Nitartha Digital Library
Tibetan
རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གསུང་འབུམ།


   
   
   
དུས་ཀྱི་འཁོར་ལོའི་དཔྱད་པ་ལས་བརྩམས་ཏེ་བསྟན་འཛིན་རྣམས་ལ་འཕྲིན་དུ་གསོལ་བ་ནོར་བུའི་ཕྲེང་བ།
   
   
   
   
  expand section


 
previousདུས་ཀྱི་འཁོར་ལོའི་དཔྱད་པ་ལས་བརྩམས་ཏེ་བསྟན་འཛིན་རྣམས་ལ་འཕྲིན་དུ་གསོལ་བ་ནོར་བུའི་ཕྲེང་བ།next

དུས་ཀྱི་འཁོར་ལོའི་དཔྱད་པ་ལས་བརྩམས་ཏེ་བསྟན་འཛིན་རྣམས་ལ་འཕྲིན་དུ་གསོལ་བ་ནོར་བུའི་ཕྲེང་བ།

དུས་ཀྱི་འཁོར་ལོའི་དཔྱད་པ་ལས་བརྩམས་ཏེ་བསྟན་འཛིན་རྣམས་ལ་འཕྲིན་དུ་གསོལ་བ་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །

ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་གིས་ཤེས་བྱའི་དེ་ཉིད་ཀུན། །མ་ལུས་ཐུགས་སུ་ཆུད་གྱུར་ཅིང་། །གཞན་ལའང་བརྩེ་བས་རྗེས་སྟོན་པ། །སངས་རྒྱས་དེ་ལ་བདག་ཅག་དད། །མི་ཤེས་མུན་པ་སེལ་བའི་སྣང་བྱེད་མཆོག །ལུང་དང་རྟོགས་པའི་བདག་ཉིད་དམ་ཆོས་དང་། །ཇི་ལྟ་ཇི་སྙེད་གཟིགས་པའི་སྤྱན་མངའ་བ། །འཕགས་མཆོག་དགེ་འདུན་ཚོགས་ལའང་བདག་གུས་སོ། །སངས་རྒྱས་བསྟན་ལ་ཆེད་ཆེར་མི་འཛིན་ཅིང་། །དམ་ཆོས་རིན་ཆེན་འཚོང་བའི་དོན་མཐུན་པ། །འདོད་པའི་ཁོལ་པོ་སྲེད་པའི་རྗེས་འབྲང་མི། །མཁས་པར་རློམས་གཞན་དེ་དག་མིང་ཙམ་ཡིན། །དེ་དག་ལ་འཕྲིན་འདི་སྤྲིང་པ་མ་ཡིན། འོ་ན་གང་ལ་སྤྲིངས་ཤེ་ན། ཐུབ་བསྟན་འགྲོ་བའི་དམིགས་བུ་ལྟར་མཐོང་ཞིང་། །གསུང་རབ་དེ་ཉིད་འབྱེད་ལ་རྟག་ཏུ་བརྩོན། །ལུང་རིགས་བདུད་རྩིས་བློ་གྲོས་ལུས་རྒྱས་པའི། །བསྟན་འཛིན་རྣམས་ཀྱི་སྙན་དུ་འདི་སྤྲིང་ངོ་། །ཕན་བདེའི་འབྱུང་གནས་ཐུབ་བསྟན་ཡིད་བཞིན་ནོར། །སྒྲོ་སྐུར་དྲི་མའི་འདམ་རྫབ་ཀྱིས་གོས་པ། ལུང་རིགས་རྣམ་དག་གངྒཱའི་ཆུ་རྒྱུན་གྱིས། །རྟག་ཏུ་བྱི་དོར་བྱེད་ལ་བརྩོན་འཚལ་ལོ། །འཕགས་པའི་ཡུལ་གཞན་དུའང་གསུང་མོད་ན་ཐུབ་པའི་དབང་པོ་ཡིས། །དམན་ཚིགས་སུ་བཅད་པ་གཉིས་པོ་འདིའི་དོན་འཕགས་པ་ལྷས་སྤྱོད་བསྡུས་སུ་བཤད་དང་རྒྱ་ཆེའི་ཆོས་ལ་མོས་རྣམས་ལ། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་འཁོར་ལོ་ནི། །འདོད་ཆགས་བྲལ་བའི་གཟུགས་ཀྱིས་ཐོག་མར་བསྐོར། །གཅིག་ཏུ་ཟབ་མོའི་ཆོས་ལ་མོས་རྣམས་ལ། །འཁོར་ལོས་བསྒྱུར་བའི་གཟུགས་སུ་སྤྲུལ་ནས་ཀྱང་། །ཆགས་ཅན་སྐྱེས་བུ་འདུལ་བའི་དོན་གྱི་ཕྱིར། །རྣམ་མང་རྒྱུད་སྡེའི་ཆོས་འཁོར་ཨུ་རྒྱན་སོགས་གཞན་དུ་བསྐོར། །ཐུབ་པ་ནོངས་འོག་རྒྱལ་པོའི་ཁབ་ཉིད་དུ། །འོད་སྲུངས་ཉེ་བར་འཁོར་དང་ཀུན་དགའ་བོས། །ཐེག་པ་དམན་པའི་སྡེ་སྣོད་རིན་ཆེན་གསུམ། ། སྒྲོ་སྐུར་མེད་པར་བསྡུས་ཞེས་འདུལ་བ་ལུང་ལས་འབྱུང་། །དེ་ནས་བརྒྱ་ཕྲག་གཅིག་དང་བཅུ་འདས་ཚེ། །ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོ་རུ། །གྲགས་པ་ལ་སོགས་འཕགས་པ་དགྲ་བཅོམ་བདུན་བརྒྱ་ཡིས། །བསྡུ་བ་གཉིས་པ་བྱས་ཞེས་ཕྲན་ཚེགས་ལས་གསལ་བར་ཐོས། །དེ་ནས་རིམ་གྱིས་བདུད་ཀྱི་ལས་གཡོས་ཚིགས་སུ་བཅད་པ་འདིའི་ཕྱེད་དང་པོའི་དོན་རྟོག་གེ་འབར་བར་ཡོད། ཕྱི་མའི་དོན་མཁས་པ་རྣམས་ལ་གྲགས་ཏེ། །ཐུབ་པའི་བསྟན་པ་སྡེ་པ་བཅོ་བརྒྱད་གྱེས། །རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་ལུང་བསྟན་མདོ་སྡེ་ཡི། །རྗེས་འབྲང་བསྡུ་བ་གསུམ་པ་བྱས་ཞེས་གྲགས། །ཐེག་ཆེན་ཤིན་ཏུ་རྒྱས་པའི་མདོ་སྡེ་རྣམ་མང་རྣམས། །བྱམས་པ་སྤྱན་རས་གཟིགས་དང་འཇམ་དབྱངས་སོགས། །རྒྱལ་སྲས་རྣམས་ཀྱིས་ལེགས་པར་བསྡུས་སོ་ཞེས། །ཚད་ལྡན་མཁས་པའི་གཞུང་དུ་རྟོག་གེ་འབར་བར་གསལ་བར་བཀོད། །ཉི་མ་གུང་པ་ཤྭ་ནའི་གོས་ཅན་སོགས། །ཉན་ཐོས་བསྟན་པ་འཛིན་པར་ཐུབ་པས་འདུལ་བ་ལུང་དུ་གསུངས། །ཐེག་ཆེན་བསྟན་ལ་རྒྱལ་བའི་རྒྱལ་ཚབ་ཏུ། །ཀླུ་སྒྲུབ་ཀླུ་ཡི་དབང་པོ་ལུང་ལང་གཤེགས་སོགས་ནས་བསྟན་ཏེ། །བསྡུ་བ་གཉིས་པའི་འོག་ཏུ་གསུང་རབ་ཀྱི། །དགོངས་འགྲེལ་གྲུབ་མཐའ་བཞི་ཡི་དབྱེ་བ་བྱུང་། །མངོན་པ་སྡེ་བདུན་བྱེ་བྲག་བཤད་མཚོ་སོགས། །བྱེ་བྲག་སྨྲ་བའི་གཞུང་བྱེད་ཐོར་མར་དར། །མངོན་པ་སྡེ་བདུན་ཐུབ་པ་བཞུགས་པའི་དུས་ན་མོའུ་འགལ་བུ་ལ་སོགས་དགྲ་བཅོམ་པ་རྣམས་ཀྱིས་བསྡུས་ཞེས་བྱེ་བྲག་སྨྲ་བ་འདོད་ཀྱང་བསྡུ་བ་གཉིས་པའི་འོག་ཏུ་སོ་སོ་སྐྱེ་བོ་རྣམས་ཀྱིས་བྱས་པར་མདོ་སྡེ་པ་དང་དབྱིག་གཉེན་སོགས་བཞེད་དེ། མཛོད་འགྲེལ་དུ། སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་། །དཔང་གྱུར་སྐྱེ་བོ་ཕལ་ཆེར་འདས་པ་ན། །དེ་ཉིད་མ་མཐོང་རང་དགར་གྱུར་པ་ཡི། །རྟོག་གེ་ངན་པ་རྣམས་ཀྱིས་བསྟན་འདི་དཀྲུགས། །ཞེས་འབྱུང་བས་སོ། །བསྟན་བཅོས་མངོན་པ་སྡེ་བདུན་སོགས། དོན་ལ་ཡིད་བརྟན་མ་མཐོང་ནས། །མདོ་སྡེའི་དོན་ལ་རིགས་པས་རྣམ་དཔྱད་དེ། །དོན་རྣམས་འཇོག་ཕྱིར་མདོ་སྡེ་པ་ཞེས་གྲགས། །སྟོན་པ་འདས་ནས་བཞི་བརྒྱའི་ལོ་འདས་ཚེ། །བེ་དྷའི་ཡུལ་དུ་ལི་ཙཱ་བྱི་གཞོན་ནུ། །ཀླུ་སྒྲུབ་ཅེས་བྱའི་དགེ་སློང་དུ་གྱུར་ནས། །ཐུབ་བསྟན་རྒྱས་པར་མདོ་སྡེའི་ཚོགས་ལང་གཤེགས། སྤྲིན་ཆེན། རྔ་བོ་ཆེ། འཇམ་དཔལ་རྩ་རྒྱུད་ཆེ་བ་སོགས་ལས་གསུངས། །ཀླུ་ཡི་ཡུལ་སོགས་རྟོག་གེ་འབར་བར་ཡོད། འཇིག་རྟེན་གཞན་དག་ནས། །ཟབ་ཅིང་རྒྱ་ཆེའི་མདོ་སྡེ་རྣམ་མང་བླངས། །རྟག་ཆད་མཐར་ལྟའི་མུན་པ་སྟུག་པོ་བཅོམ། །མཐའ་བྲལ་དབུ་མའི་སྒྲོན་མེ་དེ་ཡིས་སྤར། །དེ་འོག་ཐུབ་པས་འཇམ་དཔལ་རྩ་རྒྱུད་ནས་ལུང་བསྟན་ཐོགས་མེད་ཀྱིས། །མི་ཕམ་མགོན་ལས་བཀའ་དྲིན་རྗེས་ཐོབ་ནས། །རྣམ་རིག་སྨྲ་བའི་གྲུབ་མཐའ་གསལ་བྱས་ཞེས། །རྒྱ་བོད་ཤིང་རྟ་ཆེན་པོ་ལེགས་ལྡན་འབྱེད། ཟླ་གྲགས་སོགས་དང་། བོད་ཀྱི་ལོ་ཙཱ་བ་མཆོག་ཡེ་ཤེས་སྡེ་སོགས་པ་རྣམས་ལ་གྲགས། །འདི་དག་ཐེག་མཆོག་ཤིང་རྟའི་སྲོལ་འབྱེད་དེ། །ཐེག་ཆེན་མདོ་དང་རྒྱུད་སྡེའི་དགོངས་པ་རྣམས། །གཉིས་པོ་འདི་ཡི་ལུགས་དང་མི་མཐུན་པར། །གང་གིས་བཀྲལ་དེ་ལོག་པའི་ལམ་དུ་ཤེས། །དེ་ལྟར་དགོངས་འགྲེལ་ཤིང་རྟའི་སྲོལ་ཆེན་བཞི། །ཐུབ་པའི་བསྟན་པ་འཕགས་པའི་ཡུལ་དུ་བྱུང་། །ལུགས་དེ་དག་དང་མི་མཐུན་གང་ཡིན་པ། །དེ་ནི་བདེ་གཤེགས་གྲུབ་མཐའི་ཁོངས་སུ་མིན། །དེ་ཕྱིར་བདག་ཉིད་ལེགས་པར་འདོད་རྣམས་ཀྱིས། །ཚུལ་འདི་དག་ལ་ལེགས་པར་འདྲིས་བྱས་ནས། །ཆོས་ལུགས་གཞུང་ལུགས་གྲུབ་པའི་མཐའ་རྣམས་ལ། །རྣམ་པར་དཔྱད་ན་མཛེས་ཀྱི་གཞན་དུ་མིན། །གངས་རིའི་ཁྲོད་འདིར་རྨོངས་རྣམས་གཙོར་བྱེད་པའི། །ལོག་པའི་གཞུང་དང་ཆོས་ལུགས་བསམ་མི་ཁྱབ། །མཁས་པ་རྣམས་ལ་ཚད་མར་གྲགས་པ་ཡི། །གཞུང་ལུགས་འགའ་ལའང་ཡིད་བརྟན་མེད་པ་མཐོང་། །དུས་ཀྱི་འཁོར་ལོ་རྩ་འགྲེལ། རྡོར་སྙིང་འགྲེལ་པ། བདེ་མཆོག་བསྟོད་འགྲེལ་སོགས་ཤམྦྷ་ལ་ནས་འོངས་པར་གྲགས་ལ་སོགས་ས་བཅུ་ཡི། །དབང་ཕྱུག་རྣམས་ཀྱིས་མཛད་པར་གྲགས་ན་ཡང་། །རིགས་དང་མི་རིགས་རྣམ་འབྱེད་བློ་ལྡན་གྱིས། །རྣམ་པར་དཔྱད་ན་འཐད་པའི་ཚུལ་མ་མཐོང་། །དུས་འཁོར་རྩ་བའི་རྒྱུད་ལ་ཨེ་ཝཾ་ཡིག་གཉིས་མེད། །བསྡུས་པའི་རྒྱུད་ལ་ནང་འགལ་བ་དུ་མ་མཐོང་། །གང་གིས་བླངས་པའི་ཁུངས་ཀྱང་མི་སྣང་ན། །དུས་འཁོར་རྒྱ་གར་དུ་བྱུང་དུས་ན་ཐམས་ཅད་མཁྱེན་པ་གཉིས་པ་ལྟར་གྲགས་པ་སློབ་དཔོན་ཤཱནྟི་པ་སོགས་ཚད་མར་མི་བཞེད་པར་གྲགས་ཤིང་། དེའི་རྒྱུ་མཚན་གྱིས་སློབ་དཔོན་ཨ་བྷ་ཡས་མན་ངག་སྙེ་མར། འོ་ན་དུས་ཀྱི་འཁོར་ལོ་ལ་སོགས་པ་དང་། དེའི་རྗེས་སུ་འབྲངས་པའི་གཞུང་ནས། ཐེག་པ་གསུམ་དང་འགལ་བར་རྣམ་པར་བཞག་པ་དེས་ན་དེའི་གཞུང་བྱེད་པའི་གྲགས་པ་དང་། པདྨ་དཀར་པོ་དང་། རྡོ་རྗེ་སྙིང་པོ་དང་། ཕྱག་ན་རྡོ་རྗེའི་མིང་ཅན་ནི་བྱང་ཆུབ་སེམས་དཔའ་མ་ཡིན་ནོ། །ཞེས་མང་དུ་མཁྱེན་པ་རྣམས་སྨྲ་ལ། དེས་ན་འགལ་བ་ཐམས་ཅད་མི་སྤོངས་པ་ལ་འགལ་བ་འགའ་ཙམ་ཡང་སྤོང་བར་རྩོལ་བ་བྱེད་དོ། །ཞེས་གསུངས་སོ། །རྡོ་རྗེ་འཛིན་པ་ཆེན་པོ་གྲགས་པ་རྒྱལ་མཚན་གྱིས་ཀྱང་རྩ་ལྟུང་འཁྲུལ་སྤོང་ལ་སོགས་སུ་བཀག མཁས་པ་ཆེན་པོ་བཅོམ་ལྡན་རལ་གྲིས་ཀྱང་ཕྱི་ནང་འདྲེས་པའི་རྒྱུད་ཡིན་པར་གསུངས་ནས་ཕྱི་ནང་གི་ཆོས་སྐད་ཤན་འབྱེད་པའི་བསྟན་བཅོས་ཀྱང་མཛད་དོ། །འཕྱོན་མའི་བུ་བཞིན་འདི་ལ་སུ་ཡིད་རྟོན། །དེ་ཕྱིར་འདི་ལ་ཡིད་བརྟན་མ་མཐོང་ནས། །འཕགས་པའི་ཡུལ་དང་གངས་རིའི་ཁྲོད་འདིར་ཡང་། །དཔྱོད་ལྡན་ཆེན་པོ་འགའ་ཡིས་རྣམ་པར་དཔྱད། །གཞུང་ཙམ་ཀློག་པའི་མཁས་རྣམས་འདི་ཡིས་ཚིམ། །ཐུན་མོང་མ་ཡིན་པ་བཤད་པའི་རྒྱུད་དང་མཚན་བརྗོད་གསང་འདུས་ཀྱི་རྒྱུད་ཕྱི་མ་ལ་སོགས་པ་དང་མདོ་ལ་ཡང་སྡུད་པ་སོགས་དབྱངས་སྙད་ཀྱིས་སྡུད་པ་རྩ་བའི་རྒྱུད་ཀྱི་ཡན་ལག་འགའ་ཞིག་ལ། །ཨེ་ཝཾ་ཡིག་གཉིས་མེད་པར་རིགས་ན་ཡང་། །གཞན་ལ་ཇི་ལྟར་རིགས་ཞེས་ཐེ་ཚོམ་འགྱུར། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་གཞི་ཡིན་ཕྱིར། །ཐུབ་པས་ཐོག་མར་ཨེ་ཝཾ་སྨོས་སོ་ཞེས། །ལྷ་ཡི་དབང་པོས་ཞུས་པའི་རྒྱུད་ལས་གསུངས། །ཞེས་སྒྲོན་གསལ་དུ་དྲངས་དེ་དང་འདི་ཡི་འགལ་བའང་སྤོང་བར་གྱིས། །ཐོག་མར་འདི་སྐད་བདག་གིས་ཐོས་པ་ཞེས། །གྱིས་ལ་ང་ཡི་མདོ་རྣམས་སྡུས་ཤིག་ཅེས། །སྟོན་པས་དགེ་སློང་རྣམས་ལ་ཆོས་ཡང་དག་པར་སྡུད་པ་སོགས་སུ་བཀའ་བསྩལ་པ། །ཅི་ཕྱིར་འདི་སྐད་ཅེས་བྱ་འདི། །གང་ཕྱིར་དང་པོར་རབ་ཏུ་སྦྱར། །ཅི་འདི་བདེ་གཤེགས་གསུང་ཡིན་ནམ། །ཉན་ཐོས་ཀྱིས་བཤད་ཡིན་ནམ་ཅི། །བདག་གི་སོམ་ཉི་འདི་ཀུན་ནས། །སྲིད་མཐར་ཕྱིན་པས་བསལ་དུ་གསོལ། །དམ་ཆོས་ཡོན་ཏན་སྨྲ་བ་ཡིས། །ལྷ་ཡི་དབང་པོའི་ཚིག་གསན་ནས། །དེ་ནས་ལེགས་སོ་ཞེས་བྱིན་ཏེ། །བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས། །གང་ཕྱིར་ཐམས་ཅད་གཟིགས་པ་ཡིས། །དང་པོར་འདི་སྐད་ཅེས་གསུངས་པ། །དེ་ནི་གོ་རིམ་ཇི་བཞིན་དུ། །ལྷ་ཡི་དབང་པོ་གཉན་པར་གྱིས། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་གི་ནི་གྲངས་སྙེད་ཀྱི། །ཀུན་གྱི་གཞི་དང་ཕ་མ་ནི། །ཡི་གེ་གཉིས་སུ་ཇི་བཞིན་བསྟན། །ཡི་གེ་ཨེ་ནི་མར་གྱུར་ལ། །ཝ་ནི་ཕ་ཞེས་བྱ་བར་གྲགས། །ཐིག་ལེ་དེར་ནི་སྦྱོར་བ་སྟེ། །སྦྱོར་དེ་ཤིན་ཏུ་རྨད་བྱུང་བའོ། །ཨེ་ཝཾ་ཡིག་གཉིས་སྒྱུ་མ་ལ། །ཐམས་ཅད་མཁྱེན་པ་འདིར་བཞུགས་པས། །དམ་ཆོས་བསྟན་པའི་ཐོག་མར་ནི། །ཨེ་ཝཾ་དེ་ཕྱིར་རབ་ཏུ་བཤད། །ཅེས་དང་། སྒྲོན་གསལ་དུ། འདིར་གསོལ་བ། དགོངས་པ་གང་གིས་སྡུད་པར་བྱེད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རབ་རྣམས་ལ་འདི་སྐད་བདག་གིས་ཐོས་ཞེས་སྟོན་པར་བྱེད། འདི་སྐད་བདག་གི་ཞེའམ། འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པས་ཀྱང་སྟོན་པར་ནུས་པ་ཉིད་ཡིན་ནོ་ཞེ་ན། སྨྲས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱུར་གྱུར་པ་ཤེས་རབ་དང་ཐབས་སྟོན་པ་ཉིད་ཀྱིས་ན་གསུང་རབ་ཐམས་ཅད་ཀྱི་དང་པོར་ངེས་པར་བརྗོད་དགོས་སོ་ཞེས་གསུངས་ལ། སམ་པུ་ཊིའི་རྒྱུད་ལས་ཀྱང་། རིགས་ཀྱི་བུ་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བའི་ཡིག་འབྲུ་ནི། ཆོས་ཀྱི་ཐོག་མར་རྟག་ཏུ་ཡང་དག་པར་གནས་པ་སྟེ། དག་པ་དང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དངོས་གྲུབ་བསྐྱེད་པར་བྱེད་པའོ། །ཞེས་གསུངས་སོ། །དེས་ཀྱང་འདི་ལ་ཇི་ལྟར་གནོད་མི་འགྱུར། །དུས་འཁོར་རྩ་རྒྱུད་དུ་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བས། །གལ་ཏེ་དྲང་སྲོང་རྣམས་ལ་ཆོས་བསྟན་ན། །གཞན་ལས་ཐོས་ཕྱིར་འདི་ནི་ཀུན་མཁྱེན་མིན། །ཞེས་པའི་རྩོད་པ་འབྱུང་ཕྱིར་མ་བཀོད་ལོ། །བླ་མེད་རྒྱུད་ཀྱིས་ཨེ་ཝཾ་ལ་སོགས་པ། །གཞུག་པའི་གནས་སྐབས་སྟོན་པའི་ཡི་གེ་རྣམས། །བཤད་ཚུལ་བཞི་ཡི་སྒོ་ནས་འཆད་བྱེད་པ། །གསང་འདུས་ཀྱི་བཤད་རྒྱུད་འདི་ནི་རྡོ་རྗེ་འཆང་གི་མན་ངག་ཡིན། །རྡོ་རྗེ་ཕྲེང་བའི་རྒྱུད་ཀྱིས་དེ་ལྟར་བཤད། །གང་ཚེ་ཡི་གེའི་དོན་དུ་འཆད་པ་ཡི་གེའི་དོན་གོ་སླ་བས་མ་གསུངས་ན། །འདི་ནི་སྡུད་པ་པོ་ཡི་ཚིག་ཡིན་ཕྱིར། །སྟོན་པས་གཞན་ལས་ཐོས་ཞེས་ཐེ་ཚོམ་ནི། །བླུན་པོ་ལ་ཡང་སྐྱེ་བའི་སྐབས་ཡོད་མིན། །གལ་ཏེ་སྤྱི་ཡི་དོན་དུ་སྤྱི་དོན་གསུམ་གྱིས་འཆད་བྱེད་པ། །དེ་ཚེ་བསྐྱེད་རིམ་དོན་དུ་སྦྱོར་ཕྱིར་དང་། །སྦས་དང་མཐར་ཐུག་དོན་དུ་སྟོན་པ་ན། ། རྫོགས་རིམ་དོན་ལ་སྦྱོར་བར་སྟོན་པས་གཞན་ལས་ཐོས་པའི་ཐེ་ཚོམ་མེད། །དོན་ལ་རྟོན་པའི་མཁས་པ་དོགས་མེད་ཀྱང་། །ཚིག་ལ་རྟོན་པའི་བླུན་པོ་དོགས་ཤེ་ན། །མདོ་རྒྱུད་གཞན་དུའང་འགོད་པ་མི་རིགས་འགྱུར། །བླུན་པོ་དོགས་པ་སྐྱེ་བ་མ་བཀག་ཕྱིར། །ཀུན་མཁྱེན་མིན་ཞེས་རྩོད་པའི་དོགས་པས་འཇིགས་པས་ཨེ་ཝཾ་མི་འགོད་ན། །མདོ་རྒྱུད་གཞན་ལ་ཨེ་ཝཾ་ཡིག་གཉིས་མཐོང་བའི་ཕྱིར། །འདི་ལ་མེད་པས་སྟོན་པས་མ་གསུངས་ཞེས། །རྩོད་པ་འབྱུང་བས་ཤིན་ཏུ་བཀོད་པར་རིགས། །རྩ་རྒྱུད་ཉིད་ནས་དེ་ཡི་དོགས་སྤོང་ཕྱིར། །སྐྱོན་མེད་ཅེ་ན་ཨེ་ཝཾ་བཀོད་ན་ཡང་། །དོགས་སྤོང་རྩ་རྒྱུད་ཉིད་དུ་བཀོད་པས་ཆོག །རིགས་པ་མཚུངས་ལ་ཅིག་ཤོས་ཇི་ལྟར་སྤོང་། ། དྲི་མེད་འོད་དང་རྡོ་རྗེ་སྙིང་འགྲེལ་དུ་མངོན་ཤེས་མེད་པས་རྒྱུད་ཀྱི་འགྲེལ་བྱེད་པ། །མི་རིགས་ཞེས་པ་འདི་ཡང་དཔྱད་པར་བྱ། །དེ་ལྟ་ཡིན་ན་མངོན་ཤེས་མེད་པ་ཡིས། །རྒྱུད་འཆད་པ་ཡང་མི་རིགས་མཚུངས་ཕྱིར་རོ། །

གལ་ཏེ་མངོན་ཤེས་ལྡན་པའི་འགྲེལ་པ་ལ། །བརྟེན་ནས་འཆད་ན་ཉེས་པ་མེད་ཅེ་ན། །མངོན་ཤེས་མེད་པར་མངོན་ཤེས་ལྡན་པ་ཡིས། །བྱས་པའི་འགྲེལ་པ་གང་གིས་ཤེས་པར་འགྱུར། །གལ་ཏེ་ཤེས་ན་མངོན་ཤེས་མེད་པར་ཡང་། །མངོན་ཤེས་ལྡན་པའི་བླ་མའི་མན་ངག་ལ། །བརྟེན་ནས་རྒྱུད་ཀྱི་འགྲེལ་པའང་ཅིས་མི་ནུས། །རྡོ་རྗེ་འཆང་ནས་བརྒྱུད་པའི་མན་ངག་དག །ཡོད་ན་མངོན་ཤེས་མེད་ཀྱང་རྒྱུད་དོན་ཤེས། །མན་ངག་མེད་ན་མངོན་ཤེས་ལྔ་ཡོད་ཀྱང་། །རྒྱུད་དོན་ཤེས་པར་མི་འགྱུར་ཕྱི་རོལ་པའི་དྲང་སྲོང་འགའ་ལ་བསྐལ་པ་འཇིག་ཆགས་དྲུག་ཅུ་རྩ་དྲུག་གི་བར་གྱི་འདས་མ་འོངས་ཤེས་པའི་མངོན་ཤེས་ཡོད་པ་བཞིན། །དེ་ཕྱིར་འདི་ནི་འཕགས་ཡུལ་མཁས་རྣམས་ཀྱི། །རྒྱུད་འགྲེལ་རྣམས་ལ་སྡང་སྨྲས་བྱེད་པར་ཟད། །རྒྱུད་དོན་ཤེས་ལ་མངོན་པར་ཤེས་པ་ལྔ། །གདོན་མི་ཟ་བར་དགོས་པ་མ་ཡིན་ནོ། །རྩ་རྒྱུད་བསྡུས་པའི་རྒྱུད་ཀྱི་ཐོག་མར་ཟླ་བ་བཟང་པོ་ཡིས། །གྲངས་ཅན་གྱི་སྐྱེས་བུ་ལ་སོགས་ཤེས་བྱ་ཉི་ཤུ་རྩ་ལྔའི་དབྱེ་བའི་བདག་ཉིད་དྲིས། །ཁྱད་གཞི་མེད་པའི་ཁྱད་ཆོས་དཔྱོད་པ་འདི་མི་འཐད་པས་ཐུབ་པས་ལུང་སྟོན་པར་མི་འགྱུར་བ་འདི་ནི་ལུང་མ་བསྟན་པའི་དྲི་བ་ཡིན། །དཔེར་ན་བདག་དང་འཇིག་རྟེན་མཐའ་དང་ལྡན་སོགས་དང་མཚུངས་ཕྱིར་རོ། །འགྲོ་བ་འབྱུང་བའི་མངལ་སྐྱེས་མེ། སྒོང་སྐྱེས་རླུང་། དྲོད་གཤེར་སྐྱེས་ཆུ། རྫུས་སྐྱེས་ས། རྫུས་སྐྱེས་ཆེན་པོ་རོའི་རྡུལ་གྱི་སྐྱེ་གནས་ཅན་དུ་བཤད། །འདི་ནི་ཚུ་རོལ་མཛེས་པའི་གཞུང་ལུགས་ཡིན། །ལྗོན་ཤིང་ཁ་ཅིག་ཤིང་གི་རྣམ་པ་ཅན་གྱི་སེམས་ཅན་ཡོད་པར་བཤད་པས་དེ་ཡིན་ཞེས་པ་མི་རིགས་ཏེ། ལུང་དུ་ཀ་བ་སོགས་ཀྱི་རྣམ་པ་ཅན་གྱི་སེམས་ཅན་ཡོད་པར་བཤད་པ་ནི། ཉི་ཚེ་བའི་དམྱལ་བ་ཡིན་གྱི་དུད་འགྲོ་མིན། ཁ་ཅིག་ལྗོན་པ་རྟ་མགོ་ཅན་ཡིན་ཞེས་པའང་མིའམ་ཅིའི་གླིང་སོགས་མིའི་གླིང་དུ་བཤད་པ་དང་སྔ་ཕྱི་འགལ་ལོ། །ལ་སོགས་དུད་འགྲོའི་སྐྱེ་བར་བསྡུས། །འདི་ནི་གཅེར་བུ་པ་སྲོག་ལྡན་གྱི་སྡེ་ཚན་དགུའི་ནང་ནས་ཤིང་དབང་པོ་གཅིག་པ་ཅན་དུ་འདོད་པ་ཡི་ལུགས་བཟང་ཡིན། །སྟོང་པ་ཞེས་བྱའིི་རྡུལ་གྱིས་འཇིག་རྟེན་རྩོམ། །འདི་ནི་བྱེ་བྲག་པ་ཡི་གཞུང་མཆོག་ཡིན། །གླིང་དང་རི་རབ་སོགས་ཀྱི་ཚད་དང་དབྱིབས། །མངོན་པའི་སྡེ་སྣོད་དག་དང་མཐུན་པ་མེད། །སེམས་ཅན་བསམ་པའི་དབང་གིས་མི་འགལ་ན། །ཚངས་པའི་ཡུལ་ལ་དཔག་ཚད་བྱེ་བའི་ཁྱོན། །ལྡན་པར་སྨྲ་བའི་རིག་བྱེད་པའི་གཞུང་ལུགས་ཅི་ཕྱིར་འགོག །དེ་ནི་ཐ་སྙད་དུ་ཡང་མ་གྲུབ་ན། །དཔག་ཚད་འབུམ་ཕྲག་བཞི་པའི་འཇིག་རྟེན་མངོན་པ་དང་དུས་འཁོར་ནས་བཤད་པ་སེམས་ཅན་སོ་སོའི་སྣང་བ་ཡིན་ན། གང་གིས་འབ། མངོན་པ་དང་དུས་འཁོར་གྱི་གང་ཟག་གང་ལ་འཇིག་རྟེན་གང་སྣང་བའི། །རྣམ་པར་དབྱེ་བ་འདི་ཡང་སྨྲ་དགོས་སོ། །རིགས་མི་མཐུན་པའི་འགྲོ་ལ་དངོས་གཅིག་ཀྱང་། །ཆུ་ལ་རྣག་ཁྲག་ཏུ་མཐོང་བ་སོགས་ཐ་དད་སྣང་བར་སྟོན་པས་ལུང་ལས་གསུངས། །རིགས་མཐུན་འགྲོ་ལ་ཕྱིར་རོལ་དངོས་པོ་གཅིག །ཚད་དང་དབྱིབས་སོགས་འགལ་བ་ཇི་ལྟར་སྣང་། །ཕུག་ཁྲུ་གང་བར་འཁོར་ལོ་སྒྱུར་བ་སྡེ་དང་བཅས་པ་སྟོན་པ་འཇིག་རྟེན་ཡུངས་འབྲུར་འཛུད་སོགས་ཐ་སྙད་དུ་འགྲོ་བ་རིས་མཐུན་ལ་འཇིག་རྟེན་མི་འདྲ་བར་སྣང་བའི་དཔེར་མི་རུང་། །དེ་དག་མཐུ་ལྡན་རྣམས་ཀྱི་རྣམ་ཐར་ཡིན། །ཐ་སྙད་བདེན་པའི་ངོ་ན་དེ་ཡོད་མིན། །དེ་ཕྱིར་ཞྭ་དཔེ་ལྷམ་ལ་མ་བཀབ་ཅིག །དུམ་བུ་བཅུ་གཉིས་ས་ལ་ཀླ་ཀློ་ཡི། །ཆོས་འཇུག་འཁོར་ལོ་ཅན་གྱིས་དེ་འཇོམས་ལོ། །སྒྲ་མི་སྙན་དུ་ཀླ་ཀློའི་ཆོས་འཇུག་ན། །མི་དགེ་བཅུ་པོ་སྤྱོད་པ་ཡོད་པར་འགྱུར། །འཁོར་ལོ་ཅན་གྱི་བསྟན་པ་དེར་འཇུག་ན། །སངས་རྒྱས་བསྟན་པའི་སྣོད་དུ་རུང་བར་འགྱུར། །སྒྲ་མི་སྙན་ན་ངག་འཁྱལ་གྱི་ཆ་གླུ་ལེན་པ་ཙམ་ལས་མི་དགེ་བཅུ་མེད་ཅིང་། །བསླབ་པ་གསུམ་གྱི་སྣོད་མ་ཡིན་པས་སངས་རྒྱས་བསྟན་པའི་སྣོད་དུ་མི་རུང་ཞེས། །འདུལ་བ་མངོན་པའི་སྡེ་སྣོད་དག་ལས་བཤད། །དེ་དང་འདི་ཡི་འགལ་བའང་སྤོང་བར་གྱིས། །དྲི་མེད་འོད་དུ་འཛག་བདེ་འཁོར་བའི་རྒྱུ་ཡི་གཙོ་བོ་རུ། །བཤད་པ་འདི་ཡང་ཤིན་ཏུ་མི་རིགས་ཏེ། །རྟག་ཏུ་བཟོད་དཀའི་སྡུག་བསྔལ་གྱིས་ནོན་ཕྱིར། །ཚ་དམྱལ་སོགས་ན་འཁྲིག་པའི་འདོད་ཆགས་མེད། །གཟུགས་དང་གཟུགས་མེད་སྐྱེས་པའི་ལྷ་རྣམས་ཀྱང་། །འཁྲིག་པའི་འདོད་ཆགས་བྲལ་ཕྱིར་ལྷ་རྣམས་ཐར་བར་འགྱུར། ཁམས་གོང་དག་ན་ཁུ་བ་འཕོ་བ་ཡོད་པར་བཤད་པས་འཁྲིག་པའི་འདོད་ཆགས་ཡོད་དགོས་ན་འཁྲིག་པའི་འདོད་ཆགས་ནི། །ཡོད་ཅེས་སྨྲ་བ་གྲུབ་མཐའ་སྨྲ་བ་སུ་ཡང་མི་འདོད་པས་སྔོན་མེད་གཞུང་ལུགས་ཡིན། །གཞན་དུ་འདོད་པའི་ཁམས་དང་ཁྱད་ཅི་ཡོད། །འདི་ལ་ལུང་གི་གནོད་བྱེད་མཐའ་ཡས་སོ། །དྲི་མེད་འོད་དུ་དགའ་ཐུབ་པ་དང་འདོད་ལྡན་གཉིས་ལ་ཡང་། །བྱང་སེམས་འཛག་པར་མཚུངས་ཕྱིར་ཐར་མེད་ལོ། །དགེ་སློང་འཆར་ཀས་ཁུ་བ་འབྱིན་པ་ཡི། །དགེ་འདུན་ལྷག་མའི་ལྟུང་བ་ཡང་ཡང་སྤྱད། །དེ་ལྟ་ན་ཡང་ཉོན་མོངས་ཀུན་བཅོམ་སྟེ། །དགྲ་བཅོམ་ཐོབ་པར་འདུལ་བའི་ལུང་ལས་གསུངས། །གསང་དབང་ཚེ་ན་བྱང་སེམས་ལྟུང་བའི་ཕྱིར། །རྡོ་རྗེ་འཛིན་པ་དག་ལའང་ཐར་པ་མེད། །ཀུནྡ་བྱང་ཆུབ་སེམས་ནི་སྤོང་བྱེད་པ། །རྩ་བའི་ལྟུང་བར་བཤད་པའང་མི་རིགས་ཏེ། །ཁྱིམ་པའི་རྡོ་རྗེ་འཛིན་པ་མི་སྲིད་འགྱུར། །གལ་ཏེ་ཆོས་ཀྱི་འདུ་ཤེས་ཀྱིས་སྤོང་བ། །རྩ་བའི་ལྟུང་བ་ཡིན་ཕྱིར་མི་འགལ་ན། །རྡོ་རྗེ་པདྨོར་སྙོམས་པར་ནམ་སྦྱོར་བ། །དེ་ཚེ་འདུ་ཤེས་ལྷ་སྔགས་ཆོས་གསུམ་གྱིས་འཇུག་པ་འདི། །རྡོ་རྗེ་ཐེག་པའི་ཁྱད་ཆོས་མ་ཡིན་ནམ། །གྲོགས་དག་རང་གི་དེ་ཉིད་མ་སྟོན་ཅིག །དྲི་མེད་འོད་དུ་ཟད་པར་ནམ་མཁས་གཟུགས་མེད་སྐྱེ་མཆེད་བཞིར། །སྐྱེ་བ་འཕེན་ལོ་ཟད་པར་ལྷག་མ་དང་། །ཚུལ་ཁྲིམས་ཀྱིས་ནི་གཟུགས་ཀྱི་ཁམས་འགྲུབ་ལོ། །ཟད་པར་ཟིལ་གནོན་རྣམ་ཐར་ལ་སོགས་ཀྱི། །མན་ངག་སངས་རྒྱས་བསྟན་པའི་ཁྱད་ཆོས་ཡིན། །བསྟན་ལ་མ་ཞུགས་པ་ལ་འདི་དག་མེད། །ཕྱི་རོལ་པ་རྣམས་ཁམས་གོང་མར་མི་སྐྱེའམ། །ཟད་པར་སོགས་ཀྱིས་སྐྱེ་བ་འཕེན་ན་ཡང་ཟད་པར་ནམ་མཁས་ནམ་མཁའ་མཐར་ཡས་སུ། །སྐྱེ་བར་རིགས་མོད་རྣམ་ཤེས་སོགས་སུ་མིན། །གཞན་དུ་འཕེན་བྱེད་རྣམ་སྨིན་གཡོས་པའི་ཕྱིར། །མི་གཡོ་བ་ཡི་ལས་སུ་གཟུགས་མེད་དག་ཏུ་སྐྱེ་བའི་ལས་འདི་མི་འགྱུར། །གྲུབ་མཐའ་བཞི་དང་རིག་བྱེད་བཞི་ལ་སོགས། །དུས་ཀྱི་འཁོར་ལོའི་ཞལ་ནས་གསུངས་ཞེས་པའང་། །དགོངས་པ་ཡོད་ན་གྲུབ་མཐའ་བཞིའི་ལུགས་རྣམས་གསུང་རབ་ཀྱི་དགོངས་པ་དེ་ཉིད་བཙལ་བར་གྱིས། །མེད་ན་གནོད་བྱེད་རིགས་པ་འདི་དག་སོམས། །གྲུབ་མཐའ་བཞི་ཡི་བྱུང་ཚུལ་སྔར་བཤད་ཟིན། །གསུང་རབ་དགོངས་པ་གྲུབ་མཐའ་བཞིར་མི་གནས། །གཞན་དུ་བཀའ་ལ་རྡུལ་ཕྲན་བདེན་པར་ཡོད་མེད་སོགས་ནང་འགལ་ཇི་ལྟར་སྤོང་། །གྲུབ་མཐའ་སྨྲ་བ་བཞི་པོ་སོ་སོའང་ཐམས་ཅད་གསུང་རབ་ཀྱི་དགོངས་པ་ཡིན་པ་འདི་མི་བཞེད། །འདིས་ནི་བསམ་པའི་དབང་གིས་གྲུབ་མཐའ་བཞི། །མཆོག་མི་འགྱུར་གྱི་སྟོན་པས་གསུངས་ཞེས་སྨྲ་བ་དེ་ཡང་བསལ། །རིག་བྱེད་རྣམས་ནི་སངས་རྒྱས་པས་དྲང་སྲོང་རྒྱས་པ་མིའུ་ཐུང་དང་མིའུ་ཐུང་གི་ལྷ་སོགས་དང་། །བྱེ་བྲག་པ་དབྱིག་གི་སྙིང་པོ་སོགས་ཀྱིས་བྱས་པར་བཤད། །དཔྱོད་པ་པོ་སོགས་བྱེད་པོ་མེད་པར་འདོད། །ཐུབ་པས་གསུངས་ཞེས་ཟེར་བ་སྔོན་ཕྱི་ནང་གི་གྲུབ་མཐའ་སྨྲ་བ་སུ་ཡང་མ་བྱུང་། །གཞན་དུ་རིག་བྱེད་རྗེས་འབྲངས་མུ་སྟེགས་ཅན། །སངས་རྒྱས་བསྟན་པའི་རྗེས་འབྲངས་ཅིས་མ་ཡིན། །མི་རིགས་བཞི་པོ་དུས་འཁོར་ལས་བྱུང་ན། །ཚངས་པ་བྱེད་པོར་སྨྲ་དང་ཁྱད་ཅི་ཡོད། །གནས་སྐབས་རིགས་བཞིའི་སྒྲིབ་པ་སྦྱང་བའི་ཕྱིར། །སྟོན་པས་བཞི་ཚན་འདི་དག་གསུངས་ཤེ་ན། །དེ་ལ་འབྲེལ་བ་བཞི་ཚན་གསུངས་པས་རིགས་བཞིའི་སྒྲིབ་པ་འདག་པ་ལ་ཕན་པ་ཅི་ཡོད་ཤེས་ལྡན་དག །སེའུ་བཅུ་པའི་ངག་བཞིན་མི་འགྱུར་རམ། །རིག་བྱེད་སྨྲ་སོགས་དྲང་ཕྱིར་གསུངས་ཤེ་ན། །ཀླ་ཀློ་དྲང་ཕྱིར་ཀླ་ཀློའི་ཆོས་རྣམས་ཀྱང་། །ཐུབ་པས་གསུངས་ཞེས་སྟོན་པར་རིགས་པར་འགྱུར། །དེ་ཕྱིར་འདི་ནི་རིག་བྱེད་ལ་སོགས་ཀྱི། །ཆོས་སྐད་སངས་རྒྱས་བསྟན་ལ་བསྲེ་བའི་སྙད། །གཞུང་ཙམ་ཀློག་པ་རྣམས་ཀྱིས་འདི་ཡི་མཚང་། །བསྐལ་པར་བསམས་ཀྱང་རིག་པར་འགྱུར་མི་སྲིད། །བྱེ་བྲག་སྨྲ་བས་བརྗོད་དུ་མེད་པ་ཡི། །གང་ཟག་འདོད་ཅེས་སྨྲ་བའང་ཤིན་ཏུ་བརྫུན། །བརྗོད་དུ་མེད་པའི་གང་ཟག་གནས་མ་ཡི། །བུ་པ་ལ་སོགས་བཟང་པོའི་ལམ་པ་དང་། ཀུན་གྱིས་བཀུར་བ་དང་། ཆོས་སྦས་པ་དང་། བླ་མ་རྣམས་སྡེ་པ་ལྔ་ཡིས་འདོད། །བྱེ་བྲག་སྨྲ་བ་གཞི་ཐམས་ཅད་ཡོད་སྨྲ་བའི། །སྡེ་པ་ཉིད་ཡིན་ཐམས་ཅད་ཡོད་པར་སྨྲ་བ་སོགས་སྡེ་པ་བཅུ་གསུམ་བདག་མེད་འདོད་པར་རྟོག་གེ་འབར་བ་ལས་བཤད་བདག་མེད་ཁས་ལེན་ནོ། །དེ་ལྟ་མིན་ན་ཆོས་མངོན་མཛོད་ལས་ཀྱང་། །བདག་མེད་ཕུང་པོ་ཙམ་ཞེས་ཇི་ལྟར་གསུངས། ། བྱེ་བྲག་སྨྲ་བའི་འདོད་པ་འཆད་པ་ན། །འདུས་བྱས་སྐད་ཅིག་བདག་མེད་བྱེད་པོ་མེད། །བདེ་གཤེགས་གཞུང་གི་རབ་བྱེད་ཀྱི། །འདུས་བྱས་ཐམས་ཅད་སྐད་ཅིག་མ། །བདག་གིས་སྟོང་ཞིང་བྱེད་པོ་མེད། ། ཅེས་པའི་ལུང་འདི་ཁྱེད་རང་གིས་ཀྱང་དྲི་མེད་འོད་དུ་མ་དྲངས་སམ། ཁས་བླངས་སྔ་ཕྱི་འགལ་བ་ཇི་ལྟར་ཡིན། །དེ་མ་ཐག་ཏུ་ནང་འགལ་སྨྲ་བ་ཡི། །ས་བཅུ་པ་ཡི་བསྟན་བཅོས་ཨེ་མ་མཚར། །མདོ་སྡེ་པ་ལ་སུན་འབྱིན་སྨྲ་བ་ནི། །གལ་ཏེ་ཐོགས་པ་མེད་པའི་གཟུགས་མེད་ན། །ཐམས་ཅད་མཁྱེན་སྐུ་ཐོགས་པ་མེད་མི་འགྱུར། །ཞེས་པའི་ཐལ་བ་འབྲེལ་བ་མེད་པ་སྟེ། །འདོ་སྡེ་པ་ལ་ཁས་ལེན་མེད་ཕྱིར་རོ། །

ཐོགས་པ་མེད་པའི་གཟུགས་མེད་དེ་མི་འདོད། །རྣམ་རིག་མིན་པའི་གཟུགས་ཀྱིས་དབང་བྱས་ནས། །ཐོགས་པ་མེད་པའི་གཟུགས་ཡོད་མིན་ཞེས་སྨྲས། ཁས་ལེན་མེད་པའི་ཐལ་བ་འཕེན་པ་ཡི། །འཕགས་ཆེན་རྣམས་ཀྱི་རིགས་པ་འདི་ལ་གཟིགས། །སྡུད་པོ་རྣམས་ཀྱིས་སྡེ་སྣོད་རྣམ་པ་གསུམ། །གླེགས་བམ་དག་ལ་བཀོད་ཅེས་སྨྲས་པའང་མིན། །འདུལ་བའི་སྡེ་སྣོད་གླེགས་བམ་ལ་འགོད་པ། །དགེ་སློང་རྣམས་ལ་ཐུབ་པས་གནང་བ་མེད། །བློ་མི་གསལ་བ་འགའ་ཞིག་དམིགས་ཀྱིས་བསལ་བ་མ་གཏོགས་འདུལ་བ་གླེགས་བམ་ལ་བྲིས་ན་དགེ་སློང་ལ་ལྟུང་བ་འབྱུང་སྟེ། ཞུ་བ་ལས། བཅོམ་ལྡན་འདས་ཀྱིས། ལྔ་པོ་མི་འབྲི་སྟེ། ལྔ་གང་ཞེ་ན། སོ་སོར་ཐར་པ་ཐམས་ཅད་དང་། སོ་སོར་ཐར་པ་དང་ལྡན་པ་ཐམས་ཅད་དང་། འདུལ་བ་དང་འདུལ་བ་དང་ལྡན་པ་ཐམས་ཅད་གང་སོ་སོའི་ཞེས་བཀའ་བསྩལ་ནས་ཞེས་གསུངས་སོ། །འབྲེལ་དང་མཚམས་སྦྱོར་འདི་སྐད་བདག་ཐོས་སོགས། ། བཅུག་ནས་འཕགས་པའི་དབུས་སུ་གསུང་རབ་རྣམས། །འོད་སྲུངས་སོགས་ཀྱིས་ཚར་རེ་བཏོན་པ་ལ། །རྩ་བའི་བཀའ་བསྡུ་དང་པོར་གྲགས་པ་ཡིན། །ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོ་རུ། ། རུང་བ་མིན་པའི་གཞི་བཅུ་སུན་ཕྱུང་ནས། །དགྲ་བཅོམ་རྣམས་ཀྱིས་བཀྲ་ཤིས་གསོ་སྦྱོང་མཛད། །དེ་ལ་བསྡུ་བ་གཉིས་པར་གྲགས་པ་ཡིན། །སྡེ་པ་བཅོ་བརྒྱད་ཕན་ཚུན་རྩོད་པ་ན། །ཀྲི་ཀྲིའི་རྨི་ལམ་ལུང་བསྟན་མདོ་བལྟས་ནས། །ཀུན་ཀྱང་སངས་རྒྱས་བསྟན་པར་བསྡུས་པ་ལ། །བསྡུ་བ་གསུམ་པ་བྱས་ཞེས་མཁས་ལ་གྲགས། །གསུང་རབ་གླེགས་བམ་ངོས་ལ་བཀོད་པ་ཙམ། ། བསྡུ་བའི་དོན་དུ་མཁས་པ་རྣམས་མི་བཞེད། །ཐེག་པ་གསུམ་གྱི་གང་ཟག་སོ་སོ་ཡིས། །ཐེག་པ་གསུམ་གྱི་སྡེ་སྣོད་བསྡུས་ཞེས་པའང་། །ཉན་ཐོས་སྡེ་སྣོད་ལས་གཞན་རང་རྒྱལ་གྱི། །སྡེ་སྣོད་ལོག་པ་མེད་པར་སའི་དངོས་གཞི་སོགས་ནས་བཤད་ན་རང་རྒྱལ་གྱི། །སྡུད་པོས་བསྡུ་རྒྱུའི་སྡེ་སྣོད་གང་ཡིན་སྨྲོས། །སངས་རྒྱས་བསྟན་ལ་རང་རྒྱལ་འབྱུང་བ་མེད། །དབུ་མ་རྩ་བར། སངས་རྒྱས་རྣམས་ནི་མ་བྱུང་ཞིང་། །ཉན་ཐོས་རྣམས་ཀྱང་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །བརྟེན་པ་མེད་ལས་རབ་ཏུ་སྐྱེ། །ཞེས་གསུངས་སོ། །བོད་དུ་བོད་ཀྱི་སྐད་ཀྱིས་བྲིས་ཞེས་པའང་། །པདྨ་དཀར་པོས་འགྲེལ་པ་རྩོམ་པའི་སྔར། །བོད་དུ་བསྟན་པ་ཡོད་ན་བྲིས་སོ་ཞེས་འདས་པ་ལ་འཇུག་པའི་ཚིག་འདི་རིགས། །གཞན་དུ་འབྲི་བར་འགྱུར་ཞེས་སྨྲ་བར་རིགས། ཁྱོད་ཀྱི་རྒྱུད་ལས་བཤད་པའི་ལྷ་གྲངས་ཀྱི། ། བསྙེན་པ་ཚེ་ལོ་བརྒྱ་པས་འཁྱོལ་བར་དཀའ། །བུ་སྟོན་རིན་པོ་ཆེས་ཞིབ་ཏུ་རྩིས་པས། མཐུན་རྐྱེན་འཛོམ་པ་གཅིག་གིས་བྱ་བ་གཞན་མེད་པར་བཟླས་ཀྱང་གྲངས་བསྙེན་ལོ་བརྒྱ་པས་འཁྱོལ་ཙམ་ལས་མི་འོང་བར་འདུག་གསུངས་ཟེར་བའང་མད་པར་སྣང་།བསྐྱེད་རིམ་ཙམ་ཡང་སྒྲུབ་པར་མི་ནུས་ན། ། ཚེ་འདི་ཉིད་ལ་སངས་རྒྱས་ཇི་ལྟར་འབྱིན། །རྗེས་འཇུག་ཐབས་དང་མི་ལྡན་བསྟན་བཅོས་ནི། །འཇོག་པོའི་གཙུག་རྒྱན་ལེན་པའི་མན་ངག་ལྟར། །མཁས་པ་རྣམས་ཀྱིས་དོར་བྱའི་གནས་སུ་བཤད། །དེ་ལ་འཇུག་པ་རང་ཉིད་བླུན་པོ་ཡིན། །རྣལ་འབྱོར་ཡན་ལག་དྲུག་གི་དོན་རྣམས་ཀྱང་། །གསང་བ་འདུས་པའི་རྒྱུད་ཕྱི་མ་ནས་བཤད་པ་དང་འགལ་བར་སྣང་། །སྦྱོར་དྲུག་སོགས་དེ་དོན་ཉམས་སུ་ལེན་པའི་རིམ་པ་ཡང་། །ཀླུ་སྒྲུབ་ཡབ་སྲས་ལུགས་རིམ་ལྔ་སྤྱོད་བསྡུས་སོགས་ལས་ཕྱི་རོལ་གྱུར། །འདུས་པ་དགེས་རྡོར་བདེ་མཆོག་ལ་སོགས་པ། །ས་ར་ཧ་སོགས་གྲུབ་ཆེན་རྣམས་ཀྱིས་བླངས། །ཀླུ་སྒྲུབ་ཡབ་སྲས་ལ་སོགས་མཁས་རྣམས་ཀྱིས། །བཤད་ཅིང་དེ་དོན་ཉམས་སུ་བླངས་པས་གྲོལ། ཁྱེད་ཀྱི་འདི་ལ་ལེན་བྱེད་ཚད་ལྡན་གང་། །དེ་དོན་ཉམས་སུ་བླངས་པས་སུ་ཞིག་གྲོལ། །ཆེན་པོ་རྣམས་ལ་ཚད་མར་མ་གྲགས་ཕྱིར། །དུས་ཞབས་ལ་སོགས་ཚད་མའི་སྐྱེས་བུ་མིན། །ཤམྦྷ་ལ་ཡི་རིགས་ལྡན་ཚངས་པའི་དྲང་སྲོང་ལ་སོགས་པ། །དེ་ལྟ་བུ་ཡོད་པ་ལུང་རིགས་གཞན་གྱིས་བསྒྲུབ་བྱ་ཡིན་ཕྱིར་ཁྱེད་ཀྱི་སྒྲུབ་བྱེད་མིན། །དེ་ལྟར་ཉེས་པའི་ཚོགས་ཀུན་མཐོང་གྱུར་ཀྱང་། །ད་དུང་འདི་ལ་མངོན་ཞེན་མི་ལྡོག་ན། །འདི་ཡི་སྒྲུབ་བྱེད་དོན་དུ་མནའ་ཆུ་འཐུངས། །དེ་ལས་གཞན་པའི་སྒྲུབ་བྱེད་ཡོད་རེ་སྐན། །འདི་དག་འདི་ཡི་ཉེས་པ་ཕྱོགས་ཙམ་ཡིན། །ཞིབ་མོར་དཔྱད་ན་གནོད་བྱེད་མཐའ་ཡས་སོ། །གང་དག་འདི་ལ་མངོན་ཞེན་ཡོད་རྣམས་ཀྱིས། །རྣམ་པར་དཔྱོད་ལ་འདི་ཡི་ལན་ཐོབ་ཅིག །འདུན་དང་ཞེ་སྡང་འཇིགས་དང་རྨོངས་པ་ཡི། །རང་ཕྱོགས་ལ་ཆགས་པ་དང་། གཞན་ཕྱོགས་ལ་སྡང་བའི་ལན་འདེབས་པའི་བདུན་པ་དང་། ཞེ་སྡང་གིས་འགྲོ་བ། མི་ཤེས་རྨོངས་པས་འཇིགས་པ་དང་མི་ཤེས་བཞིན་དུ་ལན་འདེབས་ན་འཇིགས་པ་དང་རྨོངས་པས་འགྲོ་བའོ། །འགྲོ་བ་བཞི་ཡིས་འདི་ལ་ལན་འདེབས་ན། །བླུན་པོ་རང་གི་དེ་ཉིད་སྟོན་པར་ཟད། ཁྱི་ཕག་མི་གཙང་ཟ་བ་སུ་ཡིས་ཁེགས། །ཚིག་རྩུབ་དུག་མདའི་རྩེ་མོ་མི་སྟོན་ཅིང་། ཁྲོ་གཉེར་ལྡན་པའི་བཞིན་རས་མི་བསྡུད་པར། །གལ་ཏེ་རྩོད་པར་བཟོད་པ་ཡོད་ན་ཡང་། །རྩོད་པར་བགྱིའོ་རྩོད་པའི་སྐབས་ཕྱེ་ཞིག ། འོན་ཀྱང་འཕགས་པས་མཛད་དམ་མིན་ཀྱང་བླ། །ལེགས་པར་བཤད་པའང་སྤྱོད་པའི་ཆ་སོགས་མང་དུ་མཐོང་བས་ན། །ཐར་འདོད་རྣམས་ཀྱི་འཇུག་ངོགས་མ་ཡིན་ཞེས། ཁོ་བོ་འདི་ལ་གཅིག་ཏུ་སྐུར་མི་འདེབས། །

དེ་ལྟ་ན་ཡང་བློ་ཆུང་ཐོས་མེད་འགའ། །ཟླ་ཉི་གཟས་ཟིན་དང་རྩ་ཆད་འཆི་ལྟས། དུས་འཁོར་ལས་གཞན་པའི་སྔགས་ཀྱིས་ངེས་དོན་མ་བསྟན་ལ་འཕགས་པའི་ཡུལ་དུ་གྲུབ་ཆེན་དུ་གྲགས་པ་རྣམས་ཀྱིས་ཀྱང་སེམས་འགྲེལ་སྐོར་གསུམ་མ་མཐོང་བས་སྔགས་ཀྱི་སྙིང་པོའི་དོན་མ་རྟོགས་ཞེས། འདི་ཡི་ཚིག་ཕྲེང་ལྦུ་བས་རབ་ངོམས་ཏེ། །ཆེན་པོ་རྣམས་ལའང་བརྙས་པར་བྱེད་མཐོང་ནས། །དེ་དག་ངན་རྟོག་ཟློག་ཕྱིར་ངས་འདི་བྱས། །དེ་ལྟར་བདག་གིས་ཅུང་ཟད་དཔྱད་པ་འདི། །གཅིག་དུ་བསྟན་ལ་བསམ་པ་མ་གཏོགས་པ། །གྲགས་པ་འདོད་པའམ་གཞན་ལ་ཕྲག་དོག་གིས། །སྨྲས་ན་བསྟན་སྲུང་རྣམས་ཀྱི་བཀའ་ཡིས་ཆོད། ། ཐུབ་པས་ཇི་ལྟར་གསུངས་བཞིན་སྨྲས་ན་སྐྱེ་བོ་ཕལ་ཆེར་བདག་ལ་གཤེ །གཞན་དང་རྗེས་སུ་མཐུན་པར་སྨྲས་ན་ཁོ་བོ་གཡང་སར་ལྷུང་དུ་དོགས། །དེ་ལྟར་བདག་དང་གཞན་གྱི་ཕྱོགས་ལ་གཟུ་བོར་གནས་པའི་དཔང་པོ་གཞན། །མ་རྙེད་ཕྱིར་ན་དོན་འདི་རྣམས་ལ་རྒྱལ་བ་སྲས་བཅས་དཔང་མཛོད་ཅིག །བསྟན་པ་འཛིན་པ་རྣམས་ལ་འཕྲིན་དུ་གསོལ་བ་ནོར་བུའི་ཕྲེང་བ་ཞེས་བྱ་བ་འདི་ནི། ཤཱཀྱའི་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་སྦྱར་བའོ། །འདིས་ཀྱང་བསྟན་པ་འཕེལ་བར་གྱུར་ཅིག །མངྒ་ལཾ་བྷ་ཝནྟུ། བླ་མ་དུས་འཁོར་བ་རྣམས་ལ་བྱང་ཆུབ་བསོད་ནམས་ཀྱིས་གསོལ་བ། ཁྱེད་རྣམས་གཞུང་ལུགས་ཆེན་པོ་ལ་ཡུན་རིང་འདྲིས་པར་མཛད་པ་ཡིན་པས། རིགས་པ་འདི་རྣམས་གཟིགས་ལ་ལན་དུ། འདི་སྨྲ་བ་པོ་ནི་ཆོས་སྤོང་གི་ལས་གསོག་པས་བདུད་ཀྱིས་བྱིན་གྱིས་བརླབས་པའོ། །མཁས་གྲུབ་བླ་མ་རྣམས་ལ་རྒོལ་བའོ། །ཞེས་པ་ཙམ་གྱི་ལན་དེ་མིན་པར་ལུང་རིགས་རྣམ་དག་གསུང་རྒྱུ་གདའ་ན་གསུངས་དང་། ཁོ་བོའང་རྗེས་སུ་ཡིད་རང་འབུལ་གྱིས། ཧེ་ཧེ།། །།


previousདུས་ཀྱི་འཁོར་ལོའི་དཔྱད་པ་ལས་བརྩམས་ཏེ་བསྟན་འཛིན་རྣམས་ལ་འཕྲིན་དུ་གསོལ་བ་ནོར་བུའི་ཕྲེང་བ།next