་ན་ལེགས་སོ། །རིག་པའི་གནས་ཐམས་ཅད་དང་གྲུབ་མཐའ་ལ་མ་ཞུགས་པ་ཀུན་གྱིའང་ཡོན་ཏན་ཐམས་ཅད་ཀྱི་གཞི་ནི་ཡི་གེ་ཁོ་ན་ཡིན་ཞིང་ཀུན་ལ་མེད་དུ་མི་རུང་བ་ནི་བྲི་ཀློག་ཁོ་ན་ཡིན་པས་ནན་ཏན་བྱའོ། །སྤྱིར་བི་ཤྭ་ཀརྨས་བསྟན་པའི་གཟོ་མཐའ་དག་གི་བསྟན་བཅོས་ཡོད་རིགས་ཀྱང་བོད་དུ་མ་འགྱུར་བར་སྣང་ལ་བི་ཤྭ་ཀརྨ་ནི་འཇམ་དབྱངས་དཀར་པོ་(ཙ༤༤ན)


PTT001_Page_1559
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པར་བལ་པོ་རྣམས་འདོད་པར་སྣང་སྟེ་བསྟོད་པ་ལའང་ཤ་ཤ་དྷ་ར་ཁོ་ན་འདོན་པར་སྣང་ངོ༌། །གཟོ་རིག་པའི་སྐབས་སོ། །སྨན་མཆོག་བྱང་ཆུབ་སེམས་ཀྱི་བདུད་རྩི་ཡིས། །དུག་གསུམ་ནད་ཆེན་དྲུངས་ནས་འབྱིན་མཛད་པ། །སྨན་པའི་གཙོ་བོ་དཔལ་ལྡན་བླ་མ་ལ། །བཏུད་ནས་གསོ་རིག་ཇི་ལྟར་བྱུང་བ་བརྗོད། །དེ་ཡང་ཆོས་དང་ནོར་དང་འདོད་པ་ཐམས་ཅད་སྒྲུབ་པའི་རྟེན་གྱི་གཙོ་བོ་མི་ལུས་རིན་པོ་ཆེ་མི་ན་བར་བདེ་བར་གནས་པ་དང༌། ན་བ་ལས་གསོ་བར་བྱེད་པ་ཐར་པ་འདོད་མི་འདོད་ཀུན་ལ་མེད་དུ་མི་རུང་བ་ནི་གསོ་བ་རིག་པ་སྟེ། དེ་ཇི་ལྟར་བྱུང་ཚུལ་ལ། ཕྱི་རོལ་པ་ནི། གང་ཕྱིར་ཚངས་པ་ཡི་ནི་ཞལ། །དབུས་མ་ནས་ནི་ཚེའི་རིག་བྱེད། །ཅེས་སོགས་ཀྱིས་སྙན་ཚིག་མཆོད་སྦྱིན་སྲིད་སྲུང་ངེས་བརྗོད་སྟེ་རིག་བྱེད་བཞི། བསླབ་པ། བརྡ་སྤྲོད། སྡེབ་སྦྱོར། སྐར་རྩིས། ཐོས་པ། རྟོག་པ་སྟེ་ཡན་ལག་དྲུག །དྲན་པ་དང་ཆོས་སྡེ་ཉེ་བའི་ཡན་ལག་གཉིས་དང་བཅས་ཚངས་པའི་ཞལ་བཞི་ལས་བྱུང་བར་འཆད་དོ། །ཤ་ལི་ཧོ་ཏྲ་སོགས་ལས་སྔོན་རྒྱ་མཚོ་བསྲུབས་པ་ལས་བྱུང་བར་འཆད་པ་ནི་དུས་འཁོར་སོགས་ལས་བཀག་ལ། ཟླ་སེར་དུ་ནི། ཡི་གེ་ཨོཾ་དང་ཨ་ཐའི་སྒྲ། །གཉིས་པོ་འདི་དག་སྔོན་ཚངས་པའི། །ཁུར་ཚོས་རྡོལ་སྟེ་མངོན་པར་བྱུང༌། །ཞེས་སོགས་དྲངས་སོ། །ཚངས་པས་སྐྱེ་རྒུའི་བདག་པོ་མྱུར་བ། དེས་ཉི་མའི་ཆུང་མ་ཉི་ལྡན་མའི་སྣ་ལས་སྐྱེས་པས་སྣ་སྐྱེས་སམ་ཐ་སྐར་ལ་སྐྱེས་པས་ཐ་སྐར་སྐྱེས་དང་ཀུན་འགྱེད་བུ་སྟེ་ཐ་སྐར་བུ་གཉིས། དེ་བརྒྱ་བྱིན། ཚངས་པས་གསོ་དཔྱད་འབུམ་པ་སོགས་དེ་རྣམས་ཀྱི་གཞུང་སོ་སོ་བྱས། བརྒྱ་བྱིན་ལ་ལྷའི་དྲང་སྲོང་རྒྱུན་ཤེས། འོད་ཟེར་ཅན། འོད་ཡངས། ཡན་ལག་སྐྱེས། ལྷ་མིན་འཇོམས། མཆོད་སྦྱིན་ཅན། གནས་འཇོག་སྟེ་སློབ་མ་གཙུག་ཕུད་ཅན་བདུན་དུ་གྲགས་པ་ཕ་དང་མ་མིའི་བུད་མེད་འདུས་པ་ལས་བུ་བྱུང་བ་ནི་དྲང་སྲོང་རྒྱུན་ཤེས་ཀྱི་བུ་ནམ་སོ་སྐྱེས་ཀྱང་ཟེར། མེ་བཞིན་འཇུག་ཐང་ལ་འབར། རྐང་གཉིས་སྤྱོད། མུ་ཁྱུད་འཛིན། འགྲོ་སྐྱོང་བུ། གཤོལ་འགྲོ་སྐྱེས་རྣམས་ཀྱིས་བརྒྱ་བྱིན་དང་ཕ་ལས་ཐོས་སྟེ་གཞུང་འགྲེལ་རེ་བྱས་ཤིང༌། དེ་ནས་དྲང་སྲོང་ལུག་(ཙ༤༤བ)


PTT001_Page_1560
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་སྐྱེགས་སྣ། མདའི་མཆོག་ལན་ཚྭའི་ལག་དཔལ་ལྡན་ཕྲེང་བ། དཔལ་ལྡན་ཕུན་ཚོགས། ཉི་སྙིང༌། ཟླ་བའི་འོད་ཟེར་སོགས་ཀྱིས་གཞུང་མང་དུ་བྱས། ཤ་ལི་ཧོ་ཏྲ། ལེགས་ཐོས། ཛ་ལས་རྒྱལ་སོགས་ཀྱིས་རྒྱས་པར་བྱས་སྟེ་རྡོ་འཇོག་གི་སྨན་པ་རྒྱུན་ཤེས་ཀྱི་བུའི་བར་དུ་བྱུང་ངོ༌། །སྤྱིར་འཁོར་ལོས་བསྒྱུར་བའི་གསོ་དཔྱད་ཀྱི་གཞུང་ཡོད་པ་བཤད་དོ། །མི་ཡུལ་དུ་དར་ཚུལ་ལ། སྔོན་བཅུད་ཆགས་ནས་རིང་པོ་མ་ལོན་པ་ན་ཤེད་བུ་ཞིག་ས་ཞག་མ་ཞུས་བར་ན་སྟེ་སྨྲེ་སྔགས་འདོན་པ་ན་ཚངས་པས་འོངས་སྟེ་ཆུ་སྐོལ་བཏང་བས་ཞི་སྟེ་ནད་པ་ལ་སྔ་བ་ཤེད་བུ། སྨན་པ་ལ་སྔ་བ་ཚངས་པ། སྨན་ལ་སྔ་བ་ཆུ་སྐོལ་ཞེས་གྲགས་སོ། །སྤྱིར་རིག་པའི་གནས་ཐམས་ཅད་དང་པོར་སངས་རྒྱས་བྱང་སེམས་ཀྱི་མཐུ་ལས་བྱུང་བ་དང༌། ཚངས་པའང་བསྐལ་བཟང་གི་སེམས་དཔའ་ཡིན་པས་སངས་རྒྱས་ཀྱི་མཐུ་ལས་བྱུང་བ་ཡིན་ནོ། །སྨན་དཔྱད་ཉིད་ཁོ་ན་བསྟན་པའི་མདོ་རྒྱུད་མེད་མོད་ཀྱང་ཞར་བྱུང་འདུལ་བ་ལས་དགེ་སློང་ནད་པས་སྨན་པ་ལ་དྲིས་སྟེ་བྱའོ་ཞེས་ལུང་སྨན་གྱི་གཞིར་བཤད་པ་དང༌། འཚོ་བྱེད་གཞོན་ནུའི་བྱུང་བ་དང༌། སྨན་པ་ནད་དང་སྨན་ལ་མཁས་པའི་དཔེས་སངས་རྒྱས་ཀྱི་རྒ་ནད་འཆི་བ་སེལ་བར་གསུངས་པ་དང༌། གསེར་འོད་དུ་ཆུ་འབེབས་ཀྱི་བྱུང་བའི་སྐབས་སུ། ཟླ་གསུམ་དབྱར་སྟེ་ཟླ་གསུམ་སྟོན་དུ་ཤེས། །གསུམ་ནི་དགུན་སྟེ་གསུམ་ནི་དཔྱིད་ཡིན་ནོ། །དེ་ལྟར་ཟླ་བའི་གོ་རིམ་དུས་ནི་དྲུག །ལོ་གཅིག་ལ་ནི་ཟླ་བ་བཅུ་གཉིས་འདོད། །གསུམ་གསུམ་དུ་ནི་ཚིགས་རྣམས་བསྡུས་པར་ཤེས། །ཟླ་བ་གཉིས་གཉིས་ཀྱིས་ནི་དུས་སུ་བསྟན། །ཟས་དང་སྐོམ་ནི་དེ་ལྟར་འཇུ་བར་འགྱུར། །སྨན་དག་དང་ནི་ཁམས་དང་དུས་ཀྱང་བསྟན། །དབང་པོ་དང་ནི་ཁམས་རྣམས་དེ་དག་ཀྱང༌། །ལོ་གཅིག་ནང་གི་ཚིགས་ཚིགས་ཡོངས་སུ་འགྱུར། །དབང་པོ་དག་ནི་ཡོངས་སུ་འགྱུར་བས་ན། །ལུས་ཅན་རྣམས་ལ་སྣ་ཚོགས་ནད་ཀྱང་འབྱུང༌། །དེ་ཉིད་ལ་ནི་སྨན་པས་ཟླ་གསུམ་བཞི། །ཚིགས་ཀྱི་བར་དང་དུས་དྲུག་རྣམས་དང་ནི། །ཁམས་དྲུག་མཁས་པར་བྱ་བ་ཤེས་པར་བྱ། །(ཙ༤༥ན)


PTT001_Page_1561
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་སྐོམ་སྨན་རྣམས་གོ་རིམ་ཇི་བཞིན་སྟེ། །རླུང་གི་ཤས་ཆེའི་ནད་ནི་དབྱར་ན་ལྡང༌། །སྟོན་དུ་གྱུར་པ་ན་ནི་མཁྲིས་པ་གཡོ། །དགུན་གྱི་དུས་སུ་དེ་བཞིན་འདུས་པ་སྟེ། །བད་ཀན་ཤས་ཆེའི་ནད་ནི་དཔྱིད་ལྡང་ངོ༌། །དབྱར་ནི་སྣུམ་དྲོ་ལན་ཚ་སྐྱུར་བའི་རོ། །སྟོན་ནི་མངར་དང་སྣུམ་དང་བསིལ་བག་གོ །དགུན་ནི་མངར་དང་སྐྱུར་དང་སྣུམ་པ་སྟེ། །དཔྱིད་ཀྱི་དུས་ནི་རྩུབ་དྲོ་ཚ་པའོ། །བད་ཀན་ཆེ་བ་ཟོས་མ་ཐག་དུ་ལྡང༌། །མཁྲིས་པ་ཆེ་བ་འཇུ་བའི་དུས་སུ་ལྡང༌། །རླུང་ཤས་ཆེ་བ་ཞུ་མ་ཐག་དུ་ལྡང༌། །ཉེས་གསུམ་གཡོ་བ་དེ་ནི་དེ་ལྟའོ། །རླུང་གི་བདག་ཉིད་ལ་ནི་བཅུད་ཀྱིས་གསོ། །བཀྲུ་སྨན་གིས་ནི་མཁྲིས་པ་གསལ་བར་བྱ། །འདུས་པ་ལ་ནི་གསུམ་དང་མཐུན་ལྡན་པ། །བད་ཀན་ཚིགས་སུ་བབ་ན་སྐྱུགས་སྨན་བཏང༌། །རླུང་ཤས་ཆེ་བ་མཁྲིས་དང་འདུས་པ་དང༌། །བད་ཀན་ཤས་ཆེའི་ཚིགས་རྣམས་ཤེས་པར་བྱས། །དུས་གང་ཁམས་གང་ལུས་ནི་གང་ཡིན་པ། །དེ་ཡི་སྨན་དང་ཟས་སྐོམ་བསྟེན་པར་བྱའོ། །ཞེས་ཤྩོཀ་དགུ་པོ་འདིས་གསོ་རིག་མཐའ་དག་བསྟན་པ་ཡིན་སྟེ། ཉི་མ་ཡར་ངོ་ལ་ཟློག་པ་དབྱར་དགུན་ར་བ་དང༌། མར་ངོ་ལ་ཟློག་པ་དབྱར་དགུན་འབྲིང་བོར་བཟུང་བའི་ཟླ་བ་གསུམ་གསུམ་གྱིས་དབྱར་དགུན་སྟོན་དཔྱིད་བཞི། ཡང་དུས་མཚམས་བཞི་ལ་ཞག་བཅོ་བརྒྱད་རེས་ཞག་དོན་གཉིས། དུས་བཞི་ལ་ཞག་དོན་གཉིས་རེ་སྟེ་ཚིགས་བཅད་ཕྱེད་དང་གཉིས་ཀྱིས་དུས་དང༌། ཚིགས་བཅད་གཅིག་གིས་གསོ་བྱ་ལུས། ཚིགས་རྐང་གཉིས་ཀྱིས་ནད་འབྱུང་བའི་རྒྱུ། ཚིགས་བཅད་གཅིག་གིས་དུས་དང་བསྟུན་དགོས་པ། ཚིགས་བཅད་གཅིག་གིས་དུས་བཞི་ལ་ནད་གང་ལྡང་བ། གཅིག་གིས་དེའི་གཉེན་པོར་ཟས་སྨན་གང་བསྟེན་པ། གཅིག་གིས་ཉེས་གསུམ་ལྡང་བའི་དུས། དེ་ནས་གཅིག་གིས་རླུང་ལ་འཇམ་རྩི་ལས་མི་འདའ། མཁྲིས་པ་སྦྱོངས་ལས་མི་འདའ། བད་ཀན་སྐྱུགས་ལས་མི་འདའ་བ་མི་འདའ་བའི་བཅོས་གསུམ་སྟེ་སེལ་ཐབས། རྐང་པ་གཉིས་ཀྱིས་(ཙ༤༥བ)


PTT001_Page_1562
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདུས་ཤེས་དགོས་པ་དང༌། གཉིས་ཀྱིས་དོན་བསྡུས་པ་སྟེ་སྨན་གཞུང་མཐའ་དག་འདིར་འདུས་སོ། །གསེར་འོད་ཆེ་བ་རྒྱ་འགྱུར་དུ། ནད་ཀྱི་གསོ་དཔྱད་ལ་བསྟེན་ནས། །སོགས་དེ་བས་མང་བར་བསྒྱུར། མྱང་འདས་ཆེན་པོར་རྒྱལ་པོར་ཤེས་རབ་འཆལ་པ་ལ་སྨན་པ་བླུན་པོ་ཡོད་པ་སྨན་པ་མཁས་པས་ཐབས་ཀྱིས་བསྐྲད་པའི་དཔེ་དང༌། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། དེ་ནས་སེམས་ཅན་ཀུན་ཕན་ཕྱིར། །ཐམས་ཅད་སྙིང་པོར་བསྡུས་པ་ཡི། །སྒྲུབ་པའི་སྦྱོར་བ་བདུད་རྩི་མཆོག །ཡང་དག་རབ་ཏུ་བཤད་པར་བྱ། །ག་བུར་དང་ནི་གུར་ཀུམ་དང༌། །ནས། དེ་ལྟར་རྫས་ནི་བཅོ་བརྒྱད་པོ། །སོགས་དང༌། འདས་པའི་དུས་སུ་སྔོན་བྱུང་བ། །བདེ་ཆེན་བསྐལ་པ་དང་པོ་རུ། །སོགས་དང༌། དངུལ་ཆུའི་བྱུང་བ་དང༌། རོ་དྲུག་གི་སྡེ་ཚན། སྨན་དང་རིན་པོ་ཆེ་རྣམས་ཀྱི་ཡུལ་བཟང་ངན་སོགས་དང༌། ཉེས་གསུམ་ལྡང་བའི་དུས་སོགས་ཀྱི་མཐར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་རྣམས་ཀྱི་དོན་དུ་སྦྱར་བར་བྱ་བས་ཕྱི་ནང་གི་སྨན་གྱི་སྦྱོར་བ་འདི་དག་བསླབ་པར་བྱའོ། །སོགས་དང༌། དུས་འཁོར་དུ། རླུང་འཇོམས་ལན་ཚྭ་སྐྱུར་པ་དག་དུ་རབ་ཏུ་འགྱུར་སྟེ་མངར་དང་སྐ་བ་དག་ནི་མཁྲིས་པའི་དགྲ་སོགས་དུ་མ་བཤད་དོ། །བསྟན་བཅོས་ནི་ཀླུ་སྒྲུབ་ཞབས་ཀྱིས་སྦྱོར་བ་བརྒྱ་པ་འཚོ་བའི་མདོ་ཚིགས་སུ་བཅད་པ་རྩ་ཨ་ཝའི་ཆོ་ག་དངུལ་ཆུ་རིན་ཆེན་ཕྲེང་བ་གསེར་འགྱུར་སྦྱོར་པ་རྣམས་མཛད། སྔ་རབས་པ་རྣམས་མདོ་ལྔ། དཔྱད་གཞུང་བཅུ་སོགས་མཛད་ཟེར་ཡང་རྒྱ་གཞུང་གི་མཚན་ཉིད་མེད་དོ། །སློབ་དཔོན་དཔའ་བོས་ཡན་ལག་བརྒྱད་པ་ཆེན་པོ། ཡན་ལག་བརྒྱད་པ་ལ་འཇུག་པ། དེའི་སྙིང་པོ་བསྡུས་པ། ཡན་ལག་བརྒྱད་པ་བསྡུས་པ་སྟེ་བཞི་མཛད། ཁྱད་པར་སྙིང་པོ་བསྡུས་པ་རྩོམ་ཚེ། ས་གསུམ་དགེ་ལེགས་འབྱུང་བ་ཡི། །དགེ་བའི་ལྟས་ནི་སྣ་ཚོགས་བྱུང༌། །ཞེས་བཤད། གཞུང་དེ་ལ་རང་འགྲེལ་ཡང་མཛད་དོ། །ཁ་ཆེ་ཟླ་དགའ་ནི་སློབ་དཔོན་གྱི་སྲས་དང་དངོས་སློབ་ཏུ་གྲགས་ཀྱང་སྒྲ་སྦྱོར་ངེས་པར། ཆགས་ལ་མངོན་པར་དགའ་བའི་བུ། །ཟླ་བ་མངོན་དགའ་(ཙ༤༦ན)


PTT001_Page_1563
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བས། ཅེས་དང༌། ཟླ་ཟེར་ལས། བདག་གི་མེས་པོར་གྱུར་པ་ནི། །དཔལ་ཆེན་དགེ་བ་ཞེས་གྲགས་ཡིན། །དེ་ནི་ད་ལྟའང་ས་གསུམ་ན། །གྲགས་པ་དྲི་མེད་སྒྲོག་པར་བྱེད། །དེ་སྲས་ཆགས་ལ་མངོན་པར་དགའ། །དེའི་བུ་ཟླ་བ་མངོན་དགའ་བདག །སློབ་དཔོན་བློ་གྲོས་ཆེན་པོ་ནི། །རྒྱུད་ཤེས་དོན་ལྡན་མིང་བཏགས་པ། །དོན་དམ་ཞེས་བྱ་སྨན་པའི་མཆོག །ཁ་ཆེའི་ཡུལ་དུ་སྐྱེས་པ་ཡིན། །ཞེས་དཔལ་ཆེན་དགེ་བའི་སྲས་ཆགས་ལ་མངོན་དགའ་དེའི་སྲས་ཟླ་དགའ་ཡིན་པ་དང་ཁ་ཆེའི་སྨན་པ་དོན་མཆོག་གི་སློབ་མ་ཡིན་ལ། སློབ་དཔོན་དཔའ་བོའི་གཞུང་རྣམས་ལ་བརྟེན་ནས་སྙིང་པོ་བསྡུས་པ་ལ་འགྲེལ་པ་ཚིག་དོན་ཟླ་ཟེར། སྨན་མིང་ཟུར་དུ་བཀོལ་བ་སྒྲ་སྦྱོར་ངེས་པ་སོགས་མཛད། བྲང་ཏི་དཔལ་ལྡན་འཚོ་བྱེད་ཀྱི་ཁོག་དབུབ་ལེགས་སྣང་སྒྲོན་མེར། ཁ་ཆེ་ཟླ་དགའ་སློབ་དཔོན་དཔའ་བོའི་དངོས་སློབ་ཏུ་བྱས་ནས་དེ་ནས་དགའ་བྱེད་དམ་པ་ཡུལ་ཅན་སྙིང་པོ་ཀུན་འཚོ་དམ་པ་རིགས་རྒྱལ་གཞོན་ནུ་ངེས་པ་བརྙེད་པ་རླུང་མཁྲིས་འཇོམས། གསོ་བ་དག་པ་འགྲོ་བའི་ཕ་རྒན་འཚོ་བྱེད་གྲུབ་པ་ངེས་པའི་མཐུ་ཅན་གཡོ་མེད་སྟོབས་ལྡན་བྷུཛྫ་ར་མ་ཚེ་བརྟན་ལྷས་བྱིན་ཐབས་ཀྱི་དགེ་བསྙེན་རྩེ་མུང་དང་མཆོག་ཛ་ན་ར་དྷ་ན་ཞེས་འདོད་ཅིང༌། ཆེ་རྗེ་ཞང་སྟོན་གྱི་རྒྱལ་མཚན་རྩེ་འབར་ནི། འཚོ་བྱེད་གྲུབ་པས་ཟླ་དགའ་ལ་ཐུག་པར་འདོད། མི་ཉག་མི་སྐྱོད་རྡོ་རྗེ་སོགས་ནི། སློབ་དཔོན་དཔའ་བོ། བདུད་རྩི་ཟླ་བ་དགའ་བྱེད་དམ་པ་ཅེས་སོགས་འདོད་སྟེ་ཡན་ལག་བརྒྱད་པ་གཙོ་བོར་སྟོན་པ་རྒྱ་གར་དུ་དར་ཚུལ་ལོ། །རྒྱ་ནག་དུ་ནི་འཇམ་དཔལ་གྱིས་བྱིན་གྱིས་བརླབས་སྟེ་རྒྱལ་བློན་དང་ཧྭ་ཤང་དང་ནེ་ཙོ་སོགས་ཀྱིས་བཤད་སྟེ་ཅི་འུའི་སྐབས་ནས་དར་རོ། །བོད་དུ་སྨན་དཔྱད་བྱུང་བའི་ཐོག་མ་ནི་ཟས་སྤྱོད་སྤངས་བླང་ཕྲ་མོ་ཤེས་པ་ཙམ་སྔོན་ནས་བྱུང་བ། གཞུང་རྒྱ་བཟའས་སྨན་དཔྱད་ཆེན་མོ་ཞེས་པ་བསྣམས་ཧྭ་ཤང་མ་ཧྭ་དེ་ཝ་དང་དྷརྨ་ཀོ་ཥས་བསྒྱུར། དེའི་ཚེ་རྒྱ་གར་(ཙ༤༦བ)


PTT001_Page_1564
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཛྲ་དྷྭ་ཛ། རྒྱ་ནག་ནས་ཧེན་ཝེང་ཧང་དེ། སྟག་གཟིག་གི་ཁྲོམ་ནས་ག་ལེ་ནོས་སྟེ་སྨན་པ་གསུམ་སྤྱན་དྲངས། སོ་སོའི་ལུགས་དུ་མ་བསྒྱུར། ཐུན་མོང་དུ་མི་འཇིགས་པའི་མཚོན་ཆ་ཞེས་བམ་པོ་བདུན་པ་བརྩམས། ག་ལེ་ནོས་བླ་སྨན་དུ་བཞུགས། རུས་ཆུང་བ་བཞི་སློབ་ཏུ་བསྩལ་སྟེ་རིགས་མཐོ་དམན་མེད་པར་སློབ་པར་གནང༌། ཕྱིས་གྱིམ་ཤིང་ཀོང་ཇོས་རྩིས་དང་སྨན་དཔྱད་མང་དུ་བསྣམས། ཧྭ་ཤང་མ་ཧཱ་ཐི་ཐ་དང་རྒྱ་ཕྲུག་གར་མཁན་ལ་སོགས་པས་སོ་མ་ར་ཙ་ལེའུ་བརྒྱ་དང་བཅོ་ལྔ་པ་སོགས་བསྒྱུར། དེའི་ཚེ་ཁྲོམ་ནས་བི་ཅི་ཙན་པ་ཤི་ལ་ཧ་བྱ་བ་སྤྱན་དྲངས། རྒྱལ་པོའི་རྗེ་ཡིན་ཞེས་ལྷ་རྗེར་བཏགས་སྟེ་ཐམས་ཅད་ཀྱིས་བླར་བཀུར་བ་གྲལ་གྱི་དགུང་ལ་འཇོག་པ་སྟན་བཟང་དུ་འདིང་པ་ཟས་སྐོམ་སྤྱན་གཟིགས་ཀྱི་མཆོག་སྟོབ་པ་སྐྱེལ་བསུ་རྟས་བྱེད་པ་ཡོན་གསེར་དུ་འབུལ་བ་བྱས་པ་དྲིན་དུ་གཟོ་བ་སོགས་ཀྱི་བཀར་བཏགས། སྨན་པ་རྣམས་ཀྱི་ཀྱང་ཁྱིམ་མཚེས་ནས་བོས་ཀྱང་སྐྱེལ་བསུ་དང་ཞབས་གླ། གཉེན་ཚན་ཡིན་ཡང་ལག་དཀར་དང་ཞུ་རྟེན། བྲན་ཁོལ་ཡིན་ཡང་བཀུར་སྟི་དང་གུས་པ། དུས་མིན་དུ་ཕྲད་ཀྱང་མདོངས་གསོལ་དང་བསྙེན་བཀུར། དགྲ་བོ་ཡིན་ཡང་དད་གུས་ཀྱིས་བློ་གཏོད་པ། ཟས་ནོར་ལ་འདོད་སྲེད་བྱས་རུང་སྐུར་བ་མི་འདེབས། ནད་པ་གསོ་བ་ལ་ཞུ་འབུལ་དྲག་ནས་གཏང་རག་རྟིང་བསྐུལ་སྒྱེའུ་སྐྱེལ་སོགས་བཅོ་ལྔ་གཙིགས་སུ་བཟུང༌། མངའ་བདག་གིས་སྨན་པ་བླ་མ་དང་ཕ་ཡིན་པས་བྱམས་པ་བསྐྱེད་ནད་པ་བུ་དང་སློབ་མ་ཡིན་པས་མཚང་ངན་ཕྱིར་མ་བརྗོད། མཛངས་ཀྱི་ཁྲེལ་འཆོར་བས་ཁྱིམ་ནས་ལག་ངན་མ་བྱེད། ཡ་རབས་ཀྱི་ཚུལ་ལ་གནོད་པས་ཟས་ལ་མ་ངན། སྨན་དཔྱད་ལ་ལག་ཉེས་ཡོང་པས་ཆང་ལ་མ་དགའ། ཟུག་གཅོག་པ་ལ་ཁྱད་ཡོད་ཅིང་ཐལ་ཉེན་ཡོད་པས་ལེ་ལོ་དང་ཚོར་ཡོད་མ་བྱེད། སྨན་དཔྱད་གནད་ཏུ་མི་ཕོག་པས་ནད་པ་ལ་ངོ་ཚ་དང་ཚུལ་འཆོས་མ་བྱེད་ཅེས་ཞལ་ཏ་བདུན་མཛད། བྱང་ཁོག་ལེའུ་ལྔ་བཅུ་པ་སོགས་དཔྱད་རྒྱས་(ཙ༤༧ན)


PTT001_Page_1565
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་བསྡུས་པའི་སྨན་དཔྱད་ཀྱི་བསྟན་བཅོས་མང་དུ་བྱུང༌། གཞན་ཡང་རྒྱ་གར་ནས་ཤཱནྟ་གརྦྷ། ཁ་ཆེ་ནས་གུ་ཧྱ་བཛྲ། རྒྱ་ནག་ནས་སྟོང་གསུམ་གང་བ། ཧྭ་ཤང་བ་ལ་ཧང་ཤི་བ་ཏ། སྟག་གཟིག་ནས་ཧ་ལ་ཤཱནྟི། གྲུ་གུ་ནས་སེ་མདོ་འོད་ཆེན་སོགས་སྤྱན་དྲངས་སྟེ་བླ་སྨན་དགུར་གྲགས། གཞུང་མཐའ་ཡས་པ་བསྒྱུར་སྟོང་གསུམ་གང་བ་བོད་དུ་བཞུགས་སྟེ་གཡོར་སྟོད་གནང་ནས་མཐའ་བཞིར་གྲགས་སྟེ་བླ་སྨན་གྱི་གཙོ་བོའོ། །བི་ཅིའི་སློབ་མ་སྟོང་གཞེར་མེས་པོ། བྲང་ཏི་རྒྱལ་མཉེས། ཞང་ལྷ་མོ་གཟིགས་རྣམས་ཀྱང་མཁས་པར་གྱུར་སྟེ་རྒྱལ་པོའི་བླ་སྨན་དུ་བཀུར་སྐད། མངའ་བདག་རྩེ་ལྡེའི་དུས་སུ་ཨོ་ཌྱན་ནས་རྒྱལ་པོའི་ཆད་པས་བསད་དུ་ཕངས་ནས་སྤྱུགས་པའི་དྲང་སྲོང་མེ་ལྷ་ཞེས་བྱ་བ་མཁས་པ་ཕུལ་དུ་བྱུང་བ་བྱོན་སྟེ་རྡེ་སྐོར་ཕྱི་ནང་གསང་གསུམ་སོགས་མཛད་ཅིང་གཞུང་མང་དུ་བསྒྱུར། ཁྱད་པར་ཡན་ལག་བརྒྱད་པ་ནི་པཎྜི་ཏ་ཛ་ན་ར་དྷ་ན་ལོ་ཙཱ་བ་རིན་ཆེན་བཟང་པོ་ལ་གསེར་སློང་དུ་བོད་དུ་བྱོན། མྱང་འདས་སེང་གེ་སྒྲ་སྟག་བྲི་ཡེ་ཤེས་འབྱུང་གནས། ཨོད་སྨན་ཨ་མེ། མང་མོ་སྨན་བཙུན་སྟེ་མངའ་རིས་ཀྱི་སྨན་པ་མི་བཞི་དང་བཅས་འགྱུར་ཡོན་གསེར་སྲང་བརྒྱ་ཕུལ་སྟེ་སྙིང་པོ་བསྡུས་པ་རྩ་འགྲེལ་ཁ་ཆེ་དཀར་པོའི་ཡིག་སྣ་ལས་ཉི་ཐིགས་ཟླ་ཐིགས་ཡན་ལག་ནག་པོའི་རྒྱུད་སོགས་བསྒྱུར་རོ། །ལོ་ཆེན་རིན་བཟང་གི་སློབ་མ་མང་མོ་སྨན་བཙུན་ལ་ཆེ་རྗེ་ཏི་བམ་ནས་བཟུང་སྟེ་ཆེ་རྗེའི་བརྒྱུད་པ་ལ་ཆེ་རྗེ་ཞིག་པོ་སོགས་མཁས་པ་མང་དུ་བྱུང༌། ཡང་ལོ་ཆེན་གྱིས་སློབ་མ་ཞང་ཞུང་པ་ཤེས་རབ་འོད། དེས་རྒྱ་སྟོན་གྲགས་པ་ཤེས་རབ། དེས་གཡུ་ཐོག་རྒྱ་གར་རྡོ་རྗེ། ཡང་ཞང་ཞུང་པ་ནས་རྔོག་གྱོང་སྨན་གཡུང་དྲུང་འོད། གཡུ་ཐོག་གྲགས་པ། གཡུ་ཐོག་མགོན་པོ། ཡང་ཡར་ལུང་པ་ཞང་གཟི་བརྗིད་འབར་གྱིས་དབུས་གཙང་གི་མཁས་པ་མི་དགུ་བསྟེན་ཡང་ཡིད་མ་ཚིམ་སྟེ་རྒྱ་གར་དུ་བྱོན། རྔོག་ལོ་ཆེན་པོ་ལ་སྒྲ་མཁས་པར་སྦྱངས་སྟེ་སྨན་ལ་མཁས་པ་(ཙ༤༧བ)


PTT001_Page_1566
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་སྲོང་ཙནྡྲ་པི་བྱ་བ་ལ་ཡན་ལག་བརྒྱད་པ་ཐུགས་ནས་ཚར་གཅིག་དང༌། གཟབས་བཤད་ལག་ལེན་དང་བཅས་པ་ཚར་གཅིག་གསན། ཡིག་སྣ་རྩོམས་གསུངས་པས་གཞུང་དྲི་མེད་གཟི་བརྗིད་རྩ་འགྲེལ་སོགས་དང་གདམས་པ་སུམ་བཅུ་པ་རྩ་འགྲེལ་སོགས་མཛད། སློབ་མ་ཆུང་གསུམ་དང་རོག་དང་བཞི་ཉེ་གནས་སྐྱོགས་དང་ལྔ་བྱ་བ་སོགས་བྱུང༌། སྟོད་སྟོན་དཀོན་མཆོག་སྐྱབས་ཀྱིས་རྒྱ་གར་དུ་ཤཱནྟི་པ་ཕྱི་མ་ལ་སྦྱངས། དེ་སོ་སོས་ཀྱང་ཡིག་ཆ་མང་དུ་མཛད། རྒྱུད་པའི་བཀའ་ཐམས་ཅད་གཡུ་ཐོག་མགོན་པོ་ལ་བབས་སོ། །ཡུལ་གྲུ་སྣ་ཚོགས་ནས་བོད་དུ་སྨན་དཔྱད་ཇི་ལྟར་བྱུང་བའི་སྐབས་སོ། །སྨན་གྱི་གཞུང་མན་ངག་ཐམས་ཅད་ཀྱི་སྙིང་པོ་རྒྱུད་བཞི་ནི་གཡུ་ཐོག་མགོན་པོ་ཅེས་བྱ་བ་སྤྲུལ་པའི་སྐུ་དངོས་སུ་བྱོན་པ། བོད་དུ་གྲགས་པའི་གཞུང་མན་ངག་ཐམས་ཅད་ཀྱི་བཀའ་བབས་པ། རྒྱ་གར་དུ་ལན་དྲུག་བྱོན། ཤོག་དྲིལ་བསྐོར་གསུམ་ལས། ཁོ་བོ་གཡུ་ཐོག་མགོན་པོ་ཡིས། །ལོ་བརྒྱད་ལོན་ནས་སྨན་དཔྱད་བསྐྱངས། །ཅེས་སོགས་བསྡུས་ན་མྱང་སྟོད་འབྲེ་དང་ཁྱུང་གི་ཡུལ་ནས་གདུང་འབྲེ། ལུགས་གཉིས་ལ་དབང་འབྱོར་བ་རྒྱ་གར་རྡོ་རྗེ་ཞེས་བྱ་བའི་མཁས་པ་དེས་རྒྱ་རགས་ཀ་བ་ཕྲང་གི་གཞི་བདག་གི་ནད་བསལ་པས་བུད་མེད་གཡུ་རྒྱན་ཤིན་དུ་མཆོར་བའི་རོ་དང་སྤྲད་སྟེ་གཡུ་ཐམས་ཅད་ཁང་ཐོག་དུ་བདལ་བས་གཡུ་ཐོག་པར་ཐོགས། དྲང་སྲོང་དྲུག་བཅུ་བསྒྲུབས་པས་དྲུག་དངོས་སུ་བྱོན་སྟེ་བརྒྱུད་པ་བྱིན་གྱིས་བརླབས། སྲས་བརྗིད་པོ་གྲགས་སེ་ཁྱུང་པོ་གསུམ་བྱུང༌། བརྗིད་པོའི་སྲས་འབུམ་སེང་མཆེད་གཉིས། ཁྱུང་པོའི་སྲས་ཡོན་ཏན་མགོན་པོ་འདི་ཡིན། འདིས་དྲང་སྲོང་ཙ་ར་ཀ་ལ་སོགས་བསྟེན། ཁྱད་པར་ཡེ་ཤེས་ཀྱིས་མཁའ་འགྲོའི་གཙོ་མོ་དཔལ་ལྡན་འཕྲེང་མས་རྗེས་སུ་བཟུང་སྟེ་ཡན་ལག་བརྒྱད་པ་བསིལ་ཟེར་གྱི་གནད་རྒྱུད་རིགས་དྲུག་བཅུ་རྩ་ལྔ་སོགས་མཐའ་ཡས་པ་གསན། སྨན་གྱི་ལྷ་མོས་རྗེས་སུ་བཟུང་སྟེ་ཞུས་ལན་སྐོར་གསུམ་སོགས་དང་རྨ་རྩི་འཆི་མེད་(ཙ༤༨ན)


PTT001_Page_1567
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་འབྱོར་སོགས་གསན། འཇིགས་པ་ཆེན་པོ་དུ་མ་ལས་ལྷ་མོས་བསྐྱབས། གཞན་ཡང་རིག་པའི་གནས་ཐམས་ཅད་ལ་མཁས་ཤིང་གྲུབ་པ་བརྙེད་པ་ཡིན་པས་མུ་སྟེགས་ཀྱི་སྟོན་པ་གྲགས་པ་ཅན་ལྔ་བརྒྱ་བཏུལ། རྡོ་རྗེ་གདན་དུ་པཎ་གྲུབ་མང་པོའི་ཚོགས་དཔོན་མཛད། དཔལ་གྱི་རིའི་ལམ་དུ་ལྟ་སྟངས་ཀྱིས་བྱག་པ་ཐམས་ཅད་རེངས། ཨོ་ཌྱན་དུ་ཤ་ཟ་མཁའ་འགྲོས་ཐོག་ཕབ་པ་ལ་སྡིགས་མཛུབ་བསྟན་པས་མཁའ་འགྲོ་འགྱེལ། སིངྒྷ་ལའི་གླིང་དུ་ཆུ་དབུས་སུ་གྲུ་ཞིག་པའི་ཚེ་ན་མཁར་འཕུར་སྟེ་གྲོགས་རྣམས་བསྒྲལ། དུག་སྦྲུལ་གྱི་ཁ་རླངས་སྤྲིན་ལྟར་གཏིབས་པ་སྙིང་རྗེ་བསྒོམས་པས་ཞི། སྟག་གཟིག་གི་ཡུལ་དུ་རི་ལ་མ་ཐོགས་པར་བྱོན། བལ་བོར་བོན་དང་རྫུ་འཕྲུལ་འགྲན་ཚེ་ན་མཁར་ཉིན་ཕྱེད་བཞུགས། རྡོ་རྗེ་གདན་ནས་བོད་དུ་ཉིན་གཅིག་གིས་བྱོན། ཚོང་འདུས་མགུར་མོར་ཉི་མ་གཏོད་ལ་མནན་ཞིང་ཨ་རུ་ར་གསེར་མདོག་གི་ཆར་ཕབ། དེ་སོགས་ངོ་མཚར་མཐའ་ཡས་པ་བསྟན། ཤངས་དཔལ་སྐྱེད་དུ་བཞུགས་ནས་དགུང་ལོ་དོན་དྲུག་གི་བར་འགྲོ་བའི་དོན་མཛད། སྐུ་གདུང་མ་བཞག་པར་འོད་དུ་ཡལ་བར་གྲགས། འདི་ཉིད་མཆོག་གི་སྤྲུལ་སྐུ་དངོས་ཡིན་ཞིང་ཁོང་རང་གི་བཞུགས་གནས་དེའི་ཤར་ན་སྤང་རི་སྔོ་སྨན་མང་པོ་སྐྱེ་བ་སྤོས་ངད་ལྡང་དང་འདྲ་བ་དང་ལྷོ་ན་སྔོ་སྨན་ཚ་བ་སྐྱེ་བ་བྱང་ན་གངས་རི་དང་བསིལ་སྨན་སྐྱེ་བ་ནུབ་ན་ནགས་ཚལ་སོགས་ཆ་མཐུན་ཡོད་པས་ཁོང་རང་གི་བཞུགས་གནས་དེ་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་དང་ཐུགས་ཆོས་ཀྱི་དབྱིངས་སངས་རྒྱས་སྨན་གྱི་བླ་དང་ཀུན་རྟོག་སྣ་ཚོགས་པ་རྣམས་འཁོར་སྡེ་བཞི་དང་རྩོམ་འདོད་ཀྱི་རྟོག་པ་དྲང་སྲོང་ཡིད་ལས་སྐྱེས་དང་རིག་པའི་ངོ་བོ་དྲང་སྲོང་རིག་པའི་ཡེ་ཤེས་སུ་མཛད་ནས་རྒྱུད་བཞི་བཤད་ཏོ་ཅེས་རྗེ་ཕྲིན་ལས་ཞབས་གསུངས་ལ། ཐུན་མོང་གི་སྣང་བ་དེ་ཉིད་ལ་སྣང་བ་དག་པའི་གདུལ་བྱའི་ངོར་གླེང་གཞིར་ཇི་ལྟར་བཤད་པ་ལྟར་སྣང་བ་ཡང་མི་འགལ་ལོ་ཞེས་བདག་སེམས་སོ། །འོ་ན་གླེང་གཞི་བཀའ་ལྟར་བཅོས་པས་(ཙ༤༨བ)


PTT001_Page_1568
[མ་དཔེ་གཟིགས་ན་འདིར་གནོན།]

ནོངས་སོ་ཞེ་ན་སངས་རྒྱས་ཀྱི་མཐུས་བྱིན་གྱིས་བརླབས་སྟེ་སྤྲུལ་པའི་སྐུ་དེའི་ཐུགས་ལ་རང་བྱུང་དུ་ཤར་བ་ཡིན་པས་ཆེས་ངོ་མཚར་ཏོ། །ཁ་ཅིག་སངས་རྒྱས་སྨན་བླ་ཉིད་ཀྱི་བཀའར་འདོད་པ་དང་རི་རབ་ཀྱི་རྩེར་རྣམ་སྣང་དུ་སྤྲུལ་ནས་རྣལ་འབྱོར་རྒྱུད་གསུངས་པ་ལྟར་ཤཱཀྱའི་དབང་པོ་ཉིད་ཀྱི་སྤྲུལ་བཤད་དུ་འདོད་པ་དང་གཏེར་མར་འདོད་པ་དང་རྩ་རྒྱུད་བཞི་ཆུང་ངུ་ཞིག་ཡོད་པ་ལ་འདིས་རྒྱས་པར་མཛད་པར་འདོད་པ་སོགས་མང་ནའང་མཛད་པོ་དེ་སྤྲུལ་པའི་སྐུར་འབྲས་བུའི་རྟགས་ཀྱིས་ངེས་ལ་རེག་པ་རྩ་དང་མཐོང་བ་ཆུ་ལ་བརྟག་པ་ནི་གཞུང་གཞན་ན་མེད་པས་ཛམ་གླིང་ན་སྨན་དཔྱད་ཀྱིས་གཞུང་ལ་རྒྱུད་བཞི་ལས་མཆོག་དུ་གྱུར་པ་མི་སྲིད་པར་འདུག་ཅིང་ཁྱད་པར་བོད་ཀྱི་ཡུལ་དུས་དང་འཚམས་པ་འདིའི་བཀའ་དྲིན་གཞལ་དུ་མེད་པས་སངས་རྒྱས་ཀྱི་བཀའ་བཞིན་དུ་སྤྱི་བོར་བླང་ངོ༌། །ཇོ་བོའི་ལམ་ཡིག་རྙིང་པ་ཁ་ཅིག་ལས། ཇོ་བོ་བོད་དུ་བྱོན་དུས་བོད་ན་སྨན་མེད་པས་ངའི་སྨན་དཔྱད་འདི་ནུབ་འགྲོ་དགོངས། བོད་དུ་ཕེབས་ནས་སྒྲོལ་མས་ནེ་ཙོར་མཛད་སྟེ་སྨན་གཟིགས་སུ་གཤེགས་གསུངས་ནས་རི་ལུང་ཀུན་བསྟན་པས་རྒྱ་གར་གྱི་སྨན་ཀུན་ལ་བོད་ན་ཚབ་རེ་འདུག་ལ་ལྷག་པར་བོད་ཀྱི་སྨན་ནུས་པ་ཆེ་བར་འདུག་གསུང་ཇོ་བོས་སྙེ་ཐང་དུ་ཡན་ལག་བརྒྱད་པ་གསུངས་པ་བྲག་རྒྱབ་ཀྱི་སྨན་པ་ཁ་ཅིག་གིས་ཞུས་པས་མཁས་པར་གྱུར། དེ་དག་གི་ཟིན་བྲིས་གཡུ་ཐོག་མགོན་པོའི་ཕྱག་དུ་བྱུང་བས་མཁས་པར་གྱུར་སྟེ་ཇོ་བོའི་སྨན་རྒྱུན་ཡིན་ཞེས་ཀྱང་སྣང༌། འདིས་ཡན་ལག་བརྒྱད་པ་ཆེ་ཆུང་གི་སྙིང་པོ་ཡན་ལག་བསྡུས་པ་དང་མདོ་གནས་དང་པོའི་འགྲེལ་པ་མཐོང་བ་མེ་ལོང་མཛད་ཅིང་གཞུང་ལ་སྨར་མཆན་བཏབ། སྤྱིར་རྩ་དཔྱད་རེག་པ་རང་གསལ། སྡེ་ཚན་ལྔ་དང་ལག་ལེན་པོད་ཆུང༌། རྒྱུད་ཆུང་བདུད་རྩི་སྙིང་པོ། མན་ངག་ཤོག་དྲིལ་སྐོར་གསུམ། གསེར་གྱི་ལྡེ་མིག་སྐོར་དྲུག་མཛད། རྒྱུད་ལ་གསེར་མཆན་དང་ཟོང་མཆན་གཉིས་བཏབ། འདིས་ཆ་ལག་བཅོ་བརྒྱད་མཛད་ཟེར་ཡང་ཁོག་དབུབ་ཁྱུང་ཆེན་ལྡིང་བ་དང་གཏོང་ཐུན་(ཙ༤༩ན)


PTT001_Page_1569
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་པའི་འཇའ་རིས་ནི་ཐ་སྙད་ཤིན་དུ་མི་མཛེས་པས་གཞན་གྱི་ཁ་གཡར་དུ་ཟད་ལ། ཊཱིཀ་མུན་སེལ་སྒྲོན་མེ་དང༌། གེགས་སེལ་རྩོད་ལྡོག་འཁོར་ལོ། འབུམ་ཆུང་གསལ་སྒྲོན་སོགས་ཀྱང་རྗེ་ཡེ་ཤེས་གཟུངས་སོགས་རྗེས་འབྲེང་གིས་བྱས་པར་འདོད་དོ། །གཡུ་ཐོག་པས་མཛད་ངེས་པ་གཞན་ཡང་སྐོར་ཚོམ་བཅུ་གཅིག་རིན་ཆེན་གཏེར་སྤུངས། སྨར་ཁྲིད་ཡིག་ཆུང་གབ་པ་བཅོ་བརྒྱད། མེད་ཐབས་མེད་པ་རྣམས་གསུམ། ཁ་འཐོར་རིན་སྤུངས། ཟབ་པ་རྣམས་གསུམ། ངོ་མཚར་བཞི་ཕྲུགས། བདུད་རྩི་སྙིང་པོ། མུ་ཏིག་ཕྲེང་བ། སྔོན་འབུམ་ཆེན་མོ། འབུམ་ཐེར། ཐོར་བུ་མེ་ལེན། དེབ་ཆིངས་རྒྱོགས་སོགས་ཀྱི་དཔེ་རིས། བྱང་ཁོག་རྩ་བཀྲ། ཆུ་བྲའི་འཁོར་ལོ་ཆེ་ཆུང༌། གསོ་རིག་གིས་མཆོག་སྒྲུབ་ཐབས་བླ་མ་གསང་སྒྲུབ་ཀྱི་སྐོར་སོགས་མཛད། སློབ་མ་སའི་རྡུལ་ཙམ་བྱུང་ཡང་གཙོ་བོ་ལྗང་སྨན་ལེབ་བེ། འབལ་སྨན་ཉི་མ་དཔལ། རྫ་ཡེ་ཤེས་གཟུངས། སྟོན་པ་ཨ་ཚེས་པ། ཤག་རམ་ཉི་མ་དཔལ། གཡུ་ཐོག་བསོད་སེང༌། སུམ་སྟོན་ཡེ་ཤེས་གཟུངས། དགེ་བཤེས་རོག་ཆུང་སོགས་བྱུང་ལ། གཡུ་ཐོག་འབུམ་སེང་གེ་སློབ་མ་འབལ་ཉི་མ་དཔལ་གྱིས་གཅེས་བསྡུས་ཡིད་བཞིན་ནོར་བུ་བརྩམས། དེའི་སློབ་མ་བྲང་ཏི་འཇམ་དཔལ་བཟང་པོས་ལེའུ་དང་པོའི་འགྲེལ་པ་འབུམ་ཊཱིཀ་གསལ་བ་མཛད། དེས་བྲང་ཏི་རྒྱལ་བ་བཟང་པོ་དེས་བྲང་ཏི་དཔལ་ལྡན་འཚོ་བྱེད་སྟེ་འདིས་བརྒྱད་པའི་ཁོག་དབུབ་གཅེས་བསྡུས། མདོ་གནས་སུམ་བཅུའི་སམ་འགྲེལ་སོགས་མཛད། འདིའི་སློབ་མ་བྲང་ཏི་དཔལ་ལྡན་རྒྱལ་མཚན་སྟེ་འདི་གཉིས་འཕྲིན་ལས་ཤིན་ཏུ་ཆེའོ། །གཞན་ཡང་མང་ར་སྒོམ་ཆེན་གྱིས་གསལ་བྱེད་མེ་ལོང༌། གཡུ་ཐོག་བཀྲ་ཤིས་མགོན་གྱིས་ལེ་གྲངས་ཀྱི་བསྡུས་དོན། འཕེལ་ཟད་རོ་སྦྱོར། ནི་རུ་ཧའི་ལས་རིམ་མཚན་ཉིད་ཉི་ཤུ་སོགས་མཛད། གཡུ་ཐོག་རྒྱལ་ཚས་གཏོང་ཐུན་ཆེན་མོ་ལུང་དྲངས་ཉི་མའི་སྙིང་པོ་མཛད། ཆེ་རྗེ་ཤཱཀྱ་དཔལ་གྱིས་ལེའུ་དང་པོའི་ཊཱིཀ་ཟླ་ཟེར་མེ་ཏོག་བྱ་མོ་ཁུང་པ་ཡེ་ཤེས་(ཙ༤༩བ)


PTT001_Page_1570
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོས་ཊཱིཀ་ཤིན་དུ་རྒྱས་པ་དོན་གསལ་ཉི་མའི་སྙིང་པོ། མཐའ་བཞི་ཤཱི་ལ་སམ་བྷ་ཝས་ཁོག་དབུབ་བདུད་རྩིའི་ཆུ་རྒྱུན། མི་ཉག་རྡོ་རྗེ་འབུམ་གྱིས་ཟབ་འབྲེལ་རྫ་རྡོ་གཟུངས་ཀྱིས་སྤྱི་ཁོག་གསལ་བ་གཤག་རམ་ཉི་མ་དཔལ་གྱིས་བཤད་འབུམ་ཉི་མའི་འོད་ཟེར། རོག་སྟོན་གྱིས་ཚིག་དོན་གསལ་བྱེད་འབུམ་ཊཱིཀ། ཁོན་དཔལ་ཆེན་འོད་པོས་བརྒྱད་ཆུང་ཉི་མའི་འཁོར་ལོ། ས་པཎ་གྱིས་བརྒྱད་པའི་དོན་བསྡུས་དང་རྒྱལ་པོའི་དཀོར་མཛོད། བཅོམ་རལ་པས་གསོ་རིག་རྒྱན་གྱི་མེ་ཏོག་གྲུབ་ཐོབ་ཨོ་ཌྱན་པས་དངུལ་ཆུའི་བསྟན་བཅོས། རྗེ་རང་བྱུང་བས་བརྒྱད་པའི་སྙིང་པོ་སྡུས་པ་དང་སྨན་རྣམས་ཀྱི་ནུས་པ་བསྟན་པ། སྒྲ་པ་ཤེས་རིན་པས་ཁོག་དབུབ་དང་ལག་ལེན་གཅེས་བསྡུས། སྟོད་སྨན་འཚོ་བྱེད་གཞོན་ནུས་སྙིང་པོ་བསྡུས་པ། སྐྱོར་ལུང་བ་དོན་ཡོད་དཔལ་གྱིས་མཆན་བུ་ཧོར་བར་ཅན་སོགས་འདི་ཕལ་ཆེར་ཡན་ལག་བརྒྱད་པ་ལ་བསྟེན་པ་ཡིན་ལ། བརྒྱུད་བཞི་ལའང་རྗེས་འབྲེང་གིས་འགྲེལ་པ་མང་དུ་བྱུང་ངོ༌། །ཕྱིས་སྨན་དཔྱད་གཟུགས་བརྙན་དུ་གྱུར་པ་ན་དགས་པོ་ལ་ཐོགས་ཟུར་མཁར་བ་མཉམ་ཉིས་རྡོ་རྗེ་དེ་སྤྱིར་ཆོས་དུ་མ་ལ་མངའ་འབྱོར་ཡང་ཁྱད་པར་སྨན་དཔྱད་ཀྱིས་ཕྲིན་ལས་བསྐྱངས་སྟེ་མན་ངག་བྱེ་བ་རིང་སྲེལ་གྲངས་ཅན་གྲངས་མེད་དང་བླ་སྒྲུབ་གེགས་སེལ་སོགས་མཛད་སྟེ་གསོ་རིག་གི་བསྟན་པ་གཞི་ནས་གསོས། ཕྱིས་སྨན་པ་མཁས་པ་མང་དུ་བྱུང་བ་ནི་འདི་ཁོ་ནའི་བཀའ་དྲིན་ཡིན་ནོ། །ཁོག་དབུབ་རྣམས་ལས་བཀའ་དངོས་དང་ཀླུ་སྒྲུབ་དང་རིགས་གསུམ་མགོན་པོ་སོགས་ཀྱིས་མཛད་ཟེར་བ་སོགས་མཛད་བྱང་དང་འགྱུར་བྱང་བཟང་པོ་སྨོས་པ་རྣམས་ཁུངས་དེ་ལྟར་སྨོས་པ་ཙམ་དུ་ཟད་ལ། རྒྱལ་པོའི་བླ་སྨན་དགུ་ཡང་སྟོད་ན་བི་ཇི་ཆེ་རྗེ་ཕུག་པ་གསུམ། སྨད་ན་གཉའ་དང་སྟོང་དང་མཐའ་བཞི་གསུམ། བར་ན་གཡུ་ཐོག་བྲང་ཏི་མི་ཉག་གསུམ་ཟེར་ཡང་འདི་ཐམས་ཅད་ཆོས་རྒྱལ་གྱི་དུས་ན་དུས་མཉམ་དུ་ཡོད་པ་མིན་ལ་ཕྱིས་རིམ་པས་བྱུང་བ་ཡིན་(ཙ༥༠ན)


PTT001_Page_1571
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །སྤྱིར་ཡོངས་སུ་གྲགས་པའི་སྨན་པ་ཆེན་པོ་དྲུག་བཅུ་རྩ་ལྔའམ་དོན་གཅིག་གམ་བརྒྱ་དང་བཞི་ཞེས་གྲགས་ཅིང་ལོ་ཆེན་རིན་བཟང་ལ་པཎྜིཏ་ལྟར་མཁས་པ་གཅིག་ཞེས་དང༌། སྐྱེས་བུ་མེ་ལྷ་ན་མཁའ་ལྟར་ཁྱབ་པ་གཅིག་དང༌། མྱང་སྨན་ལོ་ཙཱ་དང་སྟོད་སྨན་སྟག་ཆུང་ནི་ཉི་ཟླ་ལྟར་གྲགས་པ་གཉིས་དང༌། དེ་བཞིན་དུ་རྒྱལ་པོའི་བླ་སྨན་དགུ། ཨོ་རྒྱན་པ་སོགས་སྤྲུལ་པས་འགྲོ་དོན་མཛད་པ་བཅུ། མང་མཁར་འཚོ་བྱེད་དཀོན་སྐྱབས་སོགས་སྦྱངས་སྟོབས་ཀྱིས་ཆེ་བ་དྲུག་གཡུ་ཐོག་མགོན་པོ་སོགས་སྨན་བླ་ལྟ་བུ་བཅུ། སྙེ་མདོ་ཀུན་དོན་སོགས་ལས་འཕྲོ་སད་པ་བཅུ། གཟེ་སྨན་ནག་པོ་སོགས་དཔྱད་མགོ་སོ་སོར་ཐོན་པ་བཅུ། ཉང་རོ་སྟོང་གསུམ་གྲགས་སོགས་གྲགས་པ་བློ་བུར་དུ་ཐོན་པ་བཅུ། འབལ་ཉི་མ་དཔལ་སོགས་གྲགས་པ་ཧོར་གྱིས་བཏོན་པ་ལྔ། བྱང་ཁོག་ལ་ནང་བྱན་ཚུད་པས་བཅོས་ལོག་ཡང་འཚོ་བ་བརྩོན་འགྲུས་སེང་གེ། ཐུར་དཔྱད་ལ་ནང་བྱན་ཚུད་པས་དཔྱད་ཐལ་ཡང་འཚོ་བ་སྦ་རས་ལྷ་རྗེ་སྟེ་དཔྱད་ལ་ནང་བྱན་ཚུད་པ་གཉིས་ཅེས་དོན་གཅིག་དང༌། ཡང་འཇང་པ་ཡེ་ཤེས་བློ་གྲོས་སོགས་སྲོག་ཤིང་ལྟ་བུ་གཅིག་ཞེས་སོགས་བསྣན་ནས་ལྔ་དང་བཞིར་འདོད་པ་དང༌། ཡང་ལོ་ཙཱ་བ་ཞྭ་སེར་ཅན་སོགས་དར་བྱེད་ཀུན་ལ་གྲགས་པ་ལྔ་བཅུ་རྩ་བརྒྱད་ཅེས་ཀྱང་སྒྲོག་ཞིང་དེ་རྣམས་ཀྱི་རིང་ལ་བཅོས་གང་དར་བ་ཡང༌། ཤཱནྟི་གརྦྷས་འཛེ་ནད་སྨན་གསོ་དར། །སོགས་དང༌། ལོ་ཆེན་རིན་འཟང་བརྒྱད་པའི་སྨན་གསོ་དར། །ཞེས་སོགས་འཆད་པར་སྣང་ངོ༌། །སྨན་དཔྱད་ལ་བསྟན་འགྱུར་ན་པོ་ཏི་བདུན་བཞུགས། གསོ་བ་རིག་པའི་སྐབས་སོ། །དམ་པའི་ཆོས་ཀྱི་འཁོར་ལོས་སྒྱུར་བ་རྣམས་ཀྱི་བྱུང་བ་གསལ་བར་བྱེད་པ་མཁས་པའི་དགའ་སྟོན་ཞེས་བྱ་བའི་ལེགས་པར་བཤད་པ་ལས། ཡུལ་སྤྱི་དང་བྱེ་བྲག་མ་ཕྱེ་བར་ཤེས་བྱའི་གཙོ་བོ་རིག་གནས་ལྔ་ཇི་ལྟར་བྱུང་བ་བཤད་པ་སྟེ་ཡན་ལག་ལྔ་པའོ།། །།དེ་ལྟར་བསྐལ་པ་བཟང་པོ་འདི་ཉིད་ཀྱི། །བཞི་པ་ཤཱཀྱ་སེང་གེའི་བསྟན་པ་མཆོག །(ཙ༥༠བ)


PTT001_Page_1572
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བར་མཛད་པའི་སྐྱེས་ཆེན་དམ་པའི་ཚོགས། །གྲངས་མེད་ཀུན་དུ་ཁྱབ་པར་བྱོན་པ་ལས། །འཕགས་ཡུལ་རྒྱ་ནག་ཧོར་དང་ལི་ཡུལ་དང༌། །བྱང་ཕྱོགས་བོད་ཀྱི་ཡུལ་དུ་བྱོན་པ་རྣམས། །ངོ་མཚར་གཏམ་གི་ཆ་ཤས་དཔག་མེད་ལས། །ཅུང་ཟད་ཙམ་རེ་བདག་གིས་དད་པས་བརྗོད། །འདིར་འབད་དགེ་བས་བོད་ཀྱི་རྒྱལ་ཁམས་འདིའི། །དུས་འཁྲུག་ཡམས་ནད་ཐམས་ཅད་རྒྱུན་ཆད་ཅིང༌། །འགྲོ་ཀུན་དལ་འབྱོར་དོན་དང་ལྡན་བྱེད་པས། །དམ་པའི་ཆོས་ཀྱི་སྣོད་དུ་རུང་བར་ཤོག །ཚེ་རབས་ཀུན་དུ་སྙིང་པོའི་བསྟན་ལ་འཇུག །སངས་རྒྱས་དངོས་ཀྱི་བླ་མས་རྗེས་སུ་འཛིན། །ལེགས་པའི་བརྟེན་འབྲེལ་མཐའ་དག་ལྷུན་གྲུབ་པས། །རང་གཞན་དོན་གཉིས་ཅིག་ཆར་འགྲུབ་གྱུར་ཅིག །དམ་པའི་ཆོས་ཀྱི་འཁོར་ལོས་བསྒྱུར་བ་རྣམས་ཀྱི་བྱུང་བ་གསལ་བར་བྱེད་པ་མཁས་པའི་དགའ་སྟོན་ཞེས་བྱ་བའི་ལེགས་པར་བཤད་པ་ལས་ཡན་ལག་དང་པོའི་འཇིག་རྟེན་གྱི་ཁམས་སྤྱིར་བསྟན་པའི་སྐབས། ཡན་ལག་གཉིས་པ་རྒྱ་གར་གྱི་སྐབས་ལ་སྟོན་པའི་མཛད་པ་བཤད་པ་བཀའ་བསྡུས་པ་ཁྱད་པར་དུ་བཤད་པ་དཀོན་མཆོག་གསུམ་གྱི་རྟེན་ཇི་ལྟར་བྱུང་ཚུལ་རྒྱལ་པོ་བྱོན་ཚུལ་སྟེ་ནང་ཚན་དུ་ལེའུ་བཞི། ཡན་ལག་གསུམ་པ་བོད་ཡུལ་གྱི་སྐབས་ལ་དང་པོར་སྤྱན་རས་གཟིགས་ཀྱིས་བོད་བདག་གིར་མཛད་ཚུལ་གཉིས་པ་ཆོས་རྒྱལ་གྱི་རྒྱལ་རབས། གསུམ་པ་འདུལ་བའི་ཆོས་བྱུང༌། བཞི་པ་ལོ་པཎ་ཇི་ལྟར་བྱོན་པ། ལྔ་པ་གསང་སྔགས་སྔ་འགྱུར་གྱི་ཆོས་བྱུང༌། དྲུག་པ་བཀའ་གདམས་ཀྱི་ཆོས་བྱུང༌། བདུན་པ་བཀའ་རྒྱུད་སྤྱིའི་ཆོས་བྱུང༌། བརྒྱད་པ་ཀརྨ་ཀཾ་ཚང་གིས་ཆོས་བྱུང༌། དགུ་པ་འབྲི་ཁུང་བཀའ་རྒྱུད་ཀྱི་ཆོས་བྱུང༌། བཅུ་པ་ཆོས་རྒྱུད་སྣ་ཚོགས་པའི་ཆོས་བྱུང་སྟེ་ནང་ཚན་ལེའུ་བཅུ། ཡན་ལག་བཞི་པ་རྒྱ་ནག་སོགས་སུ་ཆོས་བྱུང་ཚུལ། ཡན་ལག་ལྔ་པ་སྤྱིར་རིག་གནས་ཇི་ལྟར་བྱུང་ཚུལ་སྟེ་སྐབས་ཆེན་པོ་ལྔ། ནང་ཚན་ལེའུ་བཅུ་བདུན་གྱིས་(ཙ༥༡ན)


PTT001_Page_1573
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་གྲུབ་པ་སྟེ། རང་གི་དད་པའི་བློ་དང༌། ས་སྐྱོང་པ་ཆེན་པོ་བསོད་ནམས་རབ་བརྟན་གྱིས་བསྐུལ་བར་མཛད་པའི་རྐྱེན་ལས། ཤཱཀྱའི་དགེ་སློང་དུས་ཀྱི་དབང་གིས་ཆོས་སྨྲ་བའི་རེ་མོས་སུ་སོན་པ་མི་ཕམ་ཆོས་ཀྱི་རྒྱལ་པོ་དོན་ཡོངས་སུ་གྲུབ་པ་མིང་གཞན་གཙུག་ལག་གི་ཕྲེང་བ་འཛིན་པས་རང་ལོ་ཞེ་གཉིས་པ་ལ་སྐབས་དང་པོ་གསུམ་པ་བརྩམས་ཅིང༌། ཕྱིས་རང་ལོ་དྲུག་བཅུ་པའི་སྐབས་ཅི་རིགས་པར་ལེའུ་ལྷག་མ་རྣམས་བྲིས་ཤིང་རེ་གཅིག་པ་ཤིང་ཕོ་བྱི་བའི་ལོ་ཧོར་ཟླ་གཉིས་པའི་ཚེས་གཅིག་ལ་དཔལ་སངས་རྒྱས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་གྲུབ་པར་བགྱིས་པ་དགེ་བར་མཐར་ཕྱིན་ཏོ། །རིག་གནས་ལྔ་ཡི་ཆོས་ཀྱི་བྱུང་བ་འདི། །གནམ་གཤེགས་དཔལ་འབྱོར་བཟང་མོའི་དགོངས་རྫོགས་ཕྱིར། །ལྷོ་བྲག་གནས་ཀྱི་གཞིས་ཁར་པར་དུ་བསྒྲུབས། །ཡིག་བརྐོས་གཉིས་ཀ་བྱེད་པོ་གཡེ་བ་ཡིན། །དགེ་འདིས་འགྲོ་ཀུན་ཐམས་ཅད་མཁྱེན་ཐོབ་ཤོག །


previousཡུལ་སྤྱི་དང་ཤེས་བྱའི་གཙོ་བོ་རིག་གནས་ལྔ་བྱུང་ཚུལ།no next