Nitartha Digital Library
Tibetan
རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གསུང་འབུམ།


   
   
   
   
   
དཔལ་དུས་ཀྱི་འཁོར་ལོའི་ངེས་དོན་གསལ་བར་བྱེད་པ་རིན་པོ་ཆེའི་སྒྲོན་མེ།
   
   
  expand section


 
previousདཔལ་དུས་ཀྱི་འཁོར་ལོའི་ངེས་དོན་གསལ་བར་བྱེད་པ་རིན་པོ་ཆེའི་སྒྲོན་མེ།next

དཔལ་དུས་ཀྱི་འཁོར་ལོའི་ངེས་དོན་གསལ་བར་བྱེད་པ་རིན་པོ་ཆེའི་སྒྲོན་མེ།

དཔལ་དུས་ཀྱི་འཁོར་ལོའི་ངེས་དོན་གསལ་བར་བྱེད་པ་རིན་པོ་ཆེའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །

ན་མཿཤྲཱི་ཀཱ་ལ་ཙཀྲཱ་ཡ། ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལྷག་པའི་འཕོ་མེད་སྐད་ཅིག་ལས་འཁྲུངས་ཤིང་། །མི་འགྱུར་མཆོག་གི་བདེ་བ་ཆེ་ལ་སྣ་ཚོགས་སྒྱུ་མའི་ཕྱག་རྒྱས་འཁྱུད། །སྲིད་གསུམ་གློ་བུར་དྲི་མ་སྤངས་ཀྱང་སྲིད་གསུམ་རྨི་ལམ་སྒྱུ་བཞིན་སྣང་། །རྣམ་བཅུ་དབང་ལྡན་སྟོང་ཆེན་ཡིག་ལྔ་ཨེ་ཝཾ་ཡིག་གཉིས་དེ་ལ་འདུད། །གངས་རིའི་ཁྲོད་འདིར་མཁས་རློམ་གཞན་དག་གིས། །དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་རྒྱུད། །ཇི་བཞིན་མ་རྟོགས་བློ་ངན་མུན་པས་བསླད། །ཐར་འདོད་ཕལ་ཆེར་ལོག་པའི་ལམ་ལ་ཁྲིད། །བསོད་ནམས་དམན་གང་ལོག་པའི་ལམ་ལ་མཆོག་ཏུ་མངོན་པར་ཞེན་གྱུར་ནས། །སངས་རྒྱས་དགྱེས་པའི་ལམ་ལས་ཆེས་གོལ་དེ་དག་རྣམས་ལ་བརྩེ་བའི་ཕྱིར། །འདི་དོན་ཇི་བཞིན་ཁོ་བོས་བཤད་ཀྱིས་བདག་ཉིད་ལེགས་པར་འདོད་པ་རྣམས། །ཕྱོགས་ལྷུང་ཕྲག་དོག་དྲི་མ་སྤོངས་ལ་གཟུར་གནས་དད་པའི་ཡིད་ཀྱིས་ཉོན། །འདིར་བདེ་བར་གཤེགས་པས་འགྲོ་བ་རྣམས་སྲིད་པའི་སྡུག་བསྔལ་ལས་བསྒྲལ་བའི་སླད་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་རྣམ་པ་གཉིས་ཏེ། མདོ་སྡེ་དང་། རྒྱུད་སྡེའོ། །

དེ་ལ་མདོ་སྡེ་གང་ཇི་སྙེད་པ་རྣམས་ནི། བརྗོད་བྱ་བདེན་པ་གཉིས་ལས་བརྩམས་ནས་བསྟན་ཏེ། ཇི་སྐད་དུ། ཡབ་སྲས་མཇལ་བའི་མདོ་ལས། འཇིག་རྟེན་མཁྱེན་པས་གཞན་ལ་མ་གསན་པར། །བདེན་པ་འདི་གཉིས་ཀྱིས་ནི་སྟོན་པར་མཛད། །གང་ཞིག་ཀུན་རྫོབ་དེ་བཞིན་དོན་དམ་སྟེ། །བདེན་པ་གསུམ་པ་འགའ་ཡང་མ་མཆིས་སོ། །ཞེས་དང་། ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །ཞེས་གསུངས་སོ། །རྒྱུད་སྡེ་རྣམས་ནི། རིམ་པ་གཉིས་ལས་བརྩམས་ནས་བསྟན་ཏེ། གསང་བ་འདུས་པའི་རྒྱུད་ཕྱི་མར། རྡོ་རྗེ་ཅན་གྱིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་བརྟེན། །བསྐྱེད་པ་ཡི་ནི་རིམ་པ་དང་། །དེ་བཞིན་རྫོགས་པའི་རིམ་ཉིད་དོ། །ཞེས་དང་། རྩ་བའི་རྒྱུད་བརྟག་པ་གཉིས་པར་ཡང་། རིམ་གཉིས་རྣམ་པར་གནས་ནས་ནི། །རྡོ་རྗེ་ཅན་གྱིས་ཆོས་འཆད་དོ། །ཞེས་གསུངས་སོ། །རིམ་པ་གཉིས་པོ་དེ་ཡང་། རྒྱུ་དང་འབྲས་བུའི་དབྱེ་བས་འཁོར་དང་བཅས་ན་རྒྱུད་གསུམ་དུ་འགྱུར་ཏེ། འདི་ལྟར་རྒྱུའི་རྒྱུད་དང་། ཐབས་ཀྱི་རྒྱུད་དང་། འབྲས་བུའི་རྒྱུད་དོ། །དེ་ལ་རྒྱུའི་རྒྱུད་ནི། ཐོས་བསམ་གྱིས་སྒྲོ་འདོགས་བཅད་དེ་ཤེས་པར་བྱ་བའོ། །ཐབས་ཀྱི་རྒྱུད་ནི། བསྒོམས་པས་ཉམས་སུ་བླངས་ཏེ་བརྟེན་པར་བྱ་བའོ། །འབྲས་བུའི་རྒྱུད་ནི། ཚོགས་གཉིས་ཀྱིས་བསྒྲུབས་ཏེ་མངོན་དུ་བྱ་བའོ། །དེ་ཙམ་གྱིས་རྣལ་འབྱོར་པ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྒྲུབ་པའི་ཆ་རྐྱེན་མ་ཚང་བ་མེད་པའི་ཕྱིར། རྒྱུད་རྣམས་ཀྱི་བརྗོད་བྱའི་གཙོ་བོ་རྒྱུད་གསུམ་པོ་དེ་ཙམ་དུ་ངེས་སོ། ། དེའི་ཕྱིར། མཆོག་གི་དང་པོའི་སངས་རྒྱས་ཀྱི་རྒྱུད་ཀྱི་ཐོག་མར། སྟོན་པ་སྐུ་བཞིའི་བདག་ཉིད་ཅན་ལ། རྒྱལ་པོ་ཟླ་བ་བཟང་པོས་རྒྱུད་གསུང་བ་ལས་བརྩམས་ཏེ་གསོལ་བ་བཏབ་ནས་ཉེ་བར་བསྡུས་པ་འདི་ལྟར། ཐམས་ཅད་མཁྱེན་པ་ཡེ་ཤེས་སྐུ་དང་ཉིན་མོར་བྱེད་པའི་སྐུ་སྟེ་པད་མའི་འདབ་མ་རྒྱས་པའི་སྤྱན། །སངས་རྒྱས་སེང་གེའི་ཁྲིར་བཞུགས་ལྷ་ཡི་མཆོག་རྣམས་ཀྱིས་ནི་བཏུད་ལ་རྒྱལ་པོ་ཟླ་བ་བཟང་པོ་ཡིས། །མགོ་བོས་རབ་ཏུ་ཕྱག་འཚལ་ལག་པའི་པད་མ་སྦྱར་བ་ཡན་ལག་མཆོག་ལ་བཞག་ནས་ཞུས་པ་ནི། །ཞེས་དང་། སྟོང་པ་ཡེ་ཤེས་ཀྱང་སྟེ་ཐིག་ལེ་མཆོག་དང་རྡོ་རྗེ་འཛིན་པ་སངས་རྒྱས་ལྷ་དང་ལྷ་མིན་ཡང་། །ཕྱི་དང་ལུས་དང་གཞན་ལ་ཡང་སྟེ་རང་བཞིན་རྣམས་དང་སྐྱེས་བུ་ཉི་ཤུ་ལྔ་པའི་བདག་ཉིད་དང་། །ལུས་ལ་སྣ་ཚོགས་ཚད་དང་སྲིད་པ་གསུམ་གྱི་བཀོད་པ་ལྷ་དང་ལྷ་མིན་རྣམས་ཀྱི་ལོངས་སྤྱོད་དང་། །དཀྱིལ་འཁོར་དང་ནི་དབང་སྟེ་སྐབས་གསུམ་པ་དང་མི་ཡི་བླ་མས་འདི་རྣམས་ཡང་དག་བཤད་དུ་གསོལ། །ཞེས་པའོ། །དེ་ལ་ཐམས་ཅད་མཁྱེན་པ་ནི་སྐུ་བཞི་པ་དག་པ་དང་། ངོ་བོ་ཉིད་དང་། ལྷན་ཅིག་སྐྱེས་པ་དང་། བདེ་བ་ཆེན་པོའི་སྐུའོ། །ཡེ་ཤེས་སྐུ་ནི་ཆོས་ཀྱི་སྐུའོ། །ཉིན་མོར་བྱེད་པའི་སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །པད་མ་འདབ་མ་རྒྱས་པའི་སྤྱན་ནི་སྤྲུལ་པའི་སྐུའོ། །

སངས་རྒྱས་ནི་དེ་དག་དབྱེར་མེད་པ་ཝཾ་ཡིག་བདེ་བ་ཆེན་པོ་ཐབས་སོ། །སེང་གེའི་ཁྲི་ནི་རྣམ་པ་ཐམས་ཅད་པའི་སྟོང་པ་ཨེ་ཡིག་ནམ་མཁའི་ཁམས་ཤེས་རབ་བོ། །དེ་ལྟར་ཐབས་དང་ཤེས་རབ་དབྱེར་མེད་པ་སྐུ་བཞིའི་བདག་ཉིད་ཅན་གྱི་རྡོ་རྗེ་སེམས་དཔའ་ནི། གང་ལ་ཞུ་བའི་ཡུལ་སྟོན་པའོ། །གང་གིས་ཞུ་བ་པོ་རྒྱལ་པོ་ཟླ་བ་བཟང་པོ་ནི། རྒྱུད་ཐམས་ཅད་སྡུད་པ་པོ་ཕྱག་ན་རྡོ་རྗེའོ། །དོན་གང་ཞིག་ཞུས་པ་ནི། །སྟོང་པ་ཡེ་ཤེས་ཀྱང་སྟེ། །ཞེས་སོགས་རྐང་པ་དང་པོས་འབྲས་བུའི་རྒྱུད་ལ་གསོལ་བ་བཏབ་སྟེ། དེ་ལ་རྡོ་རྗེ་འཛིན་པ་ཞེས་པ་ཡན་ཆད་ཀྱིས་ཕུང་པོ་དང་ཁམས་ལ་སོགས་པ་ཆོས་སུམ་ཅུ་རྩ་དྲུག་སྒྲིབ་པ་མེད་པ་ཉིད་དང་། རོ་མཉམ་པ་ཉིད་དང་། གཅིག་ཏུ་འདྲེས་པར་འཛིན་པ་སྟོང་པ་ཆེན་པོ་འགྱུར་མེད་ལྔ་དང་། ཐིག་ལེ་སྟོང་པ་ཡི་གེ་དྲུག་གི་རང་བཞིན་རིགས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་སེམས་དཔའ་བསྟན་ལ། སངས་རྒྱས་ལྷ་དང་ལྷ་མིན་ཡང་ཞེས་པས་དེའི་རིགས་ཅན་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་ལ་སོགས་པ་དཀྱིལ་འཁོར་པ་རྣམས་བསྟན་ཏོ། །དེ་ལྟ་བུའི་འབྲས་བུའི་རྒྱུད་དེ་ཡང་ལེའུ་ལྔ་པ་ཡེ་ཤེས་ཀྱི་ལེའུ་ལས་རྒྱས་པར་འཆད་པར་འགྱུར་རོ། །ཕྱི་དང་ལུས་དང་ཞེས་སོགས་རྐང་པ་གཉིས་ཀྱིས་ནི། ཕྱི་སྣོད་དང་། ནང་བཅུད་ཀྱི་སེམས་ཅན་གྱི་རང་བཞིན་རྒྱུའི་རྒྱུད་ལ་གསོལ་བ་བཏབ་པ་སྟེ། དེ་ཡང་འཇིག་རྟེན་གྱི་ཁམས་གྱི་ལེའུ་དང་། ནང་གི་ལེའུ་ལས་རྒྱས་པར་འཆད་པར་འགྱུར་རོ། །

དཀྱིལ་འཁོར་དང་ནི་དབང་སྟེ་ཞེས་པས་ཐབས་ཀྱི་རྒྱུད་ལ་གསོལ་བ་བཏབ་པ་སྟེ། དེ་ལ་དཀྱིལ་འཁོར་དང་དབང་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབྱེ་བས་ཀུན་རྫོབ་དང་དོན་དམ་གཉིས་ཏེ། ཀུན་རྫོབ་ཀྱི་དཀྱིལ་འཁོར་ནི་ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དང་། ནང་ལུས་ཀྱི་དཀྱིལ་འཁོར་ཏེ། དེ་དག་ནི་དོན་དམ་པའི་དཀྱིལ་འཁོར་མཚོན་བྱེད་དོ། །

དོན་དམ་པའི་དཀྱིལ་འཁོར་ནི། ཕྱག་རྒྱ་ཆེན་པོ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་སྟེ། འགྲེལ་པར། མཆོག་གི་དང་པོའི་སངས་རྒྱས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་ཞེས་པ་ནི། རིས་མེད་པ། ཤེས་པ་དང་ཤེས་བྱ་གཅིག་ཏུ་འདྲེས་པར་གྱུར་ཅིང་དཔྱད་དུ་མེད་ལ། དབྱེར་མེད་པ་རྣམ་པ་ཐམས་ཅད་པ་དབྱིངས་ཀྱི་མཚན་ཉིད་ཅན་མེ་ལོང་ལ་པྲ་ཕབ་པ་དང་མཚུངས་པ་སྟེ། ཞེས་བཤད་པ་གང་ཡིན་པའོ། །དོན་དམ་པའི་དཀྱིལ་འཁོར་དེ་ལྟ་བུ་ནི་ཀུན་རྫོབ་ཀྱི་དཀྱིལ་འཁོར་གྱིས་མཚོན་པར་བྱ་བའོ། ། ཀུན་རྫོབ་ཀྱི་དབང་ནི་ཆུ་ལ་སོགས་པ་བདུན་དང་བུམ་པའོ། །དོན་དམ་པའི་དབང་ནི། སྣོད་དུ་རུང་བར་བྱེད་པ་དང་། དོན་དམ་དངོས་གཉིས་ཀྱི་དང་པོ་ནི་གསང་བ་དང་། ཀུན་རྫོབ་ཀྱི་ཤེས་རབ་ཡེ་ཤེས་རྣམས་ཡིན་ལ། དོན་དམ་པའི་དབང་དངོས་ནི། མཆོག་ཏུ་མི་འགྱུར་བའི་བདེ་བ་དང་། རྣམ་པ་ཐམས་ཅད་པའི་སྟོང་པ་ཟུང་དུ་འཇུག་པའི་རྣལ་འབྱོར་དོན་དམ་པའི་ཤེས་རབ་ཡེ་ཤེས་ཏེ། དབང་བཞི་པའོ། །

དེ་ལ་ཀུན་རྫོབ་ཀྱི་དཀྱིལ་འཁོར་དང་དབང་གིས་བསྐྱེད་པའི་རིམ་པ་བསྟན་ལ། དོན་དམ་ནི་དཀྱིལ་འཁོར་དང་དབང་གིས་རྫོགས་པའི་རིམ་པ་བསྟན་ཏེ། དེ་ལྟ་བུའི་ཐབས་ཀྱི་རྒྱུད་རིམ་པ་གཉིས་པོ་དེ་ཡང་དབང་གི་ལེའུ་དང་སྒྲུབ་ཐབས་ཀྱི་ལེའུ་ལས་རྒྱས་པར་འཆད་པར་འགྱུར་རོ། །

དེ་ལྟར་ན་བརྟག་པའམ་ལེའུ་ལྔའི་བདག་ཉིད་ཀྱིས་དུས་ཀྱི་འཁོར་ལོའི་བརྗོད་པར་བྱ་བ་ནི། རྒྱུ་དང་། ཐབས་དང་། འབྲས་བུའི་རྒྱུད་གསུམ་དུ་ངེས་པ་དེའི་ཕྱིར། འདིར་རྒྱུད་གསུམ་གྱི་སྒོ་ནས་དཔལ་དུས་ཀྱི་འཁོར་ལོའི་ངེས་དོན་གྱི་ཆ་རྣམས་གཏན་ལ་དབབ་པར་བྱའོ། །དེ་ཡང་ཐོག་མར་རྒྱུའི་རྒྱུད་བསྟན་པར་བྱ་སྟེ། སྒྲོ་འདོགས་བཅད་པར་བྱ་བའི་གཞི་ཡིན་པའི་ཕྱིར་རོ། །དེ་ལ་རྒྱུའི་རྒྱུད་ནི་ཐབས་ཀྱི་རྒྱུད་ཀྱི་སྦྱང་གཞི་ཡིན་ལ། དེ་ཡང་གཉིས་ཏེ། ཀུན་རྫོབ་ཆོས་ཅན་གྱི་ཆ་དང་། དོན་དམ་ཆོས་ཉིད་ཀྱི་ཆའོ། །དང་པོ་ལ་ཡང་རྟེན་སྣོད་ཀྱི་འཇིག་རྟེན་དང་། བརྟེན་པ་བཅུད་ཀྱི་སེམས་ཅན་གཉིས་ཏེ། བསྐྱེད་རིམ་གྱི་སྦྱང་གཞི་ཡིན་ལ། དེ་དག་ཀྱང་ལེའུ་དང་པོ་དང་གཉིས་པས་རྒྱས་པར་འཆད་པའི་ཕྱིར་འདིར་མ་སྤྲོས་སོ། །

དོན་དམ་པ་ཡང་གཉིས་ཏེ། ཁྱབ་བྱེད་རྡོ་རྗེའི་སྐུ་འཇིག་རྟེན་གྱི་ཁམས་དང་། སྦྱང་གཞི་སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བ་དྲི་བཅས་དེ་བཞིན་ཉིད་དོ། །དང་པོ་ནི། ནམ་མཁའ་ལ་སོགས་པ་རྟེན་དཀྱིལ་འཁོར་ལྔ་དང་། བརྟེན་པ་ལྷུན་པོ་ལ་སོགས་པ་བརྟན་པ་དང་། གཟུགས་མེད་ཀྱི་སྲིད་པའི་མཐར་ཐུག་པ་གཡོ་བའི་ཚོགས་རྣམས་སྒྲིབ་པ་མེད་ཅིང་རོ་མཉམ་པར་འགྱུར་པ་དེ་བཞིན་ཉིད་རྣམ་པར་དག་པའི་ངོ་བོ་དོན་དམ་པའི་རྣམ་བཅུ་དབང་ལྡན་ཏེ། འདི་ཡང་འཇིག་རྟེན་གྱི་ཁམས་ལེ་ལས་སྐུ་དང་ཡེ་ཤེས་ནམ་མཁའ་དང་ནི་མེ་དང་རླུང་དང་ཆུ་དང་ས་དང་བརྟན་དང་གཡོ་བ་དང་། །ལྷ་ནི་མཐོང་བ་སྐྱེད་མིན་དག་དང་སྲིད་པ་རྣམ་བཅུར་གསུངས་པ་རྡོ་རྗེ་ཡི་ནི་སྐུ་དག་ལས། །སྔགས་ཀྱི་སྐྱེ་གནས་དག་ནི་འབྱུང་བར་འགྱུར་ཞིང་མི་ཡི་བདག་པོ་སླར་ཡང་འདི་ཉིད་དུ་གྲོལ་ཏེ། །ཞེས་དང་། མཚན་ཡང་དག་པར་བརྗོད་པ་ལས་ཀྱང་། རྣམ་པ་བཅུ་པོ་དོན་བཅུའི་དོན། །ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག །ཀུན་གྱི་དོན་ནི་མ་ལུས་བྱེད། །རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཐོག་མ་མེད་པར་སྤྲོས་མེད་བདག །དེ་བཞིན་ཉིད་བདག་དག་པའི་བདག །ཅེས་སོགས་ཀྱིས་བསྟན་པར་བཞེད་ལ། འགྲེལ་པར་ཡང་ཞེས་པ་ནི། འཇིག་རྟེན་ཁམས་ཀྱི་ཚོགས་རྡོ་རྗེའི་སྐུ་སྟེ། ནམ་མཁའི་ཁམས་ལ་ཡ་ཡིག་རླུང་གི་དཀྱིལ་འཁོར་དང་། དེའི་སྟེང་དུ་ར་ཡིག་མེའི་དཀྱིལ་འཁོར་དང་། དེའི་སྟེང་དུ་ཝ་ཡིག་ཆུའི་དཀྱིལ་འཁོར་དང་། དེའི་སྟེང་དུ་ལ་ཡིག་སའི་དཀྱིལ་འཁོར་དང་། དེའི་སྟེང་དུ་མ་ཡིག་ལྷུན་པོ་ལྔ་པའོ། །དེའི་སྟེང་དུ་ཀྵ་ཡིག་པད་མའི་ཚུལ་གྱིས་གཡོ་བའི་ཚོགས་དང་། དེའི་སྟེང་དུ་གཟུགས་མེད་པའི་ཚོགས་ཧ་ཡིག་གོ། ཧ་ཡིག་ལས་རྣམ་པར་བཅད་པ་ཉི་མ་དང་། ཐིག་ལེ་ཟླ་བ་དང་། ནཱ་ད་རྡོ་རྗེ་རྩེ་གཅིག་པའི་མཚན་མ་སྟེ། དེ་ལྟར་རྡོ་རྗེའི་སྐུ་འཇིག་རྟེན་གྱི་ཁམས་སོ། །ཞེས་བཤད་དོ། །རྡོ་རྗེའི་སྐུ་འདི་ཡང་སྒྲིབ་བྲལ་གྱི་གནས་སྐབས་ཡིན་པས་སྦྱང་གཞི་མ་ཡིན་ཡང་། འདི་ལ་རྟེན་གྱི་ཁམས་འཇིག་ཆགས་བྱེད་པར་བཤད་པས་སྐབས་འདིར་བསྟན་ཏེ། འདི་ལྟར་འགྲེལ་པ་ལས། དེས་ན་ཆགས་པ་ནི་འབྱུང་བའི་དུས་ཀྱི་དབང་གིས་སྟོང་པ་རྣམས་ལས་ཞེས་པ་ལ། སྟོང་པ་རྣམས་ནི་འཇིག་རྟེན་པའི་ཐ་སྙད་ཀྱིས་མིག་ལ་སོགས་པའི་དབང་པོ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ། རྡུལ་ཕྲ་རབ་ཀྱི་ངོ་བོས་རྣམ་པར་གནས་པས་ས་དང་ཆུ་དང་མེ་དང་རླུང་རོའི་རྫས་ཡོན་ཏན་ལྔ་དང་། བཞི་དང་གསུམ་དང་གཉིས་དང་གཅིག་གི་རང་བཞིན་རྣམས་དང་། ཡོན་ཏན་དྲུག་པ་ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཁྱབ་པར་བྱེད་པ་ནི་སྟོང་པ་རྣམས་སོ། །ཞེས་སོ། །སྟོང་པ་དྲུག་པ་ཁྱབ་བྱེད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་རྡོ་རྗེའི་སྐུ་ལ་གནས་པའི་ས་ལ་སོགས་པའི་རྡུལ་ཕྲན་ལྔ་འཛིན་པར་བྱེད་པ་དང་། སྲུབ་པ་བྱེད་པ་དང་དབྱིབས་བྱེད་པའི་ལས་ཀྱི་རླུང་གིས་བསྐུལ་ནས་འཇིག་རྟེན་ཆགས་པར་བཤད་ཅིང་འཇིག་པ་ན་ཡང་མེ་ས་ལ་ཐིམ། ས་ཆུ་ལ། ཆུ་རླུང་ལ། རླུང་ནམ་མཁའ་ལ་ཐིམ་ཞིང་། ས་ལ་སོགས་པ་ཁམས་ལྔའི་རྡུལ་ཕྲན་རྣམས་ཆོས་ཀྱི་དབྱིངས་ལ་བརྟེན་ཏེ་གནས་པའི་ཚུལ་གྱིས་འཇིག་རྟེན་དེ་ཉིད་ལ་ཐིམ་པར་བཤད་དེ། འགྲེལ་པར། སླར་ཡང་འདི་ཉིད་དུ་གྲོལ་ཏེ་ཞེས་པ་ནི། སླར་ཡང་སྡུད་པའི་དུས་སུ་འདི་ཉིད་ལ་གྲོལ་བ་སྟེ་ཐིམ་པར་འགྱུར་རོ་ཞེས་བཤད་དོ། །

ཚུལ་འདི་ཡང་མདོ་རྒྱུད་གཞན་དང་མི་མཐུན་ཡང་། རྒྱུད་འདིའི་དགོངས་པ་ལ་སྙོན་མེད་ཅིང་། འདི་ཡང་གཞན་གྱི་འདོད་པ་ལྟར་རྒྱུ་རྐྱེན་གྱིས་མ་སྐྱེས་པའི་རྟག་བརྟན་མ་ཡིན་གྱི། ཚོགས་གཉིས་ལས་འཁྲུངས་ཤིང་རྨི་ལམ་དང་སྒྱུ་མ་སོགས་བཞིན། ཡོད་མེད་རྟག་ཆད་སོགས་ཀྱི་ཕྱོགས་ཐམས་ཅད་དང་བྲལ་བར་འོག་ནས་འཆད་པར་འགྱུར་རོ། །

མུ་སྟེགས་པ་དང་སངས་རྒྱས་པའི་བསྟན་པའི་ཁྱད་ཆོས་ནི། ཕྱི་ནང་གི་དངོས་པོ་ཀུན་རྟག་བརྟན་དུ་འདོད་པ་དང་། བརྟེན་དུ་འདོད་པ་དང་། རྟེན་འབྲེལ་སྒྱུ་མ་ལྟ་བུ་ཡོད་མེད་ཀྱི་ཕྱོགས་ཐམས་ཅད་དང་བྲལ་བར་བཞེད་པ་ལས་གཞན་ཅི་ཡང་མེད་དོ། །དེ་སྐད་དུ་ཡང་། མགོན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། གང་ཟག་ཕུང་པོར་སྨྲ་བ་ཡི། །འཇིག་རྟེན་གྲངས་ཅན་འུག་ཕྲུག་སོགས། །གོས་མེད་བཅས་སོགས་གལ་ཏེ་ཞིག །ཡོད་མེད་འདས་པར་སྨྲ་ན་དྲིས། །དེ་ཕྱིར་སངས་རྒྱས་རྣམས་ཀྱི་ནི། །བསྟན་པ་འཆི་མེད་ཡོད་མེད་ལས། །འདས་པ་ཟབ་མོ་ཞེས་བྱ་བ། །ཆོས་ཀྱི་ཁུད་པ་ཡིན་ཞེས་གྱིས། ། ཞེས་གང་གསུངས་པའོ། །དེའི་ཕྱིར་གང་དག་རྡོ་རྗེའི་སྐུ་བརྟན་གཡོ་ཀུན་ལ་ཁྱབ་པའི་རྟག་བརྟན་དུ་འདོད་པ་ནི་མུ་སྟེགས་པ་གང་དག་རིག་བྱེད་ཀྱི་གཞུང་ལས་ཚངས་པ་དང་། དབང་པོ་ལ་སོགས་པ་ལྷ་ཆེན་པོ་གསུམ་གྱི་ཆོས་སྐུ་རྟག་པ་རང་བྱུང་གི་ཐམས་ཅད་མཁྱེན་པ་བརྟན་གཡོ་ཀུན་ལ་ཁྱབ་ཅིང་བྱེད་པ་པོར་འདོད་པ་དང་ཁྱད་པར་ཅི་ཡང་མེད་པའི་ཕྱིར། ཆེས་ཤིན་ཏུ་འཁྲུལ་པ་ཁོ་ན་ཡིན་ནོ། །འདིར་སྨྲས་པ། བློ་ངན་ལོག་པར་སྟོན་བྱེད་པ། །སྨན་པ་མཁས་པར་རབ་གྲགས་པ། །གང་གི་ལེགས་བཤད་འདི་འདྲ་ན། །དེ་ཡི་ཉེས་བཤད་ཇི་འདྲ་ཞིག །

སྤྱི་དོན་གཉིས་པ་སྦྱང་གཞི་སེམས་ཀྱི་ཆོས་ཉིད་དྲི་བཅས་ཀྱི་དེ་བཞིན་ཉིད་ནི། རྫོགས་རིམ་གྱི་སྦྱང་གཞི་ཡིན་ལ། འདི་ལ་ཡང་རང་གི་ངོ་བོ་དང་། མིང་གི་རྣམ་གྲངས་དང་། རང་བཞིན་གྱིས་དག་ཚུལ་དང་། དྲི་མ་རྣམས་གློ་བུར་བ་ཡིན་ཚུལ་དང་། དེ་ལམ་གྱིས་སྦྱོང་ཚུལ་དང་། མངོན་དུ་བྱེད་པའི་ཚུལ་རྣམས་ཀྱིས་ཤེས་པར་བྱའོ། །དེ་ལ་འདིའི་རང་གི་ངོ་བོ་ནི། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཐོག་མ་མེད་པ་ནས་རྗེས་སུ་ཞུགས་པ། དགེ་མི་དགེ་ལུང་མ་བསྟན་ལ་སོགས་པ་སེམས་ཀྱི་གནས་སྐབས་ཀུན་ཏུ་རྗེས་སུ་འགྲོ་བ། མྱོང་རིག་གསལ་ཙམ་རྨི་ལམ་དང་སྒྱུ་མ་སོགས་བཞིན་དུ་ཡོད་མེད་ཀྱི་ཕྱོགས་ཐམས་ཅད་དང་བྲལ་བ་སྟེ། འདི་ལ་དགོངས་ནས་རྒྱུད་འདི་ཉིད་དུའང་། སེམས་ཅན་རྣམས་ནི་སངས་རྒྱས་ཡིན་ཏེ་ཆེན་པོའི་སངས་རྒྱས་གཞན་ནི་འཇིག་རྟེན་ཁམས་འདིར་ཡོད་མ་ཡིན། །ཞེས་དང་། དབང་ལེའི་འགྲེལ་པར། འདིར་སེམས་ཅན་ཐམས་ཅད་ཀྱི་སྙིང་གི་ནང་ན་གནས་པ་ནི་ཡེ་ཤེས་སོ། །དེ་ཡང་གཞོམ་དུ་མེད་པའི་སྒྲ་སྟེ། རྟག་ཏུ་ནཱ་དའི་མཚན་ཉིད་དོ། །ཞེས་དང་། ནང་ལེའི་འགྲེལ་པར། སྟོང་པ་ལ་ནི་ཡེ་ཤེས་རྣམ་པར་བསྲེས་པ་ཞེས་པ་ནི། འདིར་ལུས་ལ་ཁྱབ་པར་བྱ་བ་དང་། ཁྱབ་པར་བྱེད་པའི་འབྲེལ་བ་ཀུན་རྫོབ་ཀྱི་ངེས་པར་གནས་པ། སེམས་ཅན་ཐམས་ཅད་ཀྱི་ལུས་ལ་གནས་པའི་ཡེ་ཤེས་གང་ཡིན་པ་དེ་ཉིད་ནི་སྟོང་པ་སྟེ། ཞེས་སོགས་ཀྱིས་དོན་འདི་བསྟན་ལ། གཞན་ཡང་བརྟག་པ་གཉིས་པར། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་རྣམ་པར་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ཞེས་སོགས་དང་། རྒྱུད་གཞན་དུ་ཡང་། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་གྱི་བདག །རྡོ་རྗེ་སྙེམས་བདག་བདག་པོའི་བདག །ཅེས་སོགས་དང་། ཐེག་པ་ཆེན་པོ་ཆོས་མངོན་པའི་མདོར་ཡང་། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པའང་འཐོབ་པར་འགྱུར། །ཞེས་དང་། རྒྱུད་བླ་མ་ལས་ཀྱང་། གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་མའི་ལྟོ་ན་མི་བདག་དང་། །ས་ལ་རིན་ཆེན་གཟུགས་ཡོད་ཇི་ལྟ་བར། །གློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། །ཞེས་སོགས་དང་། ཆོས་དབྱིངས་བསྟོད་པར་ཡང་། གང་ཞིག་ཀུན་ཏུ་མ་ཤེས་ན། །སྲིད་པ་ཀུན་ཏུ་རྣམ་འཁོར་ཞིང་། །སེམས་ཅན་ཀུན་ལ་ངེས་གནས་པའི། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་ལོ། །ཞེས་སོགས་ཐེག་པ་ཆེན་པོའི་མདོ་རྒྱུད་བསྟན་བཅོས་དེ་དང་དེ་ལས་དྲི་མ་དང་བཅས་པའི་དེ་བཞིན་ཉིད་སེམས་རང་བཞིན་གྱིས་འོད་གསལ་བ་འདི་རྒྱས་པར་བསྟན་ཏོ། །ནང་ལེར། བུམ་པའི་ནང་དུ་ཆུ་ནི་ལེན་པར་བྱེད་པ་ན་ཡང་ནམ་མཁའ་འགྲོ་བ་མིན་པ་ཇི་ལྟ་བར། །མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ནི་ཡུལ་དང་རྣམ་པར་བྲལ་བ་ལུས་ཀྱི་དབུས་སུ་དེ་བཞིན་ནོ། །ཞེས་པས་ནི། སྦྱང་གཞི་དྲི་བཅས་ཀྱི་དེ་བཞིན་ཉིད་སྟོན་པ་མ་ཡིན་གྱི། སྒྲིབ་པ་ཐམས་ཅད་དང་བྲལ་བའི་རྡོ་རྗེའི་སྐུ་ལུས་ཅན་ཀུན་ལ་ཁྱབ་བྱེད་དུ་བཞུགས་པར་སྟོན་པ་ཡིན་ཏེ། དེའི་འགྲེལ་པར། སྟོང་པ་ལ་སོགས་པའི་རྣམ་པར་ཐར་པས་རྣམ་པར་དག་པའི་སེམས་ནི་ནམ་མཁའི་རྡོ་རྗེ་ཅན་ནོ་ཞེས་བཤད་པའི་ཕྱིར་དང་། དྲི་བཅས་ཀྱི་དེ་བཞིན་ཉིད་ནི་རྣམ་པར་ཐར་པ་རྣམས་ཀྱིས་རྣམ་པར་དག་པ་མི་རིགས་པའི་ཕྱིར་རོ། །ཡང་འགྲེལ་པར། འདིར་དངོས་པོ་དང་དངོས་པོ་མེད་པར་གཅིག་ཏུ་འདྲེས་པར་གྱུར་པ་རང་བཞིན་མེད་ཅིང་རྫས་དང་རྣམ་པར་རྟོག་པ་དང་བྲལ་ལ་པྲ་ཕབ་པ་དང་མཚུངས་པ་སྐད་ཅིག་རྣམ་བྲལ་ཏེ། །སྐྱེ་བ་དང་འཇིག་པ་དང་བྲལ་བའི་དངོས་པོ་ནི། སངས་རྒྱས་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་དུ་ཡོད་དོ། །ཞེས་པ་ནི། གོང་དུ་བཤད་པའི་སྦྱང་གཞི་དྲི་བཅས་དེ་བཞིན་ཉིད་སེམས་རང་བཞིན་གྱིས་འོད་གསལ་བ་ལ་དགོངས་ཏེ་སངས་རྒྱས་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་བཀོར་བ་ནི་གདུལ་བྱ་རྣམས་ཀྱི་དྲི་མ་དང་བཅས་པའི་སེམས་རྒྱུད་རྣམ་པར་དག་པའི་ཆེད་ཡིན་པའི་ཕྱིར་རོ། །འདིར་གཞན་དག་གིས་སྦྱང་གཞི་དྲི་བཅས་ཀྱི་དེ་བཞིན་ཉིད་དང་། སྦྱངས་འབྲས་རྡོ་རྗེའི་སྐུ་ཁྱབ་བྱེད་དུ་བཞུགས་པའི་ཚུལ་མ་ཕྱེད་པར་དེ་དག་གཅིག་ཏུ་བཟུང་ནས་གཞི་འབྲས་དབྱེར་མེད་རྟག་བརྟན་གཅིག་ཏུ་འདོད་པ་ནི་ཤིན་ཏུ་འཁྲུལ་ཏེ། རྟག་པ་ནི། གློ་བུར་དྲི་མའི་རྐྱེན་གྱིས་བསླད་པར་ཡང་མི་ནུས་ལ། །ལམ་གྱིས་དྲི་བཅས་དྲི་མེད་དུ་བྱེད་པར་ཡང་མི་ནུས་པའི་ཕྱིར་ཏེ། རྟག་པ་ནི་རྣམ་པར་འགྱུར་བ་མེད་པའི་ཕྱིར་དེ་སྐད་དུ་ཡང་འགྲེལ་པར། གཞན་གྱི་བདག་རྟག་པ་འགོགས་པའི་སྐབས་སུ། འདིར་རྟག་པ་གང་ཡིན་པ་དེ་ལ་གནས་སྐབས་གཞན་མེད་དེ། རྣམ་པར་འགྱུར་བ་དང་བྲལ་བའི་ཕྱིར་རོ། །ཞེས་དང་། འཕགས་པ་ལྷའི་ཞལ་ནས་ཀྱང་། འཚེ་བ་མེད་དང་བདག་རྟག་པ། །འདི་ལ་རྒྱུ་ནི་ཅི་ཡོད་སྙམ། །རྣམ་པ་ཀུན་ཏུ་ཤིང་སྲིན་ལས། །རྡོ་རྗེ་བསྲུང་བྱར་མི་འགྱུར་རོ། །ཞེས་རྟག་པ་ལ་རྐྱེན་གྱིས་ཕན་གནོད་བྱར་མེད་པར་བཤད་དོ། །

གཉིས་པ་མིང་གི་རྣམ་གྲངས་ནི། རྒྱུའི་རྒྱུད་དང་། རང་བཞིན་ལྷན་སྐྱེས་དང་། རང་བཞིན་འོད་གསལ་དང་། དེ་བཞིན་གཤེགས་པའི་སྙིང་པོ་དང་། རང་བཞིན་གནས་རིགས་དང་། སེམས་ཅན་གྱི་ཁམས་དང་། ཆོས་ཀྱི་དབྱིངས་དང་། སེམས་ཀྱི་རྡོ་རྗེ་དང་། དྲི་བཅས་དེ་བཞིན་ཉིད་ལ་སོགས་པ་མིང་གི་རྣམ་གྲངས་དུ་མའི་སྒོ་ནས་མདོ་རྒྱུད་བསྟན་བཅོས་རྣམས་ལས་བསྟན་ཏོ། ། གསུམ་པ་རང་བཞིན་གྱིས་རྣམ་པར་དག་པའི་ཚུལ་ལ་གཉིས་ཏེ། རྐྱེན་གྱིས་བཟང་ངན་དུ་མི་འགྱུར་བ་དང་། རང་གི་ངོ་བོ་དྲི་མའི་རང་བཞིན་དུ་མ་སྐྱེས་པའོ། །དང་པོ་ནི། དཔེར་ན་ཉི་མའི་འོད་ཟེར་ནི་ནོར་བུ་ལ་སོགས་པའི་དངོས་པོ་བཟང་པོ་དང་། མི་གཙང་བ་ལ་སོགས་པའི་དངོས་པོ་ངན་པ་རྣམས་ལ་ཁྱབ་བྱེད་དུ་འཇུག་ཀྱང་། དེ་དག་གི་རྐྱེན་གྱིས་བཟང་ངན་དུ་མི་འགྱུར་བ་དེ་ལྟར་རྒྱུའི་རྒྱུད་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་འདི་ཡང་ལྷ་ལ་སོགས་པའི་འགྲོ་བ་བཟང་པོ་དང་། ཁྱི་ལ་སོགས་པའི་འགྲོ་བ་ངན་པ་རྣམས་ཀྱི་སྐྱེ་གནས་སུ་ཡང་འཇུག་མོད། འོན་ཀྱང་དེ་དག་གི་རྐྱེན་གྱིས་བཟང་ངན་དུ་འགྱུར་བ་མེད་དེ། ཉི་མའི་འོད་ཟེར་ལྟར་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རོ། །

དེ་སྐད་དུ་ཡང་བཟང་སྐྱོང་གིས་ཞུས་པའི་མདོ་ལས། དཔེར་ན་ཉི་མའི་འོད་ནི་དྲི་ང་བ་དང་། མི་གཙང་བ་དང་། རོ་དག་ལ་ཡང་འབབ་སྟེ། འོན་ཀྱང་དྲི་དེས་གོས་པར་མི་འགྱུར་ལ། ཉི་མ་དྲི་ང་བ་བོར་ཏེ་གཞན་དུ་ཡང་མི་འགྲོའོ། །དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདི་ཡང་ཕྱི་ས་དང་། སྙགས་སྙིགས་ཟ་བའི་ཁྱི་དང་ཕག་གི་སྐྱེ་གནས་དག་ཏུ་ཡང་སྐྱེ་བ་ཡོངས་སུ་འཛིན་ཏེ། འོན་ཀྱང་རྣམ་པར་ཤེས་པའི་ཁམས་ལ་སྤྱོད་པ་ངན་པ་དེ་དག་གིས་གོས་པ་མེད་དོ། །ཞེས་གསུངས་སོ། །

གཉིས་པ་དྲི་མའི་རང་བཞིན་དུ་མ་སྐྱེས་པ་ནི། དཔེར་ན་གསེར་གཡའ་དང་བཅས་པའི་གནས་སྐབས་ན་ཡང་གཡའི་ངོ་བོར་མ་སྐྱེས་ལ། ཆུ་རྙོག་མ་དང་བཅས་པའི་གནས་སྐབས་ན་ཡང་། རྙོག་མའི་ངོ་བོར་མ་སྐྱེས་པ་ལྟར། རང་བཞིན་གྱིས་འོད་གསལ་བའི་སེམས་ཀྱང་། དྲི་མ་དང་བཅས་པའི་གནས་སྐབས་ན་ཡང་ཉོན་མོངས་པ་དང་རྣམ་པར་རྟོག་པའི་ངོ་བོར་མ་སྐྱེས་ཏེ། གཞན་དུ་ན་དེ་ལ་ཉོན་མོངས་པ་དང་རྣམ་པར་རྟོག་པ་གཉེན་པོས་སྦྱང་དུ་མི་རུང་བའམ། ཡང་ན་དྲི་མ་རྣམས་སྤངས་པ་ན་རང་བཞིན་གྱིས་འོད་གསལ་བའི་སེམས་ཀྱང་རྒྱུན་ཆད་པར་ཐལ་བའི་ཕྱིར་རོ། །དེས་ན་གློ་བུར་དྲི་མའི་ངོ་བོར་མ་སྐྱེས་པའི་ཕྱིར་སེམས་ནི་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཏེ། ཆུའི་ཁམས་དང་། གསེར་བཞིན་དུ་རང་གི་ཉེ་བར་ལེན་པའི་རྒྱུ་ལས་རྣམ་པར་དག་པའི་ངོ་བོར་སྐྱེས་སོ་ཞེས་བྱ་བའི་དོན་ཏོ། །

ཇི་སྐད་དུ། རྒྱུད་བླ་མ་ལས། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་མིན་རྟོག་ལས་བྱུང་འདོད་ཆགས་སོགས། །གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །ཞེས་གསུངས་པ་ལྟར་རོ། །བཞི་པ་དྲི་མ་རྣམས་གློ་བུར་བ་ཡིན་ཚུལ་ནི། དཔེར་ན་གསེར་དང་གཡའ་ལྷན་ཅིག་ཏུ་གྲུབ་ཀྱང་། གསེར་ནི་རང་གི་ཉེ་བར་ལེན་པའི་རྒྱུ་ལས་རྣམ་པར་དག་པའི་རང་བཞིན་དུ་སྐྱེས་ལ། གཡའ་ནི་གསེར་གྱི་རྒྱུ་ལས་གཞན་པའི་རྐྱེན་ལས་བྱུང་བས། གསེར་གྱི་ངོ་བོ་ལས་འབྲལ་དུ་རུང་ཞིང་གློ་བུར་བ་ཡིན་པ་དང་། ཆུ་དང་རྙོག་མ་ལྷན་ཅིག་ཏུ་གྲུབ་ཀྱང་ཆུ་ནི་རང་གི་ཉེ་བར་ལེན་པ་ལས་ཤིན་ཏུ་དྭངས་པའི་ངོ་བོར་སྐྱེས་ལ། རྙོག་མ་ནི་ཆུའི་ཉེ་བར་ལེན་པ་ལས་གཞན་རྡུལ་ལ་སོགས་པའི་རྐྱེན་ལས་བྱུང་བས་ཆུའི་ངོ་བོ་ལས་འབྲལ་དུ་རུང་ཞིང་། གློ་བུར་ཡིན་པ་ལྟར་རང་བཞིན་འོད་གསལ་གྱི་སེམས་དང་། ཆགས་སོགས་དྲི་མ་རྣམས་ཐོག་མ་མེད་པ་ནས་ལྷན་ཅིག་ཏུ་གྲུབ་ཀྱང་། རང་བཞིན་འོད་གསལ་ནི་རང་གི་རིགས་འདྲ་སྔ་མའི་ཉེར་ལེན་ལས་རྣམ་པར་དག་པའི་ངོ་བོར་སྐྱེས་ལ། དྲི་མ་རྣམས་ནི་རང་བཞིན་འོད་གསལ་གྱི་རྒྱུ་ལས་ཚུལ་བཞིན་མིན་པ་ཡིད་ལ་བྱེད་པའི་རྐྱེན་ལས་འབྱུང་བས་རང་བཞིན་འོད་གསལ་གྱི་སེམས་ལས་འབྲལ་ཏུ་རུང་ཞིང་གློ་བུར་བ་ཡིན་ནོ། །

སེམས་ནི་ཚུལ་བཞིན་མིན་པ་ཡིད་ལ་བྱེད་པའི་རྐྱེན་དང་མ་འབྲེལ་ན་རང་གི་ངོ་བོ་གཟུང་འཛིན་གཉིས་ཀྱིས་དབེན་པའི་རང་རིག་ཅིང་གསལ་བའི་བདག་ཉིད་དུ་སྐྱེ་བ་ཆོས་ཉིད་ཡིན་ཏེ། ཆུ་ནི་རྡུལ་གྱི་རྐྱེན་དང་མ་འབྲེལ་ན་ཤིན་ཏུ་དྭངས་པའི་ངོ་བོར་དམིགས་པ་ཡིན་ནོ། །དེ་ལྟར་ན་ཡང་ཚུལ་བཞིན་མིན་པ་ཡིད་ལ་བྱེད་པའི་རྐྱེན་གྱིས་ཆགས་སོགས་དྲི་མ་དང་ལྷན་ཅིག་བྱུང་བ་ན། སེམས་ཀྱི་རང་བཞིན་འོད་གསལ་ཡོད་བཞིན་དུ་བྱིས་པ་རྣམས་ལ་མངོན་དུ་མི་འགྱུར་བ་ནི། གསེར་གཡའ་ཡིས་བསླད་པ་དང་། ཆུ་རྙོག་མས་བསླད་པ་བཞིན་དུ། རང་གི་ངོ་བོ་ཡོད་བཞིན་དྲི་མས་བསྒྲིབས་ཏེ་མི་མཐོང་བ་བཞིན་ཡིན་ནོ། །དེ་སྐད་དུ་ཡང་ཚད་མ་རྣམ་འགྲེལ་ལས། སེམས་ཀྱི་རང་བཞིན་འོད་གསལ་ཏེ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་དང་། རྣམ་ཤེས་ཡུལ་དུ་འཛིན་པའི་ཆོས། །ཇི་ལྟར་ཡོད་དེ་འཛིན་པ་དང་། །ཡོད་པ་ཡི་ནི་བདག་ཉིད་དེ། །འདི་ཡི་བསྐྱེད་པར་བྱེད་པའང་ཡིན། །རང་བཞིན་འདི་ཡིན་འདི་ལས་དེ། །རྐྱེན་གཞན་གྱིས་ནི་གོལ་འགྱུར་ཞིང་། །ལྡོག་པ་ལ་ནི་རྐྱེན་ལ་ལྟོས། །ཞེས་གང་གསུངས་པ་ལྟར་རོ། །འདིར་དེ་ལྟ་བུའི་སེམས་ཀྱི་རང་བཞིན་དང་དྲི་མ་རྣམས་གློ་བུར་དུ་འབྲེལ་བའི་ཚུལ་མི་ཤེས་པར། གང་དག་ཐ་མལ་པའི་རྒྱུད་ཀྱི་སེམས་དང་། སེམས་ལས་བྱུང་བ་ཐམས་ཅད་སྤང་བྱའི་དྲི་མ་ཁོ་ནར་འདོད་པ་ནི། མུ་སྟེགས་དཔྱོད་པ་བ་རྣམས་ཆགས་སོགས་དྲི་མ་རྣམས་སེམས་ཀྱི་ཆོས་ཉིད་ལ་རྗེས་སུ་ཞུགས་པས་སྤང་དུ་མེད་ལ་དེའི་ཕྱིར། སྐྱེས་བུ་ཐམས་ཅད་ཆགས་སོགས་ཉོན་མོངས་པ་དང་ལྡན་པའོ་ཞེས་སྨྲ་བ་དང་། གྲོས་མ་བྱས་ཀྱང་ཁ་མཐུན་པ་ཡིན་ནོ། །

ལྔ་པ་རང་བཞིན་འོད་གསལ་ལམ་གྱིས་སྦྱོང་ཚུལ་ནི། དཔེར་ན་གསེར་མེས་བསྲེགས་པ་ན་གཡའ་དང་བྲལ་ཏེ་རང་གི་རང་བཞིན་མངོན་དུ་འགྱུར་བ་དང་། ཆུ་རྙོག་མ་ཅན་གྱི་ནང་དུ་ནོར་བུ་དྭངས་བྱེད་བཅུག་པ་ན་རྙོག་མ་དང་བྲལ་ཏེ། ཤིན་དུ་དྭངས་པའི་ཆུའི་ངོ་བོར་དམིགས་པར་འགྱུར་བ་བཞིན་དུ། དྲི་མ་དང་བཅས་པའི་རང་བཞིན་འོད་གསལ་གྱི་སེམས་ཀྱང་མཆོག་ཏུ་མི་འགྱུར་བའི་བདེ་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་གློ་བུར་གྱི་དྲི་མ་རྣམས་སྦྱངས་པ་ན། རང་གི་ངོ་བོ་རྣམ་པར་དག་པ་ཇི་ལྟ་བ་བཞིན་དུ་མངོན་དུ་འགྱུར་རོ། །དེ་སྐད་དུ་ཡང་མདོར་བསྡུས་དང་པོ་ལས། ཇི་ལྟར་རྡོ་དྲེག་སྐུད་པའི་གོས་དག་ནི། །མེ་ཡིས་བསྲེགས་པ་ཉིད་ཀྱིས་དག་འགྱུར་བ། །དེ་བཞིན་སྐྱེས་བུ་རྣམས་ཀྱིས་དམ་པ་ཡི། །སེམས་ནི་ཤེས་རབ་ཡེ་ཤེས་དག་གིས་སོ། །ཞེས་བཤད་ཅིང་། དབུས་མཐའ་རྣམ་འབྱེད་ལས་ཀྱང་། ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །ཅེས་དང་། ཆོས་དབྱིངས་བསྟོད་པར་ཡང་། སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་རྣམས། །དེ་དག་རྣམས་ཀྱིས་ཉོན་མོངས་ལྡོག ། ཁམས་དེ་ཉམས་པར་བྱེད་པ་མིན། །ཞེས་གང་གསུངས་པ་ལྟར་རོ། །

དྲུག་པ་རང་བཞིན་རྣམ་དག་དོན་དམ་དུ་བྱེད་པའི་དུས་ན་གཉིས་ཏེ། རང་བཞིན་ལྷུན་གྲུབ་ཀྱི་ཚུལ་གྱིས་མངོན་དུ་བྱེད་པ་དང་། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་མངོན་དུ་བྱེད་པའི་ཚུལ་ལོ། །དེ་ཡང་འདི་ལྟར་ཇི་སྲིད་གློ་བུར་འཁྲུལ་རྐྱེན་ལས་བྱུང་བའི་ཡུལ་སྣང་གི་སེམས་མ་འགགས་པ་དེ་སྲིད་དུ་རང་བཞིན་འོད་གསལ་མངོན་དུ་མི་བྱེད་དོ། །སྲོག་ཨ་ཝ་དྷཱུ་ཏཱིར་མ་ཚུད་པར་ཡང་གཉིས་སྣང་གི་སེམས་མི་འགག་སྟེ། ཇི་སྲིད་རོ་རྐྱང་གཉིས་སུ་རླུང་རྒྱུ་བ་དེ་སྲིད་དུ་ཡུལ་སྣང་གི་སེམས་རང་གི་ངང་གིས་འབྱུང་བའི་ཕྱིར་རོ། །གང་གི་ཚེ་རོ་རྐྱང་གི་རྒྱུ་བ་འགགས་ཏེ་སྲོག་ཨ་ཝ་དྷཱུ་ཏཱིར་ཆུད་པ་དེའི་ཚེ་ཡུལ་སྣང་གློ་བུར་གྱི་སེམས་མ་ལུས་པར་འགགས་པས་རང་བཞིན་འོད་གསལ་གྱི་སེམས་མངོན་དུ་འགྱུར་ཏེ། དཔེར་ན་སྤྲིན་དང་ཁུག་སྣ་ལ་སོགས་པ་སྒྲིབ་བྱེད་ཐམས་ཅད་དང་བྲལ་བ་ན། ནམ་མཁའི་རང་མདོག་ཇི་ལྟ་བ་བཞིན་མངོན་དུ་འགྱུར་བ་བཞིན་ནོ། །

དེ་ལ་སྲོག་ཨ་ཝ་དྷཱུ་ཏཱིར་འཇུག་པའི་དུས་ནི་གཉིས་ཏེ། ལུས་ཅན་རྣམས་འཆི་བའི་དུས་དང་། རྣལ་འབྱོར་པའི་ཏིང་ངེ་འཛིན་སྒོམ་པའི་དུས་སོ། །དེ་ལ་དང་པོ་ནི། ལུས་ཅན་རྣམས་འཆི་བའི་ཚེ་ཐོག་མར་མེའི་ཁམས་ཆུའི་ཁམས་ཀྱིས་ཉམས་པར་བྱེད་ཅིང་། སའི་ཁམས་ཀྱང་ཆུ་ལ་ཞུགས་ཏེ་མི་སྣང་བར་འགྱུར་ལ། ཆུའི་ཁམས་ཀྱང་རླུང་གིས་སྐམས་ཏེ་རླུང་ཡང་ནམ་མཁའ་ལ་རིམ་གྱིས་མི་སྣང་བར་གྱུར་པ་དེའི་ཚེ་དབུ་མའི་མདུད་པ་རང་གྲོལ་ནས་རོ་རྐྱང་གི་རྒྱུ་བ་འགགས་ཏེ་སྲོག་ཨ་ཝ་དྷཱུ་ཏཱིར་ཞུགས་པ་ན། གློ་བུར་ཡུལ་སྣང་གི་སེམས་མ་ལུས་པ་འགགས་ནས་རང་བཞིན་འོད་གསལ་གྱི་སེམས་ལ། སྟོང་པ་ཉིད་ཀྱི་གཟུགས་པྲ་ཕབ་པ་ལྟ་བུ་སྣ་ཚོགས་རང་གི་ངང་གིས་འཆར་ཞིང་། དེའི་ཚེ་རྒྱུད་འདིའི་ལུགས་ཀྱི་འཆི་བའི་འོད་གསལ་མངོན་དུ་བྱས་པ་ཞེས་ཟེར་རོ། །དེ་སྐད་དུ། སྒྲུབ་ཐབས་ཀྱི་ལེའུར། ཆུ་ཡིས་མེ་ནི་རྣམ་པར་ཉམས་པ་དང་པོར་འདིར་ནི་ལུས་ཀྱི་དབུས་སུ་སྡོམ་བརྩོན་རྣམས་ཀྱིས་བྱ། །ཕྱི་ནས་འཛིན་མ་དག་ནི་ཆུ་རུ་འགྱུར་ཏེ་ལན་ཚྭ་བཞིན་དུ་ཆུ་ཡི་དབུས་སུ་རབ་ཏུ་ཞུགས། །རླུང་ནི་ཆུ་བོ་དེ་དག་བསྐམས་ནས་ནམ་མཁའ་ལ་ནི་སྣང་བ་མིན་པར་མྱུར་དུ་འགྲོ་བར་འགྱུར། །སེམས་ནི་མེ་དང་མུན་པའི་མཐའ་སྟེ་ཡུལ་དང་རྣམ་པར་བྲལ་བ་དབུས་ཀྱི་ས་ལ་བཞག་པར་བྱ། །ཞེས་དང་། དེའི་འགྲེལ་པར། དེ་ལྟར་ཁམས་ཀྱི་ཚོགས་མྱུར་ཏུ་རྣམ་པར་ཉམས་ཏེ་དེ་ནས་སེམས་ནི་མེ་དང་མུན་པའི་མཐའ་སྟེ་ནམ་མཁའི་ཁམས་རྣམས་རྣམ་པ་ཐམས་ཅད་པའི་གཟུགས་ཡུལ་དང་རྣམ་པར་བྲལ་བ་དབུས་ཀྱི་ས་ལ་ཀུན་གཞིའི་རྣམ་པར་ཤེས་པ་བཞག་པར་བྱའོ། །ཞེས་བཤད་དོ། །དེའི་ཚེ་ཐ་མལ་པ་གདམས་ངག་མེད་པ་རྣམས་ནི། འབྱུང་བ་བསྡུད་པའི་ཚེ་བདག་ཆད་ཀྱི་དོགས་པས་འཇིགས་ཏེ་སྐྲག་པ་སྐྱེ་ཞིང་། དེའི་དབང་གིས་འོད་གསལ་མངོན་དུ་གྱུར་པ་ན་ཡང་ཕན་མི་ཐོགས་ཤིང་། ཡུན་རིང་དུ་མི་གནས་པར་མྱུར་དུ་བར་དོར་འཕོ་བར་འགྱུར་རོ། །རྣལ་འབྱོར་པ་མན་ངག་དང་ལྡན་པ་རྣམས་ནི་འཆི་ཁའི་མན་ངག་ཡིད་ལ་བྱས་ཏེ། འབྱུང་བ་བསྡུད་པའི་ཚེ་འཆི་བ་འོད་གསལ་ལ་ཡུན་རིང་དུ་གནས་པར་བྱའོ་སྙམ་དུ་འཕེན་པ་སྔོན་དུ་བཏང་སྟེ། ཕ་ཁྱིམ་དུ་བུ་འགྲོ་བའི་ཚུལ་གྱིས་བྲོད་པ་དང་བཅས་ཏེ་འཇུག་པ་དེའི་དབང་གིས་འོད་གསལ་ལ་ཡུན་རིང་དུ་གནས་ཤིང་། བར་དོར་ཡང་དེའི་སྟོབས་ཀྱིས་ཏིང་ངེ་འཛིན་མངོན་དུ་འགྱུར་ལ། ཕྱི་མར་ཡང་ལམ་སྒྲུབ་ཏུ་རུང་བའི་རྟེན་ལྷ་མིའི་འགྲོ་བ་བཟང་པོར་འགྱུར་རོ། །

འདི་ཙམ་ལ་དགོངས་ནས་སྲོག་རྩོལ་གྱི་སྐབས་སུ། རྣལ་འབྱོར་པ་ནི་བདེ་ཉམས་འགྲོ་སྟེ། ཞེས་སྲོག་རྩོལ་གྱིས་གཙུག་ཏོར་ཕུག་སྟེ་ཤི་བ་བདེ་འགྲོར་འགྲོ་བ་བསྟན་པ་ཡིན་གྱི། རྒྱུད་འདིའི་ལུགས་ཀྱིས་བར་དོར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་མེད་དེ། མཆོག་གི་དངོས་གྲུབ་ནི་མི་འགྱུར་བའི་བདེ་བས་སྒྲུབ་དགོས་ལ། བར་དོ་ཡིད་ཀྱི་ལུས་ལ་མཆོག་ཏུ་མི་འགྱུར་བའི་བདེ་བ་སྒྲུབ་མི་ནུས་པའི་ཕྱིར་རོ། །

འདིར་ཁ་ཅིག་ལས་དང་པོ་པའི་སོར་བསྡུད་ཀྱི་སྐབས་ཀྱི་སྟོང་གཟུགས་བན་བུན་བྱུང་བ་ཆོས་སྐུར་ངོ་སྤྲད་ནས། དེ་ཙམ་གྱིས་འཆི་བ་འོད་གསལ་ངོ་འཕྲོད་པ་སྐད་བྱས་ཏེ། དེ་ལ་འཕོ་བ་ཁྱད་འཕགས་ཀྱི་མིང་བཏགས་ནས། བླུན་པོ་མང་པོ་མགོ་བསྐོར་ཞེས་གྲགས་ཏེ། འཆི་བའི་འོད་གསལ་ངོ་འཕྲོད་པ་ནི་རྣལ་འབྱོར་པ་ཉམས་རྟོགས་དང་ལྡན་པའི་དབང་དུ་བྱས་པ་ཡིན་གྱི། སུ་རུང་རུང་གིས་མ་ཡིན་ནོ། །

རྣལ་འབྱོར་པས་ཏིང་ངེ་འཛིན་སྒོམ་པའི་དུས་འོད་གསལ་མངོན་དུ་བྱེད་པ་ནི། མདོར་བསྡུས་དང་པོར། ཇི་ལྟར་མེ་ནི་ཤིང་ལ་རྟག་གནས་ཀྱང་། །བཅད་དང་དབྱེ་བའི་ཐབས་ཀྱིས་མི་མཐོང་སྟེ། །གཙུབས་ཤིང་གཙུབས་སྟན་ལག་པས་བསྲུབས་པ་ལས། །དེ་ལ་གནས་པ་ཡང་ནི་མཐོང་བར་འགྱུར། །དེ་བཞིན་སེམས་ཀྱི་འོད་གསལ་རྟོག་པ་ཡིས། །བསྒོམ་པའི་ཐབས་རྣམས་དག་གིས་མི་མཐོང་སྟེ། །དེ་ཉིད་དུ་ནི་རྐྱང་མ་དག་དང་ནི། །རོ་མ་གཅིག་ཏུ་སྦྱོར་བས་མཐོང་བར་འགྱུར། །ཞེས་པས་བསྟན་ཏེ། འདིའི་དོན་འོག་ཏུ་རྒྱས་པར་འཆད་པར་འགྱུར་རོ། །ཡང་རྒྱུད་འདིའི་ལུགས་ཀྱི་བདེན་པ་གཉིས་ཀྱི་རྣམ་གཞག་འདི་ལྟར་མ་རིག་པའི་འཁྲུལ་རྐྱེན་ལས་བྱུང་བའི་གློ་བུར་དྲི་མའི་ཆོས་ཇི་སྙེད་པ་རྣམས་དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པ་དང་། ཀུན་ནས་ཉོན་མོངས་པའི་དམིགས་པ་ཡིན་པའི་ཕྱིར་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། དེ་ཡང་ཡང་དག་པའི་ཡེ་ཤེས་ཀྱི་ཡུལ་དུ་མ་གྲུབ་པའི་ཕྱིར། རང་སྟོང་དང་། ཆད་སྟོང་དང་། བེམ་པོའི་སྟོང་པ་ཉིད་དོ། །གཉུག་མ་སེམས་ཀྱི་ཆོས་ཉིད་རང་བཞིན་འོད་གསལ་གྱི་ཆོས་ཇི་སྙེད་པ་རྣམས་ནི་དོན་དམ་པའི་བདེན་པ་སྟེ། དེ་ཡང་རིགས་པས་དཔྱད་བཟོད་དུ་གྲུབ་པའི་སྒོ་ནས་མིན་ཏེ། མངོན་པ་ཀུན་ལས་བཏུས་ལས། ཅིའི་ཕྱིར་དོན་དམ་པ་ཞེས་བྱ་ཞེ་ན། ཡེ་ཤེས་དམ་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར། རྣམ་པར་མི་རྟོག་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་དོན་དམ་པ་ཡིན་ལ། གློ་བུར་དྲི་མས་དབེན་པའི་ཕྱིར་གཞན་སྟོང་དང་། སོ་སོ་རང་རིག་པའི་ཚུལ་གྱིས་ཉམས་སུ་མྱོང་བའི་ཕྱིར་ཆད་སྟོང་དང་བེམས་སྟོང་མིན་ནོ། །དེ་སྐད་དུ་ཡང་འཇམ་དཔལ་གྱི་ལྟ་བའི་འདོད་པ་མདོར་བསྟན་པ་ལས། ཕུང་པོ་རྣམ་བཅད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་བ་མིན། །ཞེས་བཤད་དོ། །

དེ་ལ་རང་སྟོང་ནི་ཆད་པའི་མཐར་ལྟུང་བའི་ཕྱིར། དེ་རྟོགས་པ་ནི་ཐར་པའི་ལམ་ཡང་དག་པ་མ་ཡིན་གྱི། གཞན་སྟོང་སེམས་ཀྱི་ཆོས་ཉིད་འོད་གསལ་བསྒོམས་པའི་སྟོབས་ཀྱིས་སོ་སོ་རང་རིག་པའི་ཚུལ་གྱིས་མྱོང་བའི་ནང་རིག་འགྱུར་མེད་ཁོ་ན་ཡང་དག་པའི་ལམ་དུ་བཞེད་དེ། དེ་སྐད་དུ་ཡང་ཡེ་ཤེས་ལེའུར། གང་གི་རྒྱལ་བའི་དབང་པོ་བསྐྱེད་ཅིང་ཉིན་ཞག་སོ་སོའི་དབང་ལས་གང་གི་མངལ་ནས་འབྱུང་། །སྐད་ཅིག་གང་གིས་འགྱུར་བ་རྣམ་པར་བྲལ་བ་འགྲུབ་ཅིང་གཡོ་བས་གཡོ་བ་མེད་གྱུར་པ། །སངས་རྒྱས་བྱ་བ་དེ་ཉིད་སྤངས་ནས་བདེ་མཉམ་དང་བྲལ་སྟོང་པ་གཞན་དག་སྒོམ་བྱེད་པ། །དེ་ཡིས་བསྐལ་པ་བྱེ་བ་དུ་མ་རྣམས་ཀྱིས་སངས་རྒྱས་ཉིད་དང་ལྷན་སྐྱེས་བདེ་བའང་རིང་། །ཞེས་དང་། ནང་ལེར། ཡན་ལག་དང་བཅས་རིག་བྱེད་དྲན་པའི་གཞུང་དང་བཅས་དང་རྟོག་གེ་གྲུབ་པའི་མཐའ་ལྡན་འཇིག་རྟེན་དང་། །སྙན་དངགས་མཁན་པོ་རྒྱས་པ་མེ་ལ་སོགས་པ་རྣམས་ཀྱིས་བྱས་པའི་བསྟན་བཅོས་གཞན་ཡང་རིགས་པ་མིན། །རིག་པ་ཞེས་པ་ནང་རིག་འགྱུར་མེད་ཀྱང་སྟེ་འཇིག་རྟེན་འདིར་ནི་ཐུབ་པ་རྣམས་ཀྱིས་རབ་གསུངས་ཉིད། །གང་ལས་འཇིག་རྟེན་གསུམ་པོ་མཐའ་དག་ཏུ་འགྱུར་མི་ཡི་བདག་པོ་སླར་ཡང་གང་ལ་ཐིམ་པའོ། །ཞེས་བཤད་དོ། །དོན་དམ་པའི་བདེན་པ་དེ་ཡང་གསུམ་སྟེ། གཞི་དང་། ལམ་དང་། འབྲས་བུས་བསྡུས་པའོ། །དང་པོ་ནི། སྦྱང་གཞི་དྲི་བཅས་ཀྱི་དེ་བཞིན་ཉིད་རང་བཞིན་འོད་གསལ་སྔར་བཤད་པ་གང་ཡིན་པ་དེའོ། །

ལམ་གྱིས་བསྡུས་པ་ནི། སྦྱོར་བ་ཡན་ལག་དྲུག་འཁོར་དང་བཅས་པ་སྟེ། དེ་ལ་ཡང་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ལམ་གཉིས་ཏེ། འཇིག་རྟེན་པ་རྣམས་ནི་དོན་དམ་རྗེས་མཐུན་པ་ཡིན་ལ། འཇིག་རྟེན་ལས་འདས་པ་ནི་དོན་དམ་པ་དངོས་ཡིན་ནོ། །དེ་དག་ཀྱང་ཐབས་རྒྱུད་ཀྱི་སྐབས་སུ་རྒྱས་པར་འཆད་པ་འགྱུར་རོ། །འབྲས་བུས་བསྡུས་པ་ནི། སྒྲིབ་པ་ཐམས་ཅད་དང་བྲལ་བའི་དེ་བཞིན་ཉིད་རྣམ་པར་དག་པ། ཆོས་སྐུའི་ངོ་བོ་ཉིད་དེ། དེ་ཡང་འབྲས་བུའི་སྐབས་སུ་རྒྱས་པར་འཆད་པར་འགྱུར་རོ། །རྒྱུའི་རྒྱུད་རྒྱས་པར་བཤད་ཟིན་ཏོ། །

ད་ནི་ཐབས་ཀྱི་རྒྱུད་བཤད་པར་བྱའོ། །

དེ་ལ་ཐབས་ཀྱི་རྒྱུད་ནི་རྣམ་པ་གཉིས་ཏེ། སྨིན་པར་བྱེད་པའི་ལམ་དང་། གྲོལ་བར་བྱེད་པའི་ལམ་མོ། །དང་པོ་ལ་ཡང་ཐུན་མོང་གི་དངོས་གྲུབ་ཀྱིས་རྒྱུད་སྨིན་པར་བྱེད་པ་དང་། མཆོག་གི་དངོས་གྲུབ་ཀྱིས་རྒྱུད་སྨིན་པར་བྱེད་པའི་ལམ་གཉིས་སོ། །

དེ་ཡང་འདིར་རྡོ་རྗེ་སློབ་དཔོན་གྱིས་བསྡུ་བར་བྱ་བའི་སློབ་མ་ནི་གསུམ་སྟེ། ཐ་མ་དང་། འབྲིང་དང་། མཆོག་གོ །དང་པོ་ནི། ཐེག་པ་གསུམ་གང་གིས་ཀྱང་རྒྱུད་སྨིན་པར་མ་བྱས་པ་དབང་པོ་སྨིན་པའོ། ། གཉིས་པ་ནི་ཐེག་པ་ཐུན་མོང་གི་ལམ་གྱིས་རྒྱུད་སྦྱངས་ཤིང་། རྡོ་རྗེ་ཐེག་པའི་ལམ་ལ་མོས་པ་ཡོད་ལ། སྐྱེ་བ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ལ་འདོད་པ་མེད་ཅིང་། ཕྲིན་ལས་བཞི་དང་གྲུབ་པ་བརྒྱད་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་ཙམ་དོན་དུ་གཉེར་བ་དབང་པོ་འབྲིང་པོར་གྱུར་པའོ། །གསུམ་པ་ནི་ཐུན་མོང་གི་ལམ་གྱིས་རྒྱུད་སྦྱངས་ཤིང་། རྡོ་རྗེ་ཐེག་པའི་ལམ་ལ་བསྐྱེད་རིམ་ཡན་ཆད་མཐར་ཕྱིན་ལ་ཐུན་མོང་གི་འབྲས་བུ་ལ་འདོད་པ་མེད་ཅིང་སྐྱེ་བ་དེ་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དོན་དུ་གཉེར་བ་དབང་པོ་རབ་ཏུ་གྱུར་པའོ། ། དེ་ལ་སློབ་མ་དབང་པོ་དམན་པ་ལ་ནི། སློབ་དཔོན་གྱིས་ཐོག་མར་རྡོ་རྗེ་ཐེག་པའི་ལམ་མི་སྟོན་གྱིས། བརྟག་པ་གཉིས་པར། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་ནས་བསླབ་པའི་གནས་བཅུ་སྦྱིན། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ཏེ། །རྣལ་འབྱོར་སྤྱོད་པ་དེ་ལས་ཕྱིས། །དེ་ཡི་རྗེས་སུ་དབུ་མ་བསྟན། །ཞེས་གསུངས་པ་ལྟར། ལྟ་བ་དང་སྤྱོད་པ་རིམ་ཅན་དུ་བསྟན་པའི་སྒོ་ནས་འཁྲིད་པར་བྱེད་དོ། །

དབང་པོ་འབྲིང་དུ་གྱུར་པའི་སློབ་མ་ལ་ནི། ཐོག་མར་རྡུལ་ཚོན་ནམ་རས་བྲིས་སམ། ལུགས་མ་དང་འབུར་མ་ལ་སོགས་པ་ཕྱིའི་དཀྱིལ་འཁོར་གང་ཡང་རུང་བར་ཆུ་དང་ཅོད་པན་ལ་སོགས་དབང་བདུན་བསྐུར་བས་སྨིན་པར་བྱེད་དོ། །དབང་འདིའི་ངོ་བོ་ནི། དཔེར་ན་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་རྒྱལ་སྲིད་ཀྱི་བྱ་བ་ལ་དབང་བ་ལྟར། སློབ་མའི་ཕུང་ཁམས་དང་སྐྱེ་མཆེད་ལྷག་པའི་ལྷའི་ངོ་བོར་བྱིན་གྱིས་བརླབས་ནས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་བ་ཡིན་ཏེ། དེ་སྐད་དུ་ཡང་གསང་བ་འདུས་པར། དབང་བསྐུར་རྡོ་རྗེ་ཆེན་པོ་ལ། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་ང་ཡིས་བྱིན། །ཞེས་གང་གསུངས་པ་བཞིན་ནོ། །དགོས་པ་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐ་མལ་དུ་ཞེན་པའི་དྲི་མ་བསལ་ནས་ལྷག་པའི་ལྷའི་དཀྱིལ་འཁོར་དུ་བསྒོམ་པ་ལ་དབང་བར་བྱེད་པའོ། །དེའི་འོག་ཏུ་བསྐྱེད་རིམ་གྱི་མན་ངག་ཡན་ལག་དང་བཅས་པ་སྟོན་པར་བྱེད་དོ། །རྒྱུད་འདིའི་ལུགས་ཀྱི་བསྐྱེད་རིམ་ནི། རྟོག་སྒོམ་རྗེས་སུ་དཔག་པའི་ལམ་ཡིན་པས། ཇི་ལྟར་ཀོ་ཊ་པའི་ས་བོན་ལས་སཱ་ལུའི་འབྲས་བུ་མི་འབྱུང་བ་ལྟར། མཆོག་གི་དངོས་གྲུབ་རྣམ་པར་མི་རྟོག་པའི་རྒྱུར་མི་འགྱུར་གྱིས་འཇིག་རྟེན་པའི་དངོས་གྲུབ་ཙམ་གྱི་རྒྱུར་བཞེད་དོ། །དེ་སྐད་དུ་ཡང་མདོར་བསྡུས་དང་པོར། གཟུགས་ལ་སོགས་པ་རྟོག་པ་དཀྱིལ་འཁོར་གྱི། །འཁོར་ལོ་བསྒོམ་པ་གོམས་པར་གྱུར་པ་ནི། །གྲུབ་པ་འཇིག་རྟེན་པ་རྣམས་གྲུབ་འགྱུར་གྱི། །འདོད་པའི་དངོས་གྲུབ་ཆེན་པོ་ག་ལ་ཞིག །ཅེས་སོགས་བཤད་ཅིང་། མཆོག་མི་འགྱུར་གྱི་ཐད་དུ་སྒྲུབ་བྱེད་དང་བཅས་པ་རྒྱས་པར་འཆད་དོ། །རྒྱུད་གཞན་གྱི་ལྟར་ན་བསྐྱེད་རིམ་སངས་རྒྱས་ཀྱི་རྒྱུར་ཤིན་ཏུ་ཡང་འགྱུར་མོད། དེའི་སྒྲུབ་བྱེད་འདིར་མི་འགོད་དོ། །རྒྱུད་འདིའི་ལུགས་ཀྱིའང་བསྐྱེད་རིམ་ལ་གཙོ་བོར་འཛིན་པ་དགག་པ་ཙམ་ཡིན་གྱི། སངས་རྒྱས་ཀྱི་རྒྱུར་གཏན་མི་འགྱུར་བ་མ་ཡིན་ནོ། །དཔེར་ན་ཞིང་པ་དག་སྔར་མ་བཏུལ་བའི་ཞིང་ས་ལ་འབྲས་སཱ་ལུ་འདེབས་པར་འདོད་པ་ན། ཐོག་མར་ཀོ་ཊ་པའི་ས་བོན་འདེབས་ཤིང་། དེའི་འོག་ཏུ་སཱ་ལུའི་ས་བོན་འདེབས་མོད། ཀོ་ཊ་པའི་ས་བོན་ལས་སཱ་ལུའི་མྱུ་གུ་འབྲས་བུ་མི་འབྱུང་ཡང་། ཀོ་ཊ་པས་དུལ་བར་མ་བྱས་པའི་ཞིང་ལ་སཱ་ལུའི་འབྲས་བུ་མི་སྨིན་པ་ལྟར། བསྐྱེད་རིམ་རྟོག་པ་ལས་མི་རྟོག་པའི་སངས་རྒྱས་མི་འབྱུང་ཡང་། བསྐྱེད་རིམ་གྱིས་རྒྱུད་མ་སྦྱངས་པར་རྫོགས་རིམ་བསྒོམ་པའི་སྣོད་དུ་ཡང་མི་རུང་གི་ཐོག་མར་བསྐྱེད་རིམ་མཐར་ཕྱིན་པ་ན་རྫོགས་རིམ་བསྒོམ་པའི་སྣོད་དུ་རུང་བ་ཡིན་གྱི། དཔེར་ན་རིན་པོ་ཆེའི་ཆེད་དུ་རྒྱ་མཚོ་ཆེན་པོར་འཇུག་པའི་ཚོང་པ་རྣམས་ཐོག་མར་མཆིང་བུ་དང་དབྱིག་ལ་སོགས་པ་ནོར་བུ་ཕལ་པ་ཡོད་པའི་གླི ང་དུ་ཕྱིན་པ་ན། ད་ནི་རིན་པོ་ཆེ་མཆོག་གི་གླིང་ལ་ཡང་མི་རིང་ངོ་སྙམ་དུ་བྲོད་པ་སྐྱེས་ཏེ་འཇུག་པ་ལྟར། བསྐྱེད་རིམ་མཐར་ཕྱིན་ནས་གྲུབ་ཆེན་བརྒྱད་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་ཐོབ་པ་ན་རྡོ་རྗེ་ཐེག་པའི་ལམ་འདིས་སྐྱེ་བ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱང་གདོན་མི་ཟ་བར་འཐོབ་པར་འགྱུར་རོ་སྙམ་ནས། དེའི་རྒྱུ་རྫོགས་རིམ་བསྒོམ་པ་ལ་འཇུག་པར་འགྱུར་བའི་ཕྱིར་རོ། །དེ་སྐད་དུ་ཡང་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང་། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་བཤད་དོ། །དེའི་ཕྱིར་རྒྱུད་འདིར་སངས་རྒྱས་ཀྱི་རྒྱུ་མིན་ཞེས་པའི་ཚིག་ཙམ་ལ་བརྟེན་ནས་བསྐྱེད་རིམ་རྟོག་པའི་སྒོམ་པའོ། །ཞེས་ངན་པར་བརྩི་བ་ནི། རྡོ་རྗེ་ཐེག་པའི་ལམ་གྱི་གནད་མ་གོ་བའི་འཁྲུལ་པ་ཆེན་པོའོ། །སློབ་མ་གསུམ་པ་དབང་པོ་མཆོག་ཏུ་གྱུར་པ་ལ་ནི། མཆོག་གི་དངོས་གྲུབ་ཀྱི་རྒྱུར་སྨིན་པར་བྱེད་པའི་ལམ་ཐོག་མར་སྟོན་ཏེ། དེ་ཡང་གསུམ་སྟེ། བུམ་པ་དང་། གསང་བ་དང་། ཀུན་རྫོབ་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །སློབ་མ་རྒྱུད་འགྲེལ་ཆ་ལག་དང་བཅས་པ་ཤེས་ཤིང་གཞན་རྗེས་སུ་འཛིན་པར་ནུས་པ་ལ་ནི། རྡོ་རྗེ་སློབ་དཔོན་ཆེན་པོར་མངའ་གསོལ་བ་བུམ་པའི་དབང་བསྐུར་ལ། གཞན་རྗེས་སུ་འཛིན་མི་ནུས་པའི་སློབ་མ་ལ་ནི་མཆོག་དབང་གཉིས་བསྐུར་རོ། །

དེ་ལ་གསང་དབང་གི་ངོ་བོ་ནི། བླ་མས་བྱང་ཆུབ་ཀྱི་སེམས་ལྕེ་ཐོག་ཏུ་གནང་བ་སློབ་མས་ཞི་བའི་བཏུང་བ་བཞིན་མྱངས་པ་ལས་བྱུང་བའི་ཡེ་ཤེས་སོ། །དེ་ཡང་བླ་མའི་སྐུའི་དཀྱིལ་འཁོར་ལས་ཐོབ་ཅིང་། དགོས་པ་ནི། རྫོགས་རིམ་མཆོག་ཏུ་མི་འགྱུར་བའི་དངོས་རྟེན། བྱང་ཆུབ་ཀྱི་སེམས་ལ་མི་གཙང་བར་འཛིན་པའི་དྲི་མ་བསལ་ནས་རྫོགས་རིམ་གྱི་རྒྱུར་བྱང་སེམས་མི་སྤང་ཞིང་བསྟེན་པ་ལ་དབང་བར་བྱེད་པའོ། །

གསང་དབང་བསྐུར་བའི་ཚུལ་ལ་གཉིས་ཏེ། གྲོལ་ལམ་ལ་བརྟེན་པ་དང་། ཆགས་ལམ་ལ་བརྟེན་པའོ། །དང་པོ་ནི། སློབ་དཔོན་ཚངས་སྤྱོད་ལ་གནས་པ་ཡིན་ན། ལག་པའི་པད་མའམ། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་ཁམས་ཕབ་ནས་དབང་བསྐུར་བར་བྱེད་ཀྱི། ལས་ཀྱི་ཕྱག་རྒྱ་ལ་མི་བརྟེན་ཏོ། །ཆགས་ལམ་ལ་བརྟེན་པའི་གསང་དབང་ནི། སློབ་དཔོན་ཁྱིམ་པ་ཡིན་ན་སློབ་མས་ཕུལ་བའི་ལས་ཀྱི་ཕྱག་རྒྱ་དང་སྙོམ་པར་ཞུགས་ཏེ་ཁམས་ཕབས་ནས་སློབ་མ་ལ་དབང་བསྐུར་བར་བྱེད་དོ། །ཀུན་རྫོབ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། ཕྱག་རྒྱ་ལ་བརྟེན་ནས་ཐིག་ལེ་ཡས་བབས་ཀྱི་དགའ་བ་བཞིའི་མྱོང་བ་སྐྱེས་པ་སྟེ། དེ་ཡང་སྤྱི་བོ་ནས་མགྲིན་པའི་བར་དགའ་བ། མགྲིན་པ་ནས་སྙིང་གའི་བར་མཆོག་དགའ། སྙིང་ག་ནས་ལྟེ་བའི་བར་ཁྱད་པར་གྱི་དགའ་བ། ལྟེ་བ་ནས་རྡོ་རྗེ་ནོར་བུའི་རྩེ་མོའི་བར་དུ་བྱོན་ཏེ། བདེ་བ་ཕུལ་དུ་དབྱུང་དུ་མེད་པའི་གནས་སྐབས་ལ་སྐྱེས་པའི་ཡེ་ཤེས་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །དགའ་བ་བཞི་པོ་འདི་དག་ལ་སློབ་དཔོན་རྣམས་ཀྱི་བཞེད་པའི་ཁྱད་པར་མི་འདྲ་བ་དུ་མ་ཡོད་ཀྱང་མ་སྤྲོས་ཏེ། རྒྱུད་འདིའི་དགོངས་པ་གང་ཡིན་པ་དེ་ཙམ་ཞིག་བཞག་གོ། །དབང་འདི་ཡང་ཕྱག་རྒྱའི་བྷ་གའི་དཀྱིལ་འཁོར་ལས་ཐོབ་ལ། དགོས་པ་ནི། འདོད་ཆགས་སྤང་བྱ་དང་དམན་པར་འཛིན་པའི་དྲི་མ་བསལ་ནས། རྫོགས་རིམ་མཆོག་ཏུ་མི་འགྱུར་བའི་བདེ་བའི་རྒྱུར་ཕྱག་རྒྱ་མི་སྤང་ཞིང་བསྟེན་པ་ལ་དབང་བར་བྱེད་པའོ། །

དབང་གསུམ་པ་འདི་ལ་ཡང་། སྔར་ལྟར་དབང་བསྐུར་བའི་ཚུལ་ལ་གཉིས་ཏེ། གྲོལ་ལམ་དང་ཆགས་ལམ་ལ་བརྟེན་པའོ། །དང་པོ་ནི། སློབ་མ་ཚངས་སྤྱོད་ལ་གནས་པ་ཡིན་ན། ལག་པའི་པད་མའམ། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་དགའ་བ་བཞིའི་མྱོང་བ་བསྐྱེད་དེ་ངོ་སྤྲོས་པར་བྱེད་ཀྱི། ལས་ཀྱི་ཕྱག་རྒྱ་ལ་མི་བརྟེན་ནོ། །གཉིས་པ་ཆགས་ལམ་ལ་བརྟེན་པ་ནི། སློབ་མ་ཁྱིམ་པ་ཡིན་ན་བླ་མས་གནང་བའི་ལས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་ཏེ་དགའ་བ་བཞིའི་མྱོང་བ་བསྐྱེད་ནས་བླ་མའི་མན་ངག་གིས་བརྡ་སྤྲད་དེ་དབང་བསྐུར་བར་བྱེད་དོ། །རྒྱུད་འདིར་རྒན་པོ་སྦྱོར་མི་ནུས་པ་དང་། དགེ་སློང་ལ་དབང་གསུམ་པ་ཚིག་གིས་སྟེར་བར་བཤད་ནའང་། བདེ་མཆོག་ལས། གང་ཞིག་དགེ་སློང་དངོས་གནས་དང་། །གང་ཞིག་རྒན་པོར་གྱུར་པ་དང་། །གང་ཞིག་རྟོག་ལ་དགའ་བའི་མི། །དེ་ལ་རིན་ཆེན་སྦྱིན་མི་བྱ། །ཞེས་དགའ་བ་བཞིའི་མྱོང་བ་སྐྱེད་མི་ནུས་པ་དང་། མི་འདོད་པ་དག་ལ་དབང་བསྐུར་མི་སྦྱིན་པར་བཤད་པས། དེའི་ཕྱིར་དབང་གི་དོན་ནི་མངོན་སུམ་གྱི་ལམ་ཡིན་པའི་ཕྱིར། མཆོག་དབང་གཉིས་པོ་འདི་ལ་ཡང་ཚིག་ཙམ་གྱིས་དབང་བསྐུར་བར་མི་འགྱུར་གྱི་གོང་དུ་ཇི་སྐད་བསྟན་པའི་ཆོ་གས་སློབ་མའི་རྒྱུད་ལ་མངོན་སུམ་གྱི་མྱོང་བ་བསྐྱེད་དགོས་སོ། །

མཆོག་དབང་བཞི་པ་དོན་དམ་ཤེས་རབ་ཡེ་ཤེས་ནི། མཆོག་ཏུ་མི་འགྱུར་བའི་བདེ་བ་དང་། རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཟུང་དུ་ཆུད་པའི་རྣལ་འབྱོར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཡིན་ནོ། །

མདོར་བསྡུས་དང་པོར། མཆོག་ཏུ་མི་འགྱུར་བཞི་པ་དེ་ཉིད་ནི། །སངས་རྒྱས་རྣམས་ཀྱི་ཤེས་རབ་ཡེ་ཤེས་ཏེ། །གང་ཞིག་དེ་ནི་སླར་ཡང་དེ་བཞིན་འདིས། །གང་གི་ཕྱག་རྒྱ་ཆེན་མོར་རྒྱལ་བས་གསུངས། །ཞེས་བཤད་པའི་ཕྱིར་རོ། །དེ་བས་ན་འདི་ནི་བསྒོམས་པའི་སྟོབས་ལས་འབྱུང་གི ཆོ་ག་ལས་ཀྱང་མི་བསྐྱེད་པའི་ཕྱིར་རོ། །དབང་བཞི་པོའི་ཆོ་ག་རྒྱུད་འདི་རུ་མ་གསུངས་སོ། །དེ་བས་ན་གསང་བ་དང་། ཀུན་རྫོབ་ཤེས་རབ་ཡེ་ཤེས་ཀྱི་དབང་གཉིས་ནི། བཞི་པའི་ལམ་སྒོམ་པའི་སྣོད་དུ་རུང་བར་བྱེད་པ་ཡིན་ལ། སོ་སོར་བསྡུད་པ་ལ་སོགས་པ་ཡན་ལག་དང་པོ་ལྔ་ནི། དབང་བཞི་པ་སྐྱེད་པར་བྱེད་པའི་རྒྱུ་ཡིན་ནོ། །

སྤྱི་དོན་གཉིས་པ་གྲོལ་བའི་ལམ་བཤད་པར་བྱ་སྟེ། དེ་ཡང་འདུས་པའི་རྒྱུད་ཕྱི་མ་ལས། ཐ་མལ་མཆོག་གི་དབྱེ་བ་ཡིས། །བསྙེན་པ་རྣམ་པ་གཉིས་སུ་འདོད། །ཐ་མལ་པ་ནི་རྡོ་རྗེ་བཞིས། །མཆོག་གི་ཡན་ལག་དྲུག་གིས་སོ། །ཞེས་ཐ་མལ་པའི་དངོས་གྲུབ་ཀྱི་བསྙེན་པ་རྡོ་རྗེ་བཞིའམ། བསྙེན་སྒྲུབ་ཡན་ལག་བཞི་དང་། མཆོག་གི་དངོས་གྲུབ་ཀྱི་བསྙེན་པ་ཡན་ལག་དྲུག་ཏུ་གསུངས་པས། དེའི་ཕྱིར་གྲོལ་བའི་ལམ་ནི་སྦྱོར་བ་ཡན་ལག་དྲུག་གོ །འདི་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། འདུས་པའི་རྒྱུད་ཕྱི་མར་གསུངས་པ་འགྲེལ་པར་དྲངས་པ། སོ་སོར་བསྡུད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་འཛིན་ཏེ། །སྦྱོར་བ་ཡན་ལག་དྲུག་ཏུ་འདོད། །ཅེས་གསུངས་པའོ། །རྒྱས་པར་བཤད་པ་ལ་གཉིས། སོ་སོར་བཤད་པ་དང་། ཐུན་མོང་དུ་གཏན་ལ་དབབ་པའོ། །དང་པོ་ལ་སྐུ་རྡོ་རྗེ་དང་། གསུང་རྡོ་རྗེ་དང་། ཐུགས་རྡོ་རྗེའི་རྣལ་འབྱོར་གྱི་དང་པོ་ལ་ཡང་རྒྱུའི་རྣལ་འབྱོར་དང་། འབྲས་བུའི་རྣལ་འབྱོར་གཉིས་ཀྱི་དང་པོ་སྐུ་རྡོ་རྗེའི་རྒྱུའི་རྣལ་འབྱོར་ནི་སོ་སོར་བསྡུད་པ་སྟེ། དེ་ཡང་སྒོམ་ཚུལ་དང་། ངོ་བོ་དང་། སྒྲ་དོན་དང་། མཐར་ཕྱིན་པའི་ཚད་དང་། དེའི་ཕན་ཡོན་རྣམས་ཀྱིས་ཤེས་པར་བྱའོ། །དང་པོ་སྒོམ་ཚུལ་ནི། མན་ངག་ཇི་ལྟ་བ་བཞིན་དུ་ལུས་ཀྱི་འཕྲུལ་འཁོར་བཅའ་ཞིང་། གཙུག་ཏོར་གྱི་ལྟ་སྟངས་ཀྱིས་བྱེད་པ་བཅིངས་ཏེ། མཚན་མོ་བུག་པ་མེད་པའི་མུན་པ་དང་། ཉིན་མོ་སྤྲིན་མེད་པའི་ནམ་མཁའ་ལ་སེམས་རྩེ་གཅིག་པའི་ཚུལ་གྱིས་སྒོམ་པར་བྱེད་དོ། །

དེ་སྐད་དུ་ཡང་། སྒྲུབ་ལེར། བསྙེན་པ་ལ་ནི་དང་པོའི་རྣལ་འབྱོར་རྣམ་བཅུ་མཁའ་ལ་འཁོར་ལོ་ཅན་གྱི་ཁྲོ་བོའི་ལྟ་བས་སོ། །ཞེས་དང་། འགྲེལ་པར་ཡང་། མཚན་མོའི་དུས་སུ་མཚན་མོའི་རྣལ་འབྱོར་དང་། ཉིན་མོའི་དུས་སུ་ཉིན་མོའི་རྣལ་འབྱོར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་ལྟ་བ་གང་ཡིན་པ་དེ་ནི། མཚན་མོ་ནམ་མཁའ་ལ་བལྟ་ཞིང་། ཉིན་མོ་བླ་གབ་མེད་པ་ལ་བལྟའོ། །ཞེས་བཤད་དོ། །

གཉིས་པ་ངོ་བོ་ནི། ཚུལ་དེ་ལྟར་རྩེ་གཅིག་ཏུ་བསྒོམས་ནས་སྲོག་དབུ་མར་ཅུང་ཟད་ཞུགས་པའི་མཐུ་ལས། མིག་ལ་སོགས་པའི་ཐ་མལ་པའི་དབང་པོ་ལྔ་གཟུགས་ལ་སོགས་པའི་ཡུལ་ལྔ་ལ་མི་འཇུག་ཅིང་། དུ་བ་ལ་སོགས་པའི་རྟགས་བཅུ་རྫོགས་པའམ། ཅི་རིགས་པ་མཐོང་སྟེ། སྟོང་པ་ཉིད་ཀྱི་གཟུགས་ལ་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ནོ། །ཡེ་ལེར། ནམ་མཁའ་ཀུན་ནས་ཞེན་པའི་སེམས་དང་མིག་ནི་མི་འཛུབ་རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་པ་ཡིས། །སྟོང་པ་ལ་ནི་དུ་བ་སྨིག་རྒྱུ་རབ་བསལ་དྲི་མ་མེད་པའི་མཁའ་སྣང་ཉིད་དང་མར་མེ་དང་། ། འབར་བ་དང་ནི་ཟླ་བ་ཉི་མ་རྡོ་རྗེ་རྣམས་དང་མཆོག་གི་ཆ་དང་ཐིག་ལེ་མཐོང་བར་འགྱུར། །ཞེས་བཤད་དོ། །རྟགས་བཅུ་ནི། དུ་བ་དང་། སྨིག་རྒྱུ་དང་། མེ་ཁྱེར་དང་། མར་མེ་འབར་བ་དང་བཞི་ནི་མཚན་མོའི་རྣལ་འབྱོར་གྱི་རྟགས་ཏེ། དེ་དག་ཀྱང་འདུས་པའི་རྒྱུད་ཕྱི་མ་ལས། མཚན་མོའི་ཁམས་གྱི་རྣམ་པ་ལྟར། །བྱང་ཆུབ་རྡོ་རྗེས་གསུངས་པ་དེ། །སྨིག་རྒྱུ་འདྲ་བ་དང་པོ་སྟེ། །གཉིས་པ་དུ་བ་ལྟ་བའོ། ། གསུམ་པ་མེ་ཁྱེར་འདྲ་བ་སྟེ། །བཞི་པ་མར་མེ་འབར་ལྟ་བུའོ། །ཞེས་པས་བསྟན་ཅིང་། སྤྲིན་མེད་ནམ་མཁའ་ལྟ་བུ་སྟེ། །རྟག་ཏུ་སྣང་བ་ལྔ་པའོ། །ཞེས་ལྔ་པ་སྤྲིན་མེད་པའི་ནམ་མཁའ་ལྟ་བུ་ནི་རྟགས་ཅན་འོད་གསལ་དངོས་ཡིན་པས་འདིར་རྟགས་སུ་མ་བསྡུས་སོ། །ཉིན་མོའི་རྣལ་འབྱོར་གྱི་རྟགས་དྲུག་ནི། འབར་བ་དང་། ཟླ་བ་དང་། ཉི་མ་དང་། སྒྲ་གཅན་དང་། ཆ་ཤས་དང་། ཐིག་ལེ་མཐོང་བ་རྣམས་ཏེ། དེ་དག་ཀྱང་མཚན་ཡང་དག་པར་བརྗོད་པ་ལས། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །སྔགས་མཆོག་སྔགས་བདག་རིག་སྔགས་རྒྱལ། །ཞེས་སོགས་ཀྱིས་བསྟན་པར་བཞེད་དོ། །རྟགས་ལ་སོགས་པ་སྟོང་པ་ཉིད་ཀྱི་གཟུགས་འདི་དག་ཆོས་སྐུ་དངོས་དང་། དོན་དམ་པའི་ཆོས་ཉིད་མངོན་སུམ་དུ་མཐོང་བར་ངོ་སྤྲོད་པ་ནི་མི་རིགས་ཏེ། སྟོང་པར་རྩེ་གཅིག་ཡིད་བྱས་ནས། །ཉི་མ་གཅིག་ནི་ཡོངས་སུ་བརྟག །གལ་ཏེ་རྟགས་ནི་མ་བྱུང་ན། །དེ་ཚེ་ང་ཡི་བརྫུན་ཚིག་ཡིན། །ཞེས་བཅོམ་ལྡན་འདས་ཀྱིས་བཤད་པར་གསུངས་པའི་ཕྱིར་འདི་དག་ནི། རྫོགས་རིམ་མཆོག་ཏུ་མི་འགྱུར་བའི་བདེ་བ་མྱུར་དུ་མངོན་དུ་འགྱུར་བའི་རྟགས་ཙམ་དུ་བཤད་པ་ཡིན་གྱི། ཆོས་སྐུ་དངོས་མིན་ཏེ། ཇི་སྲིད་རྣལ་འབྱོར་པའི་རྒྱུད་སྒྲིབ་པ་དང་བཅས་པ་དེ་སྲིད་དུ། ཆོས་སྐུ་མཚན་ཉིད་པ་མངོན་དུ་མི་འགྱུར་ཏེ། ཆོས་ཀྱི་སྐུ་ནི་གནས་སྐབས་རིགས་བཞིའི་སྒྲིབ་པ་ཐམས་ཅད་དང་བྲལ་བའི་དབྱིངས་རྣམ་པར་དག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །

མདོར་བསྡུས་དང་པོ་ལས་ཀྱང་། འཁོར་བ་སྙིང་པོ་མེད་པ་ཟད་གྱུར་པ། །དེ་ལས་སྐྱེས་པའི་སངས་རྒྱས་ཉིད་འབྲས་ཏེ། །ཆུ་ཤིང་གི་ནི་འབྲས་བུ་སྨིན་པ་རྣམས། །ཆུ་ཤིང་ཉམས་པས་འབྱུང་བ་འགྱུར་བ་བཞིན། །ཞེས་པས་གློ་བུར་གྱི་དྲི་མ་མཐའ་དག་མ་ཟད་པར་ཆོས་སྐུ་མངོན་དུ་མི་འགྱུར་བར་བཤད་དོ། །ཡང་ཇི་སྲིད་མཆོག་ཏུ་མི་འགྱུར་བའི་བདེ་བ་མ་ཐོབ་པ་དེ་སྲིད་དུ་དོན་དམ་པའི་ཆོས་ཉིད་མངོན་སུམ་དུ་མཐོང་བ་མིན་ཏེ། རྗེས་དྲན་མན་ཆད་ཀྱི་ཏིང་ངེ་འཛིན་གཟུང་བ་དང་འཛིན་པ་གཉིས་སུ་སྣང་བ་ཡོད་པས་འཇིག་རྟེན་པའི་ལམ་ཡིན་ལ། དེའི་ཕྱིར་དེ་དག་དོན་དམ་རྗེས་མཐུན་པ་ཡིན་གྱི། དོན་དམ་དངོས་མིན་ནོ། །དེ་བས་ན་གང་དག་ལས་དང་པོ་པའི་ཉམས་སྣང་རྣམས་ཆོས་སྐུར་ངོ་སྤྲོད་པ་ནི། རིན་པོ་ཆེ་རྟོག་པ་ལ་མི་མཁས་པ་དག་མཆིང་བུ་ལ་ནོར་བུ་དང་། ར་གན་ལ་གསེར་དུ་འཁྲུལ་ཏེ། རང་གཞན་སླུ་བར་བྱེད་པ་དང་འདྲའོ། །

གསུམ་པ་སྒྲ་དོན་ནི། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཐ་མལ་བའི་མིག་ལ་སོགས་པའི་དབང་པོ་ལྔ། གཟུགས་སོགས་ཡུལ་ལྔ་ལ་སོ་སོར་འཇུག་པ་བསྡུད་པའམ། སྤོང་བར་བྱེད་པས་ན་སོ་སོར་བསྡུད་པ་ཞེས་པའོ། །དེ་སྐད་དུ་སྒྲུབ་ལེར། སོ་སོར་བསྡུད་པ་ལུས་ལ་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་ནི་རབ་ཏུ་འཇུག་པ་མེད་པའོ། །ཞེས་བཤད་དོ། །བཞི་པ་མཐར་ཕྱིར་པའི་ཚད་ནི། རྟགས་བཅུ། གཅིག་ཏུ་འདྲེས་པའི་སྟོང་པ་ཉིད་ཀྱི་གཟུགས་ལ་རྣལ་འབྱོར་པའི་སེམས་འབད་པ་མེད་པར་རང་གི་ངང་གིས་འཇུག་པའོ། །ལྔ་པ་ཕན་ཡོན་ནི། དེའི་རྣལ་འབྱོར་པས་དུག་ཞི་བ་ལ་སོགས་པ་བདེན་པའི་ཚིག་འགྲུབ་པར་འགྱུར་བ་སྟེ། ཇི་སྐད་དུ། སོ་སོར་བསྡུད་པས་རྣལ་འབྱོར་པ་ནི་ཡུལ་དང་རྣམ་པར་བྲལ་བ་སྔགས་རྣམས་ཀུན་གྱིས་བྱིན་གྱིས་བརློབ། །ཅེས་བཤད་དོ། །སྤྱི་དོན་གཉིས་པ་སྐུ་རྡོ་རྗེའི་འབྲས་བུའི་རྣལ་འབྱོར་ནི། བསམ་གཏན་ཏེ། དེ་ཡང་སོ་སོར་བསྡུད་པའི་འབྲས་བུ་ཡིན་པས་སོར་བསྡུད་མཐར་ཕྱིན་ནས་བསྒོམ་མོ། །སྒོམ་ཚུལ་ནི། ཡུལ་དང་། དུས་དང་། གནས་དང་། བྱེད་པ་བཅིང་བ་ལ་སོགས་པ་སོར་བསྡུད་དང་འདྲའོ། །ངོ་བོ་ནི། དེ་ལྟར་བསྒོམས་པས་གློ་བུར་གྱི་ཡུལ་སྣང་མ་ལུས་པ་འགག་ཏེ་རྣལ་འབྱོར་པའི་སེམས་རྣམ་པ་ཐམས་ཅད་ཀྱི་གཟུགས་ལ་རང་གི་ངང་གིས་འཇུག་པའི་སེམས་རྩེ་གཅིག་པའོ། །དེ་ཡང་ཡན་ལག་ལྔ་དང་ལྡན་ཏེ། ཤེས་རབ་དང་། རྟོག་པ་དང་། དཔྱོད་པ་དང་། དགའ་བ་དང་། གཡོ་བ་མེད་པའི་བདེ་བ་རྩེ་གཅིག་པའི་སེམས་སོ། །དེ་ལ་དང་པོ་སྟོང་པ་ཉིད་ཀྱི་གཟུགས་ལ་བལྟ་བ་ནི་ཤེས་རབ་བོ། ། དེའི་འོག་ཏུ་གཟུགས་ཀྱི་ངོ་བོ་ཙམ་ངེས་པ་ནི་རྟོག་པའོ། །དེའི་འོག་ཏུ་གཟུགས་དེ་ཉིད་རང་གི་སེམས་ཉིད་འོད་གསལ་བའི་སྣང་བ་མེ་ལོང་ལ་པྲ་ཕབ་པ་ལྟ་བུར་རང་བཞིན་མེད་པར་ངེས་པ་ནི་དཔྱོད་པའོ། །བསྒོམས་པའི་སྟོབས་ལས་བྱུང་བའི་ཡིད་ཚིམ་པར་བྱེད་པའི་ཚོར་བ་བདེ་བ་ནི་དགའ་བའོ། །ཤིན་ཏུ་སྦྱངས་པའི་བདེ་བ་ལུས་ཐམས་ཅད་ལ་ཁྱབ་པ་ལས་བྱུང་བ། ལུས་སིམ་པར་བྱེད་པའི་བདེ་བ་དང་ལྷན་ཅིག་སྟོང་པ་ཉིད་ཀྱི་གཟུགས་ལ་གཡོ་བ་མེད་པར་རྩེ་གཅིག་ཏུ་འཇུག་པའི་སེམས་ནི་གཡོ་བ་མེད་པའི་བདེ་བ་རྩེ་གཅིག་པའི་སེམས་སོ། །

ཡན་ལག་དང་པོ་གསུམ་ནི། གཉེན་པོའི་ཡན་ལག་ལྷག་མཐོང་གི་ངོ་བོ་ཡིན་ལ། དགའ་བ་དང་བདེ་བ་ཕན་ཡོན་གྱི་ཡན་ལག་ཡིན་ཞིང་། གཡོ་བ་མེད་པའི་སེམས་རྩེ་གཅིག་པ་ནི་ཞི་གནས་ཀྱི་ངོ་བོ་ཡིན་ནོ། །དེའི་ཕྱིར་བསམ་གཏན་ནི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ནོ། །དེ་སྐད་དུ་ཡང་སྒྲུབ་ལེར། བསམ་གཏན་དག་ཀྱང་ཤེས་རབ་རྟོག་དང་དཔྱོད་པ་དགའ་དང་གཡོ་སེམས་རྩེ་གཅིག་སེམས་པའོ། །ཞེས་བཤད་དོ། །སྒྲ་དོན་ནི། ཞི་ལྷག་ཟུང་དུ་འབྲེལ་བའི་ཏིང་ངེ་འཛིན་ཡིན་པའི་ཕྱིར་བསམ་གཏན་ཡིན་ནོ། །མཐར་ཕྱིན་པའི་ཚད་ནི། མཚན་མོའི་རྣལ་འབྱོར་གྱི་དུས་སུ་ཐིག་ལེའི་དབུས་སུ་མཚན་དཔེས་བརྒྱན་པའི་དེ་བཞིན་གཤེགས་པའི་སྐུ་གཟུགས་དུ་མ་མཐོང་བ་དང་། དེ་དག་གི་གསུང་གཞོམ་དུ་མེད་པའི་སྒྲ་ཐོས་པ་དང་། ཉིན་མོའི་རྣལ་འབྱོར་གྱིི་དུས་སུ། དུས་ཀྱི་རྩ་ལ་ཐིག་ལེའི་དབུས་སུ་རེ་ཁ་ནག་པོ་སྐྲའི་ཚད་ཙམ་འོད་ཟེར་འཕྲོ་བ་མཐོང་བའོ། །དེ་སྐད་དུ་ཡང་ཡེ་ཤེས་ལེའུར། དེ་ཡི་དབུས་སུ་སངས་རྒྱས་གཟུགས་ནི་ཡུལ་དང་རྣམ་པར་བྲལ་བ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །ནམ་མཁའ་ཆུ་འཛིན་བྲལ་བ་དག་ལ་རྣལ་འབྱོར་པ་ཡིས་བགྲད་པའི་མིག་གིས་བལྟ་བར་བྱ་བ་སྟེ། །རེ་ཁ་ནག་པོ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩ་ལ་མཐོང་བར་འགྱུར་གྱི་བར་དུའོ། །ཞེས་བཤད་དོ། །ཕན་ཡོན་ནི། དེའི་ཚེ་རྣལ་འབྱོར་པས་མངོན་པར་ཤེས་པ་ལྔ་ཐོབ་པར་འགྱུར་ཏེ། འདི་ལྟར་ལྷ་དང་མིའི་ཡུལ་ན་གནས་པའི་གཟུགས་ཕྲ་རགས་ཐམས་ཅད་ལག་མཐིལ་ན་བཞག་པའི་སྐྱུ་རུ་ར་མཐོང་བ་བཞིན་དུ་གསལ་པོར་མཐོང་བ་ལྷའི་མིག་དང་། སྒྲ་ཕྲ་རགས་ཐམས་ཅད་རྣ་བའི་དྲུང་ན་གྲགས་པ་བཞིན་དུ་ཐོས་པ་ལྷའི་རྣ་བ་དང་། གཞན་གྱི་སེམས་ཀྱི་རྒྱུ་བ་ཇི་ལྟ་བ་བཞིན་དུ་ཤེས་པ་གཞན་གྱི་སེམས་ཤེས་པ་དང་། རང་དང་གཞན་གྱི་ཚེ་རབས་སྔ་མ་དུ་མ་ཞག་གསུམ་ལོན་པ་བཞིན་དུ་དྲན་པ་སྔོན་གྱི་གནས་རྗེས་སུ་དྲན་པ་དང་། འགྲོ་བ་ལྔའི་སྐྱེ་བ་སྔ་མ་ནས་ཕྱི་མར་འཇུག་པའི་བར་དོའི་སྲིད་པ་ཇི་ལྟ་བ་བཞིན་དུ་མཐོང་བ་འཆི་འཕོ་བ་དང་སྐྱེ་བ་ཤེས་པ་སྟེ། མངོན་ཤེས་ལྔ་པོ་དེ་དག་འཐོབ་པར་འགྱུར་རོ། །དེ་སྐད་དུ་ཡང་སྒྲུབ་ལེར། མངོན་པར་ཤེས་པ་ལྔ་ནི་འཐོབ་པར་འགྱུར་ཏེ་མི་ཡི་བདག་པོ་བསམ་གཏན་སྦྱོར་བས་དག་པའོ། །ཞེས་བཤད་དོ། །

ཅིའི་ཕྱིར་སོར་བསྡུད་བསམ་གཏན་གཉིས་ལ་སྐུ་རྡོ་རྗེའི་རྣལ་འབྱོར་ཞེས་བཤད་ཅེ་ན། དེ་དག་ནི་རྣམ་པར་ཐམས་ཅད་ཀྱི་སྟོང་པ་ཉིད་ཀྱི་གཟུགས་སྒྲུབ་བྱེད་ཀྱི་རྣལ་འབྱོར་ཡིན་ལ། ལམ་དུས་སུ་འདི་དག་བསྒོམས་པའི་སྟོབས་ཀྱིས་འབྲས་བུའི་དུས་སུ་མཚན་དཔེས་བརྒྱན་པའི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པས་གཟུགས་ཀྱི་སྐུ་མེ་ལོང་ལ་པྲ་ཕབ་པ་ལྟ་བུ་འགྲུབ་པར་འགྱུར་བས་དེའི་ཕྱིར་འདི་དག་ལ་སྐུ་རྡོ་རྗེའི་རྣལ་འབྱོར་ཞེས་བྱའོ། །

སྤྱི་དོན་གཉིས་པ་གསུང་རྡོ་རྗེའི་རྣལ་འབྱོར་ལ་གཉིས་ཏེ། རྒྱུའི་རྣལ་འབྱོར་དང་། འབྲས་བུའི་རྣལ་འབྱོར་རོ། །དེ་ལ་གསུང་རྡོ་རྗེའི་རྒྱུའི་རྣལ་འབྱོར་ནི་སྲོག་རྩོལ་ཡིན་ལ། དེ་ཡང་སྒོམ་པའི་དུས་ནི་བསམ་གཏན་མཐར་ཕྱིན་ནས་བསྒོམས་ཏེ། སོར་བསམ་གཉིས་ཀྱི་དུས་སུ་དབུ་མ་སྦྱངས་པ་ན། སྲོག་རྩོལ་གྱིས་ཚེགས་མེད་པར་སྲོག་དབུ་མར་གཞུག་པར་ནུས་ཀྱི། གཞན་དུ་བཙན་ཐབས་ཀྱིས་སྲོག་དབུ་མར་བཅུག་ན་གེགས་སུ་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་སྲོག་རྩོལ་གྱི་དགོས་པ་ནི་བརྟག་པ་གཉིས་པར། ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེག་ཅིང་། །སྤྱན་ལ་སོགས་པ་ཡང་བསྲེགས་ནས། །བསྲེགས་པས་རི་བོང་ཅན་ཧཾ་འཛག །ཅེས་གསུངས་པ་ལྟར་ལྟེ་བ་ནས་གཙུག་ཏོར་གྱི་བར་གྱི་དབུ་མའི་མདུད་པ་རྣམས་གྲོལ་ནས་ལྟེ་བ་ན་གནས་པའི་གཏུམ་མོའི་མེས་སྤྱི་བོའི་ཧཾ་ཞུ་ནས་བྱང་ཆུབ་ཀྱི་སེམས་འབབ་པར་བྱ་བའི་ཕྱིར། སྲོག་རྩོལ་བསྒོམ་པ་ཡིན་ནོ། །དེ་ལ་རྩ་དབུ་མའི་གནས་ལུགས་ནི། ལུས་ཀྱི་དབུས་ན་གཙུག་ཏོར་ནས་ནོར་བུའི་བར་ལ་རྩ་དབུ་མ་ཆུ་ཤིང་གི་སྙིང་སྡོང་པོ་ལྟར་དྲང་བ། པད་མའི་སྐུད་པ་ལྟར་ཕྲ་བ། རྒྱ་སྐྱེགས་ཀྱི་མེ་ཏོག་ལྟར་དམར་བ། ཏིལ་གྱི་མར་མེ་ལྟར་གསལ་བར་གནས་ཞེས་མཁས་པ་གཞན་དག་གིས་བཤད་ལ། རྩ་དབུ་མ་དེ་ལྟར་གནས་པ་ལ་རོ་རྐྱང་གཉིས་ཀྱིས་གཙུག་ཏོར་ནས་གསང་གནས་ཀྱི་བར་ལ་ལན་བཅོ་ལྔར་གཡས་གཡོན་གཉིས་ནས་ལྕགས་སྒྲོག་བསྒྲིལ་བ་ལྟར་ལུ་གུ་བརྒྱུད་དུ་འཁྱུད་ནས་གནས་ཞེས་རྒྱུད་འདིར་བཤད་དོ། །ཡེ་ཤེས་ལེའུར། ནཱ་ད་ཐིག་ལེ་ཆ་དང་ཡེ་ཤེས་བདུད་རྩིའི་གནས་སུ་སོན་པ་ལུ་གུ་བརྒྱུད་དུ་བཅིངས་པའི་རྩ། ། ཞེས་བཤད་པའོ། །རོ་རྐྱང་གཉིས་དབུ་མ་ལ་འཁྱུད་པའི་མཚམས་ལ་དབུ་མའི་མདུད་པ་ཞེས་བྱ་ལ། དེ་ལྟ་བུ་བཅོ་ལྔ་ཡོད་དེ་གཙུག་ཏོར་ནས་སྨིན་མཚམས་དང་། དེ་ནས་མགྲིན་པ་དང་། དེ་ནས་སྙིང་ཁ་དང་། དེ་ནས་ལྟེ་བ་དང་། དེ་ནས་གསང་གནས་ཀྱི་བར་ལ་ལན་གསུམ་གསུམ་གྱི་བར་དུ་རོ་རྐྱང་གཉིས་ཀྱིས་དབུ་མ་ལ་འཁྱུད་ནས་ཡོད་པར་བཤད་པའི་ཕྱིར་རོ། །

དེ་ལ་ཐ་མལ་པའི་དུས་སུ་ཉིན་ཞག་གཅིག་ལ་དབུག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ན། ལྔ་བཅུ་རྩ་དྲུག་རྐང་བཅས་གཅིག་དབུ་མར་བབ་ཀྱང་སྟོབས་ཆུང་ཞིང་། གཡས་གཡོན་གཉིས་ནས་རླུང་ཤས་ཆེར་རྒྱུ་བས། རོ་རྐྱང་གཉིས་རྒྱུ་མ་ཕུས་བཏབ་པ་ལྟར་སྟོབས་ཆེ་བས་དབུ་མའི་མདུད་པ་མི་གྲོལ་ལ། སོར་བསྡུད་བསམ་གཏན་གྱི་དུས་སུ། དབུ་མར་རླུང་ཤས་ཆེར་རྒྱུ་ཡང་སྲོག་ཐུར་ལ་མ་འདྲེས་པས་གཏུམ་མོ་མི་འབར་ཞིང་དབུ་མའི་མདུད་པ་རྣམས་གྲོལ་བར་མི་ནུས་སོ། །སྲོག་རྩོལ་བསྒོམས་པས་གཏུམ་མོ་འབར་ཞིང་དབུ་མའི་མདུད་པ་རྣམས་གྲོལ་བར་འགྱུར་ཏེ། དེ་ལ་བསྒོམ་ཚུལ་ནི། མན་ངག་ཇི་ལྟ་བ་བཞིན་དུ་དབྱུང་བ་དང་། དགང་བ་དང་། བུམ་པ་ཅན་ལ་སོགས་པའི་སྦྱོར་བས་སྒོམ་པར་བྱེད་དོ། །ངོ་བོ་ནི། དེ་ལྟར་བསྒོམས་པས་གཡས་གཡོན་ཉི་ཟླའི་རྒྱུ་བ་མ་ལུས་པར་འགགས་ནས་དཀྱིལ་འཁོར་བཅུའི་སྲོག་དང་ཐུར་སེལ་གྱི་རླུང་ལྟེ་བའི་གནས་གཅིག་ཏུ་འདྲེས་ཏེ། དབུ་མར་ཞུགས་པས་དབུ་མའི་མདུད་པ་རྣམས་གཙུག་ཏོར་གྱི་བར་དུ་གྲོལ་བའོ། །

མཐར་ཕྱིན་པའི་ཚད་ནི། མཉམ་པར་བཞག་པའི་དུས་སུ་རང་གི་ལུས་ལ་སྟོང་གཟུགས་ཀྱི་འོད་ཟེར་གྱིས་འཁོར་བར་མཐོང་བ་སྟེ། ཡེ་ཤེས་ལེའུར། གཟུགས་ནི་མཐོང་བར་གྱུར་ན་ཉིན་ཞག་སོ་སོའི་དུས་སུ་སྲོག་གི་རླུང་ནི་འགག་པ་རབ་བཅས་ཏེ། །འོད་ཟེར་འཁོར་ལོ་རང་གི་ལུས་ལ་བསྐོར་ཞིང་འཁོར་བར་བྱེད་པ་མཐོང་གི་བར་དུའོ། །ཞེས་བཤད་དོ། །

ཟླ་བ་དྲུག་ཏུ་བརྩོན་འགྲུས་དྲག་པོས་བར་མ་ཆད་དུ་བསྒོམས་ན་སྲོག་རྩོལ་མཐར་ཕྱིན་པར་འགྱུར་ཏེ། དེ་ཉིད་ལས། ཟླ་བ་དྲུག་གིས་སྡོམ་བརྩོན་རྣམས་ནི་རེག་བྱས་དམན་པའི་བདེ་བ་མཉམ་པ་ལམ་གྱི་སེམས་སུ་འགྱུར། །ཞེས་བཤད་དོ། །

སྒྲ་དོན་ནི། རླུང་ནང་དུ་འཇུག་པ་སྲོག་དང་། ཕྱིར་འབྱུང་བ་རྩོལ་བའམ། གཡོན་པའི་རླུང་སྲོག་དང་། གཡས་པའི་རླུང་རྩོལ་བ་སྟེ། དེ་ལྟ་བུའི་སྲོག་དང་རྩོལ་བ་འགོག་པའི་ཕྱིར་སྲོག་རྩོལ་ཞེས་བྱའོ། །ཕན་ཡོན་ནི། སྲོག་རྩོལ་མཐར་ཕྱིན་པའི་རྣལ་འབྱོར་པ་ལ། ས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྔགས་པ་བརྗོད་པ་དང་། མཆོད་པ་བྱེད་པར་འགྱུར་ཏེ། དེ་སྐད་དུ་སྒྲུབ་ལེར། སྲོག་རྩོལ་གྱིས་ནི་དག་པ་རི་བོང་ཅན་དང་ཉི་མ་དང་བྲལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད། །ཅེས་བཤད་དོ། །

སྤྱི་དོན་གཉིས་པ་གསུང་རྡོ་རྗེའི་འབྲས་བུའི་རྣལ་འབྱོར་ནི་འཛིན་པ་ཡིན་ལ། དེ་ཡང་སྒོམ་པའི་དུས་ནི། སྲོག་རྩོལ་མཐར་ཕྱིན་ནས་བསྒོམས་ཤིང་སྒོམ་ཚུལ་ཡང་སྲོག་རྩོལ་དང་འདྲ་ལ། ངོ་བོ་ནི། འབད་པ་མེད་པར་སྲོག་དབུ་མར་གཞུག་ནུས་ཤིང་། ལྟེ་བ་ནས་གཙུག་ཏོར་གྱི་བར་གྱི་འཁོར་ལོའི་ལྟེ་བ་རྣམས་སུ་རླུང་འགྲོ་འོང་མེད་པར་ཇི་ཙམ་འདོད་པར་འཛིན་ནུས་པའོ། །དེ་སྐད་དུ་ཡང་སྒྲུབ་ལེར། ཐིག་ལེར་སྲོག་ནི་རབ་ཏུ་བཞུགས་ཤིང་གཉིས་ཀའི་བགྲོད་པ་བཅོམ་སྟེ་རྩེ་གཅིག་སེམས་ལ་འཛིན་པའོ། །ཞེས་བཤད་དོ། །མཐར་ཕྱིན་པའི་ཚད་ཀྱང་དེ་ཙམ་མོ། །སྒྲ་དོན་ནི། འཁོར་ལོའི་ལྟེ་བར་རླུང་ཇི་ཙམ་འདོད་པ་འཛིན་ནུས་པས་སམ། བྱང་སེམས་མི་ལྟུང་བར་འཛིན་ནུས་པས་ན་འཛིན་པ་ཞེས་བྱའོ། །ཕན་ཡོན་ནི། དེའི་ཚེ་རྣལ་འབྱོར་པ་ལ་ཐིག་ལེ་འཛག་པ་ལ་སོགས་པ་བདུད་ཀྱི་བར་ཆད་ཉམས་ཤིང་སྟོབས་བཅུའི་ལམ་མཆོག་ཏུ་མི་འགྱུར་བའི་བདེ་བ་ལ་མྱུར་དུ་འཇུག་པར་འགྱུར་རོ། །དེ་སྐད་དུ་སྒྲུབ་ལེར། བདུད་དང་ཉོན་མོངས་པ་ལ་སོགས་པ་ཉམས་ཤིང་སྟོབས་བཅུ་ལ་ནི་འཇུག་པར་འགྱུར་ཏེ་འཛིན་པའི་སྟོབས་ཀྱིས་སོ། །ཞེས་བཤད་དོ། །

ཅིའི་ཕྱིར་སྲོག་རྩོལ་དང་འཛིན་པ་ལ་གསུང་རྡོ་རྗེའི་རྣལ་འབྱོར་ཞེས་བྱ་ཞེ་ན། རྣལ་འབྱོར་འདི་གཉིས་ཀྱིས་ཐ་མལ་པའི་ངག་གི་རྒྱུ་གཡས་གཡོན་ནས་རྒྱུ་བའི་སྲོག་དབུ་མར་བཅུག་ནས་གཡོ་མེད་དུ་གནས་པའི་ཡེ་ཤེས་ཀྱི་རླུང་སྒྲུབ་པའི་ཕྱིར་དང་། ལམ་དུས་སུ་ཡེ་ཤེས་ཀྱི་རླུང་བསྒོམས་པ་མཐར་ཕྱིན་པ་ལས་འབྲས་བུའི་དུས་སུ་སྒྲིབ་པ་ཐམས་ཅད་དང་བྲལ་བའི་གཡོ་བ་མེད་པའི་ཡེ་ཤེས་ཀྱི་རླུང་འབྱུང་ལ། དེ་ལ་སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པ་གཞོམ་དུ་མེད་པའི་སྒྲ་སངས་རྒྱས་ཀྱི་གསུང་རྣམ་པ་ཐམས་ཅད་ཀྱི་སྒྲ་བརྙན་དང་འདྲ་བ་འབྱུང་བས་དེའི་ཕྱིར་སྲོག་རྩོལ་དང་འཛིན་པ་དག་ལ་གསུང་རྡོ་རྗེའི་རྣལ་འབྱོར་ཞེས་བྱའོ། །

སྤྱི་དོན་གསུམ་པ་ཐུགས་རྡོ་རྗེའི་རྣལ་འབྱོར་ལ་ཡང་། རྒྱུའི་རྣལ་འབྱོར་དང་། འབྲས་བུའི་རྣལ་འབྱོར་གཉིས་ཀྱི་དང་པོ་རྒྱུའི་རྣལ་འབྱོར་ནི། རྗེས་དྲན་ཏེ། དེ་ཡང་བསྒོམ་པའི་དུས་ནི་ཡེ་ཤེས་ལེའུར། དབུ་མར་སྲོག་ནི་རབ་ཞུགས་ཉི་མ་དང་བཅས་རི་བོང་ཅན་གྱི་བགྲོད་པ་གཡས་དང་གཡོན་ལ་བཅིང་། །ཕྱག་རྒྱ་རབ་ཏུ་འགྲོགས་ལ་སེམས་དང་མཆོག་གི་བདེ་བ་ལ་གནས་རྡོ་རྗེ་ཡང་དག་བསླང་བ་ཡང་། །ཞེས་བཤད་པ་ལྟར་འཛིན་པ་མཐར་ཕྱིན་ནས་བསྒོམས་ཏེ། རྗེས་དྲན་གྱི་སྐབས་དུ་ཕྱག་རྒྱ་ལ་བརྟེན་ནས་སྤྱི་བོའི་ཧཾ་ལས་བྱང་སེམས་དབབ་དགོས་ལ། འཛིན་པ་མ་ཐོབ་ན་ཁམས་འཛིན་མི་ནུས་པའི་ཕྱིར་རོ། །སྒོམ་ཚུལ་ནི། སྒྲུབ་ལེར། འདི་རྣམས་དམན་པ་ལ་སོགས་དབྱེ་བ་རྣམས་ཀྱིས་སྣ་ཚོགས་གཙོ་བོའི་སྒྲུབ་ཐབས་རྣམ་པ་གསུམ་དུ་འགྱུར། །ཕྱག་རྒྱ་གསུམ་དང་གནས་སྐབས་གསུམ་ནི་རྣམ་གསུམ་བགྲོད་པའི་དབང་གིས་ལས་དང་ཀུན་རྟོག་མཆོག་རྣམས་སོ། །ཞེས་བཤད་པ་ལྟར་རྣལ་འབྱོར་དབང་པོ་དམན་འབྲིང་མཆོག་གསུམ་དང་ཁམས་སྲ་སྙི་འབྲིང་གསུམ་གྱི་དབྱེ་བས་ཕྱག་རྒྱ་གསུམ་ལ་བརྟེན་ནས་བསྒོམས་ཏེ་འདི་ལྟར། རྣལ་འབྱོར་པ་དབང་པོ་རྣོ་ཞིང་ཁམས་ཤིན་ཏུ་ལྕི་བ་ཡིན་ན། ཕྱག་རྒྱ་ཆེན་པོ་རྣམ་པ་ཐམས་ཅད་ཀྱི་གཟུགས་ལ་རྩེ་གཅིག་ཏུ་དམིགས་ཏེ་བསྒོམས་པས་གཏུམ་མོ་འབར་ཏེ་སྤྱི་བོའི་ཧཾ་ཞུ་ནས། བདེ་སྟོང་གི་ཏིང་ངེ་འཛིན་སྐྱེ་བར་འགྱུར་རོ། །

དབང་པོ་དང་ཁམས་སྲ་སྙི་འབྲིང་དུ་གྱུར་པ་ནི། རྣམ་པ་ཐམས་ཅད་ཀྱི་གཟུགས་ཡེ་ཤེས་ཀྱི་ལྷ་མོའི་རྣམ་པར་འགྱུར་ཏེ། དེ་ལ་འཁྱུད་ཏེ་བསྒོམས་པ་ལས་ཁམས་འཇུ་བར་འགྱུར་རོ། །དབང་པོ་དམན་པ་ཁམས་སྲ་བ་ནི། ཕྱག་རྒྱ་གཉིས་པོ་དེ་ཙམ་གྱིས་ཁམས་འཇུ་བར་མི་ནུས་པས། ལས་ཀྱི་ཕྱག་རྒྱ་ལ་བརྟེན་དགོས་ཏེ། ཡེ་ཤེས་ལེའུར། རྒྱལ་བའི་ལྷན་སྐྱེས་བདེ་བ་འདི་ནི་འཕེལ་བའི་དོན་སླད་དང་པོར་ལས་ཀྱི་ཕྱག་རྒྱ་བསྟེན་པར་བྱ། །ཞེས་བཤད་པས་སོ། །དེ་ཡང་ཐོག་མར་མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་དབང་བསྐུར་བ་ལ་སོགས་པས་རྒྱུད་སྦྱངས་ཏེ། དབེན་པའི་གནས་སུ་འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པ་ལས་གཏུམ་མོའི་མེ་ཆེར་འབར་ཏེ། སྤྱི་བོའི་ཧཾ་ཞུ་ནས་བདེ་བ་ལ་མི་རྟོག་པས་བརྒྱན་པའི་ཏིང་ངེ་འཛིན་སྐྱེ་བར་འགྱུར་རོ། །དེ་སྐད་དུ་ཡང་། ཡེ་ཤེས་ལེའུར། འགྱུར་བ་མེད་པའི་བདེ་བའི་འབྲས་སྟེར་ཕྱག་རྒྱ་བཞི་པོ་འདི་རྣམས་གྲོང་དང་འབྲོག་དགོན་དུར་ཁྲོད་དང་། །མི་གཙང་བ་དང་གཙང་བའི་གནས་དང་ཁྱིམ་དང་ལྷ་ཡི་ཁང་པ་ཐམས་ཅད་དུ་ནི་དུས་ཀུན་ཏུ། །ཤིན་ཏུ་དགའ་བའི་དགའ་བ་ལ་གནས་འཇིག་རྟེན་ལམ་ལས་རབ་གྲོལ་རིགས་དང་རིགས་མིན་མངོན་སྤྱོད་ཅིང་། །ལུས་སྟོབས་བདེ་སྟེར་བཟའ་བ་བཏུང་བ་ལ་སོགས་ལོངས་སྤྱོད་དང་ལྡན་རྣལ་འབྱོར་རྣམས་ཀྱིས་བསྒོམ་པར་བྱ། །ཞེས་བཤད་དོ། །ཕྱག་རྒྱ་མ་རྙེད་ན་ལག་པའི་པད་མོ་ལ་བརྟེན་ནས་ཁམས་འབེབས་པར་བཤད་དེ། ཡང་དེ་ཉིད་ལས། པད་མར་རྡོ་རྗེའི་སྒྲའམ་རང་གི་ལག་པའི་ཆུ་སྐྱེས་དག་གིས་གསོར་བ་བདེ་བའི་སླད་དུ་སྟེ། །ཞེས་བཤད་དོ། །ངོ་བོ་ནི། དེ་ལྟར་གོང་དུ་བཤད་པའི་ཕྱག་རྒྱ་གསུམ་ལ་བརྟེན་ནས་བསྒོམས་པས་གཏུམ་མོའི་མེས་སྤྱི་བོའི་ཧཾ་ཞུ་བ་ལས་བདེ་སྟོང་གི་ཏིང་ངེ་འཛིན་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའོ། །དེ་སྐད་དུ་སྒྲུབ་ལེར། གཏུམ་མོའི་སྣང་བར་གང་ཞིག་འགྱུར་བ་ངེས་པར་ལུས་དང་ནམ་མཁའ་ལ་ཡང་རྗེས་སུ་དྲན་པར་འགྱུར་ཞེས་དང་། ཡེ་ལེར་ཡང་། རླུང་ནི་ཡང་དག་ཕྲད་པ་རྣམས་ཀྱིས་གློག་གི་མེ་ཡི་རྩེ་མོས་སྤྱི་བོའི་ཟླ་བ་ཞུ་བར་བྱེད། །ཐིག་ལེ་གང་གང་ཞུ་བ་འདི་ལས་མགྲིན་པ་སྙིང་ཁ་ལ་སོན་ལྟེ་བ་གསང་བ་རྣམས་ལ་འགོག །ཅེས་བཤད་དོ། །སོར་བསྡུད་བསམ་གཏན་གཉིས་ནི་གཡས་གཡོན་གྱི་རྒྱུ་བ་མ་འགགས་པས་རྟོག་དཔྱོད་དང་བཅས་པའི་ཏིང་ངེ་འཛིན་ཡིན་ལ། སྲོག་རྩོལ་འཛིན་པ་གཉིས་ནི་གཡས་གཡོན་གྱི་རྒྱུ་བ་འགགས་པས་རྟོག་པ་མེད་ཀྱང་། སྤྱི་བོའི་ཧཾ་མ་ཞུ་བས་བདེ་བ་མེད་ལ། དེའི་ཕྱིར་གསལ་ལ་མི་རྟོག་པའི་ཏིང་ངེ་འཛིན་ཡིན་ནོ། །རྗེས་དྲན་ནི་བདེ་བ་ལ་མི་རྟོག་པས་བརྒྱན་པའི་ཏིང་ངེ་འཛིན་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་ཡིན་ཀྱང་། གཟུང་འཛིན་གཉིས་སུ་སྣང་བ་མ་འགགས་པའི་ཕྱིར་འཇིག་རྟེན་པ་ཞེས་བྱའོ། །སྒྲ་དོན་ནི། དེའི་ཚེ་ཁམས་ཆེས་ཆེར་འཕེལ་བས། བསམ་པ་དང་འདོད་པ་ལ་སོགས་པ་འདོད་པའི་གནས་སྐབས་བཅུའི་སྒོ་ནས་རྣལ་འབྱོར་པ་ལ་ཕྱག་རྒྱ་དྲན་པ་འབྱུང་བས། དེའི་ཕྱིར་རྗེས་སུ་དྲན་པ་ཞེས་བྱའོ། །དེ་ཡང་ལོ་གསུམ་ཕྱོགས་གསུམ་བསྒོམས་པས་རྗེས་དྲན་རྫོགས་པར་འགྱུར་ཏེ། སྒྲུབ་ལེར། དེ་ནས་ཕྱག་རྒྱའི་སྦྱོར་བས་ཉིན་ཞག་འགའ་ཞིག་རྣམས་ཀྱི་འགྱུར་བ་མེད་པ་ཉིད་དུ་རབ་ཏུ་འགྱུར། །ཞེས་དང་། དེའི་འགྲེལ་པར། དེ་ནས་ཕྱག་རྒྱའི་སྦྱོར་བས་ཞེས་པ་ནི། སོ་སོར་བསྡུད་པ་དང་། བསམ་གཏན་དང་། སྲོག་རྩོལ་དང་། འཛིན་པའི་སྟོབས་ཀྱིས་རང་སེམས་བརྟན་པ་སྐྱེས་པར་འགྱུར་བ་ན། དེ་ནས་ཕྱག་རྒྱའི་སྦྱོར་བས་ཉིན་ཞག་འགའ་ཞིག་རྣམས་ཀྱིས་ཞེས་པ་ནི། དུས་ཀྱི་འཁོར་ལོ་ཉིན་ཞག་ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ཕྲག་གཅིག་གིས་སོ། །ཞེས་པ་ངེས་པ་སྟེ། ཉིན་ཞག་འདི་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་འགྱུར་བ་མེད་པ་ཉིད་དུ་རབ་ཏུ་འགྱུར་ཏེ། དྲི་མ་མེད་པ་ཉིད་དུ་འགྱུར་རོ་ཞེས་འགྲེལ་ལོ། །ཞེས་བཤད་དོ། །

མཐར་ཕྱིན་པའི་ཚད་ནི། རྗེས་དྲན་རྫོགས་པ་ན། ལུས་ཀྱི་རྩ་སྦུབས་ཐམས་ཅད་ཁམས་བྱང་སེམས་དྭངས་མས་ཁེངས་པས་རྣལ་འབྱོར་པའི་ལུས་དྲི་མ་མེད་པའི་འོད་ཀྱི་དཀྱིལ་འཁོར་དུ་སྣང་བ་དང་། བ་སྤུའི་བུ་ག་ཐམས་ཅད་ནས་འོད་ཟེར་ལྔ་འཕྲོ་བ་འབྱུང་སྟེ། གྲུབ་ལེར། རྗེས་སུ་དྲན་པ་ལེགས་པར་དག་པ་དྲི་མེད་འོད་ཀྱི་དཀྱིལ་འཁོར་དག་ཀྱང་ཡེ་ཤེས་གཟུགས་ལས་སོ། །ཞེས་བཤད་དོ། །ཕན་ཡོན་ནི། མཆོག་ཏུ་མི་འགྱུར་བའི་བདེ་བ་མྱུར་དུ་ཐོབ་པར་འགྱུར་བའོ། །གཉིས་པ་ཐུགས་རྡོ་རྗེའི་འབྲས་བུའི་རྣལ་འབྱོར་ནི་ཏིང་ངེ་འཛིན་ཏེ། དེ་ཡང་སྒོམ་པའི་དུས་ནི་རྗེས་དྲན་རྫོགས་ནས་བསྒོམས་ཏེ། སཾ་པུ་ཊི་ལས། བྱང་སེམས་སུམ་ཅུ་རྩ་གཉིས་ཀྱིས། །གང་ཚེ་ཡོངས་སུ་གང་གྱུར་པ། །ཕུང་པོ་དབང་པོ་འབྱུང་བ་ཡི། །སངས་རྒྱས་དེ་ཡི་དེ་མ་ཐག་ཅེས། ཡེ་ཤེས་ཀྱི་རིམ་པས་ལུས་ཀྱི་རྩ་སྦུབས་རྣམས་ཁམས་ཀྱི་དྭངས་མས་ཁེངས་པ་ན། གསང་རིམ་ཕྱག་རྒྱ་ལ་བརྟེན་པའི་ཉེ་རྒྱུ་བསྒོམས་པས། ཕུང་པོ་ཁམས་དང་སྐྱེ་མཆེད་སྒྲིབ་བྲལ་དུ་གྱུར་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བཤད་པ་ལྟར། འདི་ཡང་རྗེས་དྲན་གྱི་རྣལ་འབྱོར་པའི་ལུས་ཀྱི་རྩ་སྦུབས་ཐམས་ཅད་བྱང་ཆུབ་ཀྱི་སེམས་དྭངས་མས་ཁེངས་པ་ན། ཁམས་འཆིང་བྱེད་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་ཏིང་ངེ་འཛིན་བསྒོམས་པས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཐོབ་པར་འགྱུར་བའི་ཕྱིར་རོ། །སྒོམ་ཚུལ་ནི། འདིར་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བསྒོམ་སྟེ། ཕག་རྒྱ་གཞན་གྱིས་ལུས་ལ་ཁམས་འཆིང་མི་ནུས་པའི་ཕྱིར་དང་། མ་བཅིངས་པར་ཡང་ཁམས་ཀྱིས་ལུས་འབིགས་པར་མི་ནུས་ལ། ལུས་མ་ཕུག་པར་ཡང་མཆོག་ཏུ་མི་འགྱུར་བའི་བདེ་བ་མི་བསྐྱེད་པའི་ཕྱིར་རོ། །

དཔེར་ན་གསེར་འགྱུར་གྱིས་ལྕགས་གསེར་དུ་སྒྱུར་བར་བྱེད་པ་ན་མེས་དངུལ་ཆུ་ལྕགས་ལ་མ་བཅིང་པར་ཡང་ལྕགས་ལ་འབིགས་པར་མི་ནུས་ལ། ལྕགས་དངུལ་ཆུས་མ་ཕུག་པར་ཡང་གསེར་དུ་མི་འགྱུར་བ་བཞིན་ནོ། །དེ་སྐད་དུ་ཡང་སྒྲུབ་ལེ་ལས། མེ་ནི་དངུལ་ཆུའི་སྒྲ་ཉིད་ཡིན་ཏེ་མེ་དང་རྣམ་པར་བྲལ་ན་ནམ་ཡང་དངུལ་ཆུས་འཆིང་བ་མེད། །མ་བཅིངས་ན་ནི་གསེར་བྱེད་མེད་དེ་གསེར་དང་བྲལ་ན་སྨྲ་པོ་རྣམས་ལ་ལོངས་སྤྱོད་མེད་པ་ཉིད། །དེ་བཞིན་བུད་མེད་སྦྱོར་བ་བྲལ་ན་རྟག་ཏུ་རྣལ་འབྱོར་པ་རྣམས་སེམས་ནི་འཆིང་མི་འགྱུར། །བཅིངས་པ་མེད་ན་ལུས་འབིགས་མེད་དེ་མ་ཕུག་ལུས་ཀྱིས་འདིར་ནི་ལྷན་སྐྱེས་བདེ་བ་སྟེར་བ་མིན། །ཞེས་བཤད་དོ། །དེ་བས་ཇི་ལྟར་མེས་དངུལ་ཆུ་བཅིངས་པས་ལྕགས་ཀྱི་དྲི་མ་རྣམས་ཟོས་ནས་གསེར་དུ་བྱེད་པ་བཞིན་དུ་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས་ཁམས་ལུས་ལ་འཆིང་བར་བྱེད་ལ། བཅིངས་པ་ལས་ལུས་ཀྱི་དྲི་མ་རྣམས་ཁམས་ཀྱིས་ཕུག་ནས་ཤ་རུས་ཆུ་རྒྱུས་ལ་སོགས་པ་ལུས་ཀྱི་ཆ་ཐམས་ཅད་ལ་ཁམས་ཀྱི་དྭངས་མས་ཁྱབ་ནས་མཆོག་ཏུ་མི་འགྱུར་བའི་བདེ་བ་སྐྱེད་པར་འགྱུར་རོ། །དེ་སྐད་དུ་ཡང་འགྲེལ་པར། ཇི་ལྟར་མེས་དངུལ་ཆུ་བཅིངས་པས་ལྕགས་ཐམས་ཅད་གསེར་དུ་བྱེད་དོ། །དེ་བཞིན་དུ་ཆོས་འབྱུང་གི་སྦྱོར་བས་བྱང་ཆུབ་ཀྱི་སེམས་བཅིངས་པས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་སྒྲིབ་པ་མེད་པར་བྱེད་དོ། །དེའི་ཕྱིར་དངུལ་ཆུ་དང་བྱང་ཆུབ་ཀྱི་སེམས་དག་གི་མཐུ་ནི་བརྟག་པར་བྱ་བ་མ་ཡིན་ཏེ། རྨོངས་པ་རྣམས་ཀྱིས་རྣམ་པར་དཔྱད་པར་བྱ་བར་མི་ནུས་སོ། །དེའི་ཕྱིར་བྱང་ཆུབ་ཀྱི་སེམས་བརྟན་པར་བྱེད་པའི་དོན་དུ་ལས་ཀྱི་ཕྱག་རྒྱའི་སྦྱོར་བ་ལ་ཡང་ལྷའི་དམིགས་པ་རབ་ཏུ་གསུངས་པ་ནི། དངུལ་ཆུའི་བདུག་པ་དང་། བཀོལ་བ་ལ་སོགས་པ་ལྟ་བུ་སྟེ། ཕྱུགས་ཀྱི་ལས་སད་པར་རབ་ཏུ་ུབཞུགས་པའི་བྱང་ཆུབ་ཀྱི་སེམས་བཟའ་བ་ནི་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་ནོ། །ཞེས་བཤད་དོ། །དེ་བས་ན་རྗེས་དྲན་གྱི་སྐབས་སུ་ཕྱག་རྒྱ་བསྟེན་པ་ནི་ཁམས་སྤྱི་བོ་ནས་འབེབས་པའི་དོན་དུ་ཡིན་ལ། ཏིང་ངེ་འཛིན་གྱི་སྐབས་སུ་ནི་ཁམས་འཆིང་བའི་དོན་དུ་ཕྱག་རྒྱ་བསྟེན་པ་ཡིན་ནོ། །ཇི་སྲིད་མཆོག་ཏུ་མི་འགྱུར་བའི་བདེ་བ་མ་ཐོབ་པ་དེ་སྲིད་དུ་ནི་ཏིང་ངེ་འཛིན་སྟོབས་ཆུང་བའི་ཕྱིར་རོ། །སྟོང་པ་ཉིད་ཀྱི་གཟུགས་ལ་དམིགས་ཏེ་བསྒོམས་པས་ཁམས་འཆིང་མི་ནུས་ལ། གང་གི་ཚེ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཐོབ་པའི་ཕྱིར་ཏིང་ངེ་འཛིན་སྟོབས་དང་ལྡན་པས་ཕྱག་རྒྱ་ཆེན་པོ་ལ་དམིགས་ཏེ་བསྒོམས་པ་ཉིད་ཀྱིས་ཁམས་འཆིང་མི་ནུས་པའི་ཕྱིར། ལས་ཀྱི་ཕྱག་རྒྱ་སྤངས་ཏེ། བྱང་ཆུབ་ཀྱི་མཐར་ཐུག་པར་ཕྱག་རྒྱ་ཆེན་པོ་འབའ་ཞིག་བསྒོམ་པར་བཤད་དེ། མཆོག་མི་འགྱུར་གྱི་འགྲེལ་པར། བཅོམ་ལྡན་འདས་ཀྱིས་ངེས་པ་འདིའི་ཕྱིར། དབང་པོ་གཉིས་ཀྱི་སྙོམས་པར་འཇུག་པས་ཀྱང་ཕྱི་རོལ་གྱི་དབང་པོ་ལས་སྐྱེས་པར་འགྱུར་བའི་བདེ་བ་རྣམ་པར་སྤངས་ནས། བྱང་ཆུབ་ཀྱི་སེམས་མཐར་ཐུག་པའི་བར་དུ་ཕྱག་རྒྱ་ཆེན་པོ་རང་གི་སེམས་ཀྱི་སྣང་བ་ཙམ་འདི་རྣལ་འབྱོར་པས་བསྒོམ་པར་བྱའོ། །ཞེས་བཤད་དོ། །

ཏིང་ངེ་འཛིན་གྱི་ངོ་བོ་ནི། གོང་དུ་བཤད་པའི་ཚུལ་དེ་ལྟར་བསྒོམས་པས་ལུས་ལ་བཅིངས་པའི་ཁམས་ཀྱི་དྭངས་མས་ལུས་ཕུག་སྟེ། ཚོར་བ་སྡུག་བསྔལ་བསྐྱེད་པའི་ལུས་ཀྱི་དྲི་མ་རྣམས་ཟད་པ་ལས་བྱུང་བ་མཆོག་ཏུ་མི་འགྱུར་བའི་བདེ་བ་ལས་སྐྱེས་པའི་ཏིང་ངེ་འཛིན་རྣམ་པ་ཐམས་ཅད་ཀྱི་གཟུགས་པྲ་ཕབ་པའི་རྣམ་པ་ཅན་གྱི་གཟུང་བའི་སེམས་དང་དེར་སྣང་བའི་འཛིན་པའི་སེམས་གཉིས་སུ་སྣང་བ་མེད་པ་དབྱེར་མེད་གཅིག་ཏུ་འདྲེས་པ་གཉིས་སུ་མེད་པའི་ཡེ་ཤེས་ནི་ཏིང་ངེ་འཛིན་གྱི་ངོ་བོ་ཡིན་ནོ། །དེ་སྐད་དུ་སྒྲུབ་ལེར། ཤེས་རབ་ཐབས་ཀྱི་བདག་ཉིད་ཀྱིས་ནི་འགྱུར་མེད་བདེ་བའི་དབང་གིས་ཡེ་ཤེས་གཟུགས་ལ་ཏིང་ངེ་འཛིན། །ཞེས་བཤད་དོ། །འདིར་ཁམས་དང་མི་འགྱུར་བའི་བདེ་བ་དང་དེ་ལས་སྐྱེེས་པའི་ཏིང་ངེ་འཛིན་རྣམས་ནི་ངོ་བོ་དང་བྱེད་ལས་ཐ་དད་པ་ཡིན་ཏེ་ལུས་ལ་བཅིངས་པའི་ཁམས་ཀྱི་དྭངས་མས་རླུང་མཁྲིས་བད་ཀན་ལ་སོགས་པ་སྡུག་བསྔལ་བསྐྱེད་པའི་ལུས་ཀྱི་དྲི་མ་རྣམས་བསལ་ནས་ལུས་ཀྱི་གནས་སྐབས་ཚོར་བ་བདེ་བ་འབའ་ཞིག་སྐྱེད་བྱེད་དུ་རོ་གཅིག་པར་བྱེད་དོ། །དེ་ལས་སྐྱེས་པའི་ལུས་ཀྱི་ཚོར་བ་བདེ་བ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཞེས་བྱ་སྟེ། དེ་ནི་གོང་དུ་བཤད་པའི་ཏིང་ངེ་འཛིན་གྱི་ངོ་བོ་སྐྱེད་བྱེད་ཡིན་ནོ། །དེ་ལས་སྐྱེས་པའི་ཏིང་ངེ་འཛིན་གཉིས་སུ་མེད་པའི་ཡེ་ཤེས་ནི། རྒྱུའི་མིང་གིས་འབྲས་བུ་ལ་བཏགས་ནས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཞེས་བྱ་ལ། དེ་ཉིད་ནི་སྒྲིབ་པ་མ་ལུས་པར་སྤོང་བྱེད་ཀྱི་དངོས་གཉེན་ཡིན་ཏེ། དེ་སྐད་དུ་ཡང་། ཡེ་ཤེས་ལེའུ་ལས། སེམས་ཀྱི་སྣང་བ་ཙམ་སྟེ་རང་གི་ཡིད་ལ་སྐྱེས་པས་མེ་ལོང་གི་ནི་གཟུགས་བརྙན་ལྟ་བུ་ཉིད། །གང་ཞིག་མཐའ་དག་རྒྱལ་བའི་སྲས་དང་སངས་རྒྱས་རྣམས་ཀྱིས་བསྟེན་པ་རྣལ་འབྱོར་དབང་པོས་བསྟེན་བྱ་སྟེ། །ཡེ་ཤེས་མེ་ལྕེ་རབ་ཏུ་རྒྱས་པ་དེ་ནི་བདུད་དཔུང་ཡུལ་དང་བཅས་པ་མཐའ་དག་སྲེག་བྱེད་ཅིང་། །ལུས་ལ་ཆགས་པ་ལ་སོགས་སྤངས་སྟེ་རྣལ་འབྱོར་རྣམས་ལ་ལོ་ཡི་སྦྱོར་བས་བདེ་མཉམ་སྟེར་བར་བྱེད། །ཅེས་བཤད་དོ། །

དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཕྱག་རྒྱ་ཆེན་པོ་དང་དོན་དམ་ཤེས་རབ་ཡེ་ཤེས་དང་དབང་བཞི་པ་ཞེས་ཀྱང་བྱའོ། །དེ་ཉིད་ཕུང་པོ་ཁམས་དང་སྐྱེ་མཆེད་སྒྲིབ་པ་མེད་པར་བྱེད་པའི་གཉེན་པོ་ཡིན་གྱི་ལུས་ལ་བཅིངས་པའི་ཁམས་ཀྱི་དྭངས་མ་ནི། ཇི་སྐད་བཤད་པའི་ཚུལ་གྱིས་ལུས་ཀྱི་དྲི་མ་སེལ་བ་དང་། མི་འགྱུར་བའི་བདེ་བ་སྐྱེད་བྱེད་ཙམ་ཡིན་གྱི། ལུས་ཀྱི་བེམ་པོའི་ཁམས་མེད་པར་བྱེད་པ་དང་། སེམས་ཀྱི་དྲི་མ་སེལ་བར་བྱེད་པ་མ་ཡི་ཏེ། དཔེར་ན་གསེར་འགྱུར་གྱི་དངུལ་ཆུས་ལྕགས་ཀྱི་དྲི་མ་བསལ་ནས་གསེར་དུ་བྱེད་ཀྱི། བེམ་པོའི་ཁམས་མེད་པར་བྱེད་པ་མ་ཡིན་པ་བཞིན་ནོ། །

དེ་བས་ན་གང་དག་ཁམས་ལུས་ལ་བཅིངས་པས་ལུས་ཐོགས་པ་མེད་པའི་སྒྱུ་ལུས་དང་། སེམས་སྒྲིབ་བྲལ་དུ་བྱེད་པར་འདོད་པ་ནི་མི་རིགས་ཏེ། བེམ་པོས་སེམས་ཀྱི་སྒྲིབ་པ་སྤོང་བ་མི་སྲིད་པའི་ཕྱིར་རོ། །སྒྲ་དོན་ནི། གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ལ་རྩེ་གཅིག་ཏུ་གནས་པའི་ཕྱིར་ཏིང་ངེ་འཛིན་ཞེས་བྱའོ། །ཐོབ་པའི་དུས་ནི། གང་གི་ཚེ་རྡོ་རྗེ་ནོར་བུའི་རྩེ་མོར་ཁམས་ཀྱི་དྭངས་མ་མཆིང་སྟེ། རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལས་གཅིག་འགགས་ཤིང་མཆོག་དུ་མི་འགྱུར་བའི་བདེ་བ་སྐད་ཅིག་མ་གཅིག་ཐོབ་པའོ། །མཐར་ཕྱིན་པའི་ཚད་ནི། རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགགས་ཏེ། མཆོག་ཏུ་མི་འགྱུར་བའི་བདེ་བ་སྐད་ཅིག་དེ་སྙེད་ཅིག་ཐོབ་པའོ། །ཕན་ཡོན་ནི། ཏིང་ངེ་འཛིན་ཐོབ་ནས་བརྩོན་འགྲུས་དྲག་པོས་བར་མ་ཆད་དུ་ལོ་གསུམ་ཕྱོགས་གསུམ་དུ་བསྒོམས་ན་དབང་བཅུ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་མི་ལྡོག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔར་འགྱུར་ཏེ། སྒྲུབ་ལེར། དེ་ནས་ཏིང་ངེ་འཛིན་གྱིས་དག་པ་ཉིན་ཞག་འགའ་ཞིག་རྣམས་ཀྱི་ཡེ་ཤེས་སྐུ་ནི་འགྲུབ་པར་འགྱུར། །ཞེས་དང་། དེའི་འགྲེལ་པར། དེའི་ཕྱིར་ཏིང་ངེ་འཛིན་གྱིས་དག་པ་དྲི་མ་མེད་པར་གྱུར་པ་ནི་ཉིན་ཞག་འགའ་ཞིག་རྣམས་ཀྱི་སྟེ། །ལོ་གསུམ་དང་ཕྱོགས་གསུམ་གྱི་ཉིན་ཞག་རྣམས་ཀྱིས་ཡེ་ཤེས་སྐུ་ནི་འགྲུབ་པར་འགྱུར། །ཞེས་པ་དབང་བཅུ་ལ་སོགས་པ་ཐོབ་པའི་བྱང་ཆུབ་སེམས་དཔར་འགྱུར་ཏེ་ཞེས་བཤད་དོ། །ཅིའི་ཕྱིར་རྗེས་དྲན་དང་ཏིང་ངེ་འཛིན་ལ་ཐུགས་རྡོ་རྗེའི་རྣལ་འབྱོར་ཞེས་བྱ་ཞེ་ན། རྣལ་འབྱོར་འདི་གཉིས་ནི་མཆོག་ཏུ་མི་འགྱུར་བའི་བདེ་བའི་ཡེ་ཤེས་སྒྲུབ་བྱེད་ཡིན། ལམ་གྱི་དུས་སུ་ཡེ་ཤེས་དེ་ཉིད་གོམས་པ་མཐར་ཕྱིན་པ་ལས་སེམས་སྒྲིབ་པ་མ་ལུས་པར་སྤངས་པས་འབྲས་བུའི་དུས་སུ་སྒྲིབ་པ་ཐམས་ཅད་བྲལ་བའི་བདེ་བ་ཆེན་པོའི་རང་བཞིན་ཐུགས་རྡོ་རྗེ་མངོན་དུ་བྱེད་པའི་ཕྱིར། རྗེས་དྲན་དང་ཏིང་ངེ་འཛིན་ལ་ཐུགས་རྡོ་རྗེའི་རྣལ་འབྱོར་ཞེས་བྱའོ། །སྦྱོར་བ་ཡན་ལག་དྲུག་པོ་འདི་དག་ཀྱང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གྱི་ངོ་བོ་ཉིད་ཀྱི་ལམ་བདེན་གྱིས་འདུས་པ་ཡིན་ལ། དེའི་ཕྱིར་འབྲས་བུའི་དུས་སུ་འདི་དག་གི་ཡོན་ཏན་ཡར་ལྡན་དུ་ཡོད་ཀྱང་རྫས་མ་ལུས་པ་འགོག་མོད།

དེ་ལྟར་ནའང་མི་མཁས་པ་ཁ་ཅིག་ཡན་ལག་དྲུག་པོ་འདི་དག་ཀྱང་རྟག་བརྟན་དུ་འདོད་ཅེས་གྲགས་ཏེ་གནས་མ་ཡིན་པ་ལ་ཡང་ལོག་པར་རྟོག་པ་འཆའ་བར་བྱེད་པའི་རྨོངས་པ་དེ་ལྟ་བུ་ནི་མཁས་པའི་དགག་སྒྲུབ་ཀྱི་ཡུལ་མ་ཡིན་ནོ། །

འདིར་སྨྲས་པ། གང་གིས་བྱིས་པ་བྱིས་ཉིད་རིག །དེས་ན་བྱིས་པ་མཁས་པ་ཡིན། །བྱིས་པ་མཁས་པར་མངོན་རློམ་པ། །དེ་ནི་ཤིན་ཏུ་བྱིས་པ་ཉིད། །

སྤྱི་དོན་གཉིས་པ་ཐུན་མོང་དུ་གཏན་ལ་དབབ་པ་ལ་གཉིས། དབྱེ་བ་དང་། བསྡུ་བའོ། །དང་པོ་ལ་གསུམ། ལམ་ལྔར་དབྱེ་བ་དང་། སྤྱན་ལྔར་དབྱེ་བ་དང་། ས་བཅུ་གཉིས་སུ་དབྱེ་བའོ། །དང་པོ་ནི། རྡོ་རྗེ་ཐེག་པར་ཞུགས་པའི་རྣལ་འབྱོར་པས་ཐུན་མོང་གི་ལམ་གྱིས་རྒྱུད་སྦྱངས་པ་ནས་བཟུང་སྟེ། བསྐྱེད་རིམ་མཐར་ཕྱིན་པའི་བར་གྱི་སྒོ་གསུམ་གྱི་དགེ་བ་རྣམས་ནི་བསོད་ནམས་ཀྱི་ཆོགས་ཀྱི་ངོ་བོ་རྒྱུད་སྨིན་བྱེད་ཡིན་པས་ཚོགས་ཀྱི་ལམ་མོ། །དེའི་འོག་ཏུ་གྲོལ་ལམ་ཡན་ལག་དྲུག་གི་ཡན་ལག་དང་པོ་ལྔ་ནི། འཇིག་རྟེན་ལས་འདས་པའི་ལམ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཐོབ་པའི་ཕྱིར་ཞུགས་པའི་ལམ་ཡིན་པས་སྦྱོར་བའི་ལམ་མོ། །དེ་ལ་ཡང་སོར་བསྡུད་ནི་དྲོད་ཀྱི་ངོ་བོ་ཡིན་ཏེ། རང་བཞིན་འོད་གསལ་གྱི་དེ་ཁོ་ན་ཉིད་ལ་གསལ་སྣང་དང་པོར་ཐོབ་པའི་ཏིང་ངེ་འཛིན་ཡིན་པའི་ཕྱིར་རོ། །བསམ་གཏན་ནི་རྩེ་མོའི་ངོ་བོ་ཡིན་ཏེ། འོད་གསལ་གྱི་ཏིང་ངེ་འཛིན་ལ་སྣང་བ་མཆེད་པའི་ཏིང་ངེ་འཛིན་ཡིན་པའི་ཕྱིར་རོ། །སྲོག་རྩོལ་དང་འཛིན་པ་ནི་བཟོད་པའི་ངོ་བོ་ཡིན་ཏེ། ངན་འགྲོར་འཕེན་བྱེད་མི་དགེ་བའི་རྣམ་པར་རྟོག་པའི་རྒྱུ་གཡས་གཡོན་གྱི་སྲོག་རླུང་མ་ལུས་པ་འགོག་པས་ངན་འགྲོ་མེད་པའི་ཆོས་མཆོག་ཆེན་པོ་ལ་བཟོད་པའི་ལམ་ཡིན་པའི་ཕྱིར་རོ། །རྗེས་དྲན་ནི། ཆོས་མཆོག་གི་ངོ་བོ་ཡིན་ཏེ། མཐོང་ལམ་མཆོག་ཏུ་མི་འགྱུར་བའི་བདེ་བ་སྐད་ཅིག་མ་དང་པོའི་ཉེ་རྒྱུ་བར་ཆད་མེད་པའི་ལམ་ཡིན་པའི་ཕྱིར་རོ། །དེའི་འོག་ཏུ་ཡན་ལག་དྲུག་པ་ཏིང་ངེ་འཛིན་གྱི་ངོ་བོ་ནི། འཇིག་རྟེན་ལས་འདས་པའི་ལམ་དངོས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ངོ་བོ་ཡིན་ལ། དེ་ལ་མཐོང་བ་དང་། བསྒོམ་པའི་ལམ་གཉིས་སུ་དབྱེ་སྟེ། གང་གི་ཚེ་མཆོག་ཏུ་མི་འགྱུར་བའི་བདེ་བ་སྐད་ཅིག་མ་དང་པོ་ཐོབ་པའི་མཉམ་གཞག་སྐད་ཅིག་མ་དང་པོ་དེ་ནི་མཐོང་ལམ་ཡིན་ཏེ། དོན་དམ་པའི་བདེན་པ་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་རང་རིག་པའི་ཚུལ་གྱིས་སྔར་མ་མཐོང་བ་གསར་དུ་མཐོང་བའི་ཕྱིར་རོ། །རྗེས་དྲན་མན་ཆད་དུ་གཉིས་མེད་ཀྱི་དོན་དམ་པའི་བདེན་པ་མངོན་སུམ་དུ་མཐོང་བ་མ་ཡིན་ཏེ། གཟུང་འཛིན་གཉིས་སུ་སྣང་བ་ཡོད་པའི་ཕྱིར་རོ། །མཐོང་ལམ་གྱི་འོག་ཏུ་འབྱུང་བའི་མཆོག་ཏུ་མི་འགྱུར་བའི་བདེ་བའི་སྐད་ཅིག་མ་ཇི་སྙེད་པ་རྣམས་ནི་སྒོམ་པའི་ལམ་ཡིན་ཏེ། དོན་དམ་གཉིས་མེད་ཀྱི་དེ་ཁོ་ན་ཉིད་མཐོང་ཟིན་གོམས་པར་བྱེད་པའི་ཕྱིར་རོ། །

གནས་སྐབས་འདི་དག་ཏུ་ཡང་ཕྱག་རྒྱ་ཆེན་མོ་རྣམ་པ་ཐམས་ཅད་ཀྱི་གཟུགས་པྲ་ཕབ་པ་ལྟ་བུའི་སྣང་བ་ཡོད་མོད། སྣང་མཁན་མཆོག་ཏུ་མི་འགྱུར་བའི་ཏིང་ངེ་འཛིན་དང་དབྱེར་མེད་པར་སྣང་བའི་ཕྱིར་གཉིས་སུ་མེད་པའི་ཡེ་ཤེས་ཞེས་བྱའོ། །ལམ་དུས་ཀྱི་མཆོག་ཏུ་མི་འགྱུར་བའི་བདེ་བ་མཐར་ཕྱིན་པ་ལས་བྱུང་བ་འབྲས་དུས་ཀྱི་མཆོག་ཏུ་མི་འགྱུར་བའི་བདེ་བ་ནི། སློབ་པ་མཐར་ཕྱིན་པའི་ཕྱིར་མི་སློབ་པའི་ལམ་ཡང་ཡིན་ལ། སྒྲིབ་པ་ཐམས་ཅད་དང་བྲལ་བའི་དབྱིངས་རྣམ་པར་དག་པའི་ངོ་བོ་ཡིན་པས་འགོག་བདེན་ཡང་ཡིན་པའི་ཕྱིར་འགོག་ལམ་དབྱེར་མེད་པ་ཡིན། གཉིས་པ་སྤྱན་ལྔར་དབྱེ་བ་ནི། སོར་བསྡུད་ཀྱི་སྐབས་སུ་མངོན་ཤེས་མེད་པ་རྣམ་པ་ཐམས་ཅད་ཀྱི་སྟོང་པ་ཉིད་ཀྱི་གཟུགས་ཤའི་མིག་གིས་མཐོང་བའི་ཕྱིར། སོ་སོར་བསྡུད་པ་ནི་ཤའི་སྤྱན་ནོ། །བསམ་གཏན་དང་སྲོག་རྩོལ་འཛིན་པ་རྗེས་དྲན་རྣམས་ཀྱི་སྐབས་སུ་མངོན་ཤེས་ཐོབ་པས་ལྷའི་མིག་གིས་མཐོང་བའི་ཕྱིར་བཞི་པོ་དེ་ནི་ལྷའི་སྤྱན་ནོ། །ཏིང་ངེ་འཛིན་གྱི་སྐབས་སུ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཐོབ་སྟེ་འཛག་བདེའི་ཆགས་པ་དང་བྲལ་བའི་ཕྱིར་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པའི་ཕྱིར་སངས་རྒྱས་ཀྱི་སྤྱན་ནོ། །ས་བརྒྱད་པ་ཡན་ཆད་དུ་དབང་བཅུ་ལ་སོགས་པའི་ཕྱིར་མི་ལྡོག་པའི་བྱང་སེམས་ཀྱི་ཡོན་ཏན་དང་ལྡན་པ འི་ཕྱིར་ཤེས་རབ་ཀྱི་སྤྱན་གྱིས་གཟིགས་པས་ཤེས་རབ་ཀྱི་སྤྱན་ནོ། །སངས་རྒྱས་ཀྱི་སར་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་པས་ཡེ་ཤེས་ཀྱི་སྤྱན་ནོ། །དེ་ལྟར་ཡང་སྒྲུབ་ལེའི་འགྲེལ་པར། འདིར་དང་པོར་ལས་དང་པོ་པའི་རྣལ་འབྱོར་པས་མངོན་ཤེས་མེད་པར་ཤའི་མིག་གིས་སྣ་ཚོགས་མཐོང་ངོ་། །དེ་ནས་མངོན་པར་ཤེས་པའི་མཚམས་ཀྱི་དབང་གིས་ལྷའི་མིག་གིས་མཐོང་ངོ་། །དེ་ནས་ཆགས་པ་དང་བྲལ་བའི་མཚམས་ཀྱི་དབང་གིས་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། །དེ་ནས་བྱང་ཆུབ་སེམས་དཔའི་མཚམས་ཀྱི་དབང་གིས་ཤེས་རབ་ཀྱི་སྤྱན་གྱིས་གཟིགས་སོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཚམས་ཀྱི་ཐུགས་ཀྱི་དབང་གིས་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཏེ་ལྷག་མ་ཀུན་ལས་རྣམ་གྲོལ་ཞིང་། ཞེས་བཤད་དོ། །གསུམ་པ་ས་བཅུ་གཉིས་སུ་དབྱེ་བ་ནི། ཚོགས་ལམ་ལས་དང་པོའི་ས་དང་། སྦྱོར་ལམ་མོས་སྤྱོད་ཀྱི་ས་གཉིས་ནི། འཇིག་རྟེན་པའི་ལམ་ཡིན་པའི་ཕྱིར་འདིར་མ་བསྡུས་ལ། འཇིག་རྟེན་ལས་འདས་པའི་ལམ་ལ་ས་བཅུ་གཉིས་སུ་དབྱེ་བ་ནི། གང་གི་ཚེ་ནོར་བུའི་རྩེ་མོ་ནས་གསང་གནས་ཀྱི་ཕྱེད་ཀྱི་བར་ཁམས་ཀྱི་དྭངས་མས་ཁེངས་ཤིང་རླུང་སྟོང་བརྒྱད་བརྒྱ་འགགས། མཆོག་ཏུ་མི་འགྱུར་བའི་བདེ་བ་སྐད་ཅིག་དེ་སྙེད་ཅིག་ཐོབ་པ་ན་ས་དང་པོ་ཀུན་ཏུ་འོད་ཉི་མའི་དཀྱིལ་འཁོར་ཆེན་པོ་མཛེས་པའི་ས་ཐོབ། དེའི་འོག་ཏུ་གསང་ནས་མན་ཆད་ཁམས་དྭངས་མས་ཁེངས་ཤིང་རླུང་དེ་སྙེད་ཅིག་འགགས། མི་འགྱུར་བའི་བདེ་བ་དེ་སྙེད་ཅིག་ཐོབ་པ་ན་ས་གཉིས་པ་བདུད་རྩིའི་འོད་ཟླ་བ་ཆེན་པོ་འོད་གསལ་བའི་ས་ཐོབ། དེའི་འོག་ཏུ་ལྟེ་བའི་ཕྱེད་མན་ཆད་དྭངས་མས་ཁེངས། རླུང་དེ་སྙེད་ཅིག་འགགས། མི་འགྱུར་བའི་བདེ་བ་དེ་སྙེད་ཅིག་ཐོབ་པ་ན་ས་གསུམ་པ་ནམ་མཁའི་འོད་ནམ་མཁའ་ལྟར་རབ་ཏུ་གནས་པའི་ས་ཐོབ། དེའི་འོག་ཏུ་ལྟེ་བ་མན་ཆད་དྭངས་མས་ཁེངས་རླུང་དེ་སྙེད་ཅིག་འགགས། མི་འགྱུར་བའི་བདེ་བ་དེ་སྙེད་ཅིག་ཐོབ་པ་ན། ས་བཞི་པ་རྡོ་རྗེའི་འོད་ཡིད་དགའ་བའི་ས་ཐོབ། དེའི་འོག་ཏུ་སྙིང་ཁ་མན་ཆད་དྭངས་མས་ཁེངས་ཤིང་རླུང་དེ་སྙེད་ཅིག་འགགས། མི་འགྱུར་བའི་བདེ་བ་དེ་སྙེད་ཅིག་ཐོབ་པ་ན་ས་ལྔ་པ་རིན་ཆེན་འོད་མངོན་པར་དབང་བསྐུར་བ་ལ་གནས་པའི་ས་ཐོབ། དེའི་འོག་ཏུ་སྙིང་ཁ་མན་ཆད་དྭངས་མས་ཁེངས་ཤིང་རླུང་དེ་སྙེད་ཅིག་འགགས། མི་འགྱུར་བའི་བདེ་བ་དེ་སྙེད་ཅིག་ཐོབ་པ་ན་ས་དྲུག་པ་པད་མའི་འོད་ཟེར་རང་བཞིན་གྱིས་དག་པའི་ཆོས་དྲི་མ་མེད་པ་ཡོངས་སུ་འཛིན་པའི་ས་ཐོབ། དེའི་འོག་ཏུ་མགྲིན་པའི་ཕྱེད་མན་ཆད་དྭངས་མས་ཁེངས་ཤིང་རླུང་དེ་སྙེད་ཅིག་འགགས། མི་འགྱུར་བའི་བདེ་བ་དེ་སྙེད་ཅིག་ཐོབ་པ་ན། ས་བདུན་པ་སངས་རྒྱས་ཀྱི་ལས་བྱེད་པའི་ས་ཐོབ། དེའི་འོག་ཏུ་མགྲིན་པ་མན་ཆད་དྭངས་མས་ཁེངས་ཤིང་རླུང་དེ་སྙེད་ཅིག་འགགས། མི་འགྱུར་བའི་བདེ་བ་དེ་སྙེད་ཅིག་ཐོབ་པ་ན་ས་བརྒྱད་པ་དཔེ་མེད་པའི་ས་ཐོབ། དེའི་འོག་ཏུ་སྨིན་མཚམས་མན་ཆད་དྭངས་མས་ཁེངས་ཤིང་རླུང་དེ་སྙེད་ཅིག་འགགས། མི་འགྱུར་བའི་བདེ་བ་དེ་སྙེད་ཅིག་ཐོབ་པ་ན་ས་དགུ་པ་དཔེ་ཐམས་ཅད་ཀྱི་དཔེ་རབ་རྟོགས་པའི་ས་ཐོབ། དེའི་འོག་ཏུ་སྨིན་མཚམས་མན་ཆད་དྭངས་མས་ཁེངས་ཤིང་རླུང་དེ་སྙེད་ཅིག་འགགས། མི་འགྱུར་བའི་བདེ་བ་དེ་སྙེད་ཅིག་ཐོབ་པ་ན་ས་བཅུ་པ་ཤེས་རབ་ཀྱི་འོད་བླ་ན་མེད་པའི་ས་ཐོབ། དེའི་འོག་ཏུ་གཙུག་ཏོར་གྱི་ཕྱེད་མན་ཆད་དྭངས་མས་ཁེངས་ཤིང་རླུང་དེ་སྙེད་ཅིག་འགགས། མི་འགྱུར་བའི་བདེ་བ་དེ་སྙེད་ཅིག་ཐོབ་པ་ན་ས་བཅུ་གཅིག་པ་ཐམས་ཅད་མཁྱེན་པ་ཉིད་འོད་གསལ་བ་ཆེན་པོའི་ས་ཐོབ། དེའི་འོག་ཏུ་གཙུག་ཏོར་མན་ཆད་དྭངས་མས་ཁེངས་ཤིང་རླུང་དེ་སྙེད་ཅིག་འགགས། མི་འགྱུར་བའི་བདེ་བ་དེ་སྙེད་ཅིག་ཐོབ་པ་ན། ས་བཅུ་གཉིས་པ་སོ་སོའི་བདག་ཉིད་རིག་པ་རྣལ་འབྱོར་པའི་ཡེ་ཤེས་རྫོགས་པར་བྱེད་པའི་ས་ཐོབ་བོ། །དེ་སྐད་དུ་ཡང་། འགྲེལ་པའི་སྐབས་གཞན་དུ། གསང་གནས་དང་། ལྟེ་བ་དང་། སྙིང་ཁ་དང་། མགྲིན་པ་དང་། སྨིན་མཚམས་དང་། གཙུག་ཏོར་གྱི་འཁོར་ལོ་རྣམས་དྭངས་མས་རིམ་གྱིས་གང་བ་ན། གོ་རིམ་བཞིན་དུ་ས་གཉིས་དང་། བཞི་དང་། དྲུག་དང་། བརྒྱད་དང་། བཅུ་དང་། བཅུ་གཉིས་རྣམས་ཐོབ་པར་བཤད་ཅིང་། མཆོག་མི་འགྱུར་གྱི་འགྲེལ་པར་ཡང་ཤེས་རབ་ཀྱི་ཆགས་པ་ལས་བྱུང་བ་མི་འགྱུར་བའི་བདེ་བ་ཆེན་པོའི་སྐད་ཅིག་རྣམས་ཀྱིས་དེ་བཞིན་གཤེགས་པའི་ས་འདི་རྣམས་ཐོབ་སྟེ། མི་འཕོ་བའི་སྐད་ཅིག་བརྒྱ་ཕྲག་བཅོ་བརྒྱད་ཐོབ་པས་ས་དང་པོ་ཐོབ་བོ། །གྲངས་འདི་ས་བཅུ་གཉིས་ཀྱི་མཐར་ཐུག་པའོ། །མི་འགྱུར་བའི་སྐད་ཅིག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྣམས་ཀྱིས་ས་བཅུ་གཉིས་ཐོབ་སྟེ། ཡན་ལག་བཅུ་གཉིས་འགགས་འགྱུར་རོ། །ཞེས་བཤད་ཅིང་། ས་བཅུ་གཉིས་པོ་འདི་རྣམས་ཀྱི་མིང་གི་ཐ་སྙད། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། དེ་ཉིད་བཅོམ་ལྡན་རྣལ་འབྱོར་སྟེ། །བྱང་ཆུབ་སེམས་ནི་འོད་གསལ་བ། །ཀུན་ཏུ་འོད་ཀྱི་ས་ཆེན་པོ། །ཉི་མའི་དཀྱིལ་འཁོར་གཟི་བརྗིད་ལྟར། །གཉིས་པ་བདུད་རྩི་འོད་ཅེས་པ། །ཤིན་ཏུ་འོད་བཟང་ཟླ་བ་འདྲ། །གསུམ་པ་ནམ་མཁའ་འོད་ཅེས་པ། །མཁའ་བཞིན་ལེགས་པར་རབ་ཏུ་གནས། །ས་བཞི་པ་ནི་གང་ཡིན་དེ། །རྡོ་རྗེ་འོད་མཐའ་ཡིད་དུ་འོང་། །བསམ་པ་བརྟན་པའི་སྦྱོར་བ་ཡིས། །རྡོ་རྗེ་ཞེས་ནི་རབ་ཏུ་གྲགས། །ལྔ་པ་རིན་ཆེན་འོད་ཅེས་བྱ། །དབང་བསྐུར་བ་ལ་རབ་ཏུ་གནས། །དྲུག་པ་པད་མོ་འཆང་ཞེས་བྱ། །པད་བཞིན་རབ་ཏུ་རྣམ་པར་སྣང་། །རང་བཞིན་དག་པའི་ཆོས་ཉིད་དེ། །དྲི་མ་མེད་ཅིང་ཡོངས་བཟུང་མེད། །བདུན་པ་ལས་ཀྱི་འོད་ཅེས་བྱ། །སངས་རྒྱས་ཕྲིན་ལས་བྱེད་པར་འདོད། །བརྒྱད་པ་དཔེ་མེད་པ་ཞེས་བྱ། །འདི་ལ་དཔེ་ནི་ཡོད་མ་ཡིན། །དགུ་པ་དཔེ་བྲལ་ཞེས་བྱ་སྟེ། །ཐམས་ཅད་དཔེ་ནི་སོ་སོར་རྟོགས། །བཅུ་པ་ཤེས་རབ་འོད་ཅེས་བྱ། །སངས་རྒྱས་ས་ནི་བླ་ན་མེད། །བཅུ་གཅིག་ཐམས་ཅད་མཁྱེན་ཞེས་བྱ། །ས་ཆེན་པོ་ནི་འོད་གསལ་བ། །བཅུ་གཉིས་སོ་སོའི་བདག་ཉིད་རིག །རྣལ་འབྱོར་ཡེ་ཤེས་རབ་རྫོགས་པ། །ས་ཆེན་པོ་ནི་འདི་དག་ལྡན། །སངས་རྒྱས་རྣམས་ནི་དོན་དམ་ལས། །སངས་རྒྱས་རྣམས་དང་སངས་རྒྱས་ཆོས། །རྣལ་འབྱོར་པ་དང་ཡེ་ཤེས་སྤྱོད། །ཅེས་གསུངས་པ་དང་མཐུན་པར་འགྲེལ་པར་ཡང་བཤད་དོ། །འདིར་དྭངས་མས་ལུས་ཁེངས་ཞེས་པའི་དོན་ནི་དཔེར་ན་གསེར་འགྱུར་གྱི་དངུལ་ཆུ་ལྕགས་ལ་བསྐུས་ཏེ་དང་པོར་མེས་བསྲེགས་ཏེ་མི་གཡོ་བར་བཅིངས། དེའི་འོག་ཏུ་ལྕགས་བསྐོལ་བ་ན་ལྕགས་དང་དངུལ་ཆུ་དབྱེར་མེད་དུ་འདྲེས་ཏེ་ལྕགས་ཀྱི་དྲི་མ་དང་དངུལ་ཆུའི་སྔར་གྱི་གནས་སྐབས་གཉིས་ཀ་འགགས་ཏེ་གསེར་དུ་འགྱུར་བ་ལྟར། ཕྱག་རྒྱ་ལ་བསྟེན་ནས་ཁམས་ལུས་ལ་བཅིངས་པ་ན་དྭངས་མ་དང་ལུས་ཀྱི་ཤ་རུས་སོགས་དབྱེར་མེད་དུ་འདྲེས་ནས་སྡུག་བསྔལ་བསྐྱེད་པའི་སྔར་གྱི་ལུས་ཀྱི་གནས་སྐབས་དང་། དྭངས་མའི་གནས་སྐབས་གཉིས་ཀ་འགགས་ནས་ཚོར་བ་བདེ་བའི་རྒྱུར་རོ་གཅིག་པ་ཙམ་ཡིན་གྱི། སངས་རྒྱས་ཀྱི་ས་མ་ཐོབ་ཀྱི་བར་དུ་བེམ་པོའི་ཁམས་མེད་པར་འགྱུར་བ་ནི་མ་ཡིན་ནོ། །དེ་སྐད་དུ་ཡང་། མཆོག་མི་འགྱུར་གྱི་འགྲེལ་པར། གང་གི་ཚེ་ལྕགས་བསྐོལ་བ་རྣམས་དངུལ་ཆུ་དང་ལྷན་ཅིག་ཏུ་གྱུར་པ་དེའི་ཚེ། དངུལ་ཆུས་ཕུག་པའི་ལྕགས་རྣམས་དྲི་མ་མེད་པར་འགྱུར་གྱི་བེམ་པོའི་ཁམས་མེད་པ་ནི་མ་ཡིན་པ་བཞིན་ནོ། །ཕན་ཚུན་ཡང་དག་པར་ལྡན་པ་དེའི་ཕྱིར། ཁམས་རྣམས་ནི་ཁམས་ཉིད་དུ་མེད་ཅིང་། དངུལ་ཆུ་ཡང་དངུལ་ཆུ་ཉིད་དུ་མེད་དེ། སྔར་གྱི་རང་བཞིན་ཡོངས་སུ་བཏང་བའི་ཕྱིར་རོ། །དེ་བཞིན་དུ་སེམས་དང་ལྷན་ཅིག་གཅིག་ཏུ་གྱུར་པའི་ལུས་ཀྱི་ཁམས་རྣམས་ལ་ཁམས་ཉིད་མེད་ཅིང་སེམས་ལ་སེམས་ཉིད་མེད་དེ། སྔར་གྱི་འཁོར་བའི་བག་ཆགས་མེད་པའི་ཕྱིར་རོ་ཞེས་བཤད་དོ། །

སྤྱི་དོན་གཉིས་པ་བསྡུ་བ་ལ་གཉིས་ཀྱི། སྐུ་རྡོ་རྗེ་ལ་སོགས་པའི་སྒྲུབ་ཐོབ་ཀྱི་དབང་དུ་བྱས་ཏེ་རྡོ་རྗེ་གསུམ་དུ་བསྡུ་བ་ནི་སོར་སྡུད་བསམ་གཏན་ནི་སྐུ་རྡོ་རྗེ་སྒྲུབ་བྱེད་ཀྱི་རྣལ་འབྱོར་ཡིན་པའི་ཕྱིར་སྐུ་རྡོ་རྗེའོ། །སྲོག་རྩོལ་འཛིན་པ་གཉིས་ནི། གསུང་རྡོ་རྗེ་སྒྲུབ་བྱེད་ཀྱི་རྣལ་འབྱོར་ཡིན་པའི་ཕྱིར་གསུང་རྡོ་རྗེའོ། །རྗེས་དྲན་དང་ཏིང་ངེ་འཛིན་གཉིས་ནི། ཐུགས་རྡོ་རྗེ་སྒྲུབ་བྱེད་ཀྱི་རྣལ་འབྱོར་ཡིན་པའི་ཕྱིར་ཐུགས་རྡོ་རྗེའོ། །ཡེ་ཤེས་ཀྱི་སྐུ་སྒྲུབ་ཐབས་ཀྱི་དབང་དུ་བྱས་ན་བསྙེན་སྒྲུབ་བཞིར་དབྱེ་བ་ནི། སོར་སྡུད་བསམ་གཏན་གཉིས་ནི་བསྙེན་པའི་ཡན་ལག་གོ །སྲོག་རྩོལ་འཛིན་པ་གཉིས་ནི་ཉེ་བར་སྒྲུབ་པའི་ཡན་ལག་གོ །རྗེས་དྲན་ནི་སྒྲུབ་པའི་ཡན་ལག་གོ །ཏིང་ངེ་འཛིན་ནི་སྒྲུབ་པ་ཆེན་པོའོ། །དེ་སྐད་དུ་ཡང་སྒྲུབ་ལེར། བསྙེན་པ་ལ་ནི་དང་པོའི་རྣལ་འབྱོར་རྣམ་བཅུ་མཁའ་ལ་འཁོར་ལོ་ཅན་གྱི་ཁྲོ་བོའི་ལྟ་བས་སོ། །བགེགས་མཐར་བྱེད་པའི་ལྟ་བ་བདུད་རྩིའི་ལམ་དུ་སོན་པ་ཡིས་ཀྱང་ཉེ་བའི་སྒྲུབ་པ་ཡན་ལག་དྲུག །ཤེས་རབ་ལ་སྤྲོས་ཟླ་བ་ཐིག་ལེ་རྡོ་རྗེ་ནོར་བུར་གནས་པའི་འགྱུར་མེད་གསུམ་ནི་སྒྲུབ་པ་ལ། །བདེ་བ་མ་ཉམས་གཅིག་པུ་ཞི་བ་ལྷན་སྐྱེས་ཡེ་ཤེས་རྣལ་འབྱོར་འདི་ནི་སྒྲུབ་པ་ཆེན་པོ་ལ། །ཞེས་བཤད་དོ། །ཐབས་ཀྱི་རྒྱུད་བཤད་ཟིན་ཏོ། །

ད་ནི་འབྲས་བུའི་རྒྱུད་བཤད་པར་བྱའོ། །འབྲས་བུའི་རྒྱུད་ནི་སྒྲིབ་པ་ཐམས་ཅད་དང་བྲལ་བའི་རྡོ་རྗེའི་སྐུ་ཡིན་ལ། དེ་ཡང་གང་ལ་བརྟེན་ནས་ཐོབ་པའི་རྒྱུ་དང་། གང་གི་ཚེ་ཐོབ་པའི་དུས་དང་། ཐོབ་པའི་ངོ་བོ་གང་ཡིན་པ་དང་། སྐུ་དང་ཡོན་ཏན་གྱི་དབྱེ་བ་དང་། དུས་ཇི་སྲིད་དུ་བཞུགས་ཚུལ་རྣམས་ཀྱིས་ཤེས་པར་བྱའོ། །དེ་ལ་གང་ལ་བརྟེན་ནས་ཐོབ་པའི་རྒྱུ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡིན་ཏེ། མཆོག་མི་འགྱུར་གྱི་འགྲེལ་པར། བསོད་ནམས་ལྡན་པ་བསོད་ནམས་ཚོགས། །ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ། །ཡེ་ཤེས་ལྡན་པ་ཡོད་མི་ཤེས། །ཚོགས་གཉིས་ཚོགས་ནི་བསག་པ་པོ། །ཞེས་པ་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་དེའི་ཕྱིར། བསོད་ནམས་དང་ཡེ་ཤེས་ཀྱིས་དམན་པ་ནི། རྣམ་པར་རྟོག་པའི་གཟུགས་བསྒོམ་པ་གོམས་པའི་དབང་གིས་སངས་རྒྱས་སུ་མི་འགྱུར་རོ། །ཞེས་ཚོགས་གཉིས་ཀྱིས་དམན་པས་སངས་རྒྱས་མི་འགྲུབ་པར་བཤད་པའི་ཕྱིར་རོ། །ཚོགས་གཉིས་ནི། སེམས་ཅན་ལ་ཕན་པ་ལས་མ་གཏོགས་པའི་བསོད་ནམས་ཀྱི་ཚོགས་དང་། མཆོག་ཏུ་མི་འགྱུར་བའི་བདེ་བ་ལས་མ་གཏོགས་པའི་ཡེ་ཤེས་ཀྱི་ཚོགས་མེད་དོ། །ཞེས་འགྲེལ་པའི་སྐབས་གཞན་དུ་བཤད་པའི་ཕྱིར། བསོད་ནམས་ཀྱི་ཚོགས་ནི་བསམ་པ་ཕུན་ཚོགས་ཚད་མེད་བཞི་དང་། སྦྱོར་བ་ཕུན་ཚོགས་ཐུན་མོང་བ་བསྡུ་བའི་དངོས་པོ་བཞི་དང་། ཐུན་མོང་མ་ཡིན་པ་ཕྲིན་ལས་བཞི་དང་། གྲུབ་པ་བརྒྱད་ཀྱི་སྒོ་ནས་སེམས་ཅན་ལ་ཕན་འདོགས་པའོ། །ཡེ་ཤེས་ཀྱི་ཚོགས་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོངས་སུ་རྫོགས་པའོ། །དེ་ལྟ་བུའི་ཚོགས་གཉིས་ལས་རྡོ་རྗེའི་སྐུ་འཁྲུངས་པ་ཡིན་གྱི། རྒྱུ་རྐྱེན་གྱིས་མ་བསྐྱེད་པའི་རྟག་པ་རང་བྱུང་གི་སངས་རྒྱས་ཀྱང་མ་ཡིན་ལ། བསྐྱེད་རིམ་སོགས་བསོད་ནམས་ཀྱི་ཚོགས་ཀྱི་སྤྲོས་པ་དོར་ནས། རྫོགས་རིམ་མི་རྟོག་པ་འབའ་ཞིག་བསྒོམས་པ་ལས་བྱུང་བ་ཡང་མ་ཡིན་ནོ། །འདིར་ཕྱག་རྒྱ་ཆེན་པོ་རྣམ་པ་ཐམས་ཅད་ཀྱི་སྟོང་པ་ཉིད་ཀྱི་གཟུགས་དང་། རྡོ་རྗེའི་སྐུ་སྐྱེ་འཇིགས་མེད་པར་སྐབས་འགར་བཤད་པ་ནི། ལམ་གྱི་སྐབས་སུ་སྟོང་པ་ཉིད་ཀྱི་གཟུགས་རྨི་ལམ་དང་སྒྱུ་མ་ལ་སོགས་པ་ལྟར་རང་བཞིན་མེད་པས། རང་གི་མཚན་ཉིད་ཀྱིས་གྲུབ་པའི་སྐྱེ་འཇིག་བདེན་པ་མེད་པ་ལ་དགོངས་ཤིང་། འབྲས་བུའི་སྐབས་སུ་རྡོ་རྗེའི་སྐུ་དེ་ཉིད་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་བཞུགས་ནས་འཁོར་བའི་གནས་ལྟར་རྣམ་པར་ཆད་པའི་འཆི་འཕོ་དང་། སྐྱེ་བའི་མཚན་ཉིད་ཅན་གྱི་སྐྱེ་འཇིག་མེད་པ་དང་། སྐྱེ་བ་དང་འཇིག་པའི་རྣམ་པར་རྟོག་པ་མ་ལུས་པ་སྤངས་པ་ལ་དགོངས་ནས། སྐྱེ་འཇིག་མེད་པར་བསྟན་གྱི། མུ་སྟེགས་ཀྱི་བདག་ལྟར་རྒྱུ་རྐྱེན་ལས་མ་སྐྱེས་པའི་རྟག་བརྟན་དུ་སྟོན་པ་ནི་མ་ཡིན་ནོ། །གང་གི་ཚེ་ཐོབ་པའི་དུས་ལ་གཉིས་ཏེ། ནང་གི་དུས་དང་། ཕྱི་རོལ་གྱི་དུས་སོ། །དེ་ལ་ནང་གི་དུས་ནི། གང་གི་ཚེ་གཙུག་ཏོར་མན་ཆད་ཁམས་ཀྱི་དྭངས་མས་ཁེངས་ཤིང་། རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་མ་ལུས་པར་འགགས། མཆོག་ཏུ་མི་འགྱུར་བའི་བདེ་བ་དེ་སྙེད་ཅིག་ཡོངས་སུ་རྫོགས་པར་གྱུར་པ་དེའི་ཚེ་རྣལ་འབྱོར་པ་སྐད་ཅིག་གཅིག་གིས་མངོན་པར་བྱང་ཆུབ་པ་དང། རྣམ་པར་ཉི་ཤུས་མངོན་པར་བྱང་ཆུབ་པ་དང་། སྒྱུ་འཕྲུལ་དྲ་བས་མངོན་པར་བྱང་ཆུབ་པ་སྟེ། ཡེ་ཤེས་ལེའུར། ཟླ་བ་ཉི་མའི་རྒྱུ་བ་ཉམས་ཤིང་ལམ་ནི་གཉི་ཀ་ཡི་ཡང་སྲོག་གི་རླུང་ནི་ཆེན་པོར་འགགས། །ཆུ་སྐྱེས་རྡོ་རྗེ་རབ་ཏུ་སད་ཅིང་རི་བོང་ཅན་ཞུ་ཉི་མའི་གཟུགས་ཆེན་ལ་ནི་རབ་ཏུ་ཞུགས། །དངོས་དང་དངོས་མེད་གཅིག་འགྱུར་རྣམ་གསུམ་སྲིད་པར་གནས་པའི་གཞོམ་མེད་ལགས་པར་རབ་ཏུ་རྟོགས་གྱུར་པ། །དེ་ཡི་དུས་སུ་རྣལ་འབྱོར་པ་དེ་གང་ལ་གཉིས་ནི་ཅུང་ཟད་མེད་པ་མཆོག་གི་གོ་འཕང་འགྲོ། །ཞེས་བཤད་དོ། །

ཕྱི་རོལ་གྱི་དུས་ནི། གང་གི་ཚེ་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅོ་ལྔ་རྫོགས་ཤིང་། ནག་ཕྱོགས་ཀྱི་ཚེས་གཅིག་ལ་མ་ཞུགས་པའི་ཟླ་བ་ཆ་བཅུ་དྲུག་པའི་དུས་ཐོ་རངས་སམ། ནམ་ཕྱེད་ནི་མཆོག་ཐོབ་པའི་དུས་ཡིན་ལ། དེའི་ཚེ་རིགས་ལྔ་དང་ཡུམ་བཞི་དང་། བྱང་ཆུས་སེམས་དཔའ་བརྒྱད་དང་། ཁྲོ་བོ་བཅུ་ལ་སོགས་པས་ནམ་མཁའི་ཁམས་ཡོངས་སུ་གང་སྟེ། རྣལ་འབྱོར་པའི་ཡོན་ཏན་གྱི་བསྔགས་པ་བརྗོད་པ་དང་། ས་གཞི་ལའང་རིན་པོ་ཆེ་དང་མེ་ཏོག་ལ་སོགས་པའི་ཆར་འབབ་པར་འགྱུར་ཏེ། ཡང་དེ་ཉིད་ལས། ཁྲོ་བོ་སངས་རྒྱས་དང་བཅས་ངེས་པར་རོ་ཡི་རྡོ་རྗེ་རྣམས་དང་ས་ཡི་སྙིང་པོ་སོགས། །རབ་ཏུ་དགའ་བའི་ཐུགས་རྣམས་རྣལ་འབྱོར་པ་ལ་གྲུབ་པའི་དུས་སུ་ནམ་མཁའ་ལ་ནི་མངོན་སུམ་འགྱུར། །དེ་ཡི་འདོད་པའི་དངོས་གྲུབ་རི་བོང་ཅན་གྱི་ཞག་གི་ཐོ་རངས་དང་ནི་མཚན་མོ་ཕྱེད་ལ་འགྱུར། །རིན་པོ་ཆེའམ་མེ་ཏོག་ཆར་ནི་མཆོག་གྱུར་དུས་ཀྱི་སྦྱོར་བས་ས་ཡི་སྟེང་དུ་འབབ་པར་འགྱུར། །ཞེས་བཤད་དོ། །

གསུམ་པ་ཐོབ་པའི་ངོ་བོ་གང་ཡིན་པ་ནི། གང་གི་ཚེ་རླུང་མ་ལུས་པར་འགགས་ཤིང་མཆོག་ཏུ་མི་འགྱུར་བའི་བདེ་བ་མ་ལུས་པ་ཡོངས་སུ་རྫོགས་པ་དེའི་ཚེ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་རྩ་བ། མ་རིག་པའི་ངོ་བོ་འཕོ་བའི་བག་ཆགས་དང་། གནས་སྐབས་རིགས་བཞིའི་སྒྲིབ་པ་ཐམས་ཅད་སྤངས་པས་གློ་བུར་དྲི་མས་བསྡུས་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་མ་ལུས་པ་འགག་ཤིང་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ངོ་བོར་གནས་གྱུར་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ནི། འབྲས་བུའི་རྒྱུད་རྡོ་རྗེའི་སྐུའི་ངོ་བོ་ཡིན་ནོ། །དེ་ལྟར་ཡང་མཆོག་མི་འགྱུར་གྱི་འགྲེལ་པར། འདིར་ཆགས་པ་ནི་སྐྱེ་བའི་དུས་དང་། འཕོ་བ་ནི་འགག་པའི་དུས་ཏེ། དེ་དག་སྙོམས་པར་ཞུགས་པ་ནི་མི་འགྱུར་བའི་དུས་སོ། །དེའི་འཁོར་ལོ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་སྟེ། ཕུང་པོ་ཁམས་དང་སྐྱེ་མཆེད་སྒྲིབ་པ་མེད་པ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ཞེས་བརྗོད་དོ། །ཞེས་བཤད་དོ། །རྡོ་རྗེའི་སྐུ་འདི་ཡང་ཁྱད་པར་གསུམ་དང་ལྡན་ཏེ། སྐུ་དང་གསུང་དང་ཐུགས་ཀྱི་ཁྱད་པར་རོ། །དེ་ལ་སྐུའི་ཁྱད་པར་ནི། སད་པའི་གནས་སྐབས་ཀྱི་སྒྲིབ་པ་མ་ལུས་པར་སྤངས་པས་རྡུལ་ཕྲ་རབ་ཀྱི་ཆོས་ཉམས་ཤིང་ནམ་མཁའ་ལྟར་དྭངས་ཤིང་ཐོགས་པ་མེད་པ་མེ་ལོང་ལ་པྲ་ཕབ་པ་ལྟ་བུའི་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སྐུ་མངའ་བའོ། །གསུང་གི་ཁྱད་པར་ནི། རྨི་ལམ་གྱི་གནས་སྐབས་ཀྱི་སྒྲིབ་པ་མ་ལུས་པར་སྤངས་པས་གདུལ་བྱའི་བསམ་པ་ཇི་ལྟ་བ་བཞིན་དུ་རང་རང་གི་སྐད་ཀྱིས་ཆོས་སྟོན་པ་གཞོམ་དུ་མེད་པའི་སྒྲ། སྒྲ་བརྙན་ལྟ་བུ་སངས་རྒྱས་ཀྱི་གསུང་རྣམ་པ་ཐམས་ཅད་པའོ། །ཐུགས་ཀྱི་ཁྱད་པར་ནི་གཉིས་ཏེ། ཤེས་བྱའི་རྣམ་པ་ཇི་ལྟ་བ་མཁྱེན་པ་དང་། ཟག་པ་མེད་པའི་བདེ་བས་རྒྱུད་ཡོངས་སུ་གང་བའོ། །དང་པོ་ནི། ཤིན་ཏུ་གཉིད་ལོག་པའི་གནས་སྐབས་ཀྱི་སྒྲིབ་པ་མ་ལུས་པ་སྤངས་པས། གློ་བུར་གྱི་དྲི་མས་བསྡུས་པའི་དུས་གསུམ་དང་སྲིད་པ་གསུམ་འགགས་ཀྱང་དེ་དག་དང་ཆ་འདྲ་བའི་སྒྲིབ་བྲལ་གྱི་དུས་གསུམ་དང་སྲིད་པ་གསུམ་གྱི་ཤེས་བྱའི་རྣམ་པ་མེ་ལོང་ལ་པྲ་ཕབ་པ་ལྟ་བུ་དང་། རྨི་ལམ་དང་སྒྱུ་མ་ལྟ་བུ་ཅིག་ཆར་མཁྱེན་པའོ། །ཟག་པ་མེད་པའི་བདེ་བས་རྒྱུད་གང་བ་ནི། བཞི་པའི་གནས་སྐབས་ཀྱི་སྒྲུབ་པ་མ་ལུས་པར་སྤངས་པས། རང་གི་ཕྱག་རྒྱ་ཆེན་མོ་སྒྱུ་མ་ལྟ་བུས་འཁྱུད་པ་ལས་བྱུང་བའི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ལས་ནམ་ཡང་གཡོ་བ་མེད་པའོ། །དེ་སྐད་དུའང་ཡེ་ཤེས་ལེའུར། ལུས་ནི་དྭངས་ཤིང་རྡུལ་ཕྲན་ཉམས་པ་ནམ་མཁའ་དང་མཚུངས་མཚན་ལ་སོགས་པ་རྣམས་ཀྱིས་རབ་རྫོགས་འགྱུར། །སྣ་ཚོགས་འཇིག་རྟེན་གསུམ་པ་ཉིད་ནི་དྭངས་ཤིང་སྒྲིབ་པ་རྣམ་པར་བྲལ་བ་རྨི་ལམ་བཞིན་དུ་སྣང་། །སྐད་ནི་ཀུན་ནས་ཆད་པ་མེད་ཅིང་དུ་མའི་སྐད་གཞན་དག་གིས་གཞན་གྱི་སྙིང་ལ་འཇུག་པ་སྟེ། །སེམས་ནི་དམ་པའི་བདེ་བས་གང་ཞིང་མི་གཡོ་ཐམས་ཅད་དུས་སུ་ལྷན་ཅིག་སྐྱེས་པས་འཁྱུད་པའོ། །ཞེས་བཤད་དོ། །བཞི་པ་སྐུ་དང་ཡོན་ཏན་གྱི་དབྱེ་བ་ལ་གཉིས། སྐུའི་དབྱེ་བ་དང་། ཡོན་ཏན་གྱི་དབྱེ་བའོ། །དང་པོ་ལ་ཡང་གཉིས། རང་སྣང་དོན་དམ་པའི་སྐུ་དང་། གཞན་སྣང་ཀུན་རྫོབ་བརྡའི་སྐུའོ། །དང་པོ་ནི། གོང་དུ་བཤད་པའི་རྡོ་རྗེའི་སྐུ་དེ་ཉིད་ལྡོག་པའི་ཆར་ཕྱེ་ན་སྐུ་བཞིར་འགྱུར་ཏེ། ལྷན་ཅིག་སྐྱེས་པའི་སྐུ་དང་། ཆོས་ཀྱི་སྐུ་དང་། སྤྲུལ་པའི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུའོ། །

དེ་དག་ཀྱང་དང་པོ་ནི། རང་དོན་ཕུན་སུམ་ཚོགས་པ་ཡིན་ལ། ཕྱི་མ་གསུམ་ནི་གཞན་དོན་ཕུན་ཚོགས་སོ། །དེ་ལ་རང་དོན་ལྷན་ཅིག་སྐྱེས་པའི་སྐུ་ནི། ལྟེ་བར་བཞི་པའི་གནས་སྐབས་ཟད་པ་ལས་བྱུང་བ་རྒྱུ་མཐུན་གྱི་འབྲས་བུ་ཝཾ་ཡིག་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དང་། ཨེ་ཡིག་རྣམ་པ་ཐམས་ཅད་ཀྱི་སྟོང་པ་ཟུང་དུ་ཆུད་པའི་རྡོ་རྗེ་སེམས་དཔའོ། །གཞན་དོན་ཕུན་སུམ་ཚོགས་པ་ལ་ཡང་གསུམ་སྟེ། གང་གིས་གཞན་དོན་བྱེད་པ་པོའི་ཆོས་ཀྱི་སྐུ་ནི། དེ་ཡང་སྙིང་ཁར་ཤིན་ཏུ་གཉིད་ལོག་པའི་གནས་སྐབས་ཟད་པ་ལས་བྱུང་བ་རྣམ་སྨིན་གྱི་འབྲས་བུ་ཤེས་བྱའི་རྣམ་པ་ཇི་ལྟ་བ་དང་། ཇི་སྙེད་པ་མངོན་སུམ་དུ་མཁྱེན་པའི་ཡེ་ཤེས་སོ། །གང་ལ་བརྟེན་ནས་གཞན་དོན་བྱེད་པའི་རྟེན་ནི་སྤྲུལ་པའི་སྐུ་སྟེ། དེ་ཡང་དཔྲལ་བར་སད་པའི་གནས་སྐབས་ལས་བྱུང་བ་དྲི་མ་མེད་པའི་འབྲས་བུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའི་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་ནང་དུ་པྲ་ཕབ་པ་ལྟ་བུ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷའི་མིག་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པའོ། །ཐབས་གང་གིས་གཞན་དོན་བྱེད་པའི་ཐབས་ནི། ལོངས་སྤྱོད་རྫོགས་པའི་སྐུ་སྟེ། དེ་ཡང་མགྲིན་པར་རྨི་ལམ་གྱི་གནས་སྐབས་ཟད་པ་ལས་བྱུང་བ་སྐྱེས་བུ་བྱེད་པའི་འབྲས་བུ་གདུལ་བྱའི་བསམ་པ་དང་མཐུན་པར་ཆོས་སྟོན་པའི་སངས་རྒྱས་ཀྱི་གསུང་རྣམ་པ་ཐམས་ཅད་གཞོམ་དུ་མེད་པའི་སྒྲ་བརྙན་ལྟ་བུ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷའི་རྣ་བ་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པའོ། །དེ་དག་ཀྱང་ཡེ་ཤེས་ལེའུར། ཤེས་རབ་མ་ཡིན་ཐབས་ཀྱང་མིན་པ་འདི་ནི་ལྷན་ཅིག་སྐྱེས་པའི་སྐུ་སྟེ་ཆོས་ཀྱི་སྐུར་གྱུར་པ། །ཤེས་རབ་ཐབས་ཀྱི་རང་བཞིན་ངེས་པར་མུན་པ་དང་བྲལ་ཡེ་ཤེས་དང་ནི་རྣམ་ཤེས་དབྱེ་བ་ལས། །འདི་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་སྒྲ་བརྙན་ལྟ་བུ་སེམས་ཅན་དུ་མའི་དོན་ནི་བྱེད་པ་པོ། །སེམས་ཅན་རྣམས་ནི་སྨིན་པའི་སླད་དུ་སླར་ཡང་འདི་ནི་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུ་རུ་འགྱུར། །ཞེས་བཤད་དོ། །

དེ་ལ་སྐུ་དང་པོ་གཉིས་ནི། སངས་རྒྱས་རྣམས་ཀྱི་སོ་སོ་རང་རིག་པའི་སྤྱོད་ཡུལ་ཡིན་པས། མཐར་ཕྱིན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་སྤྱོད་ཡུལ་ཡིན་ནོ། །སྐུ་ཐ་མ་གཉིས་ནི། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་གཞན་རིག་གི་ཚུལ་དུ་སྣང་བ། ས་བདུན་པ་མན་ཆད་ཀྱི་གདུལ་བྱ་རྣམས་ཀྱི་རྣམ་པ་ཐམས་ཅད་དུ་སྤྱོད་ཡུལ་ཡིན་ནོ། །དེ་ལྟ་བུའི་སྐུ་བཞིའི་བདག་ཉིད་ཅན་གྱི་རྡོ་རྗེའི་སྐུ་དེ་ཡང་ཡེ་ཤེས་དམ་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་དོན་དམ་པ་ཡིན་ཡང་། ཡོད་པ་དང་མེད་པ་དང་རྟག་པ་དང་ཆད་པ་ལ་སོགས་པའི་མཐའ་ཐམས་ཅད་དང་བྲལ་བ་ཡིན་ཏེ། དེ་སྐད་དུ་ཡང་འགྲེལ་པར། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་ལས་ནི་རྣམ་གྲོལ་བ། །བདེ་བ་སྐུ་ལ་ཕྱག་འཚལ་ལོ། །ཞེས་དང་། ཕྱག་རྒྱ་ཆེན་པོ་མི་འགྱུར་བདེ། །གཟུང་དང་འཛིན་པ་དབྱིབས་དག་དང་། །རྟོག་དང་བརྗོད་པ་རྣམ་པར་སྤངས། །དྲི་ཟའི་གྲོང་ཁྱེར་རྣམ་པ་དང་། །པྲ་ཕབ་པ་ཡི་རང་བཞིན་ཅན། །ཤེས་རབ་ཐབས་ཀྱི་བདག་ཉིད་སྦྱོར། །ཨེ་ཝཾ་ཡི་གེ་དེ་ལ་འདུད། ། ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །པྲ་ཕབ་པ་ཡི་རང་བཞིན་ཅན། །རྣམ་པ་ཀུན་གྱི་མཆོག་ལྡན་མ། །ཕྱག་རྒྱ་ཆེན་མོ་དེ་ལ་འདུད། །ཅེས་སོགས་ཀྱིས་ལན་ཅིག་མ་ཡིན་པར་རྨི་ལམ་དང་སྒྱུ་མ་དང་དྲི་ཟའི་གྲོང་ཁྱེར་དང་པྲ་ཕབ་པ་ལྟ་བུར་རང་བཞིན་མེད་པར་བསྟན་པའི་ཕྱིར་རོ། །དེ་ལྟ་ན་ཡང་གང་དག་དཔེ་དེ་དག་གིས་བསྟན་པའི་རྡོ་རྗེའི་སྐུ་ལ་ཡང་། དོན་དམ་པར་ཡོད་པ་དང་རྟག་པ་ལ་སོགས་པའི་མཐར་ཞེན་ནས་རང་གཞན་ལྟ་བ་ངན་པའི་ལྕགས་སྒྲོག་གིས་འཆིང་བར་བྱེད་པ་ནི། བྱིས་པ་བརྡ་ལ་མ་བྱང་པ་གཟུགས་བརྙན་ལ་མངོན་པར་ཞེན་པ་ལྟར་ཤིན་ཏུ་བླུན་པ་སྟེ། སྒྱུ་མ་དང་རྨི་ལམ་དང་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་རྣམས་ནི། འཇིག་རྟེན་གྱི་སྐྱེ་བོ་གནག་རྫིའི་བར་ལ་ཡང་རང་བཞིན་མེད་པ་དང་། བརྫུན་པའི་དཔེར་ཆེས་ཤིན་ཏུ་གྲགས་པའི་ཕྱིར་རོ། །འདིར་སྨྲས་པ། ཐར་པའི་ས་བོན་དགེ་ལེགས་ཀུན་གྱི་གཞི། །ཡང་དག་ལྟ་བའི་ནོར་མཆོག་འཕྲོག་བྱེད་ཅིང་། །ཐར་པའི་སྲོག་རྩ་གཅོད་པར་བྱེད་པ་ཡི། །ལྟ་ངན་ལས་ལྷག་འཕུང་བྱེད་དགྲ་གཞན་མེད། །གཞན་སྣང་ཀུན་རྫོབ་བརྡའི་སྐུ་ནི། ས་བདུན་པ་མན་ཆད་ཀྱི་བྱང་ཆུབ་སེམས་དཔའ་དང་། ཉན་རང་སོ་སོ་སྐྱེ་བོ་ལས་དག་པ་རྣམས་ལ་སངས་རྒྱས་ཀྱི་སྐུ་དང་གསུང་གི་རྣམ་པར་སྣང་ཞིང་། སྐུ་དང་གསུང་གི་ཕྲིན་ལས་མཛད་པ་སྟེ། དེ་དག་ཀྱང་འདུལ་བྱའི་སེམས་སྣང་ཡིན་གྱི་ཡང་དག་པ་མ་ཡིན་པའི་ཕྱིར། ཀུན་རྫོབ་བརྡའི་སྐུ་ཞེས་བྱའོ། །

དེ་ལ་ཡང་གཉིས་ཏེ་སྤྲུལ་པའི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུའོ། །དང་པོ་ནི། དཔེར་ན་ནམ་མཁར་ཟླ་བ་ཤར་བའི་དབང་གིས་ཆུ་དྭངས་པར་ཟླ་བའི་གཟུགས་བརྙན་འཆར་བ་ལྟར་དོན་དམ་པའི་སྤྲུལ་སྐུའི་དབང་གིས་གདུལ་བྱ་ལས་དག་པ་རྣམས་ལ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སངས་རྒྱས་ཀྱི་སྐུར་སྣང་བའོ། །དེ་ལ་ཡང་སྤྲུལ་སྐུ་མཆོག་དང་མཆོག་མ་ཡིན་པ་གཉིས་ཀྱི་དང་པོ་ནི། རྡོ་རྗེ་ཐེག་པས་འདུལ་བའི་གདུལ་བྱ་རྣམས་ལ། ཧེ་རུ་ཀ་དང་རྣམ་པར་སྣང་མཛད་ལ་སོགས་པ་རིགས་ལྔའི་རྣམ་པར་སྣང་བ་སྟེ། ཡེ་ཤེས་ལེའུར། རྡོ་རྗེ་སེམས་དཔའ་གཅིག་པུ་འདི་ནི་དུས་མཐའི་སྤྲིན་དང་མཚུངས་པ་ཧེ་རུ་ཀར་ནི་འབྱུང་བར་འགྱུར། །གདུག་པ་རྣམས་ནི་སྨིན་པའི་དོན་ཏེ་དེ་ཡང་དམ་ཚིག་རྒྱལ་བ་རྨོངས་པ་རྣམས་ནི་བདེ་བའི་དོན། །རིན་ཆེན་དབང་པོ་སྡུག་བསྔལ་ལྡན་པ་རྣམས་ཀྱི་དེ་ཡང་པད་འཛིན་ཆགས་ཅན་རྣམས་ཀྱི་ཆགས་པའི་སླད། ། བགེགས་རྣམས་དག་ནི་གཞོམ་པའི་དོན་དུ་ཕྱག་ན་པད་མ་རལ་གྲི་དོན་ཡོད་གྲུབ་པ་འབྱུང་བར་འགྱུར། །ཞེས་བཤད་དོ། །སྤྲུལ་སྐུ་མཆོག་མ་ཡིན་པ་ནི། མཛད་པ་བཅུ་གཉིས་ཀྱི་སྒོ་ནས་ཆགས་བྲལ་གྱི་འདུལ་བྱ་རྣམས་ཀྱི་དོན་མཛད་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལྟ་བུ་སྟེ། ཡང་དེ་ཉིད་ལས། སངས་རྒྱས་རྣམས་ཀྱིའང་རྟོགས་བྱ་མིན་པ་དཔག་མེད་ཡོན་ཏན་དང་ལྡན་སངས་རྒྱས་སྤྲུལ་པ་སྒྱུ་མ་ནི། །སྲིད་པ་གསུམ་གྱི་གནས་སུ་བདག་ཉིད་སྟོན་པར་བྱེད་དེ་བརྒྱ་བྱིན་གཞུ་ནི་ཇི་བཞིན་ཉིད་དུའོ། །སྣ་ཚོགས་དངོས་རྣམས་ཀྱིས་ཕྱེ་རྒྱལ་བ་དང་བཅས་ལྷ་མི་རང་རང་སེམས་ལ་རབ་ཞུགས་པ། །འདི་ནི་མ་སྐྱེས་ཆོས་ཏེ་ཆུ་ལ་ནམ་མཁའ་བཞིན་དུ་འདིར་ནི་སྐྱེ་བར་འཁྲུལ་པ་སྟེར་བའོ། །ཞེས་བཤད་དོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི། དོན་དམ་པའི་ལོངས་སྐུའི་དབང་གིས་ལྷ་ལ་སོགས་པའི་འགྲོ་བ་རྣམས་ལ། རང་རང་གི་སྐད་ཀྱིས་ཁམས་དང་བསམ་པ་དང་བག་ལ་ཉལ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པའི་སངས་རྒྱས་ཀྱི་གསུང་རྣམ་པ་ཐམས་ཅད་པའོ། །ཡང་དེ་ཉིད་ལས། དུད་འགྲོ་ཡི་དྭགས་ལྷ་མི་རྣམས་དང་ལྟོ་འཕྱེ་ལྷ་དང་མི་ནི་འཕགས་པ་བོད་ལ་སོགས་རྣམས་ལ། །བྱུང་དང་འབྱུང་འགྱུར་ད་ལྟ་བྱུང་བ་རྣམ་པ་གསུམ་དང་རྟག་ཏུ་བདེན་པའི་ཆོས་ནི་གསུང་བྱེད་ཅིང་། །རང་རང་སྐད་གཞན་དག་གི་སྲིད་པ་གསུམ་པོ་མ་ཚང་མེད་པ་ལམ་ལ་ཡང་དག་འགོད་བྱེད་པ། །འདི་ནི་བདེ་མཉམ་འབྲས་བུ་སྟེར་བ་ཐམས་ཅད་མཁྱེན་པའི་གསུང་སྟེ་ལྷ་ཡི་སྐད་ཀྱང་མ་ཡིན་ནོ། །ཞེས་བཤད་དོ། །

ལོངས་སྐུ་དེ་ལྟ་བུ་ལ་ཡང་མཆོག་དང་མཆོག་མ་ཡིན་པ་གཉིས་ཀྱི་དང་པོ་ནི། རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོའོ། །གཉིས་པ་ནི། ཐེག་པ་ཐུན་མོང་གི་ཆོས་ཀྱི་འཁོར་ལོའོ། །ཡོན་ཏན་གྱི་དབྱེ་བ་ལ་ཡང་གསུམ་སྟེ། ཆོས་སྐུ་དང་སྤྲུལ་སྐུ་དང་། ལོངས་སྐུའི་ཡོན་ཏན་ནོ། །དེ་ལ་ཆོས་སྐུའི་ཡོན་ཏན་ནི། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་ཞི་གནས་དང་ལྷག་མཐོང་གིས་བསྡུས་པའི་རྟོགས་པའི་ཡོན་ཏན་ཇི་སྙེད་པ་རྣམས་སོ། །དེ་དག་གི་ལུང་ནི་འདིར་མ་བྲིས་སོ། །སྤྲུལ་སྐུའི་ཡོན་ཏན་ནི། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་རྣམས་ཏེ། དེ་ཡང་འགྲེལ་པར། གཟུགས་ཀྱི་རང་བཞིན་སངས་རྒྱས་ཀྱི་སྐུ་གཟུགས་སྤྲུལ་པའི་སྐུ་སྟེ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལྡན་པའོ། །ཞེས་སོགས་ཀྱིས་མཚན་རྣམས་རྒྱས་པར་བཤད་ནས་དེ་ལྟར་ཞབས་ཀྱི་མཐིལ་ནས་བརྩམས་ནས་གཙུག་ཏོར་གྱི་མཐར་ཐུག་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ནི། ཆོས་ཡང་དག་པར་བསྡུད་པའི་མདོ་ལས་གསུངས་ཏེ། ཞེས་བཤད་དོ། །མཚན་དཔེ་འདི་རྣམས་དོན་དམ་པའི་སྤྲུལ་སྐུ་ལ་དངོས་སུ་ལྡན་ལ། ཀུན་རྫོབ་ཀྱི་སྤྲུལ་སྐུ་ལ་གཟུགས་བརྙན་ཀྱི་ཚུལ་དུ་ལྡན་ནོ། །ལོངས་སྐུའི་ཡོན་ཏན་ནི། གསུང་དབྱངས་ཡན་ལག་དྲུག་ཅུ་ཡིན་ལ། དེ་དག་ཀྱང་དོན་དམ་པའི་ལོངས་སྐུ་ལ་དངོས་སུ་ལྡན་ཞིང་། ཀུན་རྫོབ་ཀྱི་ལོངས་སྐུ་ལ་གཟུགས་བརྙན་གྱི་ཚུལ་དུ་ལྡན་ནོ། །རྡོ་རྗེའི་སྐུ་དུས་ཇི་སྲིད་དུ་བཞུགས་པའི་དུས་ནི། གང་གི་ཚེ་འཇིག་རྟེན་གྱི་ཁམས་འཇིག་པའི་ཚེ་སའི་ཁམས་རགས་པ་རྣམས་ཕྱེ་ནས་རྡུལ་ཕྲན་རྣམས་ཆུའི་ཁམས་ལ་འཇུག ཚུལ་དེས་ཆུའི་ཁམས་ཀྱང་མེ་དང་། མེའི་ཁམས་ཀྱང་རླུང་དང་། རླུང་གི་ཁམས་སྟོང་པ་ལ་ཞུགས་ནས་སྣོད་ཀྱི་འཇིག་རྟེན་ཞིག་པ་ན། བཅུད་ཀྱི་སེམས་ཅན་གཞན་རྣམས་ལས་ཀྱི་རླུང་གིས་བསྐུལ་བས་འཇིག་རྟེན་གྱི་ཁམས་གཞན་དུ་འཕོ་ཞིང་རྡོ་རྗེའི་སྐུ་ནི་ནམ་མཁའི་ཁམས་ལ་ཡེ་ཤེས་རང་སྣང་ལས་སྒྲུབ་པའི་གཞལ་མེད་ཁང་རྒྱ་དང་ཁྱོན་ཚད་ལས་འདས་ཤིང་བསམ་གྱིས་མི་ཁྱབ་པའི་གནས་སུ། དག་པའི་འཁོར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཤ་སྟག་གིས་ཡོངས་སུ་བསྐོར་ཏེ། ལྷ་དང་མིའི་བདེ་བ་ལས་འདས་ཤིང་མུ་སྟེགས་དང་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་སྙོམས་པར་འཇུག་པའི་བདེ་བ་ལས་ཀྱང་ཆེས་ཕུལ་དུ་བྱུང་བའི་ཟག་པ་མེད་པའི་བདེ་བ་ལ་ལོངས་སྤྱོད་པའི་ཚུལ་གྱིས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་བཞུགས་སོ། །

དེ་སྐད་དུ་ཡང་ཡེ་ཤེས་ལེའུར། ས་ལས་ཆུ་དང་རྩེ་མོ་ཅན་དང་རླུང་གི་རྡུལ་ཕྲན་ཕྱེ་ནས་ཆུ་ཡི་ཁམས་ལ་འཇུག་པར་བྱེད། །ཆུ་ལས་ས་མེ་རླུང་ཕྱེ་རྩེ་མོ་ཅན་ལ་ས་དང་ཆུ་དང་མེ་རླུང་ཕྱེ་སྟེ་རླུང་ལའོ། །རླུང་ལ་ས་དང་ཆུ་དང་རྩེ་མོ་ཅན་དག་ཕྱེ་ནས་ལས་ཀྱི་རླུང་ཡང་སྟོང་པ་དག་ལའོ། །རྣམ་གསུམ་སྲིད་པའི་དབང་གིས་གང་ཞིག་ལས་ཀྱི་རླུང་གིས་བསྣུན་པ་གཞན་རྣམས་ཞིང་གཞན་དག་ཏུ་འགྲོ། །སངས་རྒྱས་ཞིང་ནི་མ་ལུས་ལས་ཅན་མིན་པར་སྲིད་གསུམ་བསྐྱེད་པར་མཛད་པས་རྣམ་པར་གཟིགས་ནས་ནི། །གཉིས་ཀ་རོ་མཉམ་དག་པའི་རྡུལ་ལ་སངས་རྒྱས་ཐམས་ཅད་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐོར་བ་སྟེ། །སོ་སོ་རེ་རེའི་རོ་ཡི་རྡུལ་ལ་གཉིས་ཀའི་རིགས་ཀྱི་དབང་གིས་རྡོ་རྗེའི་སྲས་པོ་རྣམས་ཀྱིས་བསྐོར། །ས་ལ་སོགས་པའི་རྡུལ་ལ་མ་ལུས་རིགས་ལ་གནས་པ་མཐའ་ཡས་མི་གཡོ་སོགས་ལ་རབ་ཞུགས་རྣམས། །དེ་དག་རྣམས་དང་ཐབས་ཅིག་རྡོ་རྗེ་སེམས་དཔའ་ཆགས་པའི་དུས་ཀྱི་བར་དུ་མཁའ་ལ་རྣམ་པར་ཞུགས། །ཞེས་བཤད་དོ། །འབྲས་བུའི་རྒྱུད་བཤད་ཟིན་ཏོ། །དེ་ལྟར་རྒྱུ་དང་ཐབས་དང་འབྲས་བུ་སྟེ། རྒྱུད་གསུམ་གྱི་སྒོ་ནས་དཔལ་དུས་ཀྱི་འཁོར་ལོའི་ངེས་དོན་གྱི་ཆ་རྣམས་ཚང་ལ་མ་ནོར་བར་ལེགས་པར་བཤད་ཟིན་ཏོ། །འདི་དོན་འགྲེལ་བྱེད་མཁས་པ་གཞན་རྣམས་ཀྱིས། །སྙིང་པོ་དོར་ནས་སྤུན་པ་ཡང་ཡང་འཕྱར། །རྒྱ་མཚོ་བསྲུབས་ལས་བདུད་རྩི་ཇི་བཞིན་དུ། །ཡང་དག་དོན་གྱི་སྙིང་པོ་ཁོ་བོས་བླངས། །འདབ་བརྒྱའི་ཚལ་ནས་སྦྲང་རྩི་བུང་བས་ལེན། །ཆུ་དང་འོ་མ་ངང་པས་སོ་སོར་འབྱེད། །ནོར་བུ་འཆིང་བུ་དེད་དཔོན་མཁས་པས་ཤེས། །ལེགས་བཤད་ཉེས་བཤད་མཁས་པའི་བློ་ཡིས་རྟོགས། །ཡོད་པའི་ལེགས་བཤད་ཕྲག་དོག་མུན་པས་བསྒྲིབས། །མེད་པའི་སྐྱོན་རྣམས་བློ་ངན་མིག་གིས་མཐོང་། ། གདུག་པའི་སྦྲུལ་གྱིས་འོ་མ་འཐུང་བ་བཞིན། །ལེགས་བཤད་བདུད་རྩིས་ཉོན་མོངས་དུག་འཕེལ་བའི། །ལོག་པའི་རྒྱུན་ཕྱོགས་གཞོལ་བའི་བློ་ངན་རྣམས། །ལེགས་བཤད་ཆུ་ལོན་སྟོང་གིས་མི་བཟློགས་མོད། །གཟུར་གནས་བློ་ལྡན་འགའ་ཡིས་འདི་མཐོང་ན། །ཡིད་ལ་འབབ་འགྱུར་སྙམ་པས་ངས་འདི་སྦྱར། །དེ་ལས་བྱུང་བའི་དགེ་བས་འགྲོ་བ་རྣམས། །ལྟ་ངན་ལོག་པའི་ལམ་རྣམས་རབ་སྤངས་ནས། །འཕགས་རྣམས་དགྱེས་པའི་ལམ་ལ་རབ་ཞུགས་ཏེ། །རང་གཞན་སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །དཔལ་དུས་ཀྱི་འཁོར་ལོའི་ངེས་དོན་གསལ་བར་བྱེད་པ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ་འདི་ནི། མང་དུ་ཐོས་པ་ཤཱཀྱའི་དགེ་སློང་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱིས་གངས་བུ་ལེའི་མགུལ་དུ་སྦྱར་བའོ། །འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་རྒྱས་པར་བྱེད་ནུས་པར་གྱུར་ཅིག །དགེའོ།། །།


previousདཔལ་དུས་ཀྱི་འཁོར་ལོའི་ངེས་དོན་གསལ་བར་བྱེད་པ་རིན་པོ་ཆེའི་སྒྲོན་མེ།next