Nitartha Digital Library
Tibetan
རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གསུང་འབུམ།


   
   
གསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་གཉིས་པའི་རྣམ་བཤད།
   
   
   
   
   
   
   
   
   
   
   
   
   
   
   


 
previousགསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་གཉིས་པའི་རྣམ་བཤད།next

གསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་གཉིས་པའི་རྣམ་བཤད།

དེ་ལྟར་ལེའུ་དང་པོས་རྒྱུད་མ་ལུས་པའི་དོན་མདོར་བསྟན་ནས་དེ་ཉིད་ལེའུ་ལྷག་མ་བཅུ་དྲུག་གིས་རྒྱས་པར་འཆད་པ་ལ། བཅུ་དྲུག་གི་དང་པོའི་ལེའུ་གཉིས་པ་ལ་གཉིས་ཏེ། བསྡུས་པའི་དོན་དང་། ཡན་ལག་གི་དོན་ནོ། །དང་པོ་ལ་ཡང་གཉིས་ཀྱི་བརྗོད་བྱ་དོན་གྱི་བསྡུས་དོན་ནི། ལེའུ་དང་པོར་བསྟན་པའི་རིམ་པ་གཉིས་ཀྱི་ནང་ནས་འདིར་རྫོགས་རིམ་འབའ་ཞིག་སྟོན་ལ། དེ་ལས་ཀྱང་འོད་གསལ་དང་ཟུང་འཇུག་འབའ་ཞིག་བསྟན་ཏོ། །དེ་ལས་ཀྱང་འོད་གསལ་གཙོ་བོར་སྟོན་ལ། ཟུང་འཇུག་ནི་དེའི་འབྲས་བུའི་ཚུལ་དུ་ཞར་ལ་བསྟན་ཏོ། །གཉིས་པ་རྗོད་བྱེད་སྒྲའི་བསྡུས་དོན་ནི་དེ་ནས་བཅོམ་ལྡན་འདས་ཞེས་པ་ནས། འདི་སྐད་ཅེས་བཀའ་བསྩལ་ཏོ་ཞེས་པའི་བར་ནི་སྒྲ་ཇི་བཞིན་པའོ་ཞེས་སོགས་ནི་གོ་སླའོ། །གཉིས་པ་ཡན་ལག་གི་དོན་ལ་དྲུག་སྟེ། འཁོར་གྱི་གསོལ་བ་གདབ་པ་དང་། སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ་དང་། སྟོན་པས་མཉན་པར་གདམས་པའི་ཚུལ་གྱིས་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་བསྟན་པ་དང་། འཁོར་གྱིས་དེ་ལ་ཆེད་དུ་བརྗོད་པ་དང་། དེ་བཞིན་གཤེགས་པ་དྲུག་གིས་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་བསྟན་པ་དང་། སླར་ཡང་ངོ་མཚར་ཏེ་ཆེད་དུ་བརྗོད་པའོ། །དང་པོ་འཁོར་གྱིས་གསོལ་བ་གདབ་པ་ནི། ལེའུ་དང་པོ་རྫོགས་པའི་རྗེས་ཐོག་དེ་ནས། འདི་སྐད་ཅེས་གསོལ་ཏོ་ཞེས་སྦྱར། གང་ལ་ན། སྐུ་གསུང་ཐུགས་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོ་ལའོ། །སུ་ཞིག་གིས་ན། མི་བསྐྱོད་པ་ལ་སོགས་པ་འཁོར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སོ། །ཅི་ཞིག་བྱས་ནས་ཞེ་ན། ཕྱི་ནང་གསང་གསུམ་གྱི་མཆོད་པ་བྱས་ཏེ་ལུས་ཀྱིས་ཕྱག་འཚལ་ནས་སོ། །འདིས་སྔོན་བྱུང་ལྟར་ན་མི་བསྐྱོད་པ་ལ་སོགས་པ་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་རྡོ་རྗེ་འཆང་ཆེན་པོ་ལ་མཆོད་པ་བྱས་ཏེ། རྫོགས་རིམ་གྱི་དོན་ལ་གསོལ་བ་གདབ་པ་སྟོན་ལ། རྗེས་འཇུག་ལྟར་ན། རིན་པོ་ཆེ་ལྟ་བུའི་གང་ཟག་རྫོགས་རིམ་དོན་དུ་གཉེར་བས། བླ་མ་ལ་ཕྱི་ནང་གསང་གསུམ་གྱི་མཆོད་པ་བྱས་ཏེ། རྫོགས་རིམ་གྱི་དོན་ལ་གསོལ་བ་གདབ་པར་བྱ་བ་སྟོན་ནོ། །བཅོམ་ལྡན་འདས་ཞེས་སྟོན་པ་ལ་བོས་ནས། བཤད་དུ་གསོལ་ཞེས་སྦྱར་རོ། །གང་ཞེ་ན། བླ་ན་མེད་པའི་བྱང་ཆུབ་སེམས་སོ། །དེའང་ཇི་ལྟ་བུ་སྙམ་ན། སྐུ་གསུམ་ཐུགས་གསུམ་དབྱེར་མི་ཕྱེད་པའི་ངོ་བོ་ནི་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོ་ཡིན་ལ། རྒྱུ་འོད་གསལ་ལ་འབྲས་བུ་དེའི་མིང་གིས་ཉེ་བར་གདགས་པས། འོད་གསལ་ཉིད་སྐུ་གསུང་ཐུགས་ཀྱི་མཆོག་ཅེས་བྱའོ། །དེ་ཉིད་བྱ་བའི་རྒྱུད་ལ་སོགས་པ་ལ་གནས་པ་རྣམས་ལ་མི་བསྟན་པ་ནི་གསང་བའོ། །དེ་ཉིད་ཀྱིས་ན་བླ་ན་མེད་པའོ། །སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བས་ན་སྙིང་པོའོ། །དོན་ནི་ཟུང་འཇུག་གི་སྐུ་བསྐྱེད་པའི་ཕྱིར་དུ་དེའི་རྒྱུ་དོན་དམ་བྱང་ཆུབ་ཀྱི་སེམས་འོད་གསལ་བཤད་དུ་གསོལ་ཞེས་པའོ། །

གཉིས་པ་སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ་ནི། གསོལ་བ་བཏབ་པའི་རྗེས་ཐོགས་དེ་ནས། བཅོམ་ལྡན་འདས་སྐུ་གསུང་ཐུགས་རྡོ་རྗེའི་བདག་པོས། འཁོར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པར་མཁྱེན་ཅིང་། སྒྲིབ་པ་རྣམ་སེལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སེམས་ཀྱི་ཡོངས་སུ་རྟོག་པ། གལ་ཏེ་བཅོམ་ལྡན་འདས་ཀྱིས་བདག་ཅག་རྣམས་ལ་ཡོངས་སུ་དག་པའི་ལྷའི་སྐུ་བསྐྱེད་པའི་ཕྱིར། དོན་དམ་བྱང་ཆུབ་ཀྱི་སེམས་འོད་གསལ་བསྟན་པར་མཛད་ན་སེམས་ཅན་གྱི་དོན་ཆེན་པོར་འགྱུར་རོ་སྙམ་པ་ཡང་ཐུགས་ཀྱིས་མཁྱེན་ནས། བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ། །ཞེས་ཏེ། འདིས་རྗེས་འཇུག་ལྟར་ན། བླ་མས་བདག་ཅག་སློབ་མ་རྣམས་ལ་ཡོངས་སུ་དག་པའི་ཟུང་འཇུག་བསྐྱེད་པའི་ཕྱིར། བྱང་ཆུབ་ཀྱི་སེམས་འོད་གསལ་བཤད་ན་འབྲས་བུ་ཕུན་སུམ་ཚོགས་པ་འགྲུབ་པའི་དོན་ཆེན་པོར་འགྱུར་རོ་སྙམ་པའི་རྟོག་པ་མཁྱེན་ནས། བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་འཆད་པར་འགྱུར་བ་ཡིན་ནོ། །གསུམ་པ་སྟོན་པས་མཉན་པར་གདམས་པའི་ཚུལ་གྱིས་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་བསྟན་པ་ལ་གཉིས་ཀྱི། དྲང་དོན་ནི། ཁྱོད་ཀྱིས་བསྐྱེད་ཅིག་ཅེས་སྦྱར་རོ། །ལྷག་མོས་མཛད་པ་དང་བཅས་པ་བསྒོམ་པར་བྱ་བ་ཞེས་པའི་དོན་ནོ། །སུ་ཡིས་བསྒོམ་པར་བྱ་ཞེ་ན། སེམས་ལུས་ལྟ་བུ་ནི་སྐུ་རྡོ་རྗེ་ལྟ་བུ་ཞེས་བྱ་བ་སྐུ་རྡོ་རྗེའི་ཟློས་པ་པོ་དང་། ལུས་སེམས་ལྟ་བུ་ནི་ཐུགས་རྡོ་རྗེ་ལྟ་བུ་ཞེས་པ་ཐུགས་རྡོ་རྗེའི་ཟློས་པ་པོ་དང་། སེམས་ཚིག་ཏུ་བརྗོད་པ་ལྟ་བུ་ནི་གསུང་རྡོ་རྗེ་ལྟ་བུ་ཞེས་བྱ་བ་གསུང་རྡོ་རྗེའི་ཟློས་པ་པོས་ཀྱང་དེ་ལྟར་བསྒོམ་པར་བྱའོ། །དེ་ལྟར་བསྒོམས་ནས་ཅི་ཞིག་བྱ་ཞེ་ན། སྐུ་གསུང་ཐུགས་རྣམས་ནམ་མཁའ་ལྟ་བུ་སྟོང་པ་ཉིད་དུ་ཡང་དག་པར་སྦྱར་ཞིང་། གཅིག་ཏུ་བྱས་ནས་ཞེས་ཏེ། ལྷག་མོས་བསྡུ་བ་སྔོན་དུ་འགྲོ་བས། དེ་བཞིན་ཉིད་ལས་བྱང་ཆུབ་པ་བསྒོམས་པ་བསྟན་ཏོ། །གཉིས་པ་ངེས་དོན་ནི། ཁྱེད་ཀྱིས་ཡིད་ཀྱི་རང་བཞིན་གྱི་ལུས་སྒྱུ་མ་ལྟ་བུ་བསྐྱེད་ཅིག་པའོ། །ཇི་ལྟ་བུར་ཞེ་ན་སེམས་ལུས་ལྟ་བུ་ཞེས་པ། སེམས་གསུམ་ཁམས་ཕྲ་བ་དང་ལྷན་ཅིག་པ་ལས་གྲུབ་པ་ལོངས་སྤྱོད་རྫོགས་པའི་ཀུ་སྒྱུ་མ་ལྟ་བུར་སྣང་ལ་རང་བཞིན་མེད་པའོ། །དེ་ལྟ་བུའི་སྐུ་དེ་ནི། ལུས་སེམས་ལྟ་བུ་སྟེ་སེམས་ཀྱི་སྣང་བ་ཙམ་ལས་སེམས་ལས་གཞན་དུ་ཅི་ཡང་མེད་ཅིང་། སེམས་ཚིག་ཏུ་བརྗོད་པ་ལྟ་བུ་སྟེ་ཚིག་གི་བརྗོད་པ་ཙམ་མ་གཏོགས་རེག་པ་དང་གཟུང་བར་མི་ནུས་པ་དེ་ལྟ་བུར་བསྐྱེད་ཅིག་ཅེས་པའོ། །འདིས་ནི་དབེན་གསུམ་སྔོན་དུ་འགྲོ་བ་ཅན་གྱི་སྒྱུ་ལུས་བསྒོམ་པ་བསྟན་ཏོ། །

དེ་ལྟར་བསྐྱེད་པའི་སྒྱུ་མའི་རང་བཞིན་གྱི་སྐུ་གསུང་ཐུགས་བསམ་གཏན་གཉིས་ཀྱིས་བཤིག་སྟེ། ནམ་མཁའ་ལྟ་བུ་སྟེ་ནམ་མཁའ་ངོ་བོ་ཉིད་ཀྱིས་འོད་གསལ་བར་ཡང་དག་པར་སྦྱར་ཞིང་གཅིག་ཏུ་བྱས་ནས་ལུགས་ལྡོག་གི་སྣང་བ་གསུམ་རླུང་དང་བཅས་པ་ལས་ཟུང་འཇུག་དག་པའི་སྒྱུ་ལུས་རྡོ་རྗེ་འཆང་ཆེན་པོར་བདག་ཉིད་བསྐྱེད་པར་བྱའོ་ཞེས་པ་སྟེ། འདིས་ནི་སྒྱུ་ལུས་འོད་གསལ་དུ་བཅུག་ནས། སླར་ཡང་ཟུང་འཇུག་ཏུ་ལྡང་བ་བསྟན་ཏོ། །དེ་སྐད་དུ་ཡང་རྡོ་རྗེ་ཕྲེང་བ་ལས། སྙིང་པོར་གྱུར་པ་རང་སྲོག་ལས། ཁམས་གསུམ་ན་ནི་གཞན་མེད་དེ། ཁམས་གསུམ་རླུང་གི་སྤྲུལ་པ་སྟེ། །རྨི་ལམ་རྨི་བ་བཞིན་དུ་མཐོང་། ཁམས་གསུམ་བདག་ཉིད་དེ་བཞིན་ཉིད། །གཅིག་ཏུ་གྱུར་བར་མཐོང་བ་ནི། །བྱིན་གྱིས་བརླབས་ནས་དེ་བཞིན་ཉིད། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ཞེས་གསུངས་ཏེ། ཕྱི་ནང་གི་དངོས་པོ་རྣམས་ཀྱི་སྙིང་པོ་སྟེ་རྒྱུར་གྱུར་པ་རང་སྲོག་སྟེ་རླུང་དང་རྣམ་ཤེས་ལས་མ་གཏོགས་པ་ཁམས་གསུམ་ན་གཞན་མེད་དེ། འདི་ལྟར་ཁམས་གསུམ་གྱིས་བསྡུས་པའི་ཕྱི་ནང་གི་དངོས་པོ་རྣམས་ནི་རླུང་རྣམ་ཤེས་དང་བཅས་པས་སྤྲུལ་ཞིང་བསྐྱེད་པ་ཙམ་སྟེ། དཔེར་ན་རྨི་ལམ་དུ་མེད་བཞིན་དུ་སྣ་ཚོགས་རྨི་བ་བཞིན་དུ། དངོས་པོ་རྣམས་ཀྱང་སྒྱུ་མ་ལྟ་བུར་བློ་འཁྲུལ་པས་མཐོང་བ་ཡིན་ནོ། །འདིས་སྒྱུ་ལུས་བསྟན་ཏོ། །ཁམས་གསུམ་གྱི་དངོས་པོ་སྒྱུ་མ་ལྟ་བུའི་བདག་ཉིད་དེ་ཉིད་དེ་བཞིན་ཉིད་འོད་གསལ་གྱི་ངོ་བོ་གཅིག་ཏུ་གྱུར་པར་མྱུར་བ་སྟེ་སྐད་ཅིག་ལ་མཐོང་ཞིང་མངོན་སུམ་དུ་བྱས་ནས། སླར་ཡང་རྗེས་དྲན་གྱི་ཡན་ལག་གིས་ཟུང་འཇུག་གི་སྐུར་བྱིན་གྱིས་བརླབས་ནས། དེ་བཞིན་ཉིད་དེ་འགྱུར་བ་མེད་པའི་རང་བཞིན་གྱི་མཆོག་གི་དངོས་གྲུབ་མྱུར་བར་ཏེ་ཚེ་འདི་ལ་ཐོབ་པར་འགྱུར་རོ། །བཞི་པ་དེ་ལ་འཁོར་གྱིས་ཆེད་དུ་བརྗོད་པ་ནི། ཨེ་མ་ཧོ་སྟེ་ངོ་མཚར་ཆེའོ། །གང་ཞིག་ཅེ་ན། ཀུན་ཏུ་བཟང་པོ་སྟེ་རྡོ་རྗེ་འཆང་ཆེན་པོས། སྐྱེ་བ་མེད་པ་སྟེ་དོམ་དམ་བདེན་པ་འོད་གསལ་དེར། ཡིད་ཀྱི་རང་བཞིན་གྱི་ལུས་འཇུག་པའི་ཚུལ་གྱིས་ཏེ། འོད་གསལ་དུ་བཅུགས་ནས། སླར་ཡང་འོད་གསལ་དེ་ལས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ཏེ། སྐུ་གསུམ་དབྱེར་མེད་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་སྐུར་སྐྱེ་བ་རབ་ཏུ་བསྒྲགས་པ་ག ང་ཡིན་པ་འདིའོ། །ལྔ་པ་དེ་བཞིན་གཤེགས་པ་དྲུག་གིས་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་བསྟན་པ་ལ། དང་པོ་རྡོ་རྗེ་འཆང་གིས་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་བསྟན་པ་ནི་ཆེད་བརྗོད་རྫོགས་པའི་རྗེས་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་རྫོགས་པ་བྱང་ཆུབ་པའི་ཚུལ་ནི། གཉིས་སུ་མེད་པའི་ཡེ་ཤེས་ཐོབ་པའི་ཐབས་ཏེ། དེ་ཉིད་མི་ཕྱེད་པས་ན་རྡོ་རྗེ་ཞེས་བྱ་ལ། དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་འོག་ནས་འབྱུང་བ་འདི་གསུངས་སོ། །འདི་ལ་ཚུལ་བཞིའི། དང་པོ་ཡི་གེའི་དོན་ནི། བྱང་ཆུབ་ཀྱི་སེམས་བསྒོམ་པ་ན། དངོས་པོ་མེད་པ་གཅིག་བསྒོམ་མམ་སྙམ་ན། དེའང་མ་ཡིན་ཏེ། དངོས་པོ་མེད་པ་བསྒོམ་པ་མེད། བརྟན་གཡོའི་དངོས་པོ་ཐམས་ཅད་དོན་དམ་པར་མེད་ལ། མེད་པ་ནི་བསྒོམ་བྱར་ཡང་མེད་དེ་རི་བོང་རྭ་བཞིན་ནོ། །འོ་ན་དངོས་པོ་རང་བཞིན་ཡོད་པ་ཞིག་བསྒོམ་མམ་ཞེ་ན། དེའང་མ་ཡིན་ཏེ། བསྒོམ་པར་བྱ་བ་བསྒོམ་པ་ཡིན། །བསྒོམ་པར་བྱ་བ་དངོས་པོ་རང་བཞིན་གྱིས་ཡོད་པའང་བསྒོམ་པ་མིན་ཏེ། རང་བཞིན་གྱིས་ཡོད་པའི་དངོས་པོ་ནི་བསྒོམས་པས་ཁྱད་པར་དུ་མི་འགྱུར་བས། བསྒོམ་པར་བྱ་བ་དང་བྲལ་བའི་ཕྱིར་རོ། །འོ་ན་དངོས་པོ་དང་དངོས་པོ་མེད་པ་གཉིས་ཀ་བསྒོམ་མམ་ཞེ་ན། དེའང་མིན་ཏེ། དེ་ལྟར་དངོས་པོ་དངོས་མེད་པས། །དེ་ལྟར་དེ་དངོས་པོ་དང་། དངོས་པོ་མེད་པ་གཉིས་ཀ་ཡིན་པ་ནི་བསྒོམ་བྱའི་དངོས་པོར་མེད་དེ། ཕྱོགས་གཉིས་པོ་འགལ་བའི་ཕྱིར་རོ། །

འོ་ན་ཇི་ལྟར་བསྒོམ་ཞེ་ན། བསྒོམ་པར་བྱ་བ་དང་སྒོམ་པ་པོ་དང་། སྒོམ་པ་དམིགས་སུ་མེད་པའི་འཁོར་གསུམ་ཡོངས་སུ་དག་པའི་ཚུལ་དུ་བསྒོམ་མོ། །གཉིས་པ་སྤྱིའི་དོན་ནི། གང་ཏེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ན། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་གཟུགས་ཅན་གྱི་དངོས་པོ་རྣམས་སྟེང་འོག་སོགས་ཆ་ཤས་ཀྱིས་ཕྱེ། གཟུགས་ཅན་མ་ཡིན་པ་རྣམས་གཅིག་དང་དུ་བྲལ་སོགས་གཏན་ཚིགས་ཀྱིས་དངོས་པོ་མེད་པར་དཔྱད་ནས་སྟོང་པའོ་ཞེས་བསྒོམ་པ་ཡིན་ནོ་ཞེ་ན། ཆོས་ཐམས་ཅད་དངོས་པོ་མེད་པས་སྟོང་པའོ་ཞེས་བསྒོམ་པ་ཡང་། ཡང་དག་པ་མིན་ཏེ། སྟོང་པ་ཉིད་ལ་མངོན་པར་ཞེན་པའི་ལྟ་བ་ཡིན་པའི་ཕྱིར་དང་། སྟོང་པ་ཉིད་ལ་ཞེན་པ་ཡང་སྤང་བྱ་ཡིན་པའི་ཕྱིར་རོ། །འོ་ན་སྟོང་པ་ཉིད་སྒོམ་པ་ཡང་དག་པ་མ་ཡིན་ན། དོན་གྱིས་དབེན་པའི་སེམས་རིག་གསལ་སྔ་ཕྱི་རྒྱུ་འབྲས་ཀྱི་རྣམ་པར་བསྒོམ་པ་ཡང་དག་པ་ཡིན་ནམ་ཞེ་ན། བསྒོམ་པར་བྱ་བ་སེམས་སྔ་ཕྱི་རྒྱུ་འབྲས་ཀྱི་རྣམ་པར་ཞེན་ནས་བསྒོམ་པ་ཡང་རིགས་པ་མ་ཡིན་ཏེ། རྒྱུ་དང་འབྲས་བུ་ཉིད་དོན་དམ་པར་མེད་པའི་ཕྱིར་ཏེ། བདག་དང་། གཞན་དང་། གཉིས་ཀ་དང་། རྒྱུ་མེད་པ་ལས་སྐྱེ་བ་མ་གྲུབ་པའི་ཕྱིར་རོ། །འོ་ན་དོན་གྱིས་དབེན་པའི་རྣམ་རིག་ཙམ་བསྒོམ་པ་ཡང་དག་པ་མ་ཡིན་ན། སྨོན་བྱའི་ཡུལ་ཕྱི་རོལ་གྱི་རྣམ་པ་ཅན་དུ་བསྒོམ་པ་ཡང་དག་པ་ཡིན་ནམ་ཞེ་ན། དེ་ལྟར་ཏེ། སྨོན་བྱའི་ཡུལ་ཕྱི་རོལ་དོན་གྱི་རྣམ་པར་བསྒོམ་པ་ཡང་མི་འཐད་དེ། ཕྱི་རོལ་གྱི་རྣམ་པ་ཅན་གྱིས། སྨོན་བྱ་དང་སྨོན་ལམ་སོགས་དངོས་པོར་མེད་པའི་ཕྱིར་རོ། །དེ་བས་ན་ཕྱི་རོལ་གྱི་དངོས་པོ་ལྟ་བུར་བསྒོམ་པ་ནི་དམིགས་སུ་མེད་ཅིང་ཡོད་པ་མ་ཡིན་ཏེ། ཕྱི་རོལ་དོན་དུ་སྣང་བ་ནི་སེམས་ཀྱི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་རོ། །དེ་ལ་རྐང་པ་དང་པོས་ངོ་བོ་བཀག་པས་སྟོང་པ་ཉིད་ཀྱི་རྣམ་ཐར་བསྟན་ཏོ། །གཉིས་པས་རྒྱུ་འབྲས་ཀྱི་མཚན་མ་བཀག་པས་མཚན་མ་མེད་པའི་རྣམ་ཐར་བསྟན་ཏོ། །ཐ་མ་གཉིས་ཀྱིས་སྨོན་ལམ་བཀག་པས་སྨོན་པ་མེད་པའི་རྣམ་ཐར་བསྟན་ཏོ། །དེ་ལྟར་ན་ཡི་གེའི་དོན་དང་། སྤྱི་དོན་གཉིས་ཀྱིས་བསྐྱེད་རིམ་པའི་ཡེ་ཤེས་པ་སྦྱངས་པ་བསྟན་ཏོ། །གསུམ་པ་སྦས་དོན་ནི་སྒྱུ་ལུས་མཐར་ཕྱིན་ནས་འོད་གསལ་བསྒོམ་པའི་ཚེ། དོན་གྱིས་དབེན་པའི་སེམས་གསལ་རིག་ཙམ་བསྒོམ་མམ་ཞེ་ན་ཕྱི་རོལ་ཕུང་པོ་ལ་སོགས་པའི་དངོས་པོ་མེད་པས་སེམས་གསལ་རིག་ཙམ་བསྒོམ་པ་མཐར་ཐུག་གི་འོད་གསལ་བསྒོམ་པ་མ་ཡིན་ཏེ། སེམས་ནི་གཟུང་འཛིན་གཉིས་སུ་སྣང་བས་མ་དག་པའི་ཕྱིར་དང་། གཟུང་འཛིན་གྱི་སྣང་བས་དབེན་པའི་ཤེལ་སྒོང་དག་པ་ལྟ་བུའི་སེམས་ནི་རྟག་ཏུ་མེད་པའི་ཕྱིར་རོ། །འོ་ན་ཀུན་རྫོབ་ཀྱི་བདེན་པ་སྒྱུ་མ་ལྟ་བུ་བསྒོམ་པ་ཡིན་ནམ་ཞེ་ན། བསྒོམ་པར་བྱ་བ་ཀུན་རྫོབ་སྒྱུ་མ་ལྟ་བུའི་བདག་ཉིད་ཀྱི་ལྷ་སྐུ་བསྒོམས་པ་དེའང་འོད་གསལ་བསྒོམ་པར་རིག་པ་མ་ཡིན་ཏེ། སྒྱུ་ལུས་བསམ་གཏན་གཉིས་ཀྱིས་བཤིག་པས་འོད་གསལ་གྱི་ཚེ་རྣམ་པར་དག་ཅིང་མ་དམིགས་པའི་ཕྱིར་རོ། །འོ་ན་བདེན་གཉིས་ཐ་དད་དུ་བསྒོམ་མམ་ཞེ་ན། དེ་ལྟར་ན་དོན་དམ་ལས་ཐ་དད་པའི་ཀུན་རྫོབ་ཀྱི་བདེན་པ་ཙམ་གྱི་དངོས་པོ་ནི། བསྒོམ་བྱའི་དངོས་པོར་ཡོད་པ་མ་ཡིན་ཏེ། བདེན་པ་གཉིས་དབྱེར་མེད་པའི་ཕྱིར་ཏེ། དེ་བས་ན་བདེན་གཉིས་ཐ་དད་ལྟ་བུར་བསྒོམ་པ་ནི། དམིགས་སུ་མེད་དེ། བདེན་གཉིས་ཐ་དད་དུ་མ་དམིགས་པའི་ཕྱིར་རོ། །འདིས་ནི་དངོས་སུ་སྒྱུ་མ་དང་སེམས་གསུམ་བཀག་པའི་འོད་གསལ་བསྟན་ལ། དགག་བྱ་སྦས་པ་དང་འབྲེལ་བས་སྦས་པ་ཞེས་བྱའོ། །བཞི་པ་མཐར་ཐུག་ནི་ཟུང་འཇུག་གི་སྐབས་སུ་འོད་གསལ་བསྒོམ་པར་བྱའམ་ཞེ་ན། མ་ཡིན་ཏེ། དངོས་པོ་མེད་པ་དོན་དམ་བདེན་པ་ཟུང་འཇུག་གི་སྐབས་སུ་བསྒོམ་བྱ་མ་ཡིན་ཏེ། འོད་གསལ་ནི་གཟོད་མ་ནས་དག་པས་སྣང་མེད་ཡིན་པའི་ཕྱིར་དང་། ཟུང་འཇུག་ནི་ལྷ་སྐུ་སྒྱུ་མ་ལྟ་བུ་དང་སྟོང་པ་དབྱེར་མེད་ཡིན་པའི་ཕྱིར་རོ། །འོ་ན་ཀུན་རྫོབ་བདེན་པའི་བདག་ཉིད་དུ་བསྒོམ་མམ་ཞེ་ན་ཟུང་འཇུག་གི་ཚེ་བསྒོམ་པར་བྱ་བ་སྒྱུ་མ་ལྟ་བུའི་བདག་ཉིད་དུ་ཡང་བསྒོམ་པ་ཡོད་པ་མ་ཡིན་ཏེ། སྒྱུ་མ་ནི་མི་བདེན་པ་ཉིད་དང་། བརྫུན་པ་སླུ་བའི་ཆོས་ཅན་ཡིན་པའི་ཕྱིར་དང་། ཟུང་འཇུག་ནི་མཐར་ཐུག་གི་ཐོབ་བྱ་མི་སླུ་བ་ཡིན་པའི་ཕྱིར། འོ་ན་བདེན་གཉིས་ཐ་དད་དམ་རེས་འཇོག་དུ་བསྒོམ་མམ་ཞེ་ན། དེ་ལྟར་དངོས་པོ་ཀུན་རྫོབ་ཀྱི་བདེན་པ་དང་། དངོས་པོ་མེད་པ་དོན་དམ་པའི་བདེན་པ་གཉིས་རེས་འཇོག་གམ་ཐ་དད་དུ་བསྒོམ་པ་མ་ཡིན་ཏེ། བདེན་པ་གཉིས་སུ་མེད་པར་མཐོང་བ་ཙམ་གྱིས་གྲོལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན། ཟུང་འཇུག་གི་རིམ་པ་རྟོགས་པ་རྣམས་ལ་ནི། བསྒོམ་པ་པོ་དང་། བསྒོམ་པ་དང་། བསྒོམ་པར་བྱའོ་ཞེས། མངོན་པར་ཞེན་པ་དམིགས་སུ་མེད་དོ། །

གཉིས་པ་རྣམ་སྣང་གི་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་སྟོན་པ་ནི། རྡོ་རྗེ་འཆང་ཆེན་པོའི་བྱང་ཆུབ་སེམས་ཀྱི་མཚན་ཉིད་བསྟན་པའི་རྗེས་ཐོག་དེ་ནས། མངོན་པར་རྟོགས་པའི་རྡོ་རྗེ་ནི་འོད་གསལ་བ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འོག་ནས་འབྱུང་བ་འདི་གསུངས་སོ། །རང་གི་སེམས་གཟོད་མ་ནས་མ་སྐྱེས་པ། རྡོ་རྗེ་གསུམ་མི་ཕྱེད་པའི་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་ཏེ། ཆོས་བདག་མེད་པ་རང་བཞིན་གྱིས་འོད་གསལ་བའི་དོན་དམ་དང་གཉིས་སུ་མེད་ཅིང་མཉམ་པ་ཉིད་ཡིན་པས་སོ། །ཆོས་བདག་མེད་པ་དེ་ཇི་ལྟ་བུ་ཞེ་ན། ཕྱི་སྣོད་དུ་གྱུར་པའི་དངོས་པོ་ཐམས་ཅད་བྲལ་ཞིང་། ནང་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་བདག་ཉིད་ཅན་གཟུང་བ་དང་འཛིན་པ་རྣམ་པར་སྤངས་པ་ནམ་མཁའ་ལྟ་བུའོ། །གསུམ་པ་མི་བསྐྱོད་པའི་བྱང་ཆུབ་ཀྱི་སེམས་བསྟན་པ་ནི། རྣམ་སྣང་གི་བྱང་ཆུབ་ཀྱི་སེམས་བསྟན་པའི་རྗེས་ཐོག་དེ་ནས། མི་བཟད་པའི་རྡོ་རྗེ་ནི་ཡང་དག་པའི་མཐའ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དག་པར་སྙོམས་པར་ཞུགས་ནས། འོག་ནས་འབྱུང་བ་འདི་གསུངས་སོ། །ཕྱི་ནང་གི་དངོས་པོ་འདི་རྣམས་མཐའ་བཞི་ལས་མ་སྐྱེས་པས་ཆོས་རྣམས་མེད་པ་ཡིན་ལ། ཆོས་རྣམས་ཀྱི་ཆོས་ཉིད་ཀྱང་མེད་དེ། རྟེན་ཆོས་ཅན་མེད་པའི་ཕྱིར་རོ། །དེ་བས་ན་ནམ་མཁའ་ལྟར་སྤྲོས་པ་དང་བྲལ་ཞིང་། བདག་མེད་པའི་རང་བཞིན་འོད་གསལ་བ་འདི་ནི། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཚན་ཉིད་ཅན་གྱི་བྱང་ཆུབ་ཐོབ་པའི་ཚུལ་ཏེ་ཐབས་བརྟན་པའམ་སྙིང་པོ་ཡོད་པ་ཡིན་ནོ། །བཞི་པ་རིན་འབྱུང་གི་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་བསྟན་པ་ནི། མི་བསྐྱོད་པའི་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་བསྟན་པའི་རྗེས་ཐོག་དེ་ནས། བདག་མེད་པའི་རྡོ་རྗེ་ནི་དོན་དམ་པའི་བདེན་པ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འོག་ནས་འབྱུང་བ་འདི་གསུངས་སོ། །ཟག་བཅས་ཟག་མེད་ཀྱི་ཆོས་ཐམས་ཅད་མཚན་གཞིའི་དངོས་པོར་མེད་དེ། མཚན་མ་མེད་པའི་ཕྱིར། མཚན་གཞི་མ་གྲུབ་པས་ཆོས་རྣམས་ཀྱི་མཚན་ཉིད་ཀྱང་རྣམ་པར་སྤངས་ནས་ག་ལ་ཡོད་དེ། རྟེན་མེད་པའི་ཕྱིར་རོ། །དཔེར་ན་མོ་གཤམ་གྱི་བུ་སྔོ་བསངས་དང་དཀར་ཤམ་བཞིན། འོ་ན་ཇི་ལྟར་ལྷའི་སྐུ་བསྐྱེད་ཅེ་ན། བདག་མེད་པའི་ཆོས་ཏེ། འོད་གསལ་ལས་བདག་བྱིན་གྱིས་རློབས་པའི་རིམ་གྱིས་ཟུང་འཇུག་གི་སྐུ་ཀུན་ཏུ་འབྱུང་སྟེ། དེའི་ཕྱིར་འོད་གསལ་འདི་ནི་བྱང་ཆུབ་ཐོབ་པའི་ཚུལ་ཏེ། ཐབས་བརྟན་པ་ཡིན་ནོ། །

ལྔ་པ་འོད་དཔག་མེད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་བསྟན་པའི་རྗེས་ཐོགས་དེ་ནས། འོད་ཟེར་འབར་བ་སྒྲོན་མ་ནི་འོད་གསལ་བ་སྟེ་དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འོག་ནས་འབྱུང་བ་འདི་གསུངས་སོ། །རང་བཞིན་གྱིས་མ་སྐྱེས་པའི་འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ལ་བསྒོམ་པའང་མེད་དེ། བསྒོམ་པར་བྱ་བའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །འོ་ན་ལྷའི་རྣལ་འབྱོར་དུ་ཇི་ལྟར་འགྱུར་ཞེ་ན། ནམ་མཁའ་ནི་དོན་དམ་པའི་བདེན་པ་དང་། ཚུལ་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། དེ་ཉིད་ཐ་དད་མེད་པར་གཅིག་ཏུ་སྦྱོར་བའི་ཚུལ་གྱིས་དེ་ལྟར་དངོས་པོ་སྟེ། ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་སྐུར་རབ་ཏུ་བསྒྲགས་ཤིང་བཤད་དོ། །ཞེས་པའོ། །དྲུག་པ་དོན་ཡོད་གྲུབ་པའི་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་བསྟན་པ་ནི། འོད་དཔག་མེད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་བསྟན་པའི་རྗེས་ཐོགས་དེ་ནས། ཟིལ་གནོན་རྡོ་རྗེ་ནི་འོད་གསལ་བ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འོག་ནས་འབྱུང་བ་འདི་གསུངས་སོ། །ཕྱི་ནང་གི་ཆོས་རྣམས་ནི་རང་བཞིན་ཀུན་རྫོབ་ཀྱི་བདེན་པ་དང་། འོད་གསལ་དོན་དམ་པའི་བདེན་པ་སྟེ། བདེན་པ་གཉིས་སུ་གནས་པ་དེ་བས་ན། གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་སྟེ་ནམ་མཁའ་བཞིན་ནོ། །དེ་བས་ན་འབྲས་བུ་བྱང་ཆུབ་མེད་ཅིང་དེ་འཐོབ་པའི་རྒྱུ་མངོན་རྟོགས་ཀྱང་མེད་དེ། རྒྱུ་དང་འབྲས་བུ་དབྱེར་མི་ཕྱེད་པའི་ཕྱིར་རོ། །རྒྱུ་འབྲས་དབྱེར་མེད་མི་ཕྱེད་པར་ཡོངས་སུ་ཤེས་པའི་འོད་གསལ་འདི་ནི། བྱང་ཆུབ་ཐོབ་པའི་ཚུལ་ཏེ་ཐབས་བསྟན་པའོ། །ཞེས་སོ། །དྲུག་པ་སླར་ཡང་ངོ་མཚར་བའི་ཆེད་དུ་བརྗོད་པ་ནི། དེ་བཞིན་གཤེགས་པ་དྲུག་གིས་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་བསྟན་པའི་རྗེས་དེ་ནས། བྱམས་པ་ལ་སོགས་པ་སྐུ་གསུང་ཐུགས་ཀྱི་གསང་བ་ནི་ཡིད་ཀྱི་རང་བཞིན་གྱི་སྐུ་ཡིན་ལ། ཆོས་ཀྱི་དེ་ཁོ་ན་ཉིད་ནི། དེ་དོན་དམ་པའི་བདེན་པས་རྣམ་པར་དག་པར་བྱས་པས་ཏེ་དེ་གསལ་བར་བྱེད་པའི་ཡི་གེ་ཐོས་ནས། ཀུན་རྫོབ་ཀྱི་བདེན་པས་ངོ་མཚར་དུ་གྱུར། དོན་དམ་པའི་བདེན་པས་རྨད་དུ་གྱུར་ཏེ། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མ་ཧོ་སངས་རྒྱས་ཞེས་པ་ཀུན་རྫོབ་ཀྱི་སྒོ་ནས་བསྟོད་པའོ། །ཨེ་མ་ཧོ་ཆོས་ཞེས་པ་ནི་དོན་དམ་པའི་སྒོ་ནས་བསྟོད་པའོ། །ཆོས་བཤད་པ་ནི་ངོ་མཚར་ཆེ་ཞེས་པ་བདེན་གཉིས་དབྱེར་མི་ཕྱེད་པར་གསལ་བར་བྱེད་པའི་ཆོས་བསྟན་པའི་སྒོ་ནས་བསྟོད་པའོ། །ཡང་དག་དོན་ནི་འོད་གསལ་ལོ། །དག་པའི་དོན་ནི་དག་པའི་སྒྱུ་ལུས་སོ། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འཆང་ཆེན་པོ་ཁྱེད་ལ་ཕྱག་འཚལ་ལོ་ཞེས་སོ། །བདག་མེད་པའི་ཆོས་དོན་དམ་པའི་བདེན་པ་ལས་འཁྲུངས་ཤིང་བྱུང་བ་དང་། སངས་རྒྱས་ཀྱི་བྱང་ཆུབ་རྫོགས་པའི་རིམ་པ་གདུལ་བྱའི་རྒྱུད་ལ་བསྐྱེད་ཅིང་རྫོགས་པར་མཛད་པ་དང་རྟོག་པ་ཐམས་ཅད་ལས་འདས་པས་ན་མི་རྟོག་པ་དང་དེ་ཉིད་ཀྱིས་ན་དམིགས་སུ་མེད་པ་སྟེ་དམིགས་བྲལ་ཁྱེད་ལ་ཕྱག་འཚལ་ལོ་ཞེས་སོ། །འཁོར་འདས་ཀུན་ཏུ་བཟང་བས་ན་ཀུན་ཏུ་བཟང་པོ། ཕུན་སུམ་ཚོགས་པ་ཐམས་ཅད་བསྒྲུབ་པས་ན་ཐམས་ཅད་དོན་ནོ། །ལྷའི་དཀྱིལ་འཁོར་རབ་ཏུ་སྤྲོ་བར་མཛད་པས་ན་བྱང་ཆུབ་སེམས་ནི་རབ་བསྐོར་བའོ། །བྱང་ཆུབ་ནི་དོན་དམ་པའི་བདེན་པའོ། །སྤྱོད་པ་ནི་ཀུན་རྫོབ་ཀྱི་བདེན་པའོ། །བདེན་གཉིས་དབྱེར་མི་ཕྱེད་པ་ནི་རྡོ་རྗེ་ཆེ་སྟེ། དེ་ལྟ་བུ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་སོ། །གང་ལ་ཕྱག་འཚལ་བའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་དེ་ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པའི་ཐུགས་དག་པས་ཏེ། ཡིད་ཀྱི་རང་བཞིན་གྱི་སྐུ་མངའ་བའོ། །གདུལ་བྱ་རྣམས་ལ་སྐུ་རྡོ་རྗེ་ལ་སོགས་པའི་རྣམ་པར་སྣང་བས་ན་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཛིན་ནོ། །རྡོ་རྗེ་གསུམ་གྱི་སངས་རྒྱས་ཐོབ་པར་མཛད་ཅིང་མི་གནས་པའི་མྱ་ངན་ལས་འདས་པ་ལ་འཇོག་པར་མཛད་པས་ན་སངས་རྒྱས་བྱང་ཆུབ་རབ་སྟོན་པའོ། །དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འཆང་ཆེན་པོ་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་པའོ། །བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་སྟེ་ལེའུ་གཉིས་པའི་རྣམ་བཤད་དོ།། །།


previousགསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་གཉིས་པའི་རྣམ་བཤད།next