Nitartha Digital Library
Tibetan
རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གསུང་འབུམ།


   
   
   
   
   
   
   
དཔལ་གསང་བ་འདུས་པའི་རིམ་ལྔའི་མན་ངག་སྙིང་པོ་མདོར་བསྡུས།
  expand section


 
previousདཔལ་གསང་བ་འདུས་པའི་རིམ་ལྔའི་མན་ངག་སྙིང་པོ་མདོར་བསྡུས།next

དཔལ་གསང་བ་འདུས་པའི་རིམ་ལྔའི་མན་ངག་སྙིང་པོ་མདོར་བསྡུས།

དཔལ་གསང་བ་འདུས་པའི་རིམ་ལྔའི་མན་ངག་སྙིང་པོ་མདོར་བསྡུས་བཞུགས།

སྟོང་པ་ཞིའི་དབྱིངས་སུ་ཐིམ། །ཡེ་ཤེས་གསུམ་གྱི་ལམ་ལས་འོངས། །འོད་ཟེར་ལྔའི་བདག་ཉིད་འཕྲོ། །རྡོ་རྗེ་སེམས་ལ་ཕྱག་འཚལ་ལོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རྣལ་འབྱོར་གྱིས། །ཐ་མལ་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས། །ཀུན་རྫོབ་སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །འཇའ་ཚོན་ལྟ་བུའི་སྐུ་དེ་བསྒྲུབ་པར་བྱ། །དོན་དམ་འོད་གསལ་འཛིན་པའི་ཡན་ལག་གིས། །ཀུན་རྫོབ་སྒྱུ་མའི་འཛིན་པ་རྣམ་པར་སྦྱང་། །ལུགས་ལས་བཟློག་པའི་རྣམ་འབྱོར་རྗེས་དྲན་གྱིས། །ཟུང་འཇུག་རྡོ་རྗེའི་སྐུ་དེ་ཐོབ་པར་འ གྱུར།། །།

རིགས་ནི་བརྒྱའམ་ལྔའམ་ཡང་ན་གསུམ། །གསང་ཆེན་རིགས་གཅིག་ཉིད་དུ་ཤེས་བྱས་ནས། །རང་གི་ལྷག་པའི་ལྷའི་ང་རྒྱལ་གྱིས། །གནས་པ་སྐུའི་རྡོ་རྗེའི་རྣལ་འབྱོར་རོ། །ཡེ་ཤེས་ལྔ་བདག་འབྱུང་བ་ལྔ་ཡི་རླུང་། །རྣམ་ཤེས་གསུམ་གྱི་བཞོན་པར་ཤེས་བྱས་ནས། །འཇུག་གནས་ལྡང་བའི་རིམ་པས་སྣའི་རྩེར། ། ཡིད་ཀྱིས་བཟླས་པ་གསུང་གི་རྣལ་འབྱོར་ཡིན། །རང་བཞིན་སྣང་བ་རླུང་གི་བཞོན་པ་ཅན། །སྲིད་པའི་སྡུག་བསྔལ་ཀུན་གྱི་རྒྱུར་རིག་ནས། །སེམས་ཀྱི་རང་བཞིན་རྟག་ཏུ་གཡོ་མེད་པར། །བསྒོམ་པ་དེ་ནི་ཐུགས་ཀྱི་རྣལ་འབྱོར་རོ། །རྨི་ལམ་སད་ལ་བྱེ་བྲག་འགའ་མེད་པས། །ཆོས་ཀུན་སྒྱུ་མ་ལྟ་བུར་ཤེས་བྱས་ནས། །བདག་བྱིན་བརླབ་པའི་མན་ངག་ལ་སྦྱོར་བ། །སྒྱུ་མ་ལྟ་བུའི་ཏིང་འཛིན་དེ་ཡིན་ནོ། །

ཀུན་རྫོབ་བདེན་པ་རྣམ་པར་དག་བྱའི་ཕྱིར། །རིལ་འཛིན་རྗེས་སུ་བཞིག་པའི་རྣལ་འབྱོར་གྱིས། །སེམས་ཉིད་འགོག་པའི་རྡོ་རྗེ་རྟག་སྦྱོར་བ། །འོད་གསལ་འཛིན་པའི་ཡན་ལག་ཅེས་སུ་སྒྲགས། །སྔོན་གྱི་འཕེན་པས་གཉིད་ལོག་སད་པ་ལྟར། །རྣལ་འབྱོར་ཡང་དག་མཐའ་ལས་རབ་ལངས་ཏེ། །མཚན་དཔེས་བརྒྱན་པའི་སྐུ་ལ་རབ་ཞུགས་པ། །ཟུང་འཇུག་རྡོ་རྗེའི་སྐུ་ཞེས་དེ་ལ་བརྗོད།། །།

གང་ཚེ་རང་ལུས་ལྷའི་དཀྱིལ་འཁོར་དུ། །རྣམ་པ་གསལ་ཞིང་རྐྱེན་གྱིས་མི་སྒུལ་བ། །རྩོལ་བ་མེད་པར་ངང་གིས་འཇུག་གྱུར་པ། །དེ་ཚེ་སྐུའི་རྡོ་རྗེའི་རྣལ་འབྱོར་རྫོགས། །ནམ་ཞིག་རླུང་ལྔའི་དེ་ཉིད་མཐོང་གྱུར་ཅིང་། །རིང་དུ་སྤྲོ་དང་ཡུན་རིང་འགོག་པ་དང་། །རྣམ་ཤེས་ཁ་ལོ་སྒྱུར་ལ་དབང་ཐོབ་པ། །དེ་ཚེ་གསུང་གི་རྡོ་རྗེ་རྣལ་འབྱོར་རྫོགས། །རྣམ་ཤེས་གསུམ་གྱི་དེ་ཉིད་རིག་གྱུར་ཏེ། །གཟུང་དང་འཛིན་པའི་རྟོག་པ་རྣམ་པར་སྤངས། །སེམས་ཉིད་གཅིག་པུ་ཀུན་གྱི་རྒྱུར་རྟོགས་པ། །དེ་ཚེ་སེམས་ཀྱི་རྡོ་རྗེའི་རྣལ་འབྱོར་རྫོགས། །སེམས་ཉིད་རླུང་ལྔའི་རྐྱེན་གྱིས་བསྒྱུར་བ་ལས། །མཚན་རྣམས་རྫོགས་ཤིང་འོད་ཟེར་ལྔའི་རྒྱན། །དབང་པོའི་གཞུ་ལྟར་དང་བའི་ལུས་གྲུབ་པ། །དེ་ཚེ་སྒྱུ་མ་ལྟ་བུའི་ཏིང་འཛིན་རྫོགས། །བསམ་གཏན་གཉིས་ཀྱི་རྣལ་འབྱོར་ལེགས་བསྒོམས་པས། །ས་ནི་ཆུ་ལ་ཆུ་ནི་མེ་ལ་འཇུག །མེ་ཡང་རླུང་ལ་དེ་ཡང་རྣམ་ཤེས་ལ། །ཤེས་གསུམ་རིམ་གྱིས་འོད་གསལ་ལ་གཞུགས་པའི། །རྟགས་ལྔ་རྣལ་འབྱོར་པ་ཡིས་མཐོང་བར་འགྱུར། །མཚན་མ་དང་པོ་སྨིག་རྒྱུ་འདྲ་བ་སྟེ། །དུ་བ་ལྟ་བུར་སྣང་བ་གཉིས་པ་ཡིན། །མཁའ་སྣང་མེ་ཁྱེར་འདྲ་བ་གསུམ་པ་སྟེ། །མར་མེ་འབར་ལྟའི་མཚན་མ་བཞི་པའོ། །སྤྲིན་མེད་མཁའ་ལྟར་སྤྲོས་པ་ཀུན་བྲལ་བའི། །དོན་དམ་མངོན་དུ་གྱུར་པ་ལྔ་པ་སྟེ། །ཡང་དག་མཐའ་ལ་ཞུགས་པར་དེ་བཤད་དོ། །མངོན་བྱང་བཞི་ཡིས་མངོན་པར་བྱང་ཆུབ་པ། །འདི་ནི་འཛིན་པའི་ཡན་ལག་རྫོགས་པ་ཡིན། །འདོད་ཆགས་ལས་གྱུར་རྟོག་པ་སུམ་ཅུ་གསུམ། །འགགས་པར་གྱུར་པ་མངོན་བྱང་དང་པོ་སྟེ། །ཤེས་རབ་རང་བཞིན་སྣང་བ་ཞེས་པའང་དེ། །ཟླ་བ་ཤར་འདྲའི་སྣང་བ་འདི་ཡི་རྟགས། །ཞེ་སྡང་ལས་གྱུར་རྟོག་པ་བཅུ་ཕྲག་བཞི། །འགགས་པར་གྱུར་པ་བྱང་ཆུབ་གཉིས་པ་ཡིན། །ཐབས་ཀྱི་ཡེ་ཤེས་སྣང་བ་མཆེད་པའང་དེ། །ཉི་མ་འཆར་ཀའི་མདངས་འདྲ་འདི་ཡི་རྟགས། །གཏི་མུག་ལས་གྱུར་རྣམ་པར་རྟོག་པ་བདུན། །འགགས་པར་གྱུར་པ་མངོན་བྱང་གསུམ་པ་སྟེ། །མ་ནིང་རང་བཞིན་ཉེ་བར་ཐོབ་པའང་དེ། །མཚམས་ཀྱི་མུན་པ་འདྲ་བ་འདི་ཡི་རྟགས། །རང་བཞིན་བརྒྱད་ཅུའི་རྟོག་པ་དབྱིངས་སུ་ཐིམ། །ཡེ་ཤེས་གསུམ་གྱི་མཚན་མ་ཉེ་བར་ཞི། །ཐོ་རངས་སྤྲིན་མེད་ནམ་མཁས་ཉེར་མཚོན་པའི། །ཡེ་ཤེས་དེ་ནི་མངོན་བྱང་བཞི་པའོ། །ཡང་དག་མཐའ་ལ་འཇུག་པའི་རྟགས་འདི་རྣམས། །ལུས་ཅན་འཆི་བའི་ཚེ་ན་འབྱུང་བར་འགྱུར། །རིམ་པ་གང་གིས་ཕུང་ཁམས་སྐྱེ་མཆེད་རྣམས། །དང་པོ་ཡང་དག་མཐའ་ལ་ཞུགས་གྱུར་པ། །དེ་ལས་བཟློག་པའི་རིམ་པས་རྣལ་འབྱོར་པ། །འོད་གསལ་བ་ལས་སླང་ཡང་ལྡང་བར་བྱེད། །དེ་ནི་རྗེས་སུ་དྲན་པའི་ཡན་ལག་སྟེ། །འགྲོ་བ་ཉིང་མཚམས་སྦྱོར་བའི་དུས་དང་མཚུངས། །དེ་ནས་རྡོ་རྗེའི་སྐུ་ལ་རྟག་བཞུགས་པ། །ཏིང་འཛིན་ཡོངས་སུ་རྫོགས་པའི་ཡན་ལག་སྟེ། །དེ་ནི་རྡོ་རྗེ་སེམས་དཔའ་ཞེས་སུ་བརྗོད། །བདེ་གཤེགས་རྣམས་ཀྱི་དབང་མཆོག་བཞི་པར་གྲགས། །མི་གནས་མྱ་ངན་འདས་པའམ་དེ་ཡིན་ཏེ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དམ་པའོ། །བརྩོན་འགྲུས་ལྡན་རྣམས་ལམ་གྱི་རིམ་པ་འདིས། །མཐོང་བའི་ཆོས་ལ་མྱ་ངན་འདའ་བར་འགྱུར། །རྣལ་འབྱོར་ལེ་ལོ་ཅན་ཡང་བར་མ་དེའི། ། རྟེན་ལ་ལམ་འདི་རྫོགས་པར་གདོན་མི་ཟ། །འཆི་བའི་ཚེ་ན་འོད་གསལ་མངོན་སུམ་བྱས། །བར་དོའི་རྟེན་ལ་སྒྱུ་ལུས་ལྷུན་གྱིས་གྲུབ། །སྐྱེ་བའི་གནས་ལ་ཆགས་པ་ཡོངས་སྤངས་ཕྱིར། །སྲིད་པ་ཀུན་གྱི་ཉིང་མཚམས་སྦྱོར་མི་བྱེད། །འཁོར་བ་སྲིད་དུ་མྱ་ངན་མི་འདའ་བར། །རྟེན་དེ་ཉིད་ཀྱིས་འཇིག་རྟེན་ཁམས་ཀུན་ཏུ། །མཁའ་ལ་སྤྱོད་ཅིང་འགྲོ་བའི་དོན་ལ་འཇུག ། དེ་ཉིད་རྡོ་རྗེ་སེམས་དཔའ་ཞེས་སུ་བརྗོད། །གསང་བ་འདུས་པ་ལམ་རིམ་པ་ལྔའི་མན་ངག་སྙིང་པོ་མདོར་བསྡུས་པ་འདི་ནི། རང་གི་སློབ་མ་དག་གིས་གསོལ་བ་བཏབ་པའི་ངོར། ཤཱཀྱའི་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་སྦྱར་བའོ། །མན་ངག་མ་ཐོབ་པ་རྣམས་ལ་ཤིན་ཏུ་གསང་བར་བྱའོ།། །།

གསང་བ་ཀུན་འདུས་སྒྲུབ་པ་བྱེད་པའི་ཤུལ། །བླ་མེད་རྡོ་རྗེའི་རྣལ་འབྱོར་འདི་བསྟེན་ནས། །འགྲོ་ཀུན་འོད་གསལ་རྒྱུད་ལ་རང་ཤར་བའི། །ཟུང་འཇུག་ཁ་སྦྱོར་བདུན་ལྡན་ཉིད་གྱུར་ཅིག །བཀྲིས་དཔལ་འབར་འཛམ་གླིང་རྒྱན་དུ་བྱོན། མཆོག་ཏུ་བཀྲ་ཤིས་པར་གྱུར་ཅིག་ཕྱོགས་དུས་གནས་སྐབས་ཀུན་ཏུ་ཤིས་པར་གྱུར་ཅིག། ། །མངྒ་ལཾ།། །།


previousདཔལ་གསང་བ་འདུས་པའི་རིམ་ལྔའི་མན་ངག་སྙིང་པོ་མདོར་བསྡུས།next