Nitartha Digital Library
Tibetan
རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གསུང་འབུམ།


   
   
   
གསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་གསུམ་པའི་རྣམ་བཤད།
   
   
   
   
   
   
   
   
   
   
   
   
   
   


 
previousགསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་གསུམ་པའི་རྣམ་བཤད།next

གསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་གསུམ་པའི་རྣམ་བཤད།

ལེའུ་གསུམ་པ་ལ་གཉིས་ཏེ། བསྡུས་པའི་དོན་དང་། ཡན་ལག་གི་དོན་ནོ། །དང་པོ་བསྡུས་པའི་དོན་ལ། བརྗོད་བྱ་དོན་གྱི་བསྡུས་དོན་དང་། རྗོད་བྱེད་སྒྲའི་བསྡུས་དོན་གཉིས་ཀྱི་དང་པོ་ནི། ལེའུ་འདིས། བསྐྱེད་རིམ་པ་དང་རྫོགས་རིམ་པ་གཉིས་ཀྱིས། ཕྲ་མོ་རྣམ་པ་གསུམ་བསྒོམ་པ་སྔོན་འགྲོ་ལྷའི་རྣལ་འབྱོར་དང་བཅས་པ་གསལ་བར་སྟོན་ནོ། །དེ་ལ་ཕྲ་མོ་རྣམ་པ་གསུམ་ནི། སྟེང་སྒོ་ལ་བརྟེན་པའི་མཚན་མ་ཕྲ་མོ་བསྒོམ་པ་དང་འོག་སྒོ་ལ་བརྟེན་པའི་ཐིག་ལེ་ཕྲ་མོ་བསྒོམ་པ་ནི་བསྐྱེད་རིམ་པའིའོ། །ཞི་སོགས་ཀྱི་ལས་བསྒྲུབ་པའི་དོན་དུ་རྡོ་རྗེའི་བཟླས་པ་བསྒོམ་པ་ནི་རྫོགས་རིམ་པའིའོ། །རྗོད་བྱེད་སྒྲའི་བསྡུས་དོན་ནི་འགྲེལ་པར་གསལ་ལོ། །

གཉིས་པ་ཡན་ལག་གི་དོན་ལ་གསུམ་སྟེ། སྔོན་འགྲོ་ལྷའི་རྣལ་འབྱོར་བསྟན་པ་དང་། དངོས་གཞི་ཕྲ་མོའི་རྣལ་འབྱོར་བསྟན་པ་དང་། ལྷའི་རྣལ་འབྱོར་གསལ་བར་བཤད་པའོ། །དང་པོ་ལ་དྲང་དོན་དང་ངེས་དོན་གཉིས་ཀྱི། དང་པོ་ལ་ཡང་གསུམ་སྟེ། སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ་དང་། སྟོན་པའི་གསུང་གིས་རྟེན་དང་བརྟེན་པའི་དཀྱིལ་འཁོར་མདོར་བསྟན་པ་དང་། བརྟེན་པ་ལྷའི་དཀྱིལ་འཁོར་རྒྱས་པར་བཤད་པའོ། །དང་པོ་ནི། ལེའུ་གཉིས་པ་རྫོགས་པའི་རྗེས་ཐོག་དེ་ནས། གསུངས་སོ་ཞེས་སྦྱར་རོ། །གང་གིས་ཤེ་ན། བཅོམ་ལྡན་འདས་སྐུ་གསུང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་རྡོ་རྗེ་འཆང་ཆེན་པོས་སོ། །གང་ཞིག་ཅེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་སོགས་ཏེ། རྣམ་སྣང་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་སེམས་ཅན་གྱི་དོན་གྱི་ཕྱིར། ཕྱོགས་བཅུར་ཁྱབ་པ་ནི་འཕྲོ་བ། དེ་ཉིད་ཆོས་ཀྱི་ཆར་འབེབས་པས་ན་སྤྲིན། བསམ་པའི་དབང་གིས་སྐུ་དུ་མར་སྟོན་པས་བཀོད་པ། དེ་ཉིད་མི་ཕྱེད་པས་ན་རྡོ་རྗེ་སྟེ། དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྡོ་རྗེ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་དེ་བཞིན་གཤེགས་པའི་ཚོགས་ཀྱི་དཀྱིལ་འཁོར་ཏེ། དེ་སྟོན་པའི་ལེའུ་འདིའོ། །གཉིས་པ་རྟེན་དང་བརྟེན་པའི་དཀྱིལ་འཁོར་མདོར་བསྟན་པ་ནི། དེ་ལ་དང་པོ་རྟེན་གཞལ་ཡས་ཁང་དང་སྦྱར་ན། བསྲུང་བའི་འཁོར་ལོ་འོད་གསལ་དུ་བཅུག་ནས་སའི་ཆ་སྟོང་པ་ཉིད་དུ་བསྒོམ་པ་ནི་ཤུ་ནྱ་ཏ་ཞེས་སོགས་ཀྱི་སྔགས་སོ། །དེ་ལྟ་བུའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ནམ་མཁའི་ཁམས་ཀྱི་དབུས་སུ་གནས་པ་སྟེ་ཆུད་པར་རྣམ་སྣང་ལ་སོགས་པའི་སངས་རྒྱས་པ་རྣམས་ཀྱི་དཀྱིལ་འཁོར་ཏེ། གཞལ་ཡས་ཁང་པའི་འཁོར་ལོ་བསྡོམ་པར་བྱའོ། །གཞལ་ཡས་ཁང་དེའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། འོད་ཟེར་སྤྲིན་གྱི་བཀོད་པ་ཆེ་ཞེས་པ། ལྷ་རྣམས་ཀྱི་འོད་ཟེར་སྤྲིན་གྱི་ཚོགས་ཀྱིས་ཁྱབ་པའོ། །སངས་རྒྱས་འབར་བའི་འོད་དང་མཉམ་པ་ནི་ཕྱོགས་བཞི་དབུས་དང་བཅས་པ་རྣམས་ཀྱི་ཁ་དོག་ཀྱང་གཙོ་བོ་སངས་རྒྱས་ལྔའི་ཁ་དོག་དང་འདྲ་བའོ། །འོད་ཟེར་རྣམ་ལྔས་ཀུན་ཏུ་ཁྱབ་པ་ནི། གཞལ་ཡས་ཁང་དེའི་རྒྱུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའོ། །ཐམས་ཅད་དུ་བཟང་བས་ན་ཀུན་ནས་ཡོངས་སུ་ཟླུམ་པོར་ཏེ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པས་ན་དངོས་པོར་བཟང་ཞིང་གྲུ་བཞི་ལ་སོགས་པའི་ཡོན་ཏན་དང་ལྡན་པས་མངོན་པར་འདུ་བྱས་པས་བཟང་བའོ། །སྣམ་བུ་ལ་གཟུགས་རྡོ་རྗེ་ལ་སོགས་པའི་གཟུངས་ཀྱི་ལྷ་མོ་རྣམས་གནས་པས་འདོད་པའི་ཡོན་ཏན་ལྔས་ཁྱབ་པའོ། །སྣམ་བུ་དེ་ཉིད་ལ་ལྷ་ལ་ཉེ་བར་བསྟན་པའི་མཆོད་པ་རྣམ་པ་ལྔས་བརྒྱན་ཅིང་སྤྲས་པའོ། །མདོར་བསྡུ་ན། རྟེན་ལྷའི་དཀྱིལ་འཁོར་དེ་ལྟར་བསྒོམ་པར་བྱའོ། །གཉིས་པ་བརྟེན་པ་ལྷ་བསྐྱེད་པ་དང་སྦྱར་ན། གཞལ་ཡས་ཁང་དེར། ལྷག་མོས་འོད་གསལ་ཏུ་བཅུག་ནས། དེ་ཉིད་བརྟན་པར་བྱེད་པ་ནི་ཤུ་ནྱ་ཏ་ཞེས་སོགས་སོ། །དེ་ལྟ་བུའི་དེ་བཞིན་ཉིད་ལས་བྱང་ཆུབ་པ་ནི། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཞེས་སོ། །དེ་ནས་ཟླ་བ་ལས་བྱང་ཆུབ་པ་ལ་སོགས་པ་རྣལ་འབྱོར་བཞི་གཙོ་བོའི་སྐུ་བསྐྱེད་པ་དང་། དཀྱིལ་འཁོར་རྒྱལ་མཆོག་བསྐྱེད་པ་ནི། སངས་རྒྱས་དཀྱིལ་འཁོར་བསྒོམ་པ་ནི། །ཞེས་པའོ། །ལྷ་དེ་རྣམས་མཚན་ཉིད་ཇི་ལྟར་བསྒོམ་ཞེ་ན། འོད་ཟེར་སྤྲིན་གྱི་བཀོད་པ་ཆེ། །ཞེས་རིགས་དེ་དང་དེར་འབྲེལ་བའི་གཙོ་འཁོར་གྱི་ལྷ་རྣམས་རང་རང་གི་གནས་ཇི་ལྟ་བ་བཞིན་དུ་གནས་པ་དང་། སངས་རྒྱས་འབར་བའི་འོད་དང་མཉམ། །ཞེས་པ་འཁོར་རྣམས་ཀྱང་རང་གི་གཙོ་བོའི་ཁ་དོག་དང་འདྲ་བའོ། །འདོད་པའི་ཡོན་ཏན་ལྔ་ཡིས་ཁྱབ། །ཅེས་པ་གཟུགས་རྡོ་རྗེ་ལ་སོགས་པ་བྱེ་བྲག་ཏུ་བཤད་པའོ། །རྐང་པ་གཞན་ལྷག་མ་གསུམ་ནི་ལྷ་དང་མི་སྦྱར་རོ། །མདོར་ན། བརྟེན་པ་ལྷའི་དཀྱིལ་འཁོར་དེ་ལྟར་བསྒོམས་ནས། འོག་ནས་འབྱུང་བའི་ཕྲ་མོའི་རྣལ་འབྱོར་བསྒོམ་ཞེས་པའོ། །གསུམ་པ་བརྟེན་པ་ལྷའི་དཀྱིལ་འཁོར་རྒྱས་པར་བཤད་པ་ལ་གསུམ་སྟེ། དང་པོ་རིགས་སོ་སོའི་ཟློས་པ་པོས་རྡོ་རྗེ་འཆང་སོགས་དབུས་སུ་བསྒོམ་པ་ནི། དེ་ལྟ་བུའི་དཀྱིལ་འཁོར་བསྒོམ་པའི་གཙོ་བོ་གང་ཞིག་གིས་བྱ་ཞེ་ན། རྡོ་རྗེ་འཆང་གི་ཟློས་པ་པོས་ནི། གཟུགས་ཏེ་བདག་ཉིད་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་བསྒོམ་པར་བྱའོ། །རྣམ་སྣང་གི་ཟློས་པ་པོས་ནི། རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་དབུས་སུ་བསྒོམ་པར་བྱ་ཞིང་། རྣམ་སྣང་ནི་སྐུ་རྡོ་རྗེ་ཡིན་ཡང་། གསུང་དང་ཐུགས་ཀྱི་ཡོན་ཏན་ཡང་མངའ་བས་སྐུ་གསུང་ཐུགས་ཀྱིས་མཚན་པའོ། །མི་བསྐྱོད་པའི་ཟློས་པ་པོ་ནི་འདིས་ལྷའི་དཀྱིལ་འཁོར་སྡུད་པས་ན་བསྡུས་པ་སྟེ་རྡོ་རྗེ་འཆང་ཆེན་པོ་དང་གཅིག་ཏུ་སྦྱོར་བ་མི་བསྐྱོད་པ་ཞེ་སྡང་རྡོ་རྗེའི་རྒྱལ་མཆོག་སྟེ། ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ། །དེ་བཞིན་དུ་རིན་འབྱུང་གི་ཟློས་པ་པོས་དཀོན་མཆོག་དཔལ་ཏེ་རིན་འབྱུང་དང་། འོད་དཔག་མེད་ཀྱི་ཟློས་པ་པོས་ཚེ་དཔག་མེད་དང་དོན་གྲུབ་ཀྱི་ཟློས་པ་པོས་ཐོགས་མེད་གྲུབ་པ་སྟེ་དོན་གྲུབ་ཀྱི་ཕྱག་རྒྱ་ཆེན་པོ་རྣམས་དཀྱིལ་འཁོར་གྱི་དབུས་སུ་བསྒོམ་པར་བྱའོ། །ཟློས་པ་པོའི་རིགས་ཀྱི་དབྱེ་བས། དེ་བཞིན་གཤེགས་པ་དྲུག་པོ་གང་དབུས་སུ་བསྒོམས་པས་གཙོ་བོ་བྱ་བར་འདིར་དངོས་སུ་བཤད་པ། དེ་དག་གིས་ཉེ་བར་མཚོན་ནས། གནོད་མཛེས་ཀྱི་བར་གྱི་ལྷ་སུམ་ཅུ་རྩ་གཉིས་པོ་གང་ལ་མེ་ཏོག་ཕོག་པས་གཙོ་བོ་བྱའོ་ཞེས་ཀྱང་ཞོར་ལ་སྟོན་ནོ། །དེ་སྐད་དུ་ཡང་རྡོ་རྗེ་མཆོག་ནི་གང་ཡིན་པའི། །དབུས་སུ་སྐུ་ནི་ལེགས་བྲིས་ལ། །དེ་ཡི་མིང་སྨོས་རྡོ་རྗེ་ཡི། །དཀྱིལ་འཁོར་ཡིན་ཞེས་སངས་རྒྱས་གསུངས། །ཞེས་བཤད་དོ། །དེ་ལ་དེ་བཞིན་གཤེགས་པ་གཞན་བཞི་དབུས་སུ་འགྲོ་བ་ན། དེའི་ཤུལ་དུ་མི་བསྐྱོད་པ་འགྲོ་ཞིང་། ཡུམ་གྱི་ཤུལ་དུ་རེག་རྡོ་རྗེ་འགྲོའོ། །བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་རྣམས་དབུས་སུ་འགྲོ་བ་ན། རིགས་བདག་གང་ཡིན་པ་དེ་ཕྱུང་ནས་རང་ལ་བསྟིམ། དེའི་ཤུལ་དུ་མི་བསྐྱོད་པ་འགྲོ་ལ། ཕྱོགས་ཀྱི་ལྷ་མོས་ཡུམ་བྱེད་པས། དེའི་ཤུལ་དུ་རེག་རྡོ་རྗེ་མ་འགྲོའོ། །ལྷ་མོ་རྣམས་དབུས་སུ་འགྲོ་བ་ན། རང་གི་རིགས་བདག་གང་ཡིན་པ་དེ་ཕྱུང་ནས་རང་ལ་བསྟིམ། དེའི་ཤུལ་དུ་མི་བསྐྱོད་པ་འགྲོ་ཞིང་རང་གི་ཤུལ་དུ་རེག་རྡོ་རྗེ་མ་འགྲོའོ། །རྣམ་པ་ལྷ་མོ་ལ་ངོ་བོ་རང་གི་རིགས་བདག་གི་དེ་བཞིན་གཤེགས་པའི་ང་རྒྱལ་གྱིས། དཀྱིལ་འཁོར་པ་གཞན་རྣམས་འབྱིན་ནོ། །ཡང་ན་རྣལ་འབྱོར་པས་ལྷ་མོ་རྣམས་ལ་མེ་ཏོག་ཕོག་ཀྱང་ལྷ་མོའི་རྣམ་པར་མི་བསྒོམ་གྱིས། དེའི་རིགས་བདག་དེ་བཞིན་གཤེགས་པའི་རྣམ་པར་བསྒོམ་ལ། རྣལ་འབྱོར་མ་རྣམས་ཀྱིས་ལྷ་ཕོ་ལ་མེ་ཏོག་ཕོག་ཀྱང་། དེའི་རྣམ་པར་མི་བསྒོམ་གྱི། དེའི་ཡུམ་ལྷ་མོའི་རྣམ་པར་བསྒོམ་པ་འཐད་དེ། གསང་མཚན་འདོགས་པ་ན་བུད་མེད་རྣམས་ལ་ལྷ་མོའི་མིང་དང་། སྐྱེས་པ་རྣམས་ལ་དེ་བཞིན་གཤེགས་པའི་མིང་གིས་འདོགས་པའི་ཕྱིར་རོ། །

གཉིས་པ་གཙོ་བོ་དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་གསལ་བར་བཤད་པ་ནི། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་ལ་མི་བསྐྱོད་པ་ཞུགས་པས་ཞེ་སྡང་རྡོ་རྗེར་གྱུར་ཏེ། སྐུ་མདོག་ཨིནྟྲ་ནི་ལའི་ཁ་དོག་འདྲ་བ་ཕྱག་གཡས་ཀྱི་དང་པོ་ན་རབ་ཏུ་འབར་བའི་རྡོ་རྗེ་བསྣམས་པ། ཁྲོ་བ་དང་འདོད་ཆགས་ཆེན་པོ་འདྲེས་པས་མཆེ་བ་ཅུང་ཟད་རྣམ་པར་གཙིགས་པ་ལ་དེ་ཉིད་ཀྱི་ཕྱིར་འཇིགས་འཇིགས་ལྟ་བུ་བསྒོམ་མོ། །རྣམ་པར་སྣང་མཛད་ནི་སྐུ་མདོག་ཤེལ་དང་ཟླ་བའི་འོད་འདྲ་བ་དང་། ཐོར་ཚུགས་དང་ཅོད་པན་གྱིས་བརྒྱན་པ་དང་། འོད་ཀྱི་དཀྱིལ་འཁོར་དང་བཅས་ཤིང་སྐུ་ལ་སྣ་ཚོགས་པའི་མཚན་བཟང་པོ་ཐམས་ཅད་ཀྱིས་མཛེས་པར་བརྒྱན་པ། ཕྱག་གཡས་ཀྱི་དང་པོ་ན་རབ་ཏུ་འབར་བའི་འཁོར་ལོ་དཀར་པོ་བསྣམས་པ་བསྒོམ་མོ། །རིན་ཆེན་འབྱུང་ལྡན་ནི་སྐུ་མདོག་འཛམ་བུ་ཆུ་བོའི་གསེར་འོད་འདྲ་བ་སངས་རྒྱས་ཏེ། དེ་བཞིན་གཤེགས་པའི་སྤྲིན་གྱིས་ཀུན་ནས་འཁྲིགས་པ། ཕྱག་གཡས་ཀྱི་དང་པོ་ན་རིན་པོ་ཆེ་བསྣམས་པ་བསྒོམ་མོ། །དེ་ཡི་ཕྱག་ན་རྡོ་རྗེ་ཆེ། །ཞེས་པ་ནི། ཞེ་སྡང་རྡོ་རྗེའི་ཕྱག་མཚན་གསལ་བར་བཤད་པའོ། །འདོད་ཆགས་རྡོ་རྗེ་ཅན་ནི། འོད་དཔག་ཏུ་མེད་པ་སྟེ། སྐུ་མདོག་པད་མ་རཱ་གའི་མདོག་འདྲ་བ་དང་། འདོད་ཆགས་རྣམ་པར་དག་པའི་རང་བཞིན་ཡིན་པས། གཙོ་བོ་འདོད་ཆགས་འབར་མངའ་བ། །ཞེས་སོ། །ཕྱག་གཡས་ཀྱི་དང་པོ་ན་རབ་ཏུ་འབར་བའི་པད་མ་དམར་པོ་བསྣམས་པ་བསྒོམ་མོ། །གདོན་མི་ཟ་བ་རྡོ་རྗེ་ཅན་ནི་དོན་ཡོད་གྲུབ་པ་སྟེ། སྐུ་མདོག་མར་ཀ་ཏིའི་འོད་འདྲ་བ་དང་། སྐུ་ལ་རྡོ་རྗེ་འབར་བས་རྣམ་པར་བརྒྱན་པ་དང་། འོད་ཟེར་ཀུན་ཏུ་འབར་བའི་སྤྲིན་གྱིས་ཁྱབ་པ་དང་། ཞི་བའི་ཉམས་དང་ལྡན་པ། སྣ་ཚོགས་པའི་འགྲོ་བ་མ་ལུས་པའི་དོན་བྱེད་པས། ཕྱག་གཡས་ཀྱི་དང་པོ་ན་དཀར་པོ་ལ་སོགས་པའི་འོད་ཟེར་སྣ་ལྔ་ལྡན་པའི་རལ་གྲི་བསྣམས་པ་བསྒོམ་མོ། །དེ་ལྟར་སངས་རྒྱས་ལྔའི་དཀྱིལ་འཁོར་བསྒོམ་པར་བྱའོ། །

གསུམ་པ་གཙོ་བོ་དེ་རྣམས་བསྐྱེད་པའི་ཡན་ལག་ཟླ་བ་ལས་བྱང་ཆུབ་པ་སྟོན་པ་ནི། དེ་ནས། བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འོག་ནས་འབྱུང་བའི་སྔགས་འདི་གསུངས་སོ། །སྔགས་ནི་ༀ་ལ་སོགས་ཏེ། འདིས་ནི་ཡི་གེ་འབྲུ་གསུམ་པད་མ་དང་བཅས་པ་ཡས་ཐིམ། ཉི་མའི་དཀྱིལ་འཁོར་མས་ཐིམ་པས་བདག་ཉིད་ཟླ་བའི་དཀྱིལ་འཁོར་ལྟ་བུར་བྱིན་གྱིས་བརླབས་ཏེ། དེའི་སྟེང་དུ་ཡི་གེ་འབྲུ་གསུམ་ལ་སོགས་པས་ལྷའི་སྐུ་བསྐྱེད་དེ། འོག་ནས་བཤད་པའི་ཕྲ་མོའི་རྣལ་འབྱོར་བསྒོམ་པ་བསྟན་ཏོ། །དེ་དག་གིས་ལྷའི་རྣལ་འབྱོར་དྲང་དོན་དུ་བཤད་ནས། ངེས་པའི་དོན་དུ་བཤད་པ་ལ་གཉིས་ཀྱི། དང་པོ་རྡོ་རྗེ་བཟླས་པའི་རླུང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་པ་ནི། དེ་ནས་བཅོམ་ལྡན་སྙོམས་པར་ཞུགས་ཏེ། འདི་གསུངས་སོ་ཞེས་སྦྱར་རོ། །གང་ལ་སྙོམས་པར་ཞུགས་ན། དེ་བཞིན་གཤེགས་པ་ཐམས་ཅད་རླུང་འོད་ཟེར་ལྔའོ། །འཕྲོ་བ་ནི་དེ་དག་སྟེང་གི་སྣ་སྒོ་ལས་འབྱུང་བའོ། །སྤྲིན་ནི་ཚོགས་སོ། །བཀོད་པ་ནི་དཀྱིལ་འཁོར་རེ་རེ་ལ་དཀྱིལ་འཁོར་བཞི་བཞི་འབྱུང་ཞིང་། དཀར་པོ་ལ་སོགས་པའི་ཁ་དོག་གིས་ཕྱེ་བའོ། །མདོར་ན་རླུང་དེ་ཁོ་ན་ཉིད་ལ་དམིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཞེས་པའོ། །གང་གསུང་ན་རྡོ་རྗེ་བཀོད་པ་ཞེས་ཏེ། རྡོ་རྗེ་ནི་ཡི་གེ་གསུམ་མོ། །དེའི་བཀོད་པ་ནི་ཨཱ་ལི་ཀཱ་ལི་དང་མ་ཎི་ལ་སོགས་པའི་ཡི་གེའི་ཚོགས་ཏེ། དེ་རྣམས་ནི་ཡི་གེ་འབྲུ་གསུམ་དུ་འདུས་ལ། ཉིན་དང་མཚན་དུ་འཇུག་གནས་ལྡང་བའི་རིམ་པ་ལས་འབྲུ་གསུམ་ཟློས་པ་ནི་ཏིང་ངེ་འཛིན་ཏེ། དེ་སྟོན་པའི་ལེའུ་འདིའོ། །དེ་དག་གིས་ནི་རླུང་དང་སྔགས་ཀྱི་དེ་ཁོ་ན་ཉིད་བསྟན་ལ། དོན་དེ་ཉིད་ཤུ་ནྱ་ཏའི་སྔགས་ཀྱིས་ཀྱང་སྟོན་ཏེ། དེའང་རླུང་དང་སྦྱར་བ་དང་། སྔགས་དང་སྦྱར་བ་གཉིས་ཀྱི། དང་པོ་ནི། བཤད་རྒྱུད་ལས། ༀ་ནི་དང་པོ་གཅིག་དང་ལྡན། །ཤཱུ་ནྱ་ཏ་ནི་གཉིས་པ་སྟེ། །ཛྙ་ན་ཞེས་པ་གསུམ་པའོ། །བཛྲ་ཞེས་བྱ་བཞི་པའོ། །སྭ་བྷ་ཨཱཏྨ་ཀོ་ལྔ་པ། །ཨ་ཧཾ་ཞེས་པ་དྲུག་པར་བརྗོད། །དེ་ལྟར་བདེ་གཤེགས་དྲུག་པོ་ནི། །སྐྱེ་བོ་མཆོག་ལ་བསྟན་པ་ཡིན། །ཞེས་ཏེ། ༀ་ནི་རླུང་དང་པོ་མེའི་དཀྱིལ་འཁོར་གྱེན་དུ་རྒྱུ་བའི་རླུང་ངོ་། །ཤཱུ་ནྱ་ཏ་ནི་གཉིས་པ་གཡོན་པ་རླུང་གི་དཀྱིལ་འཁོར་མེ་དང་མཉམ་དུ་གནས་པའི་རླུང་ངོ་། །ཛྙ་ན་ཞེས་པ་རླུང་གསུམ་པ། གཉིས་ཀ་ནས་རྒྱུ་བ་སའི་དཀྱིལ་འཁོར་ཐུར་དུ་སེལ་བའི་རླུང་ངོ་། །བཛྲ་ཞེས་པ་རླུང་བཞི་པ་དལ་གྱིས་རྒྱུ་བ་ཆུའི་དཀྱིལ་འཁོར་སྲོག་འཛིན་པའི་རླུང་ངོ་། །སྭ་བྷ་ཝ་ཨཱཏྨ་ཀོ་ནི་རླུང་ལྔ་པ་ནམ་མཁའི་བདག་ཉིད་ཁྱབ་བྱེད་ཀྱི་རླུང་ངོ་། །ཨ་ཧྃ་ནི་དྲུག་པ་རླུང་གི་འབྱུང་གནས་འོད་གསལ་ལོ། །རླུང་ལྔ་ནི་དེ་བཞིན་གཤེགས་པ་ལྔ། འོད་གསལ་ནི་དྲུག་པ་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་ལྟར་ན་རླུང་ལྔ་འོད་གསལ་དང་བཅས་པའི་བདེ་གཤེགས་དྲུག་པོ་ནི། སྐྱེ་བོ་མཆོག་ཟུང་འཇུག་པ་ལ་བསྟན་པ་ཡིན་ནོ། །རླུང་དེ་དག་རེ་རེ་ཞིང་རླུང་གི་དེ་ཉིད་འཇུག་གནས་ལྡང་གསུམ་དང་ལྡན་པར་བསྟན་པ་ནི། ༀ་ཤཱུ་ནྱ་ཏ་ཟུང་དང་པོ། ཛྙ་ན་བཛྲ་གཉིས་པ་ཡིན། སྭ་བྷ་ཨཱཏྨ་ཀོ་ཧཾ་གསུམ་པ། དེ་ཉིད་གསུམ་དང་འདིར་བརྟགས་པའོ། །དེ་ཉིད་གསུམ་ནི་གཅིག་གྱུར་པ། །གསལ་བའི་མིང་ཅན་ཞེས་བྱར་བརྗོད། །ཅེས་ཏེ། ༀ་ཤཱུ་ནྱ་ཏ་ནི་རླུང་དང་པོར་ནང་དུ་འཇུག་པའོ། །ཛྙ་ན་བཛྲ་ནི་གཉིས་པ་ནང་དུ་གནས་པའོ། །སྭ་བྷ་ཨཱཏྨ་ཀོ་ཧཾ་ནི་གསུམ་པ་ཕྱིར་ལྡང་བའོ། །དེ་ལྟ་བུའི་རླུང་གི་དེ་ཉིད་འཇུག་གནས་ལྡང་གསུམ་འདིར་རླུང་ལྔ་པོ་རེ་རེ་ཞིང་རྣམ་པར་བརྟགས་པའོ། །དེ་ཉིད་གསུམ་ནི་སྟོང་ཉིད་གསུམ་སྟེ། དེ་དག་གཅིག་ཏུ་གྱུར་པ་ནི་གསལ་བའི་མིང་ཅན་འོད་གསལ་ཞེས་བྱ་བར་བརྗོད་དོ། །དེ་ལྟར་རླུང་གི་དེ་ཁོ་ན་ཉིད་ལྟར་བཤད་ནས། སྔགས་ཀྱི་དེ་ཁོ་ན་ཉིད་ལྟར་བཤད་ན། ཚིགས་བཅད་དང་པོས་འབྲུ་གསུམ་འགྲུབ་པའི་རྒྱུ་ཡིག་འབྲུ་དྲུག་སྟོན་ཏེ། འདི་ལྟར་ༀ་ནི་དང་པོ་ཞེས་ཡི་གེ་ཨོའོ། །ཤཱུ་ནྱ་ཏ་ནི་ཨཾ་ངོ་། ཛྙ་ན་ནི་ཨའོ། །བཛྲ་ནི་ཨཿདྲག་པོའོ། །སྭ་བྷ་ཨཱཏྨ་ཀོ་ནི་ཨཱུ་རིང་པོའོ། །ཨ་ཧཾ་ནི་ཧའོ། །དེ་ལྟ་བུའི་ཡི་གེ་དྲུག་ནི་བདེ་གཤེགས་དྲུག་གི་ས་བོན་ཡིན་པས། བདེ་གཤེགས་དྲུག་གོ །དེ་ཉིད་སྐྱེ་བོ་མཆོག་ཟུང་འཇུག་པ་ལ་བསྟན་པ་ཡིན་ནོ། །

དེ་ལྟ་བུའི་ཡི་གེ་དྲུག་ལས་སྔགས་ཀྱི་དེ་ཉིད་ཡི་གེ་འབྲུ་གསུམ་ཇི་ལྟར་འགྱུར་བ་བསྟན་པ་ནི། ༀ་ཤཱུ་ནྱ་ཏ་ཞེས་པས་ༀ་ལ་ཨཾ་བཞག་པས་ༀ་དུ་འགྱུར་རོ། །ཛྙཱ་ན་བཛྲ་ཞེས་པས་ཨ་ལ་ཨཿདྲག་པོ་བཞག་པས་ཨཿཚེག་དྲག་ཅན་དུ་འགྱུར་རོ། །སྭ་བྷ་ཨཱཏྨ་ཀོ་ཧཾ་ཞེས་པས་ཧ་ལ་ཨཱུ་རིང་པོ་བཅུག་སྟེ་སྔ་མའི་ཨཾ་བཞག་པས་ཧཱུྃ་དུ་འགྱུར་རོ། །ཡི་གེ་འབྲུ་དྲུག་པོ་དེ་ཉིད་སྔགས་ཀྱི་འབྲུ་གསུམ་དུ་འགྱུར་བར་འདིར་རྣམ་པར་བརྟགས་པའོ། །སྔགས་ཀྱི་དེ་ཉིད་འབྲུ་གསུམ་ནི་ཨ་ཐུང་ངུ་གཅིག་གི་བདག་ཉིད་དུ་འགྱུར་ཏེ། ཡི་གེ་ཀུན་ལ་ཨ་ཐུང་གིས་ཁྱབ་པའི་ཕྱིར་རོ། །ཨ་ཐུང་དེ་ནི་གསལ་བའི་མིང་ཅན་ཞེས་བརྗོད་དེ། དེ་སྐད་དུ་ཡང་། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་རྡོ་རྗེ་བཟླས་པའི་རྟེན་ཟུང་འཇུག་པའི་ལྷའི་རྣལ་འབྱོར་སྟོན་པ་ནི། སངས་རྒྱས་དཀྱིལ་འཁོར་ཏེ་དབེན་གསུམ་སྔོན་དུ་འགྲོ་བ་ཅན་གྱི་སྒྱུ་མ་ལྟ་བུའི་སྐུ་བསྒོམ་ཞིང་བསམ་པའོ། །ཇི་ལྟ་བུ་ཞེ་ན། སྣང་བ་གསུམ་གྱི་ཚོགས་ཀྱི་སྣང་བ་འཁྲིགས་པས་ན་འོད་ཟེར་སྤྲིན་གྱི་བཀོད་པ་ཞལ། འཇའ་ཚོན་ལྟར་དཀར་པོ་ལ་སོགས་པའི་འོད་ཟེར་ལྔས་བརྒྱན་པས་ན་སངས་རྒྱས་འབར་བའི་འོད་དང་མཉམ་པའོ། ཁམས་ཕྲ་བ་ལས་བསྒྲུབས་པས་ན། འོད་ཟེར་སྣ་ལྔས་ཀུན་ཏུ་ཁྱབ་པའོ། །ཕྱི་ནང་གི་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཡིན་པས་ཀུན་ནས་ཡོངས་སུ་ཟླུམ་པོར་རོ། །རྒྱུ་བ་ལ་སོགས་པའི་འོད་ཟེར་ལྔ་དང་ལྡན་པས། འདོད་པའི་ཡོན་ཏན་ལྔས་བརྒྱན་པའོ། །ཡུལ་རྣམས་ལ་ཉེ་བར་ལོངས་སྤྱོད་པས་ན། མཆོད་པ་རྣམ་པ་ལྔ་ནི་དབང་པོ་ལྔ་རྣམས་ཏེ་དེ་རྣམས་ཀྱིས་བརྒྱན་པ་ནི་ཡུལ་མ་ལུས་པ་མཐོང་བའི་ཕྱིར་རོ། །དེ་ལྟ་བུའི་སངས་རྒྱས་ཀྱི་དཀྱིལ་འཁོར་དེ་ནམ་མཁའི་དབྱིངས་ཀྱི་དབུས་གནས་པར་ཏེ་འོད་གསལ་བར་ཆུད་པར་བསྒོམ་པར་བྱའོ། །དེ་ལྟར་བདག་ཉིད་འོད་གསལ་བར་ཆུད་པར་བསྒོམས་ནས། སླར་ཡང་འོད་གསལ་ལས་ལངས་ཏེ། མདོར་ནས་ཏེ་སྐད་ཅིག་གི་རྣམ་པས་རྡོ་རྗེ་འཆང་ཆེན་པོའི་གཟུགས་ཏེ་སྐུའི་ངོ་བོར་འཁོར་བ་དང་མྱ་ངན་ལས་འདས་པ་དག་གི་དབུས་སུ་ཡོད་པ་དང་མེད་པའི་ཕྱོགས་དང་བྲལ་བར་བདག་ཉིད་རྣམ་པར་བསྒོམ་པར་བྱའོ། །དེ་ལྟར་འོད་གསལ་ལས་ཟུང་འཇུག་ལོངས་སྐུར་བཞེངས་ནས། ཟློས་པ་པོའི་བྱེ་བྲག་གིས་དེ་བཞིན་གཤེགས་པ་ལྔའི་རང་བཞིན་གྱི་སྤྲུལ་སྐུར་བསྒྱུར་བ་ནི། རྣམ་པར་སྣང་མཛད་ཕྱག་རྒྱ་ཆེ་ཞེས་སོགས་ཏེ། དེ་དག་གི་བཤད་པ་ནི་དྲང་དོན་གྱི་སྐབས་བཞིན་དུ་ཤེས་པར་བྱའོ། །དེ་ལྟ་བུའི་ཟུང་འཇུག་པའི་དཀྱིལ་འཁོར་རྒྱལ་མཆོག་ལ་གནས་ཏེ་འོག་ནས་བཤད་པའི་ཕྲ་མོའི་རྣལ་འབྱོར་གསུམ་ལས། རྡོ་རྗེ་བཟླས་པའི་སྒོ་ནས་སེམས་ཅན་གྱི་དོན་བྱའོ་ཞེས་སྟོན་ནོ། །སྒྱུ་མ་ལྟ་བུའི་སྐུ་འོད་གསལ་དུ་བཅུག་ནས། ཟུང་འཇུག་ལོངས་སྐུ་བསྐྱེད་པའི་རྒྱུ་གང་ཡིན་ཞེ་ན། ལུགས་བཟློག་གི་སྣང་བ་གསུམ་རླུང་དང་བཅས་པ་ཡིན་ཞེས་སྟོན་པ་ནི། དེ་ནས་བཅོམ་ལྡན་འདས་ཞེས་པ་ནས་ༀ་དྷརྨ་དྷ་ཏུ་ཞེས་པའི་བར་རོ། །དེའི་དོན་བཤད་རྒྱུད་ཀྱིས་འཆད་པ་ནི། ༀ་ནི་དང་པོར་ཤེས་པར་བྱ། །དྷརྨ་ཞེས་བྱ་གཉིས་པའོ། །དྷ་ཏུ་ཞེས་པ་གསུམ་པར་བཤད། །སྭ་བྷ་ཝ་གྲགས་བཞི་པའོ། །ཨཱཏྨ་ཀོ་ནི་ལྔ་པ་ཡིན། །ཨ་ཧཾ་དུ་གྱུར་དྲུག་པར་འདོད། །སྔགས་འདི་བརྗོད་ནས་དེ་འོག་ཏུ། །བསྒོམ་པའི་བདག་ཉིད་ཅན་གྱིས་བསྒོམ། །ཞེས་གསུངས་ཏེ། ༀ་ནི་སྲོག་འཛིན་ནོ། །དྷརྨ་ནི་ཐུར་སེལ་ལོ། །དྷ་ཏུ་ནི་གྱེན་རྒྱུའོ། །སྭ་བྷ་ཝ་ནི་མེ་དང་མཉམ་གནས་སོ། །ཨཱཏྨ་ཀོ་ནི་ཁྱབ་བྱེད་ཀྱི་རླུང་ངོ་། །ཨ་ཧཾ་ནི་རླུང་གི་འབྱུང་གནས་འོད་གསལ་ལོ། །ཡ་བྲལ་དྲུག་པོ་དེ་དག་ཟུང་བསྡེབས་པས་ལུགས་བཟློག་སྣང་བ་གསུམ་སྟོན་ཏེ། དང་པོ་གཉིས་ཀྱིས་ཉེར་ཐོབ་ཀྱི་ཡེ་ཤེས་དང་། བར་པ་གཉིས་ཀྱིས་སྣང་མཆེད་ཀྱི་ཡེ་ཤེས་དང་། ཐ་མ་གཉིས་ཀྱིས་སྣང་བའི་ཡེ་ཤེས་བསྟན་ཏོ། །སྔགས་འདི་བརྗོད་ནས་ཞེས་པ་ནི། སྔགས་ཀྱི་དོན་ལུགས་བཟློག་གི་སྣང་བ་གསུམ་རླུང་དང་བཅས་པ་མངོན་སུམ་དུ་བྱས་ནས། དེའི་འོག་ཏུ་ཟུང་འཇུག་ལོངས་སྐུར་བཞེངས་པ་ནི། བསྒོམ་པའི་བདག་ཉིད་ཅན་གྱིས་བསྒོམ། །ཞེས་པ་སྟེ། ངེས་པའི་དོན་ནོ། །གཉིས་པ་དངོས་གཞིའི་ཕྲ་མོའི་རྣལ་འབྱོར་བསྟན་པ་ལ་གཉིས་ཏེ། སྤྱིའི་དོན་དང་། ཡན་ལག་གི་དོན་ནོ། །དང་པོ་ལ་དྲུག་སྟེ། ངོ་བོ་དང་། དབྱེ་བ་དང་། ངེས་ཚིག་དང་། བསླབ་པའི་ཚུལ་དང་། བསླབ་པ་མཐར་ཕྱིན་པའི་ཚད་དང་། ཕན་ཡོན་བསྟན་པའོ། །དེ་ལ་ཕྲ་མོའི་རྣལ་འབྱོར་རང་གི་ངོ་བོ་ནི། སེམས་སྦྱོང་བའི་ཏིང་ངེ་འཛིན་གྱི་ཁྱད་པར་རོ། །དབྱེ་ན་གཉིས་ཏེ། སྟེང་སྒོ་ལ་བརྟེན་པ་དང་འོག་སྒོ་ལ་བརྟེན་པའོ། །འོག་སྒོ་ལ་བརྟེན་པ་ལ་ཡང་གཉིས་ཏེ། འོག་སྒོ་ལ་ཐིག་ལེ་བསྒོམ་པ་དང་། ལྷའི་མཚན་མ་བསྒོམ་པའོ། །འོག་སྒོར་མཚན་མ་བསྒོམ་པ་ནི། ལེའུ་དྲུག་པ་ལས། ཨུཏྤལ་མཐིང་ཀའི་མདོག་འདྲ་བ། །རྩེ་མོ་ལྔ་པ་ཁྱད་པར་དུ། །ནས་ཀྱི་འབྲུ་ཙམ་ནན་ཏན་གྱིས། །སྣ་ཡི་རྩེ་མོར་རྣམ་པར་བསམ། །ཙ་ན་ཀ་ཡི་འབྲུ་ཙམ་ལ། །འདབ་མ་བརྒྱད་པ་གེ་སར་བཅས། །སྣ་ཡི་རྩེ་མོར་འདི་ཤེས་ཏེ། །བསྒོམས་ན་བྱང་ཆུབ་སྩོལ་བར་འགྱུར། །ཞེས་གསུངས་སོ། །ཕྲ་མོའི་རྣལ་འབྱོར་གྱི་ངེས་ཚིག་ནི། ཕྲ་ཞིང་རྟོགས་པར་དཀའ་བ་ལ་དམིགས་པའི་ཕྱིར་ན་ཕྲ་མོའི་རྣལ་འབྱོར་ཏེ། རང་གི་ལྷའི་མཚན་མ་ཉུངས་དཀར་རམ་ནས་ཀྱི་འབྲུ་ཚད་ཙམ་དང་། བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རྟོགས་པར་དཀའ་བ་ལ་སློབ་པའི་ཕྱིར་རོ། །བསླབ་པའི་ཚུལ་ནི། དང་པོར་སེམས་བརྟན་པར་བྱ་བའི་ཕྱིར། སྣའི་རྩེར་མཚན་མ་བརྟན་པར་བསླབ་པ་དང་། དེ་ནས་བསྒོམ་པ་དབང་དུ་གྱུར་པ་བསྐྱེད་པའི་སྤྲོ་བ་དང་བསྡུ་བ་ལ་བསླབ་པ་སྟེ། དེ་ཡང་དང་པོར་མཚན་མའི་སྤྲོ་བསྡུ་ལ་བསླབ། ཕྱིས་ལྷའི་སྤྲོ་བསྡུ་ལ་བསླབ་པར་བྱའོ། །བསླབ་པ་མཐར་ཕྱིན་པའི་ཚད་ནི་གཉིས་ཏེ། རེག་པའི་མཚན་མ་དང་། མཐོང་བའི་མཚན་མའོ། །མཐར་ཕྱིན་པའི་ཕན་ཡོན་ནི། རང་གི་སེམས་ལ་དབང་དུ་གྱུར་པ་ཐོབ་པས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་བའོ། །གཉིས་པ་ཡན་ལག་གི་དོན་ལ་གསུམ་གྱི། དང་པོ་ཕྱིའི་དོན་ནི། བསྒོམ་ཞེས་སྦྱར་རོ། །སུ་ཞིག་གིས་ཞེ་ན། དྲན་པ་གཅིག་པ་མཐར་ཕྱིན་པ་ནང་ལ་མཆོག་ཏུ་གཞོལ་བའི་རྣལ་འབྱོར་པ་ཡིས་སོ། །ཅིའི་ཕྱིར་དུ་ན། རང་གི་སེམས་བརྟན་པར་བྱ་བའི་ཕྱིར་དུའོ། །གང་ཞིག་ཅེ་ན། རིན་ཆེན་ཆེན་པོ་ནི་རྡོ་རྗེ་ལ་སོགས་པ་རང་གི་ལྷའི་ཕྱག་མཚན་ཏེ། དེ་ཡང་རིགས་ལྔ་དང་འབྲེལ་བའི་ཁ་དོག་ལྔ་པ་ཆེ་ཆུང་ཡུངས་དཀར་གྱི་འབྲུའི་ཚད་ཙམ་མོ། །གནས་གང་དུ་ན། རང་གི་ལྷག་པའི་ལྷས་གཙོ་བྱས་པའི་དཀྱིལ་འཁོར་རྒྱལ་མཆོག་ཡས་ཆོད་བསྐྱེད་ནས་གཙོ་བོའི་སྣའི་རྩེ་མོར་ཉི་མ་དང་ཟླ་བའི་དཀྱིལ་འཁོར་སེན་མོ་ཟླུམ་པ་ཙམ་གྱི་སྟེང་དུའོ། །དུས་ནི་ཉིན་མཚན་རྟག་པར་ནན་ཏན་ཏུ་བསྒོམ་པར་བྱའོ། །དེ་ལྟར་བསྒོམས་པས་རེག་མཐོང་གི་མཚན་མ་བྱུང་སྟེ། རྡོ་རྗེ་ལ་སོགས་པའི་ཕྱག་མཚན་གྱི་རིན་པོ་ཆེ་བརྟན་པར་གྱུར་ན། བསྒོམས་པས་མི་གཡོ་བར་ཤེས་པ་དང་། བསྒོམ་པ་ལ་དབང་དུ་གྱུར་པ་བསྐྱེད་པའི་ཕྱིར་སྤྲོ་བར་བྱའོ། །བརྟན་པར་མ་གྱུར་པ་སྟེ། བསྒོམ་པ་ལ་འདོད་བཞིན་པས་ནི་སྤྲོ་བར་མི་བྱའོ། །དེ་ལྟར་མཚན་མའི་སྤྲོ་བསྡུ་ལ་བྱང་ནས། ཏིང་ངེ་འཛིན་ལ་རྩལ་སྦྱང་བའི་ཕྱིར་མཚན་མ་ཕྲ་མོ་གྱུར་པ་ལས་བྱུང་བའི་ལྷའི་སྤྲོ་བསྡུ་ལ་བསླབ་པར་བྱའོ་ཞེས་སྟོན་པ་ནི། སྤྲོ་བར་བྱའོ་ཞེས་སྦྱར། གང་ཞེ་ན། མཆོག་རབ་སྤྲིན་རྣམས་ཏེ། མཚན་མ་གྱུར་པ་ལས་བྱུང་བའི་རང་གི་ལྷག་པའི་ལྷའི་ཚོགས་སོ། །ཇི་ལྟ་བུ་ནི། ཁ་དོག་ནི། སངས་རྒྱས་འབར་བ་འདྲ་བའི་འོད་ཅེས་ཏེ། དཀར་པོ་ལ་སོགས་པ་རང་གི་རིགས་དང་མཐུན་པའི་ཁ་དོག་དང་ལྡན་པའོ། །ཕྱག་མཚན་ནི་འཁོར་ལོ་ལ་སོགས་པ་རང་གི་རིགས་དང་མཐུན་པའི་མཚོན་ཆ་ཕྱག་ན་འཛིན་པའོ། །དེ་བཞིན་གཤེགས་པ་འབའ་ཞིག་དུ་མ་ཟད་ཀྱིས་བྱང་ཆུབ་སེམས་དཔའི་སྤྲིན་ཆེན་རྣམས་ཏེ། བྱང་ཆུབ་སེམས་དཔའ་དང་ལྷ་མོ་དང་ཁྲོ་བོ་ལ་སོགས་པའི་རིགས་ལྔའི་ལྷ་རྣམས་ཀྱང་སྤྲོ་བའི་བདག་ཉིད་ཅན་སྒྲུབ་པ་པོས་ནམ་མཁའ་ཁྱབ་པར་སྤྲོ་ཞིང་། གཡོགས་པར་བྱའོ། །འདིས་ནི་སྟེང་སྒོར་བརྟེན་པའི་ཕྲ་མོའི་རྣལ་འབྱོར་བསྟན་ཏོ། །གཉིས་པ་སྦས་དོན་དུ་བཤད་པས། འོག་སྒོ་ལ་བརྟེན་པའི་ཕྲ་མོའི་རྣལ་འབྱོར་སྟོན་པ་ནི། གཞན་རྣམས་སྔར་དང་འདྲ་ལ། གང་ཞིག་བསྒོམ་ཞེ་ན། རིན་ཆེན་ཆེན་པོ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཏེ། ཆེ་ཆུང་ཡུངས་དཀར་གྱི་འབྲུ་ཚད་ཙམ། ཁ་དོག་ལྔ་པ་ནི། དེ་བཞིན་གཤེགས་པ་ལྔའི་བདག་ཉིད་དུ་བྱས་ལ་བསྒོམ་མོ། །གང་དུ་ན་སྣའི་རྩེ་མོར་ཏེ་རང་གི་རྡོ་རྗེ་ཁར་རོ། །ཚུལ་ཇི་ལྟར་ན་སྒྲུབ་ཐབས་ལས་ཇི་སྐད་བཤད་པའི་ཆོ་གས་རྡོ་རྗེ་དང་པད་མ་འདུ་བྱས་པ་སྔོན་དུ་འགྲོ་བས་རང་གི་སེམས་ཀྱི་རིན་པོ་ཆེ་བརྟན་པར་བྱས་ནས། རྣལ་འབྱོར་པ་ཕྱག་རྒྱ་དང་སྙོམས་པར་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་ཡུངས་དཀར་གྱི་འབྲུ་ཚད་ཙམ་སྤྲོ་ཞིང་ཕྱུང་སྟེའོ། །ཇི་སྐད་བཤད་པའི་ཆོ་གས་སེམས་ཀྱི་རིན་པོ་ཆེ་བརྟན་པར་མ་གྱུར་པར་ཐིག་ལེ་ལ་ཡོངས་མི་སྤྲོའོ། །དེ་ལྟར་ཐིག་ལེའི་མཚན་མའི་སྤྲོ་བསྡུ་ལ་བྱང་བར་གྱུར་ནས། ཏིང་ངེ་འཛིན་གྱི་རྩལ་སྦྱང་བའི་ཕྱིར། ཐིག་ལེ་ཡོངས་སུ་གྱུར་པ་ལས་བྱུང་བའི་དཀྱིལ་འཁོར་པའི་ལྷ་རྣམས་བུ་དང་ཚ་བོ་ལ་སོགས་པའི་ཚུལ་དུ་སྤྲོ་སྟེ། བསྒོམ་པར་བྱའོ་ཞེས་སྟོན་པ་ནི། སངས་རྒྱས་འབར་བ་འདྲ་བའི་འོད། །ཅེས་སོགས་ཏེ། བཤད་པ་སྔ་མ་བཞིན་དུ་ཤེས་པར་བྱའོ། །གསུམ་པ་མཐར་ཐུག་ཏུ་བཤད་པས་རྫོགས་རིམ་པའི་ཕྲ་མོའི་རྣལ་འབྱོར་སྟོན་པ་ནི། རྟག་པར་ཏེ་ཉིན་མཚན་དུ་བསྒོམ་པར་བྱའོ་ཞེས་སྦྱར། སུ་ཞིག་གིས་ཞེ་ན། འོད་གསལ་མཐར་ཕྱིན་ནས་ཟུང་འཇུག་ལ་སློབ་པའི་རྣལ་འབྱོར་པ་ཡིའོ། །གང་ཞིག་ཅེ་ན། སངས་རྒྱས་ཀྱི་རིན་པོ་ཆེ་བསྐྱེད་པས་ན་རིན་པོ་ཆེ་སྟེ། རླུང་གི་འབྱུང་གནས་མི་ཤིགས་པར་གྲགས་པ་སྟེ། དེ་ནི་ཐིག་ལེའི་གཟུགས་ཅན་ཡིན་པས་ཡུངས་དཀར་གྱི་འབྲུ་ཚད་ཙམ་མོ། །མི་ཤིགས་པ་དེ་གང་ན་གནས་ཤེ་ན། སྣའི་རྩེ་མོར་ཏེ་སྙིང་ཁའི་པད་མའི་ལྟེ་བར་གནས་སོ། །མི་ཤིགས་པ་དེ་ལས་བྱུང་བའི་རླུང་ཁ་དོག་ལྔ་པོ་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་ནོ། །ཚུལ་ཇི་ལྟར་ཞེ་ན། ནན་ཏན་ཏུ་སྟེ། དེ་ལ་འབྲུ་གསུམ་དུ་ཞེན་པས་འཇུག་གནས་ལྡང་གསུམ་གྱི་རྒྱུ་བ་བགྲང་བའི་ཚུལ་གྱིས། བརྟན་པ་སྟེ་མི་ཤིགས་པ་ལས་བྱུང་བའི་རིན་ཆེན་ཏེ་ཁ་དོག་ལྔ་པའི་འོད་ཟེར་གྱི་ཚོགས་སྤྲོ་བར་བྱའོ། །འོ་ན་དེ་རྣལ་འབྱོར་པ་ཇི་ལྟ་བུ་ཞིག་གིས་བཟླས་པར་བྱ་ཞེ་ན། འོད་གསལ་གྱི་དེ་ཉིད་རྟོགས་ནས་ཟུང་འཇུག་ལ་གནས་པའི་སྒྲུབ་པ་པོས་བཟླས་པར་བྱ་ཡི། བརྟན་པར་མ་གྱུར་པས་ཏེ་འོད་གསལ་མ་རྟོགས་ཤིང་ཟུང་འཇུག་ལ་མི་གནས་པས་ནི་ཡོངས་མི་སྤྲོ་སྟེ་རྡོ་རྗེ་བཟླས་པའི་སྒོ་ནས་གཞན་དོན་མི་བྱའོ་ཞེས་པའོ། །སྤྲོ་བའི་ཆོ་ག་བསྟན་པ་ནི། སངས་རྒྱས་འབར་བའི་ཞེས་ཏེ། སངས་རྒྱས་འབར་བ་ནི་འོད་ཟེར་རྣམ་པའོ། །དེ་དང་འདྲ་བའི་འོད་ནི་དཀྱིལ་འཁོར་བཞི་སྟེ་གཡས་དང་། གཡོན་དང་། གཉིས་ཀ་དང་། དལ་གྱིས་རྒྱུ་བའི་དབྱེ་བས་མགོན་པོ་བཞིའི་བདག་ཉིད་ཀྱི་མཆོག་རབ་སྤྲིན་རྣམས་ཏེ། དཀྱིལ་འཁོར་ལ་སྤྲོས་པས་ནམ་མཁའི་ཁོངས་སུ་གཏོགས་པར་སྤྲོ་བར་བྱའོ་ཞེས་སོ། །གཞུང་ལྷག་མ་རྣམས་མཐར་ཐུག་ཏུ་བཤད་པ་མེད་དོ། །གསུམ་པ་དེ་དག་གི་དོན་གསལ་བར་བཤད་པ་ལ་གཉིས་ཏེ། དྲང་དོན་དུ་བཤད་པ་དང་། ངེས་དོན་དུ་བཤད་པའོ། །དང་པོ་ལ་གཉིས་ལས། ལྷ་རྣམས་བསྐྱེད་པའི་རིམ་པ་རྒྱས་པར་བསྟན་པ་ནི། རྣམ་པར་སྣང་མཛད་ཀྱི་ཟློས་པ་པོས་ནམ་མཁའི་དབྱིངས་ཀྱི་དབུས་གནས་པར་ཏེ། དེ་བཞིན་ཉིད་ལ་བྱང་ཆུབ་པ་སྔོན་དུ་འགྲོ་བས་ཟླ་བའི་དཀྱིལ་འཁོར་བྲི་བར་བྱ་ཞེས་པས། ཟླ་བ་ལས་བྱང་ཆུབ་པ་བསྒོམས་ནས། གསལ་བས་ཏེ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ས་བོན་ༀ་ལས་ཕྱག་མཚན་འཁོར་ལོའི་དཀྱིལ་འཁོར་ཏེ་འཁོར་ལོ་དཀར་པོ་བསམས་ཏེ། དེ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ། །པད་མ་བསྒོམས་པ་སྟེ་པད་མའི་རིགས་ཅན་གྱི་རྣལ་འབྱོར་པས། ཨ་ལས་པད་མ་དམར་པོ་འདབ་མ་བརྒྱད་པ་ཨས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་པད་མའི་དཀྱིལ་འཁོར་འདྲ་བ་སྟེ། པད་མ་རཱ་གའི་འོད་ཅན་གྱི་འོད་དཔག་ཏུ་མེད་པ་བསྒོམ་པར་བྱའོ། །རིན་ཆེན་བརྩོན་པས་ཏེ་རིན་འབྱུང་གི་རིགས་ཅན་གྱིས། སྭ་ལས་རིན་པོ་ཆེ། དེ་ཡོངས་སུ་གྱུར་པ་ལས་རིན་ཆེན་དཀྱིལ་འཁོར་འདྲ་བ་སྟེ་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་བསྒོམ་པར་བྱའོ། །དོན་གྲུབ་ཀྱི་རིགས་ཅན་གྱིས། ཧ་ལས་སྦྱོར་བའི་དཀྱིལ་འཁོར་ཏེ་སྣ་ཚོགས་རྡོ་རྗེ། དེ་ལས་བྱུང་བའི་དོན་ཡོད་གྲུབ་པ་ནམ་མཁའི་མདོག་འདྲ་བ་སྔོ་བསངས་བསྒོམ་པར་བྱའོ། །མི་བསྐྱོད་པའི་རྣལ་འབྱོར་པས་ནི། ༀ་ཨཱཿཧཱུྃ་ལས་རྡོ་རྗེ། དེ་ལས་བྱུང་བའི་སྐུ་དང་གསུང་དང་སྒྲུབ་པའི་དཀྱིལ་འཁོར་ནི་མི་བསྐྱོད་པ་སྟེ་དེ་བསྒོམ་པར་བྱའོ། །རྗེས་སུ་རྣལ་འབྱོར་དེ་དག་གང་གི་ཡིན་ཞེ་ན། རྗེས་སུ་རྣལ་འབྱོར་ལྔ་པོ་འདི་དག་སངས་རྒྱས་རབ་ཀྱི་མཆོག་སྟེ། དེ་བཞིན་གཤེགས་པ་ལྔའི་ཡིན་ལ། རྗེས་སུ་རྣལ་འབྱོར་དེའི་སྔོན་དུ་འགྲོ་བ་ནི། ཐམས་ཅད་མཁྱེན་པའི་ཚུལ་ཏེ་སྦྱོར་བ། དེ་བཞིན་ཉིད་དང་ཟླ་བ་ལས་བྱང་ཆུབ་པ་སྟེ། དེ་དག་རྗེས་སུ་རྣལ་འབྱོར་གྱི་སྔོན་དུ་འགྲོ་བའོ། །ལེའུའི་མཚན་དོན་ནི། རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ། །བཀོད་པ་ནི་དེ་དང་གང་དུ་འདུས་པ་མཛད་པ་སྟེ། དེ་ནི་རྡོ་རྗེ་བཀོད་པའི་ལེའུ་ཞེས་བྱའོ། །གཉིས་པ་ངེས་དོན་དུ་བཤད་པ་ལ་གསུམ་སྟེ། རྡོ་རྗེ་བཟླས་པ་རྒྱས་པར་བཤད་པ་དང་། ལེའུའི་མཚན་དོན་དང་། དེ་ཉིད་ལུང་གིས་བསྒྲུབ་པའོ། །དང་པོ་ནི། སྔར་ཕྲ་མོའི་རྣལ་འབྱོར་མཐར་ཐུག་ཏུ་བཤད་པའི་རླུང་གི་དེ་ཁོ་ན་ཉིད། འདིར་དཀྱིལ་འཁོར་བཞིའི་བདག་ཉིད་ཅན་གྱི་མགོན་པོ་བཞིའི་ངོ་བོ་ཉིད་དུ་སོ་སོར་ཕྱེ་ནས་གསལ་བར་འཆད་དོ། །དེ་ལ་བྲི་བར་བྱ་བ་སྟེ་ཤེས་པར་བྱའོ། །གང་ཞེ་ན། ནམ་མཁའི་དབྱིངས་ཏེ་འོད་གསལ་བའི་དབུས་སུ་གནས་པའི་ཟླ་བའི་དཀྱིལ་འཁོར་རླུང་གི་འབྱུང་གནས་མི་ཤིགས་པའི་ཐིག་ལེའོ། །གསལ་བའི་དཀྱིལ་འཁོར་ཏེ་འོད་གསལ་བའི་དབུས་ན་གནས་པའི་མི་ཤིགས་པ་ལས་བྱུང་བའི་འཁོར་ལོའི་དཀྱིལ་འཁོར་ཏེ། ཆུའི་དཀྱིལ་འཁོར་མི་བསྐྱོད་པའི་ངོ་བོ་ཉིད་ཁ་དོག་དཀར་ཞིང་དལ་བར་རྒྱུ་བ་དེ། བསྒོམ་པ་སྟེ་འབྱུང་བར་ཤེས་པར་བྱའོ། །པད་མའི་དཀྱིལ་འཁོར་འདྲ་བ་ནི་མེའི་དཀྱིལ་འཁོར་ཁ་དོག་དམར་པོ། །པད་མ་བསྒོམ་པ་སྟེ་འོད་དཔག་ཏུ་མེད་པའི་ངོ་བོ་ཉིད་གཡས་ནས་འབྱུང་བར་ཤེས་པར་བྱའོ། །རིན་ཆེན་དཀྱིལ་འཁོར་འདྲ་བ་ནི་དབང་ཆེན་གྱི་དཀྱིལ་འཁོར་ཁ་དོག་སེར་པོ། རིན་ཆེན་བརྩོན་པས་ཏེ་རིན་འབྱུང་གི་བདག་ཉིད་གཉིས་ཀ་ལས་འབྱུ ང་བར་ཤེས་པར་བྱའོ། །སྦྱོར་བའི་དཀྱིལ་འཁོར་ནི་རླུང་གི་དཀྱིལ་འཁོར་ཁ་དོག་ནག་པོ་ནམ་མཁའ་འདྲ་བ་སྟེ་དོན་ཡོད་གྲུབ་པའི་ངོ་བོ་ཉིད་གཡོན་པ་ནས་འབྱུང་བར་ཤེས་པར་བྱའོ། །དེ་ལྟ་བུའི་དཀྱིལ་འཁོར་བཞིའི་དགུ་བརྒྱ་པ་ཕྲག་རེ་རེ་རྒྱུ་བའི་དུས་སུ། ཟུང་འཇུག་པས་རྡོ་རྗེ་བཟླས་པའི་སྒོ་ནས་ཞི་སོགས་ཀྱི་ལས་བཞི་གྲུབ་བོ། །འོ་ན་དེ་ལྟ་བུའི་རྡོ་རྗེ་བཟླས་པ་དེས་རྟེན་གང་ལ་གནས་ཏེ་གདུལ་བྱའི་དོན་བྱེད་ཅེ་ན། རྡོ་རྗེ་བཟླས་པ་འདི་དག་སངས་རྒྱས་རབ་ཀྱི་མཆོག་ཏེ། ཟུང་འཇུག་གི་རྣལ་འབྱོར་སྐུ་དང་གསུང་དུ་གྲུབ་པ་སྟེ་སྐུ་གསུམ་དབྱེར་མེད་རྡོ་རྗེ་འཆང་ཆེན་པོའི་སྐུར་བསྐྱེད་ནས་གདུལ་བྱའི་དོན་བྱེད་དོ། །ཟུང་འཇུག་དེ་རྒྱུ་གང་ལས་བྱུང་བ་ཡིན་ཞེ་ན། དཀྱིལ་འཁོར་རྡོ་རྗེ་ལས་བྱུང་བ། །ཞེས་ཏེ། ཟུང་འཇུག་གི་དཀྱིལ་འཁོར་དེ་ནི་རྡོ་རྗེ་སྟེ་འོད་གསལ་བ་ལས་བྱུང་བ་སྟེ། འོད་གསལ་ལས་བཞེངས་ནས་བདེན་པ་གཉིས་ཀྱི་བདག་ཉིད་ཅན་གྱི་ལྷའི་དཀྱིལ་འཁོར་ཡིན་པར་ཤེས་པར་བྱའོ། །འོ་ན་ཟུང་འཇུག་ལ་བརྟེན་ནས་རྡོ་རྗེ་བཟླས་པ་བྱེད་པ་དེ་དགོས་པ་གང་གི་དོན་དུ་བྱེད་ཅེ་ན། ཐམས་ཅད་མཁྱེན་པའི་ཚུལ་ཐོབ་པ་སྟེ། ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འདོད་པ་རྣམས་ཀྱིས་བྱེད་དོ། །ལེའུའི་མཚན་དོན་ནི། རྡོ་རྗེ་ནི་ཡོངས་སུ་དག་པའི་ལྷའི་སྐུ། བཀོད་པ་ནི་ཚོགས་ཏེ། དེ་སྟོན་པའི་ཚིག་གི་ལེའུ་ལ་ཡང་དེ་སྐད་ཅེས་བྱའོ། །རྟེན་ཟུང་འཇུག་ལ་གནས་ནས་རྡོ་རྗེ་བཟླས་པ་བྱེད་པ་དེ་གང་ལས་ཤེས་ཞེ་ན། དེ་དགོངས་པ་ལུང་སྟོན་གྱི་ལུང་གིས་བསྒྲུབ་པ་ནི། ཐོག་མཐའ་མེད་པའི་རྣལ་འབྱོར་ལ། །ཕྲ་མོ་ཞེས་ནི་རབ་ཏུ་བརྟགས། །མི་གསལ་གསལ་བར་ཡང་དག་སྦྱོར། །དངོས་མེད་ངོ་བོ་ཉིད་ལས་བྱུང་། །རང་བཞིན་གྱིས་གྲུབ་དང་པོ་གཅིག །གཅིག་དང་དུ་མ་རྣམ་པར་སྤང་། །རྟེན་ཅིང་འབྲེལ་འབྱུང་ཆོས་སུ་གྲགས། །དངོས་པོ་ཀུན་གྱི་འབྱུང་གནས་གཅིག །བདག་ཉིད་འདི་ལྟར་བྱས་ནས་ནི། །ཆོས་ཀྱི་དཀྱིལ་འཁོར་བྲི་བར་བྱ། །དམར་དང་གནག་དང་དེ་བཞིན་སེར། །དཀར་པོ་ཉིད་དེ་མདོར་བསྡུས་པ། །བཞི་བཞི་ཡི་ནི་སྦྱོར་བ་ཡིས། །གོས་དཀར་ལ་སོགས་ལེགས་པར་བྲི། །དེ་ཡི་དབུས་སུ་རང་གི་ལྷ། །སྦྱོར་བ་བཞི་ཡི་གོ་འཕང་མཆོག །གོས་དཀར་ལ་སོགས་ཇི་བཞིན་དུ། །སྟེང་དང་གསེགས་དང་ཐད་ཀ་འོག །མེ་དང་རླུང་དང་དབང་ཆེན་དང་། །ཆུ་སྟེ་སོ་སོའི་དཀྱིལ་འཁོར་རོ། །ཞེས་སོགས་ཏེ། དེ་ལ་རྐང་པ་དང་པོ་གཉིས་ཀྱིས་ནི་ཟུང་འཇུག་གི་རྣལ་འབྱོར་ལ་གནས་ནས། རྡོ་རྗེའི་བཟླས་པ་བྱེད་པ་མདོར་བསྟན་ཏོ། །ལྷག་མ་རྣམས་ཀྱིས་རྒྱས་པར་འཆད་དེ། དེ་ཡང་རྐང་པ་དང་པོ་ནི། མི་གསལ་གསལ་བར་ཞེས་པ་ནས། འདི་ལྟར་བྱས་ནས་ནི་ཞེས་པའི་བར་གྱིས་འཆད་ལ། རྐང་པ་ཕྱི་མ། ཆོས་ཀྱི་དཀྱིལ་འཁོར་ཞེས་པ་མན་ཆད་ཀྱིས་འཆད་དོ། །གང་ལ་གནས་ནས་རྡོ་རྗེའི་བཟླས་པ་བྱེད་པའི་ཟུང་འཇུག་དེ་ཇི་ལྟ་བུ་ཞེ་ན། མི་གསལ་བ་ཀུན་རྫོབ་ཀྱི་བདེན་པ་དང་། གསལ་བ་དོན་དམ་པ འི་བདེན་པ་དག་གཉིས་སུ་མེད་པར་ཡང་དག་པར་སྦྱོར་བའི་ཡེ་ཤེས་ནི་ཟུང་འཇུག་ཡིན་ནོ། །དེ་རྒྱུ་གང་ལས་བྱུང་ཞེ་ན། དངོས་མེད་ངོ་བོ་ཉིད་དེ་འོད་གསལ་ལས་ཡང་དག་པར་བྱུང་ངོ་། །འོད་གསལ་དེའི་རང་བཞིན་ཇི་ལྟ་བུ་ཞེ་ན། དེ་ནི་གསར་དུ་རྒྱུ་རྐྱེན་གྱིས་བྱས་པ་མ་ཡིན་གྱི། དང་པོ་སྟེ་གདོད་མ་ནས་རང་བཞིན་གྱིས་གྲུབ་ཅིང་གནས་པ། དབྱེ་བ་མེད་པས་གཅིག་པུ། བདེན་པར་མ་གྲུབ་པས་ན། གཅིག་དང་དུ་མ་རྣམ་པར་སྤངས་པ། ཕྱི་ནང་གི་དངོས་པོ་ཀུན་དང་པོ་ཡང་དེ་ལས་བྱུང་ཞིང་། མཐར་ཡང་དེར་ཐིམ་པས་དངོས་པོ་ཀུན་གྱི་འབྱུང་གནས་གཅིག་པའོ། །དེ་ལྟ་བུའི་འོད་གསལ་དེ་ལས་ཟུང་འཇུག་གི་སྐུ་ཇི་ལྟར་འབྱུང་ཞེ་ན། འོད་གསལ་ལས་ལུགས་བཟློག་གི་སྣང་བ་གསུམ་འབྱུང་བ་ནི། རྟེན་ཅིང་འབྲེལ་འབྱུང་ཆོས་སུ་གྲགས་ཞེས་སོ། །ལུགས་བཟློག་གི་སྣང་བ་གསུམ་རླུང་དང་བཅས་པ་ལས་ཟུང་འཇུག་ཏུ་ལྡང་བ་ནི། བདག་ཉིད་དེ་ལྟར་བྱས་ནས་ནི། །ཞེས་སོ། །དེ་ལྟ་བུའི་མཚན་ཉིད་ཅན་གྱི་ཟུང་འཇུག་ལ་གནས་ནས་ཆོས་ཀྱི་དཀྱིལ་འཁོར་ཏེ་རླུང་དཀྱིལ་འཁོར་བཞིའི་བདག་ཉིད་ཀྱི་རྡོ་རྗེ་བཟླས་པ་བྱའོ། །དཀྱིལ་འཁོར་བཞི་པོ་དེ་གང་ཞེ་ན། མེ་དང་རླུང་དང་དབང་ཆེན་དང་། །ཆུ་སྟེ་སོ་སོའི་དཀྱིལ་འཁོར་རོ། །དེ་དག་གི་ཁ་དོག་ནི་གོ་རིམ་བཞིན་དུ། དམར་དང་གནག་དང་དེ་བཞིན་སེར། །དཀར་པོ་ཉིད་དེ་མདོར་བསྡུས་པའོ། །ཐབས་མགོན་པོ་བཞི་པོ་དེ་དག་རེ་རེ་ཡང་གོས་དཀར་མོ་ལ་སོགས་པ་ཤེས་རབ་ལྷ་མོ་བཞི་བཞིའི་སྦྱོར་བ་ཡིས་ལེགས་པར་བྲི་ཞིང་བསྒོམ་པར་བྱའོ། །དཀྱིལ་འཁོར་རེ་རེ་ལ་ཡང་ལྷ་མོ་བཞི་བཞི་ཚང་བར་རྒྱུ་ནི། གང་གི་སྒོ་ནས་ཐབས་མགོན་པོའི་རླུང་དུ་བཞག་ཅེ་ན། སྦྱོར་བ་བཞི་སྟེ་ལྷ་མོའི་རླུང་བཞི་པོ་དེའི་དབུས་སུ་རང་གི་ལྷ་སྟེ་མགོན་པོའི་རླུང་གོ་འཕང་མཆོག་སྟེ་རགས་པར་རྒྱུ་རིང་བར་རྒྱུ། འཁོར་རྣམས་ལ་དེའི་འོད་ཀྱིས་ཁྱབ་པར་རྒྱུ་བས། ཐབས་མགོན་པོའི་རླུང་དུ་བཞག་གོ །ལྷ་མོའི་རླུང་རྣམས་ཚུལ་ཇི་ལྟར་རྒྱུ་ཞེ་ན། གོས་དཀར་མོ་མེ་དང་། སྒྲོལ་མ་རླུང་དང་། སྤྱན་མ་ས་དང་། མཱ་མ་ཀི་ཆུ་སྟེ་གོ་རིམ་བཞིན་དུ། སྟེང་དང་། གསེགས་དང་། ཐད་ཀ་དང་། འོག་རྣམས་སུ་རྒྱུའོ། །དེ་དག་གི་དོན་རྒྱས་པར་ནི་ངག་དབེན་གྱི་སྐབས་སུ་བཤད་ཟིན་ཏོ། །ལེའུ་གསུམ་པའི་རྣམ་བཤད་དོ།། །།


previousགསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་གསུམ་པའི་རྣམ་བཤད།next