Nitartha Digital Library
Tibetan
རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གསུང་འབུམ།


   
   
   
   
གསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་བཞི་པའི་རྣམ་བཤད།
   
   
   
   
   
   
   
   
   
   
   
   
   


 
previousགསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་བཞི་པའི་རྣམ་བཤད།next

གསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་བཞི་པའི་རྣམ་བཤད།

ལེའུ་བཞི་པ་ལ་གཉིས་ཏེ། བསྡུས་དོན་དང་ཡན་ལག་གི་དོན་ནོ། །དང་པོ་ལ་གཉིས་ཀྱི། བརྗོད་བྱ་དོན་གྱི་བསྡུས་དོན་ནི། ལེའུ་འདིས། ཁྱད་པར་ཅན་གྱི་སློབ་མ་རྣམས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཕྱིར། གསོལ་གདབ་སྔོན་དུ་འགྲོ་བ་ཅན་གྱི་དཀྱིལ་འཁོར་གྱི་ཆོ་ག་སྟོན་ཅིང་། དེའང་དྲང་དོན་དུ་བཤད་པ་ནི། དཀྱིལ་འཁོར་གྱི་མཚན་དང་ཐིག་གདབ་པ་དང་། ཕྱག་རྒྱ་བགོད་པ་དང་། མཆོད་པ་ལ་སོགས་པ་དཀྱིལ་འཁོར་གྱི་ཆོ་ག་བསྟན་ལ། ངེས་དོན་དུ་བཤད་པས་ནི། ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་དཀྱིལ་འཁོར་སྐྱེད་བྱེད་ཀྱི་རྒྱུ་ལམ་དང་བཅས་པ་བཤད་དོ། །རྗོད་བྱེད་སྒྲའི་བསྡུས་དོན་ནི་གོ་སླའོ། །གཉིས་པ་ཡན་ལག་གི་དོན་ལ་གསུམ་སྟེ། བསྟོད་པ་སྔོན་དུ་འགྲོ་བས་གསོལ་བ་གདབ་པ་དང་། སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ་དང་། སྟོན་པའི་གསུང་གིས་དཀྱིལ་འཁོར་གྱི་ཆོ་ག་བསྟན་པའོ། །དང་པོ་ནི། ལེའུ་གསུམ་པ་རྫོགས་པའི་རྗེས་ཐོག་དེ་ནས། གསོལ་བ་བཏབ་བོ་ཞེས་སྦྱར། གང་ལ་ན་སྐུ་གསུང་ཐུགས་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོ་ལའོ། །སུ་ཞིག་གིས་ན། མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སོ། །གང་གིས་ན་འོག་ནས་འབྱུང་བའི་བསྟོད་པའི་རྒྱལ་པོ་འདིས་སོ། །དེ་ལ་ཐོག་མར་རིགས་ལྔའི་སྒོ་ནས་བསྟོད་པ་ནི། དེ་བཞིན་གཤེགས་པ་ཀུན་གྱི་བདག་ཉིད་མི་བསྐྱོད་པའི་རང་བཞིན་གྱི་རྡོ་རྗེ་འཆང་ཆེན་པོ་ཀྱེ་ཞེས་བོས་ནས། དཀྱིལ་འཁོར་དམ་པ་བཤད་དུ་གསོལ་ཞེས་སྦྱར་རོ། །དེ་བཞིན་དུ་གཞན་ལའང་ཤེས་པར་བྱའོ། །ཞི་བ་ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཉིད་ཀྱིས་སོ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་པ་ནི་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་ཉིད་ཀྱིས་སོ། །ཆོས་ཀུན་ཞེས་པ་ནི་འོད་དཔག་ཏུ་མེད་པའི་ངོ་བོ་ཉིད་ཀྱིས་སོ། །བདག་མེད་པའི་ཆོས་ཞེས་པ་ནི་དོན་ཡོད་གྲུབ་པའི་ངོ་བོ་ཉིད་ཀྱིས་བསྟོད་པའོ། །ཡང་རིགས་གསུམ་གྱི་སྒོ་ནས་བསྟོད་པ་ནི། ཀྱེ་ཀུན་ཏུ་བཟང་པོ་སྐུ་ཡི་མཆོག།ཅེས་བོས་ནས།དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་སྦྱར་རོ། །དཀྱིལ་འཁོར་ཇི་ལྟ་བུ་ཞེ་ན། འཆད་པར་འགྱུར་པའི་དཀྱིལ་འཁོར་གྱི་མཚན་དང་ལྡན་པ་མཚན་རྣམས་ཐམས་ཅད་ཡང་དག་རྫོགས་ཤིང་། ལྷག་ཆད་ཀྱི་ཉེས་པ་དང་བྲལ་བ་མཚན་མིན་ཐམས་ཅད་ཡང་དག་སྤངས་པའོ། །ཡང་ཀྱེ་ཀུན་ཏུ་བཟང་པོ་ཞེས་བོས་ནས། དཀྱིལ་འཁོར་ལས་བཤད་དུ་གསོལ་ཞེས་སྦྱར་རོ། །

ཀུན་ཏུ་བཟང་པོ་ཇི་ལྟ་བུ་ཞེ་ན། དོན་དམ་པའི་བདེན་པ་ལས་བྱུང་བས་ན་ཞི་བའི་ཆོས་ནི་མཆོག་ལས་བྱུང་བའོ། །རང་བཞིན་བརྒྱད་ཅུའི་རྣམ་རྟོག་རྣམས་རྣམ་པར་བྱང་ཆུབ་བསྒོམས་པས་སྦྱོང་བར་མཛད་པས་ན། ཡེ་ཤེས་སྤྱོད་པ་རྣམས་སྦྱོང་བའོ། །ངག་གི་དབང་ཕྱུག་བརྙེས་པས་ན་གསུང་གི་མཆོག་གོ །འདིས་ནི་གསུང་གི་སྒོ་ནས་བསྟོད་པའོ། །ཡང་ཀྱེ་ཀུན་ཏུ་བཟང་པོ་ཞེས་བོས་ནས། དཀྱིལ་འཁོར་དམ་པ་བཤད་དུ་གསོལ་ཞེས་སྦྱར་རོ། །

ཀུན་ཏུ་བཟང་པོ་ཇི་ལྟ་བུ་ཞེ་ན། སེམས་ཅན་ཀུན་གྱི་སེམས་ནི་གཉིས་སུ་མེད་པའི་རང་བཞིན་གྱི་རྡོ་རྗེ་ཡིན་པས་སེམས་ཆེན་པོ། འདོད་ཆགས་ལ་སོགས་པ་རྣམ་པར་དཔྱད་ན་དམིགས་སུ་མེད་པས་རང་བཞིན་གྱིས་དག་པའོ། །འདོད་ཆགས་ལ་སོགས་པའི་དྲི་མ་དང་བྲལ་བས་ན་དྲི་མ་མེད་པའོ། །དེ་ཉིད་ཀྱིས་ན་ཀུན་ཏུ་བཟང་པོའོ། །དེ་ལྟ་བུའི་རང་གི་ཐུགས་སོ་སོར་ཐུགས་སུ་ཆུད་པས་ན་ཐུགས་ཀྱི་མཆོག་གོ །སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པ་ཐོབ་པར་མཛད་པས་ན་ཁ་ལོ་སྒྱུར་བའོ། །འདིས་ཐུགས་ཀྱི་སྒོ་ནས་བསྟོད་པའོ། །གཉིས་པ་སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ་ནི། གསོལ་བ་བཏབ་པའི་རྗེས་ཐོག་དེ་ནས་བཤད་ཅེས་སྦྱར་ར། །གང་གིས་ན་གདུལ་བྱ་རྣམས་ལ་ཅི་རིགས་པར་རྗེས་སུ་སྟོན་པར་མཛད་པས་ན་སྟོན་པ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་འཛིན་པས་ན་རྡོ་རྗེ་འཛིན་པ། ས་འོག་ས་སྟེང་མཐོ་རིས་ཀྱི་ངོ་བོར་གྱུར་པས་ན་འཇིག་རྟེན་གསུམ་པ། འདོད་པའི་ཁམས་ལ་སོགས་པའི་ངོ་བོ་ཉིད་དུ་བཞུགས་པས་ན་ཁམས་གསུམ་པ། འཇིག་རྟེན་གསུམ་མཆོག་རྡོ་རྗེ་ནི་ཉན་རང་རྣམས་ཡིན་ལ། དེ་རྣམས་ཀྱི་མཆོག་ནི་གཙོ་བོར་གྱུར་པའོ། །འཇིག་རྟེན་གསུམ་མཆོག་ནི་ཚངས་པ་ལ་སོགས་པ་ཡིན་ལ། དེ་རྣམས་ལ་རྗེས་སུ་སྟོན་པར་མཛད་པ་རྡོ་རྗེ་འཆང་ཆེན་པོས་སོ། །གང་ཞེ་ན། དེ་བཞིན་གཤེགས་པ་ཀུན་གྱི་ཐུགས་ཀྱི་དཀྱིལ་འཁོར་རོ། །དཀྱིལ་འཁོར་དེ་ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པ་རྣམས་བཞུགས་པའི་གནས་སུ་གྱུར་པས་ན། དེ་བཞིན་གཤེགས་པ་ཀུན་གྱི་གནས་སོ། །སྙིང་པོ་ལེན་པས་ན་དཀྱིལ་འཁོར་ཞེས་བྱ་ལ། སྙིང་པོ་ལེན་པ་དེ་དང་རྣམ་པ་འདྲ་བས་ན་དཀྱིལ་འཁོར་རབ་འདྲ་བའོ། །ཡིད་དུ་འོང་བས་ན་ཉམས་དགའ་འོ། །གསུམ་པ་སྟོན་པའི་གསུང་གིས་དཀྱིལ་འཁོར་གྱི་ཆོ་ག་བཤད་པ་ལ་གཉིས་ཏེ། དྲང་དོན་བཤད་པ་དང་། ངེས་པའི་དོན་བཤད་པའོ། །དང་པོ་ལ་བཞི་སྟེ། དཀྱིལ་འཁོར་གྱི་མཚན་བསྟན་པ་དང་། ཐིག་གདབ་པ་དང་། ཕྱག་རྒྱ་བཀོད་པ་དང་། མཆོད་པའི་ཆོ་ག་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནི་དེའི་ཕྱིར་གྱི་དོན་ཡིན་པས། དེ་ལྟར་གསོལ་བ་འདེབས་པ་མཐོང་བ་ན། གང་གི་ཕྱིར་འདི་ནི་དད་པ་ལ་སོགས་པའི་ཡོན་ཏན་རྫོགས་པ་ཡིན་པ་དེའི་ཕྱིར་དཀྱིལ་འཁོར་རབ་ཏུ་བཤད་པར་བྱའོ་སྙམ་དུ་དགོངས་སོ། །དཀྱིལ་འཁོར་གང་ཞེ་ན། སེམས་གཙོ་བོར་གྱུར་པས་ན་ཐུགས་ཀྱི་དཀྱིལ་འཁོར་རོ། །རྡོ་རྗེའི་རིགས་གཙོ་བོ་ཡིན་པས་ན་མཆོག མི་བསྐྱོད་པ་དང་འདྲ་བར་བདུད་རྣམས་ཀྱིས་བསྐྱོད་པར་མི་ནུས་པས་ན་ཐུགས་ཀྱི་རྡོ་རྗེ་རབ་འདྲ་བའོ། །སྐུ་གསུང་ཐུགས་ཀྱི་སྙིང་པོ་ལེན་པས་ན་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དེའོ། །གཉིས་པ་ཐིག་གདབ་པ་ནི། ཐིག་གདབ་བོ་ཞེས་སྦྱར་ཏེ། དཀྱིལ་འཁོར་གྱི་སའི་ཆ་ཐིག་གིས་རྣམ་པར་བགོ་ཞེས་པའོ། །སུ་ཞིག་གིས་ཤེ་ན། ལུས་དང་ངག་སེམས་བསྒོམས་པས་ཏེ་མཉམ་པར་བཞག་པ། ལས་ཀྱི་ཆོ་ག་མཐོང་བའི་ཤེས་རབ་ཅན་གྱིས་སོ། །གང་གིས་གདབ་ཅེ་ན། དཀྱིལ་འཁོར་སྟོན་པས་ན་ཐིག་སྐུད། གཞན་དུ་མ་སྤྱད་པས་ན་གསར་པ། ཡང་དག་པར་སྦྲིལ་བས་ན་ལེགས་པ་བཀལ་བ། དཀྱིལ་འཁོར་གྱི་ཉིས་ལྡབ་ཏུ་ཡོད་པས་ན་ཚད་མ། ཚོན་སྣ་ལྔ་དང་ལྡན་པས་ན་རབ་ཏུ་མཛེས་པ་ཡིས་སོ། །དཀྱིལ་འཁོར་ཚད་ཇི་ཙམ་དུ་ཐིག་གིས་བགོ་ཞེ་ན། ཐུགས་ཀྱི་དཀྱིལ་འཁོར་དམ་པ་དེ་ངོས་རེ་རེ་ལ་ཁྲུ་གསུམ་གསུམ་སྟེ་ཁྲུ་ནི་བཅུ་གཉིས་ཚད་དུ་བྱའི་དེ་ལས་ཆུང་བར་མི་བྱའོ། །དབྱིབས་ཇི་ལྟ་བུར་བྱ་ཞེ་ན། ཕྱིའི་དཀྱིལ་འཁོར་གྱི་དབྱིབས་ནི་ངོས་བཞི་དང་གྲྭ་བཞིར་ལྡན་པ་ཤར་ལ་སོགས་པའི་སྒོ་བཞི་དང་ལྡན་པར་རབ་ཏུ་བརྟག་གོ །དེ་ལྟ་བུའི་ཕྱིའི་དཀྱིལ་འཁོར་དེའི་དབུས་སུ་འཁོར་ལོ་སྟེ་ནང་གི་དཀྱིལ་འཁོར་ཟླུམ་བུ་ལྟ་བུར་བྲི་བར་བྱའོ། །

གསུམ་པ་ཕྱག་རྒྱ་དགོད་པ་ནི། དེ་ལྟར་དཀྱིལ་འཁོར་བྲི་བ་རྫོགས་པའི་རྗེས་དེ་ནས་ས་སྦྱང་བ་ལ་སོགས་པ་ལས་ཀྱི་ཆོ་ག་ཉི་ཤུ་མཐོང་བའི་སློབ་དཔོན་གྱིས་ཆོས་ཀྱི་ཕྱག་རྒྱ་དང་། མཚན་མའི་ཕྱག་རྒྱ་དང་ཕྱག་རྒྱ་ཆེན་པོ་སྟེ། ཕྱག་རྒྱ་གསུམ་པོ་གདུལ་བྱའི་རྒྱུད་ལ་ལྟོས་ཏེ་ཅི་རིགས་པར་དགོད་པར་བྱའོ། །དེ་ལ་གདུལ་བྱ་དབང་པོ་རྣོན་པོ་ལ་ནི། ཡི་གེ་ཧཱུྃ་ལ་སོགས་པ་ས་བོན་འགོད་པ་ཆོས་ཀྱི་ཕྱག་རྒྱའོ། །དབང་པོ་འབྲིང་པོ་ལ་ནི་རྡོ་རྗེ་ལ་སོགས་པ་མཚན་མའི་ཕྱག་རྒྱའོ། །དབང་པོ་རྟུལཔོ་ལ་ནི་ལྷ་སྐུ་ཡོངས་སུ་རྫོགས་པར་འབྲི་བ་ཕྱག་རྒྱ་ཆེན་པོའོ། །དེ་ལ་ཉེ་བར་མཚོན་པའི་དོན་དུ། མཚན་མའི་ཕྱག་རྒྱ་བསྟན་པ་ནི། དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་འཆང་ཆེན་པོའི་མཚན་མ་རྡོ་རྗེ་བྲི་བར་བྱའོ། །ཇི་ལྟ་བུ་ཞེ་ན། ཨིནྡྲ་ནི་ལའི་ཁ་དོག་འདྲ་བ་འོད་ཟེར་འབར་བ་དབྱིབས་རྩེ་ལྔ་པ། ཞེ་སྡང་གི་དེ་ཁོ་ན་ཉིད་ཡིན་པས་འཇིགས་པ་ནི་བགེགས་རྣམས་ཡིན་ལ། དེ་དག་ཀྱང་རབ་ཏུ་འཇིགས་པར་བྱེད་པ་བྲིའོ། །ཤར་ཕྱོགས་སུ་རྣམ་སྣང་གི་མཚན་མ་འཁོར་ལོ་ཆེན་པོ་རྡོ་རྗེ་འབར་བ་སྟེ། འོད་ཟེར་ལྔས་རྣམ་པར་བརྒྱན་པ་བྲི་བར་བྱའོ། །ལྷོ་ཕྱོགས་སུ་རིན་འབྱུང་གི་མཚན་མ་རིན་ཆེན་ཆེན་པོ་འོད་ཟེར་མང་པོས་འཁྲིགས་པ་བྲི་བར་བྱའོ། །ནུབ་ཕྱོགས་སུ་འོད་དཔག་མེད་ཀྱི་མཚན་མ་པད་མ་ཆེན་པོ་འདབ་མ་བརྒྱད་པ་པདྨ་རཱ་གའི་ཁ་དོག་འདྲ་བ་བྲི་བར་བྱའོ། །བྱང་ཕྱོགས་སུ་ནི་དོན་གྲུབ་ཀྱི་མཚན་མ་རལ་གྲི་ཆེན་པོ་སྣ་ལྔའི་འོད་ཟེར་མང་པོ་རབ་ཏུ་འཁྲིགས་པ་བྲི་བར་བྱའོ། །ཤར་ཕྱོགས་ཀྱི་གྲྭར་ནི་སྤྱན་མའི་མཚན་མ་དབུས་གནག་ལ་མཐའ་དཀར་བའི་འོད་དང་ལྡན་པ་གང་ཡིན་པ་དེ་ནི། དབུས་ན་སྤྲིན་དང་འདྲ་བའི་འོད་ཅེས་བྱ་སྟེ། དེ་ལྟ་བུའི་སྤྱན་བྲི་བར་བྱའོ། །ལྷོ་ཕྱོགས་ཀྱི་གྲྭར་མཱ་མ་ཀི་ཕྱག་མཚན་རྡོ་རྗེ་བྲི་བར་བྱའོ། །མཱ་མ་ཀི་ནི་རིགས་གཉིས་འཛིན་པས་རིན་པོ་ཆེའི་རིགས་ལ་ལྟོས་པ་དེའི་ཚེ་རིན་པོ་ཆེ་ཡང་མཱ་མ་ཀིའི་ཕྱག་མཚན་དུ་འགྱུར་རོ། །ནུབ་ཕྱོགས་ཀྱི་གྲྭར་ནི་གོས་དཀར་མོའི་མཚན་མ་པད་མ་དམར་པོ་ཁ་བྱེ་བ་སྡོང་བུར་བཅས་པ་བྲི་བར་བྱའོ། །

བྱང་ཕྱོགས་ཀྱི་གྲྭར་ནི། སྒྲོལ་མའི་མཚན་མ་ཨུཏྤལ་མཛེས་པ་ཁ་དོག་མཐིང་ཀ་སྤྲིན་སྔོན་པོ་དང་འདྲ་བ་བྲི་བར་བྱའོ། །ཤར་ཕྱོགས་ཀྱི་སྒོར་ནི། གཤིན་རྗེ་གཤེད་ཀྱི་མཚན་མ་འོད་ཟེར་ལྔས་བརྒྱན་པའི་ཐོ་བ་འབར་བ་འོད་གསལ་བ་བྲི་བར་བྱའོ། །ལྷོ་ཕྱོགས་ཀྱི་སྒོར་ནི་ཤེས་རབ་མཐར་བྱེད་ཀྱི་མཚན་མ་རྡོ་རྗེ་འབར་བ་ལ་སོགས་པའི་འོད་བཟང་པོ་དང་ལྡན་པའི་བེ་ཅོན་བྲི་བར་བྱའོ། །ནུབ་ཕྱོགས་ཀྱི་སྒོར་ནི་པདྨ་མཐར་བྱེད་ཀྱི་མཚན་མ་རལ་གྲི་ལྟར་རྣོ་བའི་འོད་འཕྲོ་བའི་པདྨ་འབར་བ་འོད་བྱེད་པ་བྲི་བར་བྱའོ། །བྱང་ཕྱོགས་ཀྱི་སྒོར་ནི། རྡོ་རྗེ་འཁྱིལ་བ་རྡོ་རྗེའི་བེ་ཅོན་ཏེ་བདུད་རྩི་འཁྱིལ་བའི་མཚན་མ་སྣ་ཚོགས་རྡོ་རྗེ་བྲི་བར་བྱའོ། །

བཤད་མ་ཐག་པའི་དཀྱིལ་འཁོར་བྲི་བའི་ཆོ་ག་ཉེ་བར་སྡུད་པ་ནི། ཐུགས་ཀྱི་དཀྱིལ་འཁོར་དམ་པ་དེ། །ཞེས་པ་རྐང་པ་གཉིས་སོ། །ཕྱུང་བའི་དཀྱིལ་འཁོར་ལ་ལྷ་སུམ་ཅུ་རྩ་གཉིས་འགོད་པའི་རིགས་པས། བྲི་བའི་དཀྱིལ་འཁོར་དུ་ཡང་ལྷ་སུམ་ཅུ་རྩ་གཉིས་འགོད་པར་ཤེས་པར་བྱའོ། །བཞི་པ་མཆོད་པའི་ཆོ་ག་བསྟན་པ་ལ་གསུམ་གྱི། དང་པོ་ལུས་ལ་སོགས་པས་མཆོད་པའི་ཆོ་ག་བསྟན་པ་ནི། དེ་ལྟར་བྲིས་ཤིང་མཚན་མ་བཀོད་དེ། དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བསྒྲུབས་པའི་རྗེས་ལ། སྒྲུབ་པ་པོས་ལུས་དང་ངག་སེམས་མཆོད་པ་རྣམ་པ་གསུམ་གྱིས་ལྷའི་འཁོར་ལོ་ལ་ནན་ཏན་དུ་སྟེ་གུས་པ་དང་བཅས་པས་མཆོད་པར་བྱའོ། །གཉིས་པ་ནང་གི་མཆོད་པ་ནི། དེའི་རྗེས་སུ་སྒྲུབ་པ་པོས་མཉེས་པར་བྱ་ཞིང་རོལ་བར་བྱའོ་ཞེས་སྦྱར། གང་ལ་ཞེ་ན། སྨེ་ཤ་ཅན་གྱི་བུ་མོ་ལ་སོགས་པ་རང་གི་རིགས་ཀྱི་བུད་མེད་དོ། །ཇི་ལྟ་བུ་ཞེ་ན། གཟུགས་སྡུག་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པས་རབ་ཏུ་མདངས་བཟང་བ། ན་ཚོད་ལོ་གྲངས་བཅུ་དྲུག་ལོན་པ་དྲི་ད ང་མེ་ཏོག་གི་ཕྲེང་བ་དང་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པའོ། །གང་དུ་ན། དཀྱིལ་འཁོར་དེའི་དབུས་སུའོ། །ཚུལ་ཇི་ལྟར་རོལ་བར་བྱ་ཞེ་ན། ཇི་སྐད་བཤད་པའི་ཡོན་ཏན་གྱིས་སྐ་རགས་སུ་བྱས་པའི་བུ་མོ་དེ་མཱ་མ་ཀིར་བྱིན་གྱིས་བརླབས་ཏེ། ཐ་མལ་པའི་དངོས་པོ་བསལ་ལ་རིགས་ལྔས་བརྒྱན་པར་བྱས་ཏེའོ། །དེ་ནས་སངས་རྒྱས་ཞི་བའི་གནས་ཏེ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རྡོ་རྗེའི་ལམ་ནས་རྡོ་རྗེ་ཕྱི་རོལ་ཏུ་སྤྲོས་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་རྡུལ་ཕྲ་རབ་ལས་བསྒྲུབས་པའི་དེ་བཞིན་གཤེགས་པའི་ཚོགས་ཀྱིས་ནམ་མཁའི་དབྱིངས་ཁྱབ་པར་བརྒྱན་པར་བྱའོ། །གསུམ་པ་ལུས་ཀྱི་རྒྱུ་མཐུན་པས་མཆོད་པ་ནི། དེ་ལྟར་བྱང་ཆུབ་ཀྱི་སེམས་འབའ་ཞིག་གིས་མཆོད་པར་མ་ཟད་ཀྱི། བཤང་གཅི་ཁུ་བ་ཁྲག་ལ་སོགས་པ་བདུད་རྩི་ལྔ་རྣམས་ཀྱིས་ཀྱང་ལྷ་བཤོས་སུ་གྱུར་པས་དཀྱིལ་འཁོར་གྱི་ལྷ་རྣམས་ལ་དབུལ་བར་བྱ་ཞིང་། དེ་ཉིད་ཀྱིས་བདག་ཉིད་ཀྱང་ཚིམ་པར་བྱའོ། །དེ་ལ་འདིར་བདུད་རྩི་ལྔ་པ་ལ་མི་མཐུན་ཏེ། ཁ་ཅིག་རྡོ་རྗེའི་དྲི་མ་ལ་འདོད། ཁ་ཅིག་སྟེང་སྒོ་བདུན་གྱི་དྲི་མ་ལ་འདོད། ཁ་ཅིག་ངར་སྣབས་ལ་འདོད། ས་སྐྱ་པ་ཁ་ཅིག་ཀླད་པ་ལ་འདོད་དོ། ཁ་ཅིག་ཤ་ཆེན་ལ་འདོད་དོ། །ལུས་ཀྱི་རྒྱུ་མཐུན་གྱི་མཆོད་པ་དེ་ལྟར་བྱས་པའི་ཕན་ཡོན་ནི། སངས་རྒྱས་ནི་གཟུགས་ལ་སོགས་པའི་ཕུང་པོ་དང་། བྱང་ཆུབ་སེམས་དཔའ་ནི་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ཏེ། དེ་ལྟ་བུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གྲགས་པ་ཆེ་ཞིང་བཟང་པོ་ལ་སྤྱོད་པ་རྣམས་མཉེས་ཤིང་དགེ་བར་གྱུར་པས། འཇིག་རྟེན་གྱི་མིག་དགའ་བར་མཛད་པར་འགྱུར་རོ། །ངེས་དོན་དུ་བཤད་པ་ལ་གཉིས་ཏེ། བསྡུས་པའི་དོན་དང་། ཡན་ལག་གི་དོན་ནོ། །བསྡུས་པའི་དོན་ནི། རྡོ་རྗེ་ཚིག་དེ་རྣམས་ངེས་དོན་དུ་འཆད་པའི་བཤད་རྒྱུད་ཀྱི་ལུང་འདི་རྣམས་ཀྱིས་ཟུང་འཇུག་གི་དཀྱིལ་འཁོར་ཐོབ་བྱེད་ཀྱི་ཐབས་ལམ་དང་བཅས་པ་བསྟན་ཏེ། དེ་ཡང་དཀྱིལ་འཁོར་གྱི་མཚན་དང་། ཐིག་གདབ་པ་དང་། ཕྱག་རྒྱ་དགོད་པ་རྣམས་ཀྱིས་ཟུང་འཇུག་གི་མཚན་ཉིད་བཤད་ལ། ལུས་ལ་སོགས་པའི་མཆོད་པས་ནི། དབེན་གསུམ་སྔོན་དུ་འགྲོ་བའི་སྒྱུ་ལུས་བསྒོམ་པ་བསྟན་ཅིང་། བྱང་ཆུབ་ཀྱི་སེམས་ཀྱིས་མཆོད་པ་དང་། ལུས་ཀྱི་རྒྱུ་མཐུན་གྱིས་མཆོད་པས། འོད་གསལ་བསྒོམས་པས་ཟུང་འཇུག་ཐོབ་པར་བསྟན་ཏོ། །ཡན་ལག་གི་དོན་ལ་བཞི་སྟེ། དཀྱིལ་འཁོར་གྱི་མཚན་དང་། ཐིག་གདབ་པ་དང་། མཆོད་པ་ངེས་དོན་དུ་བཤད་པའོ། །དཀྱིལ་འཁོར་གྱི་མཚན་ངེས་དོན་དུ་བཤད་པ་ནི། དེ་ནས་ཐུགས་ཀྱི་དཀྱིལ་འཁོར་མཆོག ། རྡོ་རྗེ་ཡེ་ཤེས་རབ་འདྲ་བ། །སྐུ་དང་གསུང་དང་ཐུགས་རྣམས་ཀྱི། །དཀྱིལ་འཁོར་རབ་ཏུ་བཤད་པར་བྱ། །ཞེས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ཟུང་འཇུག་གི་སྐུ་དེ་ཉིད་མཆོག་གི་སྙིང་པོ་ལེན་པས་ན་ཐུགས་ཀྱི་དཀྱིལ་འཁོར་མཆོག་ཅེས་བྱ་ལ། དེ་ཅི་དང་འདྲ་ན། གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་མི་ཕྱེད་པས་ན་རྡོ་རྗེ་དང་འདྲ་བའོ། །

དེ་ལྟ་བུའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པའི་ཟུང་འཇུག་གི་དཀྱིལ་འཁོར་བཤད་པར་བྱའོ། །ཐིག་གདབ་པ་ངེས་དོན་དུ་བཤད་པ་ལ་གསུམ་སྟེ། འདེབས་བྱེད་ཐིག་སྐུད་ཀྱི་ངེས་དོན་དང་། དེས་བཏབ་པའི་ཐིག་གི་ངེས་དོན་དང་། ཐིག་གིས་བསྟན་པའི་དཀྱིལ་འཁོར་གྱི་ངེས་དོན་ནོ། །ཐིག་སྐུད་གསར་པ་ལེགས་བཀལ་བ། །ཞེས་སོགས་ཐིག་སྐུད་ཀྱི་ངེས་དོན་འཆད་པ་ནི། འདི་ནི་དགུ་ཡི་བདག་ཉིད་མཆོག ། ལེགས་སྦྲིལ་དེ་བཞིན་ཉིད་སྟོན་པའོ། །སྣ་ཚོགས་ལུང་གི་བརྡར་གྱུར་པ། །ཚད་མ་བཟང་པོར་དེ་བཤད་དོ། །ཀུན་རྫོབ་དང་ནི་དོན་དམ་དག །གཉིས་སུ་མེད་པར་མཛེས་པ་ཡིན། །ཞེས་ཏེ། ཐིག་སྐུད་གསར་པ་ཞེས་པ་གང་ལ་བྱ་ཞེ་ན། གསར་པའི་སྐད་དོད་ན་ཝ་ཞེས་པ་དགུ་ལ་ཡང འཇུག་པས། འདིར་གསུང་རབ་ཡན་ལག་དགུའི་བདག་ཉིད་ལ་ཐིག་སྐུད་གསར་པ་ཞེས་བྱ་ལ། དེ་ཉིད་བརྗོད་བྱ་བདེན་གཉིས་སྟོན་པས་ན་མཆོག་ག།ོ ལེགས་སྦྲིལ་ཞེས་པ། དེས་དེ་བཞིན་ཉིད་དོན་དམ་པའི་བདེན་པ་སྟོན་པས་དེ་སྐད་དོ། །ཚད་མ་ཞེས་པ་གསུང་རབ་དགུའི་ལུང་དེ་དག བརྗོད་བྱ་སྣ་ཚོགས་པ་ཀུན་རྫོབ་ཀྱི་བདེན་པ་སྟོན་པའི་བརྡར་གྱུར་པས་ན་ཚད་མ་ཞེས་བཤད་དོ། །མཛེས་པ་ཞེས་པ་དེ་དག་གིས་ཀུན་རྫོབ་དང་དོན་དམ་བདེན་པ་དག་གཉིས་སུ་མེད་པར་ཟུང་འཇུག་སྟོན་པས་ན་མཛེས་པ་ཡིན་ནོ། །ཐིག་གི་ངེས་དོན་ནི། གསུང་རབ་དགུའི་བདག་ཉིད་ཀྱི་ཐིག་སྐུད་ཀྱིས་བཏབ་པའི་ཐིག་དེ་གང་ཞེ་ན། ཤེས་རབ་འདི་ནི་ཐིག་ཡིན་ཏེ། །ཐབས་ནི་དེ་ཡི་རྗེས་འཇུག་པའོ། །ཞེས་ཏེ། ཤེས་རབ་དོན་དམ་པའི་བདེན་པ་འོད་གསལ་དང་། དོན་དམ་དེའི་རྗེས་སུ་འཇུག་པའི་ཐབས་ཀུན་རྫོབ་ཀྱི་བདེན་པ་གཉིས་དབྱེར་མེད་པ་འདི་ནི་གསུང་རབ་ཡན་ལག་དགུའི་ཐིག་སྐུད་ཀྱིས་བཏབ་པའི་ཐིག་ཡིན་ནོ། །དཀྱིལ་འཁོར་གྱི་ངེས་དོན་ནི་དེ་ལྟ་བུའི་ཐིག་དེས། དཀྱིལ་འཁོར་གང་ཞིག་སྟོན་ཞེ་ན། ཤེས་རབ་ཐབས་ཀྱི་ཐིག་ཅིག་གིས། །ཐུགས་ཀྱི་དཀྱིལ་འཁོར་ཐིག་གདབ་བྱ། །ཞེས་ཏེ། ཤེས་རབ་དོན་དམ་པ་དང་ཐབས་ཀུན་རྫོབ་ཀྱི་བདེན་པ་དབྱེར་མི་ཕྱེད་པའི་ཐིག་གཅིག་གིས་ཐུགས་ཀྱི་དཀྱིལ་འཁོར་ཐིག་གདབ་བྱ་སྟེ། ཐུགས་ཀྱི་དཀྱིལ་འཁོར་སྟོན་ཅེས་པའོ། །ཐུགས་ཀྱི་དཀྱིལ་འཁོར་ཇི་ལྟ་བུ་ཞེ་ན། ཆོས་དང་ལོངས་སྤྱོད་རྫོགས་པ་མཆོག །ཅེས་ཏེ། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ། མཆོག་སྤྲུལ་པའི་སྐུ་སྟེ། སྐུ་གསུམ་དབྱེར་མེད་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོ་ནི། བདེན་གཉིས་དབྱེར་མི་ཕྱེད་པའི་སྙིང་པོ་ལེན་པའམ་འཛིན་པས་ན། ཐུགས་ཀྱི་དཀྱིལ་འཁོར་ཞེས་བྱའོ། །བདེན་གཉིས་ཀྱི་ཐིག་དེས་བསྟན་པའི། ཁྲུ་ནི་བཅུ་གཉིས་ཚད་དུ་བྱ། །ཞེས་སོགས་ཀྱི་དཀྱིལ་འཁོར་གྱི་ངེས་དོན་བཤད་པ་ནི། རྟེན་འབྲེལ་ཡན་ལག་བཅུ་གཉིས་པ། །འཕགས་པའི་བདེན་བཞི་ངོས་བཞི་སྟེ། །ཚངས་པའི་གནས་བཞི་གྲྭ་བཞི་ཡིན། །བསྡུ་བའི་དངོས་གྲགས་སྒོ་ཡིན་ཏེ། །རེ་རེའང་བཞི་བཞིའི་མིང་ཅན་ནོ། །ཆོས་ཀྱི་དེ་ཉིད་དོན་གྱི་བརྡ། །འཁོར་ལོ་ནང་གི་དཀྱིལ་འཁོར་རོ། །ཞེས་ཏེ། ཟུང་འཇུག་གི་སྐུ་དེ་ཉིད་མ་རིག་པ་ལ་སོགས་པ་རྟེན་འབྲེལ་ཡན་ལག་བཅུ་གཉིས་རྣམ་པར་དག་པས་ཁྲུ་བཅུ་གཉིས་པའོ། །སྡུག་བསྔལ་ལ་སོགས་པ་འཕགས་པའི་བདེན་པ་བཞི་ཐུགས་སུ་ཆུད་པས་ན་ངོས་བཞི་པའོ། །བྱམས་པ་ལ་སོགས་པ་ཚངས་པའི་གནས་བཞིས་སེམས་ཅན་ཐམས་ཅད་ལ་མཉམ་པས་ན་གྲྭ་བཞི་པའོ། །སྦྱིན་པ་ལ་སོགས་པའི་བསྡུ་བའི་དངོས་པོ་བཞིས་སེམས་ཅན་རྣམས་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་སྡུད་ཅིང་འཇུག་པས་ན་སྒོ་བཞི་པའོ། །ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་གཉིས་སུ་མེད་པའི་ཡེ་ཤེས་གཅིག་གི་ངོ་བོར་བཟླུམས་པའི་བརྡར་ནང་གི་དཀྱིལ་འཁོར་ཟླུམ་པོའོ། །ཕྱག་རྒྱ་བཀོད་པ་ངེས་དོན་དུ་བཤད་པ་ལ་གསུམ་སྟེ། དེ་བཞིན་གཤེགས་པ་ལྔའི་ཕྱག་རྒྱ་དང་། ཡུམ་བཞིའི་ཕྱག་རྒྱ་དང་། སྒོ་བ་བཞིའི་ཕྱག་རྒྱ་ངེས་དོན་དུ་བཤད་པའོ། །དེ་ལ། དེ་དབུས་རྡོ་རྗེ་བྲི་བ་ནི། །ཨིནྜ་ནི་ལའི་ཁ་དོག་འདྲ། །ཞེས་སོགས་དེ་བཞིན་གཤེགས་པ་ལྔའི་ཕྱག་རྒྱ་ངེས་དོན་དུ་བཤད་པ་ནི། མི་ཕྱེད་ཡེ་ཤེས་མཚན་ཉིད་དེ། །རྡོ་རྗེ་ཨིནྜ་ནི་ལ་རྒྱ། །རྣམ་པ་ལྔ་རུ་ཕྱེ་སྟེ་བཤད། །རྩེ་མོ་འཁོར་བ་འཇིགས་བྱེད་དོ། །ཞེས་པས་དབུས་སུ་རྡོ་རྗེ་འབྲི་བའི་ངེས་དོན་བསྟན་ཏེ། ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་བདེན་གཉིས་དབྱེར་མི་ཕྱེད་པར་མཚོན་པ་ནི་དབུས་ཀྱི་རྡོ་རྗེའོ། །དེ་ཉིད་ལྡོག་པའི་སྒོ་ནས་མེ་ལོང་ལྟ་བུ་ལ་སོགས་པ་ལྔ་རུ་ཕྱེ་བ་ནི་རྡོ་རྗེ་དེ་ཉིད་རྭ་ལྔ་པའོ། །ཡེ་ཤེས་ལྔ་པོ་དེས་འཁོར་བའི་འཇིགས་པ་འཇིག་པར་བྱེད་པས་མཚོན་ཆའི་རྩེ་མོ་དང་འདྲ་བས་ན་རྩེ་མོའོ། །ཟུང་འཇུག་གི་ཡེ་ཤེས་དེ་ཉིད་གདོད་མ་ནས་ཉོན་མོངས་དང་རྣམ་རྟོག་དྲི་མས་མ་གོས་པས་རང་བཞིན་གྱིས་རྣམ་པར་དག་པའི་ཆ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན་ལ། དེ་མཚོན་པ་ནི་རྡོ་རྗེ་དེ་ཉིད་ཨིནྜ་ནི་ལའི་ཁ་དོག་འདྲ་བའོ། །ཟུང་འཇུག་གི་ཡེ་ཤེས་དེ་ནི་མེ་ལོང་ལ་གཟུགས་བརྙན་སྣང་བ་ལྟར་དངོས་པོ་མ་ལུས་པ་ཅིག་ཅར་ཡོངས་སུ་ཤེས་པའི་ཆ་ནས་མེ་ལོང་ཡེ་ཤེས་ཡིན་ལ། དེ་མཚོན་པ་ནི་ཤར་གྱི་འཁོར་ལོ་ཡིན་པས། མེ་ལོང་རང་བཞིན་ཤར་གནས་པའི། །འཁོར་ལོ་འབར་བས་རྣམ་པར་བརྒྱན། །ཅེས་སོ། །ཟུང་འཇུག་དེ་ཉིད་ཀྱིས་ཕྱི་ནང་གི་ཆོས་ཐམས་ཅད་སེམས་ཙམ་མོ་ཞེས་རོ་གཅིག་ཏུ་རྟོགས་པའི་ཆ་ནས་མཉམ་ཉིད་ཡེ་ཤེས་ཡིན་ལ། དེ་མཚོན་པ་ནི་ལྷོ་ཕྱོགས་ཀྱི་རིན་པོ་ཆེ་ཡིན་པས། མཉམ་ཉིད་ཡེ་ཤེས་ལྷོ་ཕྱོགས་སུ། །ཀུན་ཅིག་ཅེས་བྱའི་རིན་པོ་ཆེ། །ཞེས་སོ། །ཡེ་ཤེས་དེ་ཉིད་ཀྱིས་ཆོས་རྣམས་ཀྱི་ཆ་ཤས་པད་མའི་འདབ་མ་ལྟར་མ་འདྲེས་པར་སོ་སོར་རྟོག་པའི་ཆ་ནས་སོ་སོར་རྟོག་པའི་ཡེ་ཤེས་ཡིན་ལ། དེ་མཚོན་པ་ནི་ནུབ་ཀྱི་པད་མ་ཡིན་པས། སོ་སོར་རྟོག་པ་ནུབ་པད་མ། །པད་མ་རཱ་གའི་འོད་འདྲ་བ། །ཞེས་སོ། །ཡེ་ཤེས་དེ་ཉིད། རང་གཞན་གྱི་བྱ་བ་སྒོ་གསུམ་གྱི་ལས་རྫོགས་པར་བྱེད་པའི་ཆ་ནས། བྱ་བ་གྲུབ་པའི་ཡེ་ཤེས་ཡིན་ལ། དེ་མཚོན་པ་བྱང་གི་རལ་གྲི་ཡིན་པས། མཆོག་གི་ཐུགས་ནི་གང་ཡིན་པའི། །འགྲོ་བའི་རྣམ་རྟོག་འཇོམས་བྱེད་པ། །བྱ་བ་གྲུབ་པ་བྱང་ཕྱོགས་ཀྱི། །རལ་གྲི་འོད་ཟེར་འབར་འདྲའི་མདོག །ཅེས་སོ། །དེ་ལྟར་ན་ཤེས་རབ་དང་སྙིང་རྗེ་དབྱེར་མེད་པའི་ཟུང་འཇུག་གི་ཡེ་ཤེས་ཀྱི་ཤེས་རབ་ཀྱི་ཆ་ནི་དེ་བཞིན་གཤེགས་པ་ལྔའི་མཚན་མས་བསྟན་ལ། དབུས་ན་སྤྲིན་དང་འདྲ་བའི་འོད། །ཅེས་སོགས་ཡུམ་བཞིའི་ཕྱག་མཚན་གྱིས་སྙིང་རྗེ་ཚད་མེད་པ་བཞིར་ཕྱེ་ནས་སྟོན་ཏེ། དེ་ལ་སེམས་ཅན་བདེ་བ་དང་ལྡན་པར་འདོད་པའི་བྱམས་པ་ཚད་མེད་པ་མཚོན་པ་ནི། ཤར་ལྷོའི་སྤྱན་ཡིན་པས། སྤྲིན་སྔོན་དང་ནི་མཉམ་པའི་འོད། །ཤར་ལྷོའི་སྤྱན་ནི་བྱམས་པ་ཡིན། །ཞེས་སོ། །

སེམས་ཅན་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་ཚད་མེད་པ་མཚོན་པ་ནི། ལྷོ་ནུབ་ཀྱི་རྡོ་རྗེ་ཡིན་པས། མཱ་མ་ཀི་ཡི་རིགས་རྡོ་རྗེ། །ལྷོ་ནུབ་སྙིང་རྗེ་ཞེས་བྱའོ། །ཞེས་སོ། །སེམས་ཅན་བདེ་བ་དང་མི་འབྲལ་བར་འདོད་པའི་དགའ་བ་ཚད་མེད་པ་མཚོན་པ་ནི། ནུབ་བྱང་གི་པད་མ་ཡིན་པས། ནུབ་བྱང་སྡོང་བུ་དང་བཅས་པའི། །པད་མ་དགའ་བའི་ཡང་དག་གནས། །ཞེས་སོ། །སེམས་ཅན་ཐམས་ཅད་ལ་མཉམ་སྙོམས་པའི་བཏང་སྙོམས་ཚད་མེད་པ་མཚོན་པ་ནི། བྱང་ཤར་གྱི་ཨུཏྤལ་ཡིན་པས། བྱང་ཤར་ཨུཏྤལ་འོད་ཟེར་ནི། །སྔོ་དང་བཅས་པ་བཏང་སྙོམས་ཡིན། །ཞེས་སོ། །དེ་ལྟར་ན། ཟུང་འཇུག་གི་ཡེ་ཤེས་ཀྱི་ཤེས་རབ་དང་སྙིང་རྗེ་གཉིས་ནི། དེ་བཞིན་གཤེགས་པ་ལྔ་དང་ཡུམ་བཞིའི་མཚན་མས་བསྟན་ནས། དེ་དག་གིས་བསྡུ་བ་བཞིའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པའི་ཕྲིན་ལས། ཐོ་བ་འབར་བ་འོད་གསལ་བ། །ཞེས་སོགས་བསྒོ་བ་བཞིའི་མཚན་མས་སྟོན་ཅིང་། དེ་ལ་ཐོག་མར་གདུལ་བྱ་གདམས་ངག་གི་སྣོད་དུ་རུང་བར་བྱ་བའི་ཕྱིར་ཟང་ཟིང་གིས་བསྡུས་པའི་སྦྱིན་པ་མཚོན་པ་ནི། ཤར་སྒོའི་ཐོ་བ་ཡིན་པས། ཐོ་བ་མདངས་ལྡན་འོད་དང་བཅས། །དེ་བཞིན་ཤར་སྒོ་སྦྱིན་པ་སྟེ། །ཞེས་སོ། །སྦྱིན་པས་བསྡུས་པའི་གདུལ་བྱ་ལ་ཕར་ཕྱིན་དྲུག་གི་གཏམ་བརྗོད་པའི་སྙན་པར་སྨྲ་བ་མཚོན་པ་ནི། ལྷོ་སྒོའི་དབྱུག་པ་ཡིན་པས། དེ་བཞིན་སྙན་སྨྲ་ཞེས་བསྒྲགས་པ། །དབྱུག་པ་འོད་བཟང་རྡོ་རྗེ་འབར། །ཞེས་སོ། །དེ་ལྟར་སྙན་པར་སྨྲས་པའི་གདུལ་བྱ་རང་ལ་ཡིད་ཆེས་པར་བྱ་བའི་ཕྱིར་དུ། རང་ཉིད་ཕར་ཕྱིན་དྲུག་ཚུལ་བཞིན་བསྒྲུབས་པའི་དོན་སྤྱོད་མཚོན་པ་ནི་ནུབ་སྒོའི་པད་མ་ཡིན་པས། ནུབ་ཏུ་དོན་སྤྱོད་ཅེས་བྱ་བ། །རྟ་མགྲིན་གྱི་ནི་པད་མའོ། །ཞེས་སོ། །དེ་ལྟར་བདག་ལ་ཡིད་ཆེས་པའི་གདུལ་བྱ། ཕར་ཕྱིན་དྲུག་ལ་ཚུལ་བཞིན་དུ་སློབ་ཏུ་འཇུག་པའི་དོན་མཐུན་མཚོན་པ་ནི། བྱང་སྒོའི་རྡོ་རྗེ་ཡིན་པས། དོན་མཐུན་པ་ནི་རྡོ་རྗེ་སྟེ། །རྡོ་རྗེ་འཁྱིལ་བ་རྡོ་རྗེ་ཅན། །ཞེས་སོ། །དེ་དག་གི་དོན་བསྡུ་བ་ནི། ཕྱག་རྒྱ་བགོད་པའི་མཚན་ཉིད་དེ། །ལེགས་པར་བཤད་པ་འདི་ཡིན་ནོ། །ཞེས་སོ། །དེ་ལྟར། ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་ཟུང་འཇུག་དེའི་རྒྱུ། ལམ་བསྟན་པའི་ཕྱིར་དུ། མཆོད་པའི་ཆོ་ག་ངེས་དོན་དུ་བཤད་པ་ལ་གསུམ་སྟེ། ལུས་ལ་སོགས་པའི་མཆོད་པ་དང་། བྱང་ཆུབ་ཀྱི་སེམས་ཀྱི་མཆོད་པ་དང་། ལུས་ཀྱི་རྒྱུ་མཐུན་གྱི་མཆོད་པ་ངེས་དོན་དུ་བཤད་པའོ། །དེ་ལ། ལུས་དང་ངག་སེམས་མཆོད་པ་ཡི། །ཞེས་སོགས། ལུས་ལ་སོགས་པའི་མཆོད་པ་ངེས་དོན་དུ་བཤད་པ་ནི། ཇི་བཞིན་ཡང་དག་གནས་མཆོད་པ། །རྣམ་གསུམ་བསྒོམས་པས་འགྱུར་བ་ཡིན། །དང་པོར་ཆེན་པོ་ཡོད་པ་ཡི། །ཕྱག་རྒྱའི་དཀྱིལ་འཁོར་ཡིན་པར་བཤད། །ཅེས་ཏེ། ཟུང་འཇུག་གི་སྐུ་དེ་ཐོབ་པར་བྱེད་པའི་རྒྱུ་གང་ཞེ་ན། ཇི་བཞིན་ཡང་དག་གནས་པ་ནི་ཟུང་འཇུག་ཡིན་ལ། དེ་མཆོད་པ་སྟེ་མཉེས་པའམ། ཐོབ་པར་བྱེད་པའི་རྒྱུ་ནི་དབེན་པ་རྣམ་པ་གསུམ་བསྒོམས་པས་ཐོབ་པར་འགྱུར་བ་ཡིན་ཞེས་ཏེ། འདིས་དབེན་གསུམ་བསྟན་ཏོ། །ཆེན་པོ་ཡོད་པའི་ཕྱག་རྒྱ་ནི། ལྷ་སྐུ་ཕྱག་རྒྱ་ཆེན་པོ་སྒྱུ་མ་ལྟ་བུའི་སྐུ་ཡིན་པས། དེ་ཉིད་ཟུང་འཇུག་འོད་གསལ་གྱི་སྙིང་པོ་ལེན་པས་ན་དཀྱིལ་འཁོར་ཏེ། འོད་གསལ་གྱི་དང་པོར་སྒྱུ་ལུས་བསྒོམ་ཞེས་པའོ། །བུད་མེད་རབ་ཏུ་མདངས་བཟང་བ། །ཞེས་སོགས། བྱང་ཆུབ་ཀྱི་སེམས་ཀྱི་མཆོད་པ་ངེས་དོན་དུ་བཤད་པ་ནི། ནང་ལ་སོགས་པའི་དབྱེ་བ་ཡི། །སྟོང་ཉིད་ལོ་ནི་བཅུ་དྲུག་པ། །མ་སྐྱེས་ཞི་བ་གང་ཡིན་པ། །དེ་ནི་བུ་མོ་ཞེས་བྱར་བཤད། །ཞི་བའི་ཆོས་དང་ཉེར་ལྡན་པ། །མདངས་བཟང་འོད་ནི་ཡིན་པར་གསུངས། །རྟེན་འབྲེལ་བག་ཆགས་དྲི་ཡིན་ཏེ། །ཡེ་ཤེས་ཁ་བྱེ་མེ་ཏོག་གོ །དངོས་པོ་མེད་པ་རིགས་ཡིན་ཏེ། །ཀུན་མཁྱེན་ཡེ་ཤེས་དབུས་ཉིད་དོ། །ཆོས་ཀྱི་དབྱིངས་ཀྱི་བུ་མོ་ནི། །ཤེས་རབ་འདི་འདྲས་མཉེས་པར་བྱ། །ཞེས་ཏེ། དེ་ལ་འདིར། མཐའ་བཞི་ལས་མ་སྐྱེས་ཤིང་སྤྲོས་པ་ཉེ་བར་ཞི་བའི་རང་བཞིན་ཅན་གྱི་འོད་གསལ་དེ་ནི་བུ་མོ་ཞེས་བྱ་བར་བཤད་ལ། འོད་གསལ་དེ་ཉིད་ནང་ལ་སོགས་པ་ཆོས་ཅན་བཅུ་དྲུག་གི་དབྱེ་བས་སྟོང་ཉིད་བཅུ་དྲུག་གི་རང་བཞིན་ཡིན་པས་ན། ལོ་བཅུ་དྲུག་མའོ། །ཞི་བའི་ཆོས་ཟུང་འཇུག་གི་ཡེ་ཤེས་འབྲས་བུར་ཉེ་བར་ལྡན་པས་ན་མདངས་བཟང་བའོ། །འོད་གསལ་དེ་ལས་ལུགས་བཟློག་གི་སྣང་བ་གསུམ་རླུང་དང་བཅས་པ་ལས་ཡེ་ཤེས་ཀྱི་སྐུ་སྐྱེ་བའི་རྟེན་འབྲེལ་གྱི་བག་ཆགས་ནི་དྲི་ཡིན་ལ། འོད་གསལ་དེ་ཉིད་ཆོས་ཐམས་ཅད་ཀྱི་གནས་ལུགས་རྟོགས་པའི་ཡེ་ཤེས་ཀྱི་ཁ་བྱེ་བའི་རང་བཞིན་ཡིན་པས་ན་མེ་ཏོག་གོ །ཡོན་ཏན་གྱི་སྐད་དོད་གུ་ཎ་ཞེས་པ་རིགས་ལ་ཡང་འཇུག་པས། འོད་གསལ་དེ་ཉིད་བདེན་པའི་དངོས་པོར་མེད་པས་རིགས་སམ་ཡོན་ཏན་ནོ། །དེ་ལྟ་བུའི་མཚན་ཉིད་ཅན་གྱི་ཆོས་དབྱིངས་འོད་གསལ་གྱི་རང་བཞིན་གྱི་བུ་མོ་ནི། ཀུན་མཁྱེན་ཡེ་ཤེས་དབུས་ཉིད་དེ། །ཟུང་འཇུག་གི་ཡེ་ཤེས་ཐོབ་པའི་དོན་དུ་འོག་ནས་འབྱུང་བའི་ཤེས་རབ་འདི་འདྲས་མཉེས་ཤིང་རོལ་པར་བྱའོ། །འོད་གསལ་ལ་རོལ་བར་བྱེད་པའི་ཤེས་རབ་དེ་ཅི་འདྲ་ཞེ་ན། ནང་ན་མ་ཡིན་ཕྱི་ན་མིན། །གཉིས་ཀར་མ་ཡིན་གཞན་གནས་མིན། །གནས་མེད་གནས་པའི་རྣལ་འབྱོར་གྱུར། །དེ་བས་མཱ་མ་ཀིར་བཤད་དོ། །ཞེས་ཏེ། ཤེས་རབ་དེ་ཉིད་ནང་དབང་པོ་ལ་གནས་པ་མ་ཡིན། ཕྱི་རོལ་ཡུལ་ལ་གནས་པ་མ་ཡིན། གཉིས་ཀ་རྣམ་ཤེས་ལ་གནས་པ་མ་ཡིན། གཞན་ཕུང་པོ་ཁམས་དང་སྐྱེ་མཆེད་སོགས་ལ་ཡང་གནས་པ་མ་ཡིན། དེའི་ཕྱིར་གནས་པ་མེད་པའི་ཚུལ་གྱིས་ཆོས་རྣམས་ཀྱི་ཆོས་ཉིད་དུ་གནས་པའི་རྣལ་འབྱོར་དེ་ཉིད་འོད་གསལ་ལ་རོལ་བའི་ཤེས་རབ་ཡིན་ལ། དེ་ཉིད་ཆུ་ལ་ཆུ་བཞག་པ་བཞིན་དུ་འོད་གསལ་ཉིད་དང་དབྱེར་མེད་པས་ན་འོད་གསལ་དེ་ཉིད་མཱ་མ་ཀིར་ཡང་བཤད་དོ། །འོད་གསལ་དེ་ལ་ཅིའི་ཕྱིར་བྱིན་གྱིས་བརླབ་པ་ཞེ་ན། དེ་ཡི་ངོ་བོ་ཉིད་གཅིག་པ། །བྱིན་གྱིས་བརླབས་ཞེས་དེ་བཤད་དོ། །ཞེས་ཏེ། འོད་གསལ་དེའི་ངོ་བོ་ཉིད་ཆོས་ཐམས་ཅད་ལ་དབྱེར་མེད་ཅིང་རོ་གཅིག་པས་ན་བྱིན་གྱིས་བརླབས་པ་ཞེས་བཤད་དོ། །སངས་རྒྱས་ཞི་བའི་གནས་སྤྲོས་པས། །ཞེས་པ་འཆད་པ་ནི། ནམ་མཁའ་དང་ནི་གཅིག་ཏུ་གནས། །སངས་རྒྱས་ཞི་བའི་གནས་སུ་འགྱུར། །ཞེས་ཏེ། ནམ་མཁའ་དང་གཅིག་ཏུ་གནས་པ་ནི་འོད་གསལ་ཡིན་ལ། དེ་ཉིད་སངས་རྒྱས་ཞི་བ་སྟེ་ཟུང་འཇུག་གི་སྐུ་གནས་ཏེ་རྒྱུར་འགྱུར་ཞེས་པའོ། །བཤང་གཅི་ཁུ་བ་ཁྲག་ལ་སོགས། །ཞེས་སོགས་ལུས་ཀྱི་རྒྱུ་མཐུན་གྱི་མཆོད་པ་ངེས་དོན་དུ་བཤད་པ་ནི། དེ་ལ་ཡུམ་དུ་རྣམ་བརྟགས་པ། །སྡུད་པ་དག་ནི་བཤང་པ་ཡིན། །ཡེ་ཤེས་དབང་པོ་སྟོང་པ་གཅིན། །རྣམ་དག་ཆོས་ཉིད་ཁུ་བ་ཡིན། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁྲག །གང་ཞིག་ཆོས་སུ་ཡོངས་བརྟགས་པ། །དེ་ཉིད་ལྷ་རྣམས་ཞེས་བྱ་སྟེ། །དངོས་མེད་པ་ནི་འབུལ་བའོ། །ཞེས་ཏེ། དེ་ལ་བཤང་བའི་སྐད་དོད་བྷྀ་ན་ཡ་ཅེས་པའི་སྒྲ་ལས་དྲངས་ན། བྷི་ཤ་ཡ་ཤེས་པ་ཡུལ་ཡིན་ལ། གཅིན་གྱི་སྐད་དོད་ལུ་དྲ་ཡ། ཞེས་པའི་སྒྲ་ལས་དྲངས་ན་ཨིནྡྲ་ཞེས་པ་དབང་པོ་ཡིན་པས། གཟུགས་སོགས་ཡུལ་དང་། མིག་སོགས་དབང་པོར་རྣམ་པར་བརྟགས་པ་དག འོད་གསལ་དུ་སྡུད་ཅིང་ཐིམ་པ་ནི་བཤང་གཅི་འབུལ་བའོ། ཁུ་བའི་སྐད་དོད་ཤུ་ཏྲ་ཞེས་པའི་སྒྲ་ལས་དྲངས་ན། བྷི་ཤུད་དྷ་ཞེས་པ་རྣམ་པར་དག་པའི་ཆོས་ཉིད་ཡིན་ལ། ཁྲག་གི་སྐད་དོད་སོ་ནི་ཏ་ཞེས་པའི་སྒྲ་ལས་དྲངས་ན། སརྦ་ཛྙ་ན་ཞེས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ། རྣམ་པར་དག་པའི་ཆོས་ཉིད་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་བྱེད་པ་ནི་ཁུ་བ་དང་ཁྲག་འབུལ་བའོ། །

ལྷ་ལ་འབུལ་ཞེས་པའི་ལྷ་ནི། ཕུང་པོ་ཁམས་དང་སྐྱེ་མཆེད་སོགས་ཆོས་སུ་ཡོངས་སུ་བརྟགས་པ་རྣམས་ཡིན་ལ། དེ་རྣམས་བསམ་གཏན་གཉིས་ཀྱིས་དངོས་པོ་མེད་པར་བྱས་ནས། འོད་གསལ་དུ་བཅུག་པ་ནི་འབུལ་བའོ། །མཆོད་པའི་ཕན་ཡོན་བསྟན་པ་ནི། དེ་བྱས་སངས་རྒྱས་རྒྱལ་སྲས་རྣམས། ཁྱད་པར་དུ་ནི་མཉེས་པར་འགྱུར། །ཞེས་ཏེ་དེ་ལྟ་བུའི་མཆོད་པ་བྱས་ན་སངས་རྒྱས་དང་རྒྱལ་སྲས་རྣམས་མཉེས་པར་གྱུར་ཅིང་། བདག་ཉིད་ཀྱིས་ཀྱང་དེ་དག་གི་གོ་འཕང་ཐོབ་པར་འགྱུར་རོ། །གང་ཡང་འཇིག་རྟེན་གྱིས་བརྟགས་པ། །དེ་རྣམས་ཇི་སྐད་བཤད་པ་ཉིད། །ཅེས་པ། ལེའུ་བཞི་པ་འདིར། མི་བསྐྱོད་པའི་དཀྱིལ་འཁོར་གྱི་མཚན་དང་། ཐིག་དང་། ཕྱག་རྒྱ་དགོད་པ་དང་། མཆོད་པ་ལ་སོགས་པ་གང་ཡང་འཇིག་རྟེན་གྱི་ཐ་སྙད་བཏགས་པ་ལྟར་དྲང་དོན་དུ་བསྟན་པ་དེ་རྣམས་ངེས་དོན་དུ་བཤད་ན་ཇི་སྐད་བཤད་པ་བཞིན་དུ་ཟུང་འཇུག་གི་ཡེ་ཤེས་དང་། དེ་ཐོབ་བྱེད་ཀྱི་ལམ། དབེན་གསུམ་སྒྱུ་ལུས་འོད་གསལ་དང་བཅས་པ་བསྟན་པ་ཡིན་ནོ། །

ལེའུ་ཡི་མཚན་དོན་ནི། ཐུགས་རྡོ་རྗེ་བདག་པོར་གྱུར་པའི་དཀྱིིལ་འཁོར་ནི་ཐུགས་ཀྱི་དཀྱིལ་འཁོར་རོ། །དཀྱིལ་ནི་སྙིང་པོ་ཀུན་རྫོབ་ཀྱི་བདེན་པའོ། །འཁོར་ནི་དེ་ལེན་ཅིང་འཛིན་པ་སྟེ་དྲང་བའི་དོན་ནོ། །དཀྱིལ་ནི་སྙིང་པོ་སྟེ་དོན་དམ་པའི་བདེན་པའོ། །འཁོར་ནི་དེ་ལེན་ཅིང་འཛིན་པ་སྟེ་དྲང་བའི་དོན་ནོ། །དཀྱིལ་ནི་སྙིང་པོ་སྟེ་དོན་དམ་པའི་བདེན་པའོ། །འཁོར་ནི་དེ་ལན་ཅིང་འཛིན་པ་ཏེ་དོན་དམ་དེ་ཉིད་དཀྱིལ་འཁོར་ཡིན་པ་ཡང་། བཤད་པའི་རྒྱུད་ལས། ཡན་ལག་ཀུན་བསྒོམ་པས་འདས་ཤིང་། །རྟོག་དང་རྣམ་རྟོག་རྣམ་པར་སྤང་། །དགུག་བསྐྱེད་ཐིག་ལེ་ལས་འདས་པ། །འདི་ནི་དཀྱིལ་འཁོར་མཆོག་ཡིན་ནོ། །ཞེས་གསུངས་ཏེ། རྐང་པ་དང་པོས་ནི་བསྐྱེད་རིམ། ལུས་དབེན་སྒྱུ་ལུས་དང་བཅས་པ་ལྷའི་ཞལ་ཕྱག་གི་རྣམ་པ་ཅན་གྱི་བསྒོམ་པ་ལས་འདས་པར་བསྟན་ཏོ། །རྐང་པ་གཉིས་པས་ནི། སེམས་དབེན་གྱི་བསྒོམ་པ་ལས་འདས་པར་བསྟན་ཏོ། །རྐང་པ་གསུམ་པས་ནི། ངག་དབེན་གྱི་བསྒོམ་པ་ལས་འདས་པར་བསྟན་ཏོ། །རྐང་པ་བཞི་པས་ནི། འོད་གསལ་དེ་ཉིད་མཚན་བཅས་ཀྱི་བསྒོམ་པ་ཐམས་ཅད་ལས་འདས་པས་དཀྱིལ་འཁོར་གྱི་མཆོག་དོན་དམ་པའི་དཀྱིལ་འཁོར་ཡིན་ནོ་ཞེས་བསྟན་ཏེ་ངེས་པའི་དོན་ཏོ། །ལེའུ་བཞི་པའི་རྣམ་བཤད་དོ།། །།


previousགསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་བཞི་པའི་རྣམ་བཤད།next