Nitartha Digital Library
Tibetan
རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གསུང་འབུམ།


   
   
   
   
   
གསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་ལྔ་པའི་རྣམ་བཤད།
   
   
   
   
   
   
   
   
   
   
   
   


 
previousགསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་ལྔ་པའི་རྣམ་བཤད།next

གསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་ལྔ་པའི་རྣམ་བཤད།

ལེའུ་ལྔ་པ་ལ་གཉིས་ཏེ། བསྡུས་པའི་དོན་དང་། ཡན་ལག་གི་དོན་ཏོ། །བསྡུས་པའི་དོན་ལ། བརྗོད་བྱ་དོན་གྱི་བསྡུས་དོན་ནི། ལེའུ་འདིས་རིམ་པ་གཉིས་རྟོགས་ཤིང་དབང་བསྐུར་བ་ཐོབ་པས་ཀྱང་། སྤྱོད་པ་དང་བྲལ་བས་དངོས་གྲུབ་འགྲུབ་པར་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར། ལེའུའི་རྐེད་ནས་བརྗོད་བྱའི་གཙོ་བོ་སྤྱོད་པ་གསུམ་མདོར་བསྡུས་པའི་ཚུལ་གྱིས་སྟོན་ལ། ཞར་ལ་ལེའུའི་སྟོད་ནས་ཐེག་པའི་ཆེ་བ་དང་། སྨད་ནས་ཀླན་ཀ་ངན་པའི་རྩོད་པ་བཟློག་པ་དང་། རྨད་ཁྱེར་བའི་བསྟོད་པ་དང་བཅས་པ་སྟོན་ནོ། །རྗོད་བྱེད་སྒྲའི་བསྡུས་དོན་ནི་གོ་སླའོ། །ཡན་ལག་གི་དོན་ལ་གཉིས་ཏེ། སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ་དང་སྟོན་པའི་གསུང་གིས་ལེའུ་ལ་འཇུག་པའོ། །དང་པོ་ནི། ལེའུ་བཞི་པ་རྫོགས་པའི་རྗེས་དེ་ནས་བཀའ་བསྩལ་ཏོ་ཞེས་སྦྱར་རོ། །སུ་ཞིག་གིས་ཞེ་ན། དེ་བཞིན་གཤེགས་པ་ཀུན་གྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་འཆང་བསལ་ལོ། །དེའི་ཁྱད་པར་ནི་ཁམས་གསུམ་གྱི་བདག་པོ་ཡིན་པས་རྒྱལ་པོ། ས་འོག་ས་སྟེང་མཐོ་རིས་རྣམས་སུ་རྗེས་སུ་སྟོན་པར་མཛད་པས་ན་གནས་ཀྱི་དབང་ཕྱུག་གོ །ཁྱབ་འཇུག་དང་ལྷ་ཆེན་པོ་ལ་སོགས་པ་འཇིག་རྟེན་པའི་ལྷ་རྣམས་དང་། ཉན་ཐོས་ལ་སོགས་པ་འཇིག་རྟེན་ལས་འདས་པ་རྣམས་རྫུ་འཕྲུལ་ལ་སོགས་པ་ཟིལ་གྱིས་གནོན་པར་མཛད་པས་ན་ཀུན་གྱི་མཆོག་གིས་སོ། །གང་ཞིག་ཅེ་ན། སྤྲོས་བཅས་དང་། སྤྲོས་མེད་དང་། ཤིན་ཏུ་སྤྲོས་མེད་དེ། སྤྱོད་པ་གསུམ་གྱི་མཚན་ཉིད་དོ། །སྤྱོད་པ་དེ་དག་གི་ཁྱད་པར་ནི། རང་དང་གཞན་ཐམས་ཅད་ཀྱི་དོན་དུ་སྤྱོད་པས་ན་སྤྱོད་པ་ཀུན་དང་ཐར་པ་དང་ཐམས་ཅད་མཁྱེན་པ་འདོད་པ་རྣམས་ཀྱིས་དོན་ཏུ་གཉེར་བྱ་ཡིན་པས་ན་མཆོག་གི་ཆོས་ཀྱི་དོན་ནོ། །གཉིས་པ་སྟོན་པའི་གསུང་གིས་ལེའུ་ལ་འཇུག་པ་ལ་བཞི་སྟེ། ཐེག་པའི་ཆེ་བ་བསྟན་པ་དང་། སྤྱོད་པ་དངོས་བསྟན་པ་དང་། ཀླན་ཀ་ངན་པའི་རྩོད་པ་བཟློག་པ་དང་། རྨད་ཁྱེར་བའི་བསྟོད་པ་བསྟན་པའོ། །ཐེག་པའི་ཆེ་བ་བསྟན་པ་ནི། སྒྲུབ་པར་བྱེད་པ་སྟེ་བསྐྱེད་པ་བྱེད་དོ་ཞེས་སྦྱར་རོ། །གང་ཞེ་ན། དངོས་གྲུབ་རབ་མཆོག་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །གང་ཟག་གང་གིས་ཞེ་ན། རྣམ་པར་མི་རྟོག་པས་ན་ཟབ་མོ་དོན་དམ་པའི་བདེན་པ་དང་། དོན་ནི་རྒྱ་ཆེ་བ་ཀུན་རྫོབ་ཀྱི་བདེན་པ་སྟེ། དབྱེར་མི་ཕྱེད་པའི་ཚུལ་གྱིས་བསྒོམ་པའི་རྣལ་འབྱོར་པ། འདོད་ཆགས་ཞེ་སྡང་གཏི་མུག་རིགས་ཏེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་རྒྱུད་ཆེར་འཁྲུགས་པས་ཀྱང་ངོ་། །

ཐེག་པ་གང་ལ་བརྟེན་ནས་ཞེ་ན། ཐེག་པའི་མཆོག་ནི་བླ་ན་མེད་པ་རྡོ་རྗེའི་ཐེག་པ་འདི་ལ་བརྟེན་ནས་སོ། །འདིས་ནི། ཕ་རོལ་ཏུ་ཕྱིན་པའི་ཐེག་པར་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་འཇུག་པ་ཤས་ཆེ་བ་རྣམས་ཀྱིས་འབྲས་བུ་མི་ཐོབ་པར་བསྟན་ལ། སྔགས་ཀྱི་ཐེག་པར་ནི་ཐབས་ལ་མཁས་པའི་སྟོབས་ཀྱིས། འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་འཇུག་པ་ཤས་ཆེ་བས་ཀྱང་དངོས་གྲུབ་ཐོབ་པར་བསྟན་པས། ཐེག་པའི་ཆེ་བ་བསྟན་པ་ཡིན་ནོ། །ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ནི། བྲན་དང་ལྷམ་མཁན་ལ་སོགས་པ་སྐྱེ་གནས་དང་རིགས་ཀྱིས་སྨད་པ་རྣམས་དང་། དོལ་པ་དང་མཚམས་མེད་བྱེད་པ་ལ་སོགས་པ་སྡིག་ཅན་རྣམས་ཀྱིས་མི་འགྲུབ་པར་བསྟན་ལ། འདིར་ནི་རང་བཞིན་ཡོངས་སུ་ཤེས་པ་ཉིད་འཚང་རྒྱ་བའི་རྒྱུ་ཡིན་གྱིས་སྐྱེ་གནས་ལ་སོགས་པ་ནི་མ་ཡིན་པས་རིགས་ངན་ལ་སོགས་པ་དེ་དག་ཀྱང་སྔགས་ཀྱི་ཐེག་པ་འདིར་ཞུགས་ན་དངོས་གྲུབ་འགྲུབ་པར་འགྱུར་རོ་ཞེས་བསྟན་པའི་སྒོ་ནས་ཐེག་པའི་ཆེ་བ་སྟོན་པ་ནི། བྲན་ལ་སོགས་པ་རིགས་ངན་སྐྱེ་གནས་ཀྱིས་སྨད་པ་དང་། སྨྱིག་མ་མཁན་དང་ལྷམ་མཁན་ལ་སོགས་པ་ལས་ཀྱི་སྨད་པ་དང་། རླུབས་དང་འཕྲུལ་འཁོར་དང་མཚོན་དང་། རྒྱ་ལ་སོགས་པའི་སྒོ་ནས་སྲོག་ཆགས་གསོད་པ་དོན་དུ་གཉེར་བར་སེམས་པའི་སྡིག་ཅན་རྣམས་ཀྱང་། ཐེག་ཆེན་བླ་ན་མེད་པའི་ཐེག་མཆོག་རྡོ་རྗེའི་ཐེག་པ་འདི་ལ་ཞུགས་ན། དངོས་གྲུབ་འགྲུབ་པར་འགྱུར་རོ། །དེ་ལ་རྡོ་རྗེ་ཐེག་པ་ནི་ཆེན་པོ་བླ་ན་མེད་པའོ། །གང་ཟག་མཆོག་རིན་པོ་ཆེ་ལྟ་བུའི་གང་ཟག་རྣམས་འདི་ཉིད་ཀྱིས་འགྲོ་བས་ན་ཐེག་པའི་མཆོག་ཅེས་བྱའོ། །སེམས་ཅན་གང་ཕ་དང་མ་དང་དགྲ་བཅོམ་པ་གསོད་པ་དང་། སངས་རྒྱས་ཀྱི་སྐུ་འཇིག་པ་དང་། དམ་པའི་ཆོས་སྤོང་བ་སྟེ་འཆི་བའི་དུས་བྱས་མ་ཐག་དམྱལ་བར་ལྟུང་བར་འགྱུར་བ་མཚམས་མེད་པའི་ལས་བྱེད་པ་དང་། སོགས་པའི་སྒྲས་བསྡུས་པ་མཚམས་མེད་དང་། ཉེ་བ་དང་། སྡིག་པ་ཆེན་པོ་དགེ་སློང་གི་རྩ་བའི་ལྟུང་བ་བཞི་སྤྱོད་པ་རྣམས་ཀྱང་རྡོ་རྗེ་ཐེག་པའི་ཐེག་མཆོག་འདི་ལ་ཞུགས་ཏེ་བླ་མའི་དྲིན་གྱིས་རྫོགས་པའི་རིམ་པ་ཐོབ་ན་སངས་རྒྱས་འགྲུབ་པར་འགྱུར་ན། རིགས་ངན་ལ་སོགས་པ་གཞན་གྱིས་ལྟ་ཅི་སྨོས་ཞེས་པའོ། །དེ་ལྟར་སྐྱེ་བོ་སྡིག་ཅན་མ་ལུས་པ་རྣམ་པར་སྦྱོང་བ་ནི། རྡོ་རྗེ་ཐེག་པ་ཡིན་པས་འགའ་ཞིག་གལ་ཏེ། སློབ་དཔོན་ལ་འཁུ་བ་དང་སྨོད་པ་དག་ཀྱང་འགྲུབ་བམ་སྙམ་དུ་དོགས་ན་དེ་དགག་པ་ནི། དང་པོར་སློབ་དཔོན་ལ་བསྙེན་བཀུར་བྱས་ཏེ། ཐོས་པ་དང་བསམ་པའི་རིམ་གྱིས། རིམ་གཉིས་ཀྱི་དེ་ཁོ་ན་ཉིད་རྟོགས་ནས། ད་ནི་འདིས་ཅི་ཞིག་བྱ་སྙམ་ནས་སྒོ་གསུམ་གྱིས་བརྙས་པ་བྱེད་ཅིང་། སྙིང་ནས་སློབ་དཔོན་ལ་སྨོད་པར་བྱེད་པ་དེ་དག་སྡིག་ཅན་ཐམས་ཅད་གྲོལ་བར་བྱེད་པ་གསང་བ་འདུས་པ་ཉིད་ལ་ཞུགས་ཏེ་བསྒྲུབས་ཀྱང་དངོས་གྲུབ་འགྲུབ་པར་མི་འགྱུར་ན། ཐེག་པ་གཞན་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཇི་སྐད་དུ། དཔལ་སྒྱུ་འཕྲུལ་དྲ་བ་ལས་ཀྱང་། སློབ་དཔོན་སྨོད་པར་བྱེད་པ་དག །རྨི་ལམ་དུ་ཡང་མཐོ ང་མི་བྱ། །སློབ་དཔོན་སྨོད་པ་གང་ཡིན་དེ། །བགེགས་དང་ལོག་འདྲེན་རྣམས་ཀྱིས་གཟུང་། །ངན་པ་གཏུམ་པོའི་ལས་བྱེད་པ། །མཁས་པས་རྟག་ཏུ་སྤང་བར་བྱ། །ཞེས་གསུངས་སོ། །སྤྱོད་པའི་ཁྱད་པར་བསྟན་པ་ལ་གཉིས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་དགོངས་པའི་ཚིག་གིས་བསྟན་པ་དང་། སྤྱོད་པ་དངོས་བསྟན་པའོ། །དང་པོ་རྒྱུད་ལ་རང་དགར་འཇུག་པ་སྤང་བའི་ཕྱིར། འཇིག་རྟེན་དང་འགལ་བའི་ཚིག་གིས་གཉིས་སུ་མེད་པའི་ཡེ་ཤེས་སྟོན་པ་ནི། སྲོག་གཅོད་པ་ཡི་སེམས་ཅན་གང་། །ཞེས་སོགས་གསུངས་ཏེ། རྡོ་རྗེའི་ཚིག་འདི་དག་གི་དོན་བཤད་རྒྱུད་ཀྱིས་འཆད་པ་ནི། འདིར་སྲོག་གཅོད་པ་ཞེས་གང་ལ་བྱ་ཞེ་ན། དགོངས་པ་ལུང་སྟོན་ལས། གང་གི་ཕུང་སོགས་དངོས་མེད་པར། །ཞི་གནས་ལས་བྱུང་སེམས་ཀྱིས་བྱས། །དེ་ནི་སྲོག་གཅོད་བྱས་པ་སྟེ། །ཐེག་པ་མཆོག་ལ་གནས་པ་ཡིན། །ཞེས་ཏེ། སྒྱུ་ལུས་མཐར་ཕྱིན་པའི་རྣལ་འབྱོར་པ་གང་གིས། རང་གི་ཕུང་པོ་ལ་སོགས་པ་དངོས་པོ་མེད་པ་འོད་གསལ་དུ་བསམ་གཏན་གཉིས་གང་རུང་གི་ཞི་གནས་ལས་བྱུང་བའི་སེམས་ཀྱིས་བྱས་པ་དེ་ནི་སྲོག་གཅོད་བྱས་པ་སྟེ། ཐེག་པ་མཆོག་དོན་དམ་པའི་བདེན་པ་འོད་གསལ་ལ་གནས་པ་ཡིན་ནོ། །བརྫུན་དུ་སྨྲ་བ་གང་ལ་བྱ་ཞེ་ན། ནང་དང་དེ་བཞིན་ཕྱི་རོལ་དག། རྟེན་ཅིང་གཉིས་སུ་སྟོན་པ་ནི། །དེ་ནི་བརྫུན་སྨྲ་དགའ་བས་ཏེ། །གནས་མེད་ལ་གནས་རྣལ་འབྱོར་པའོ། །ཞེས་ཏེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་པ་ནང་གི་རྟེན་འབྲེལ་དང་། ས་བོན་ལས་མྱུ་གུ་ལ་སོགས་པ་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་བར་འབྱུང་བ་དང་། རྣམ་པ་གཉིས་པོ་རྒྱུ་རྐྱེན་ལས་བྱུང་བའི་ཕྱིར། སྒྱུ་མ་བཞིན་དུ་རྫུན་པའོ། །ཞེས་སྟོན་པ་དེ་ནི། བརྫུན་དུ་སྨྲ་བར་དགའ་བས་ཏེ། །དེ་ལྟར་ཆོས་ཐམས་ཅད་རྫུན་པ་སླུ་བའི་ཆོས་ཅན་དུ་རྟོགས་པ་དེ་ནི་གནས་པ་མེད་པའི་ཚུལ་གྱིས་གནས་པའི་རྣལ་འབྱོར་ཞེས་བྱའོ། །གཞན་གྱི་ནོར་ལ་ཆགས་པ་གང་ལ་བྱ་ཞེ་ན། རྫོགས་སངས་རྒྱས་ཀྱི་ཡེ་ཤེས་གང་། །དེ་ནི་རྗེས་སུ་ཤེས་བྱ་སྟེ། །དེ་འཕྲོག་དང་ཚུལ་གང་ཡིན་པ། །གཞན་གྱི་ནོར་ལ་ཆགས་པ་འདོད། །ཅེས་ཏེ། སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཡེ་ཤེས་རྣམས་ནི། གཞན་གྱི་རྫས་ཞེས་བྱ་ལ། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པ་ན་དེ་རང་སྟོབས་ཀྱིས་འཕྲོག་པའི་ཚུལ་གྱིས་ཐོབ་པ་གང་ཡིན་པ་དེ་ནི་གཞན་གྱི་ནོར་ལ་ཆགས་པ་ཞེས་བྱའོ། །འདོད་པ་སྤྱོད་པ་གང་ལ་བྱ་ཞེ་ན། གང་ཞིག་དེ་ཉིད་དངོས་གཅིག་པ། །དེ་བཞིན་ཉིད་ལ་རྟག་སྦྱོར་བ། །སེམས་ཅན་དེ་དེ་འདོད་ལ་དགའ། །སྒྲུབ་པ་མཆོག་ལ་དམ་པར་འགྱུར། །ཞེས་ཏེ། རྣལ་འབྱོར་པ་གང་ཞིག་དངོས་པོ་ཐམས་ཅད་རོ་གཅིག་པ་དེ་བཞིན་ཉིད་འོད་གསལ་ལ་རྟག་ཏུ་བློ་སྦྱོར་བ་དེ་ནི་འདོད་པ་ལ་དགའ་བ་ཞེས་བྱའོ། །བཤང་གཅི་ཟ་བ་གང་ལ་བྱ་ཞེ་ན། སྟོང་ཉིད་ཀྱིས་སྐྲག་གཏི་མུག་གི །ཡུལ་ནི་བཤང་བ་ཞེས་བསྒྲགས་ཏེ། །དབང་པོ་གཅི་བ་ཞེས་བྱ་ལ། །དེ་དག་ཞི་བ་བཟའ་བ་ཡིན། །ཞེས་ཏེ། སྟོང་པ་ཉིད་ཀྱིས་སྐྲག་པའི་གང་ཟག་ནི་གཏི་མུག་ཅན་ཡིན་ལ། དེས་གཟུགས་སོགས་ཡུལ་དུ་བརྟགས་པ་ནི་བཤང་བ་ཡིན་ཅིང་། མིག་སོགས་དབང་པོར་བརྟགས་པ་ནི་གཅི་བ་ཡིན་ལ། ཡུལ་དང་དབང་པོ་དེ་དག་སྟོང་པ་ཉིད་དུ་ཞི་བ་ནི་བཤང་གཅི་ཟ་བ་ཡིན་ནོ། །ཐེག་པ་ཆེན་པོའི་ཆོས་མཆོག་འདིར། །དེ་དག་སྒྲུབ་པའི་སྣོད་དུ་འགྱུར། །ཞེས་པ་གོང་དུ་བཤད་པ་དེ་དག་དང་ལྡན་ན་འོད་གསལ་རྟོགས་པར་འགྱུར་ཞེས་པའོ། །སྤྱོད་པ་དངོས་བསྟན་པ་ལ་གཉིས་ཏེ། སྤྱིའི་དོན་དང་། ཡན་ལག་གི་དོན་ནོ། །

སྤྱི་དོན་ལ་དྲུག་སྟེ། སྤྱོད་པ་རང་གི་ངོ་བོ་དང་། དབྱེ་བ་དང་། དུས་དང་། སྤྱོད་པ་ལ་བརྩད་པའི་སྐྱོན་སྤང་བ་དང་། སྤྱོད་པའི་ཕན་ཡོན་དང་། སྤྱོད་པ་ལ་བསླབ་པའི་ཚུལ་བསྟན་པའོ། །སྤྱོད་པའི་རང་གི་ངོ་བོ་ནི། རང་བཞིན་ཡོངས་སུ་ཤེས་པའི་ཚུལ་གྱིས། འདོད་ཡོན་ལྔ་ལ་ཅི་བདེར་སྤྱོད་པའོ། །དབྱེ་བ་ནི་གཉིས་ཏེ། འདོད་ཆགས་དང་བྲལ་བའི་སྤྱོད་པ་དང་། འདོད་ཆགས་དང་བཅས་པའི་སྤྱོད་པའོ། །འདོད་ཆགས་བྲལ་བའི་སྤྱོད་པ་ལ་གཉིས་ཏེ། དམན་པ་ཉན་ཐོས་ལ་སོགས་པའི་སྤྱོད་པ་ལུས་ངག་གདུང་ཞིང་དཀའ་ཐུབ་ཀྱི་སྤྱོད་པ་དང་། རྒྱ་ཆེ་བ་བྱང་ཆུབ་སེམས་པའི་སྤྱོད་པ་ས་དང་ཕ་རོལ་ཕྱིན་པའི་སྤྱོད་པའོ། །སྔ་མ་ནི་ལམ་རྣལ་མ་ཤེས་པར་བྱ་བའི་དོན་དུ་འདིར་ལམ་གྱི་གོལ་སར་བསྟན་པའོ། །འདོད་ཆགས་དང་བཅས་པའི་སྤྱོད་པ་ལ་གཉིས་ཏེ། སྔགས་ཀྱི་སྤྱོད་པ་དང་། མགོན་པོའི་ཀུན་ཏུ་སྤྱོད་པའོ། །སྔགས་ཀྱི་སྤྱོད་པ་ལ་གཉིས་ཏེ། ཐ་མལ་པའི་སྤྱོད་པ་དང་། རིགས་པ་བརྟུལ་ཞུགས་ཀྱི་སྤྱོད་པའོ། །ཐ་མལ་པའི་སྤྱོད་པ་ནི། དབང་བསྐུར་བ་ཐོབ་པ་ནས་བརྩམས་ཏེ། དངོས་གྲུབ་མ་ཐོབ་ཀྱི་བར་དུ་རྗེས་ཐོབ་ཀྱི་ཚེ་ཟས་ཟ་བ་དང་། འདོད་པ་ལ་ལོངས་སྤྱོད་པ་ལ་སོགས་པ་སྤྱོད་ལམ་གྱི་གནས་སྐབས་ཀུན་ལ་རང་བཞིན་ཡོངས་སུ་ཤེས་པའི་ཚུལ་གྱིས་སྤྱོད་པའོ། །རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་གསུམ་སྟེ། སྤྲོས་བཅས་དང་། སྤྲོས་མེད་དང་། ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པའོ། །དེ་རེ་རེ་ལ་ཡང་གསུམ་སྟེ། བྱ་བ་ལ་ལྟོས་པ་དང་། དུས་ལ་ལྟོས་པ་དང་། བསམ་པ་ལ་ལྟོས་པའོ། །བསམ་པ་ལ་གཉིས་ཏེ། འཇུག་པའི་བསམ་པ་དང་། བསྒོམ་པའི་བསམ་པའོ། །སྤྱོད་པའི་དུས་ནི་གསུམ་སྟེ། ཐ་མལ་པའི་སྤྱོད་པ་ནི། ཐ་མལ་པའི་གནས་སྐབས་ཐམས་ཅད་དུ་བྱེད་དོ། །རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པའི་དུས་ལ་གསུམ་སྟེ། ཐུན་མོང་གི་དངོས་གྲུབ་དོན་དུ་གཉེར་བའི་བསྐྱེད་རིམ་པ་ནི། བསྐྱེད་པའི་རིམ་པ་མཐར་ཕྱིན་ནས་བསླབ་པར་བྱའོ། །མཆོག་དོན་དུ་གཉེར་བ་རྣམས་ནི་སེམས་དབེན་མཐར་ཕྱིན་ནས་ཀུན་རྫོབ་ཀྱི་སྐབས་སུ་བྱེད་ལ། ཀུན་རྫོབ་ཀྱི་སྐབས་སུ་སྤྱོད་པ་མ་བྱས་པ་ནི། ཟུང་འཇུག་གི་སྐབས་སུ་བྱེད་དོ་ཞེས། སྔ་རབས་ཀྱི་བླ་མ་དག་གསུང་མོད། འོད་གསལ་མཐར་ཕྱིན་ནས་ཟུང་འཇུག་གི་སྐབས་སུ་བྱེད་པར་མངོན་ཏེ། སྤྱོད་བསྡུས་སུ། སྤྱོད་པ་གསུམ་པོ་མཐར་ཕྱིན་པའི་རྗེས་ཐོགས་ལ་ཐ་མལ་པའི་ལུས་སྤངས་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བཤད་པའི་ཕྱིར་རོ། །གསུམ་པ་མགོན་པོའི་སྤྱོད་པ་བྱེད་པའི་དུས་ནི་ཟུང་འཇུག་ཁོ་ནའི་སྐབས་སུ་བྱེད་དེ། གཞན་ལ་དེ་མི་སྐྱེ་བའི་ཕྱིར་རོ། །དེ་སྐད་དུ་ཡང་། ཟུང་འཇུག་གོ་འཕང་ལ་གནས་པ། །སློབ་བཞིན་པ་ཡི་རྣལ་འབྱོར་ཆེ།།ཟུང་འཇུག་མ་བསྒོམ་འགྱུར་བ་དང་། །སྤྱོད་པའང་དེ་དང་གཉིས་སུ་མེད། །ཅེས་གསུངས་སོ། །སྤྱོད་པ་ལ་བརྩད་པའི་སྐྱོན་སྤང་བ་ནི། །གཞན་དག་ན་རེ། འདོད་ཡོན་ལྔ་ལ་ལོངས་སྤྱོད་པས་གྲོལ་ན། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས། འདོད་པ་ནི་དུག་གི་ལོ་མ་ལྟ་བུའོ། །འདོད་པ་ནི་རལ་གྲིའི་སོ་ལྟ་བུའོ། །འདོད་པ་ནི་ཙམ་པ་ཀའི་མེ་ཏོག་ལྟ་བུའོ། །ཞེས་སོགས་འདོད་ཡོན་ལྔ་སྤང་བྱར་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། མདོ་གཞན་ལས་འདོད་ཡོན་ལྔ་བཀག་པ་ནི། གང་ཟག་དབང་པོ་དམན་པ་འདོད་ཡོན་ལྔའི་རང་བཞིན་ཡོངས་སུ་མི་ཤེས་པ་ཉན་ཐོས་སོགས་ལ་བཀག་པ་ཡིན་ལ། གང་ཟག་དང་དབང་པོ་རབ་འདོད་ཡོན་ལྔའི་རང་བཞིན་ཡོངས་སུ་ཤེས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་མ་བཀག་ཅིང་། སླར་ཡང་གནང་བ་ཡིན་ཏེ། འོད་སྲུང་གིས་ཞུས་པ་ལས། ཇི་ལྟར་གྲོང་ཁྱེར་སྐྱེ་བོའི་མི་གཙང་ལུད། །དེ་ནི་བུ་རམ་ཤིང་པའི་ཞིང་ལ་ཕན། །དེ་བཞིན་བྱང་ཆུབ་སེམས་དཔའི་ཉོན་མོངས་ལུད། །དེ་ནི་སངས་རྒྱས་ཆོས་བསྒྲུབ་བསྐྱེད་ལ་ཕན། །ཞེས་གསུངས་ཤིང་། རྡོ་རྗེ་ཕྲེང་བ་ལས་ཀྱང་། བཀག་པ་དག་ཀྱང་བྱེད་པས་ན། །བྱ་དང་བྱ་མིན་རྣམ་སྤངས་ཏེ། །པད་མ་ལ་ནི་འདམ་གྱིས་བཞིན། །ངོ་བོ་ཉིད་ཤེས་གོས་མི་འགྱུར། །ཞེས་གསུངས་སོ། །སྤྱོད་པའི་ཕན་ཡོན་ནི་གསུམ་སྟེ། འབྲས་བུའི་གནས་སྐབས་སུ་བདེ་བ་ཆེན་པོ་ཐོབ་པར་འགྱུར་བ་དང་། ཐ་མལ་པའི་ལུས་སྤོང་བར་འགྱུར་བ་དང་། མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་འགྱུར་བས་སོ། །འབྲས་བུའི་གནས་སྐབས་སུ་བདེ་བ་ཆེན་པོ་ཐོབ་པ་མ་གྱུར་པ་ཡང་། སྤྱོད་བསྡུས་ལས། བླ་ན་མེད་པའི་བདེ་བ་ཆེན་པོའི་འབྲས་བུ་ཐོབ་པར་བྱ་བ་ལ། སྒྲུབ་པ་གཞན་མེད་དོ། །དེའི་དོན་དུ་བཟའ་བ་དང་། གནས་ལ་སོགས་པའི་བདེ་བ་རྣམས་ཀྱིས་ཡོན་ཏན་གྱི་དབང་ཕྱུག་བརྒྱད་ལ་སོགས་པ་དང་ལྡན་པའི་ཐམས་ཅད་མཁྱེན་པ་མངོན་དུ་བྱེད་པར་འགྱུར་རོ། །ཞེས་གསུངས་སོ། །ཐ་མལ་པའི་ལུས་སྤོང་བ་ལ། རྡོ་རྗེ་ཕྲེང་བ་ལས། རང་བཞིན་སྣང་བའི་དབྱེ་ཤེས་ནས། །དེ་ནས་སྤྱོད་པ་རབ་ཏུ་བྱ། །ལས་ཀྱི་ལུས་ནི་ཡོངས་སྤངས་ནས། །རྡོ་རྗེའི་སྐུ་ནི་ཐོབ་པར་འགྱུར། །ཞེས་གསུངས་སོ། །དངོས་གྲུབ་ཐམས་ཅད་ཐོབ་པར་གྱུར་བ་ཡང་། ལེའུ་བདུན་པ་ལས། དཀའ་ཐུབ་དཀའ་སྤྱོད་མི་བཟད་པས། །བསྟན་ཀྱང་འགྲུབ་པར་མི་འགྱུར་གྱིས། །འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་། །བརྟེན་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་གསུངས་སོ། །སྤྱོད་པ་ལ་བསླབ་པར་བྱ་བའི་ཚུལ་ནི་གསུམ་སྟེ། ཐ་མལ་པའི་སྤྱོད་པ་དང་། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་། མགོན་པོའི་ཀུན་ཏུ་སྤྱོད་པ་ལ་བསླབ་པའི་ཚུལ་ལོ། །ཐ་མལ་པ་ལ་བསླབ་པའི་ཚུལ་ནི། ཟས་ལ་ལོངས་སྤྱོད་པའི་ཚེ་སྐུ་རྡོ་རྗེ་ཏིང་ངེ་འཛིན་གྱིས་ནང་གི་སྦྱིན་སྲེག་ཏུ་བྱ་བ་དང་། ཡུལ་གཞན་བཞི་ལ། རྡོ་རྗེ་འཆང་གི་ང་རྒྱལ་གྱིས་ལྷ་དང་། སེམས་དང་། སྟོང་པར་ཤེས་པར་བྱ་སྟེ། ལོངས་སྤྱད་པ་དང་། དབྱངས་ལེན་པ་དང་། མདོ་འདོན་པ་ལ་སོགས་པ་ངག་གི་བྱ་བ་ལ་རྡོ་རྗེ་ཆོས་ཀྱི་ང་རྒྱལ་གྱིས་བྱ་སྟེ། དེ་སྐད་དུ་ཡང་། སྐུ་ལ་རྡོ་རྗེ་ཁ་ཟས་ལ། །ཕྱི་རོལ་རྡོ་རྗེ་འཛིན་པ་དང་། །མདོ་འདོན་ཆོ་གའི་བྱ་བ་ལ། །རྟག་པར་རྡོ་རྗེ་ཆོས་སུ་བྱ། །ཞེས་གསུངས་སོ། །དེ་བཞིན་དུ་གཉིད་འོད་གསལ་དུ་ལོག་པ་དང་། ལྷ་མོའི་གླུས་བསྐུལ་ཏེ་སྒྱུ་མ་ལྟ་བུའི་སྐུར་ལྡང་བ་དང་། ཁྲུས་བྱེད་པ་ན་དབང་བསྐུར་བར་བསམ་པ་དང་། བླ་མ་ལས་གཞན་ལ་ཕྱག་འཚལ་བ་ན། ལུས་དང་ངག་ཙམ་གྱིས་བྱའི། །སེམས་གུས་པས་མི་བྱ་སྟེ། དེ་སྐད་དུ་ཡང་། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཉན་ཐོས་རང་རྒྱལ་དེ་བཞིན་ཏེ། །སྐུ་གསུང་ཐུགས་སུ་སྦྱོར་བ་ཡིས། །ཕྱག་འཚལ་ན་ནི་མ་རུང་འགྱུར། །ཞེས་གསུངས་སོ། །རིག་པ་བརྟུལ་ཞུགས་ཀྱི་བསླབ་པ་ལ་གསུམ་སྟེ། སྤྲོས་བཅས་དང་། སྤྲོས་མེད་དང་། ཤིན་ཏུ་སྤྲོས་མེད་ལ་བསླབ་པའི་ཚུལ་ལོ། །སྤྲོས་བཅས་ལ་བསླབ་པའི་ཚུལ་ལ་གཉིས་ཏེ། བསྐྱེད་རིམ་པ་དང་རྫོགས་རིམ་པའི་བསླབ་པའི་ཚུལ་ལོ། །བསྐྱེད་རིམ་པའི་བསླབ་པའི་ཚུལ་ལ་ལྔ་སྟེ། རྟེན་གྱི་གང་ཟག་དང་། ཚོགས་ཀྱི་དཀྱིལ་འཁོར་མངོན་པར་འདུ་བྱ་བའི་རིམ་པ་དང་། རྣལ་འབྱོར་གྱི་རིམ་པ་དང་། མཆོད་པའི་རིམ་པ་དང་། སྤྲོད་བཅས་ཀྱི་ངེས་ཚིག་བསྟན་པའོ། །རྟེན་གྱི་གང་ཟག་ནི། རྟོག་པའི་རྣལ་འབྱོར་མཐར་ཕྱིན་ཅིང ། ཐུན་མོང་གི་དངོས་གྲུབ་འདོད་ལ། ལོངས་སྤྱོད་ཆེ་ཞིང་ཤེས་རབ་ཆུང་བ། ན་སོ་གཞོན་པའོ། །ཚོགས་ཀྱི་དཀྱིལ་འཁོར་མངོན་པར་འདུ་བྱ་བ་ལ་བཞི་སྟེ། གནས་ཀྱི་མཚན་ཉིད་དང་། ཁང་པ་འདུ་བྱ་བ་དང་། ཡོ་བྱད་འགོད་པ་དང་། རྣལ་འབྱོར་ཕོ་མོ་ཆ་ལུགས་བསྒྱུར་ཞིང་མངོན་པར་འདུ་བྱ་བའོ། །གནས་ཀྱི་མཚན་ཉིད་ནི། བསྐྱེད་མོས་ཚལ་ལ་སོགས་པ་སྐྱེ་བོ་འདུ་བ་དང་བྲལ་བས་ཤིན་ཏུ་དབེན་པར་བྱ་སྟེ། བདེ་མཆོག་གི་རྒྱུད་ལས། བསྐྱེད་མོས་ཚལ་ལ་སོགས་པར་བསྒྲུབ། །ཅེས་གསུངས་སོ། །དེར་ཁང་པ་མངོན་པར་འདུ་བྱ་བ་ནི། དེར་འབྱོར་ན་སོ་ཕག་ལས་བྱས་པའི་ཁང་པ་གསུམ་རིམ་བྱ་བའམ་མ་འབྱོར་ན་སའི་ཁང་པ་བརྟན་པོ་བྱ། ཡང་ན་ས་ཕུག་སུམ་རིམ་དུ་བྱའོ། །ཡོ་བྱད་འགོད་པ་ནི། ཁང་པ་དང་པོར་གཡོས་མ་བཞག་ག།ོ གཉིས་པར་དུང་དང་། པི་ཝང་དང་། རོལ་མོ་ལ་སོགས་པ་མཆོད་པའི་ཡོ་བྱད་རྣམས་བཞག་པར་བྱའོ། ཁང་པ་གསུམ་པར་སྣ་ཚོགས་པད་མ་རས་ཀྱིས་གཡོགས་པ་ཉི་ཤུ་རྩ་གཅིག་འགོད་དོ། །དེར་རྣལ་འབྱོར་ཕོ་མོ་ཆ་ལུགས་བསྒྱུར་བ་ནི། སྟན་དེ་དག་ལ་རྣལ་འབྱོར་མ་ཉི་ཤུ་ཐམ་པ་བདེ་མཆོག་གི་རྣལ་འབྱོར་མའི་ཆ་ལུགས་སུ། གསེར་ལ་སོགས་པ་ཁམས་སམ། དུང་ལ་སོགས་པ་སྲོག་གམ། ཤིང་རྩ་བ་ལས་ལུགས་མའམ། འབུར་ལ་སོགས་པའི་ཆ་ལུགས་དང་ལྡན་པར་འགོད་དོ། །རྣལ་འབྱོར་མ་ཉི་ཤུ་མ་རྙེད་ན། ལྷན་ཅིག་སྤྱོད་པའི་རྣལ་འབྱོར་མ་བཞི་མོ་ལས་བྱ་ལ། གཞན་བཅུ་དྲུག་རྣལ་འབྱོར་པ་མོའི་ཆ་ལུགས་སུ་བྱའོ། །ཞེས་གསུང་ངོ་། །དེར་རྣལ་འབྱོར་གྱི་རིམ་པ་ནི། དང་པོར་སྲུང་བའི་འཁོར་ལོ་སྔོན་དུ་འགྲོ་བ་ཅན་གྱི། རྡོ་རྗེའི་སའི་ཆ་བསྐྱེད་དེ། དེའི་སྟེང་དུ་ཚོགས་ཀྱི་ཁང་པ་དེ་ཉིད་གཞལ་ཡས་ཁང་དུ་བསྐྱེད་ལ། དེར་ལྷག་མོས་སྔོན་དུ་འགྲོ་བས། རྣལ་འབྱོར་བཞིས་བདག་ཉིད་གཙོ་བོའི་སྐུར་བསྐྱེད་དེ། ལྷན་ཅིག་སྤྱོད་མ་བཞི་གང་རུང་རང་རིགས་ཀྱི་ཡུམ་དུ་བསྐྱེད་ཅིང་བྱིན་གྱིས་བརླབས་ཏེ། སྙོམས་པར་འཇུག་པ་ཡན་ཆད་དང་པོ་སྦྱོར་བའོ། །དེ་ནས་ཐིག་ལེ་ནས། ཆོ་ག་གསུམ་གྱིས་ལྷ་ཉི་ཤུ་རྩ་གཅིག་བསྐྱེད། སྤྲོས་བསྡུས། ཚོགས་རྣམས་ལ་བསྟིམས་ཏེ། རང་གི་གནས་སུ་འགོད་པ་ནི་དཀྱིལ་འཁོར་རྒྱལ་མཆོག་གོ །དེ་ནས་གཙོ་བོ་དོན་དམ་དུ་ཐིམ་པ་དང་། དེ་ལ་ལྷ་མོའི་གླུས་བསྐུལ་བ་དང་། དེའི་ངོར་མཛད་དེ་བཞེངས་པ་དང་། དེ་ལ་ལྷ་མོ་བཞིས། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ལ་སོགས་པས་བསྟོད་པ་ནི་ལས་རྒྱལ་མཆོག་གོ ། ཚོགས་ཀྱི་དཀྱིལ་འཁོར་མཆོད་པ་ལ་ལྔ་སྟེ། ཕྱི་དང་། ནང་དང་། གསང་བ་དང་། རོལ་མོ་རྒྱལ་བའི་མཆོད་པ་དང་། ཞར་ལ་སེམས་ཅན་སྨིན་ཅིང་གྲོལ་བའི་ལས་བསྒྲུབ་པའོ། །ཕྱིའི་མཆོད་པ་ནི། དྲི་སྔོན་དུ་འགྲོ་བའི། མེ་ཏོག་ལ་སོགས་པ་རྣམ་པ་ལྔའོ། །ནང་གི་མཆོད་པ་ནི། འཇུག་བསམ། བསྒོམ་བསམ་དང་ལྡན་པས། འདོད་ཡོན་ལྔ་ལ་ལོངས་སྤྱོད་པ་སྟེ། དེ་ལ་འཇུག་བསམ་ནི། འདོད་ཡོན་ལྔ་སྤྱོད་པའི་ཚེ་དབང་པོ་ཚིམ་ཚིམ་དུ་སྤྱོད་དོ་སྙམ་པའོ། །བསྒོམ་བསམ་ནི། འདོད་ཡོན་ལྔ་པོ་དེ་བཞིན་གཤེགས་པའམ། སྤྱན་ལ་སོགས་པའམ། གཟུགས་རྡོ་རྗེ་ལ་སོགས་པར་བསྒོམ་མོ། །དེ་ཡང་དང་པོར་དར་ལ་སོགས་པ་གཟུགས་ཀྱི་མཆོད་པ་བྱའོ། །དེའི་འོག་ཏུ་དུང་དང་པི་ཝང་ལ་སོགས་པ་སྒྲའི་མཆོད་པ་བྱའོ། །དེ་ནས་ཙནྡན་ལ་སོགས་པ་དྲིའི་མཆོད་པ་བྱའོ། །དེ་ནས་རོའི་མཆོད་པའི་ཚེ་བཟའ་བ་དང་། བཅའ་བ་དང་། བཏུང་བ་རྣམས་ཡི་གེ་གསུམ་གྱིས་སྦྱངས་ཏེ་དེ་ནས་ཁ་དང་། ལྐོག་མ་དང་། སྙིང་ཁ་རྣམས་སྦྱངས་ལ། ནང་གི་སྦྱིན་སྲེག་ཏུ་དབུལ་ལོ། །དེ་ནས་གསང་བའི་མཆོད་པ་བྱེད་པའི་ཚེ། ལྷན་ཅིག་སྤྱོད་མ་བཞི་ལས། འདོད་པའི་བསྟན་བཅོས་ལས་རབ་འབྱམས་ལ་མཁས་པ་ཅིག་བྱིན་གྱིས་བརླབས་ཏེ། པང་པར་བཞག་ནས། འདི་དང་ལྷན་ཅིག་ཕྱག་རྒྱ་ཆེན་པོ་བསྒྲུབ་པར་བྱའོ་སྙམ་དུ་བསམ་པ་བརྟན་པོ་བསྐྱེད་དེ། སེམས་སེང་གེ་དང་འདྲ་བར་དགོས་པ་དང་རྣམ་རྟོག་མེད་པར། འདོད་པའི་བསྟན་བཅོས་ལས། ཀ་ར་ནའི་སྦྱོར་བ་སྔོན་དུ་འགྲོ་བས། རང་རིགས་ཀྱི་སྐྱིལ་ཀྲུང་དང་ལྡན་པས། སྙོམས་པར་ཞུགས་པ་ལས། ལྷན་ཅིག་སྐྱེས་པའི་བདེ་བའི་རོ་མྱོང་བར་བྱའོ། །རོལ་མོ་རྒྱས་པའི་མཆོད་པ་ནི། རྣལ་འབྱོར་ཕོ་མོ་རྣམས་ཐུགས་གཞན་དུ་མི་འགྱུར་བར་བྱ་བའི་ཕྱིར་དང་། ཕན་ཚུན་རབ་ཏུ་དགའ་བར་བྱ་བའི་ཕྱིར། སངས་རྒྱས་ཀྱི་རོལ་པ་མཛད་པ་སྟེ། ཕྱག་དང་ཕྱག་གི་ལན་དང་། མཆོད་པ་དང་མཆོད་པའི་ལན་དང་། གླུ་དང་གླུའི་ལན་དང་། གར་དང་གར་གྱི་ལན་རྣམས་སྐྱེ་བོ་གཞན་གྱིས་མི་འཕྲིགས་པར་བྱ་བའི་ཕྱིར་དང་། ཐ་ མལ་པའི་ཐ་སྙད་སྤང་བར་བྱ་བའི་ཕྱིར། ལུས་དང་ངག་གི་བརྡ་དང་བཅས་པར་བྱའོ། །ཞར་ལ་སེམས་ཅན་སྨིན་ཅིང་གྲོལ་བའི་ལས་བསྒྲུབ་པ་ནི། གདུལ་བའི་དུས་ལ་བབ་ན། རྣམ་པར་སྣང་མཛད་དུ་སྤྲུལ་ཏེ། སྟོང་པ་མ་ཡིན་མི་སྟོང་མིན། །ཞེས་སོགས་མཐའ་ཐམས་ཅད་དང་བྲལ་བའི་ཆོས་བསྟན་པས་ཆད་པའི་མཐར་ལྷུང་བའི་ལྟ་བ་བཟློག་པ་དང་། གདུག་ཅིང་གདུལ་དཀའ་བ་སོགས་ལ། དཔལ་ཧེ་རུ་ཀ་ལ་སོགས་པའི་སྐུར་སྤྲུལ་ནས། གདུལ་བྱའི་དོན་བྱ་བའོ། །དེ་དག་ལ་ཅིའི་ཕྱིར་སྤྲོས་བཅས་ཀྱི་སྤྱོད་པ་ཞེས་བྱ་ཞེ་ན། བྱ་བ་དང་། དུས་དང་། བསམ་པ་ཐམས་ཅད་སྤྲོས་པ་དང་བཅས་པའི་ཕྱིར། སྤྲོས་བཅས་ཀྱི་སྤྱོད་པ་ཞེས་བྱའོ། །བྱ་བ་ནི། ཕོ་མོ་ཉི་ཤུ་དང་ལྷན་ཅིག་ཕྱག་དང་ཕྱག་གི་ལན་དང་། གར་དང་གར་གྱི་ལན་ལ་སོགས་པ་བྱེད་པས་བྱ་བ་མང་བའི་ཕྱིར་རོ། །དུས་ནི་ཟླ་བ་དྲུག་ལ་སོགས་པར་རྟག་ཏུ་བྱེད་པའི་ཕྱིར་རོ། །འཇུག་བསམ་ནི་དབང་པོ་ཚིམ་ཚིམ་དུ་སྤྱད་པར་བྱའོ་སྙམ་པས། ཐ་མལ་པ་དང་ཆ་འདྲ་བའི་ཕྱིར་རོ། །བསྒོམ་བསམ་ནི། ལྷའི་རྣམ་པར་བསྒོམས་པས་རགས་པའི་ཕྱིར་རོ། །དེ་དག་གིས་ནི་བསྐྱེད་རིམ་པའི་བསླབ་པའི་རིམ་པའོ། །རྫོགས་རིམ་པའི་བསླབ་པའི་རིམ་པ་ལ་གཉིས་ཏེ། ཀུན་རྫོབ་དང་། ཟུང་འཇུག་པའི་བསླབ་པའི་རིམ་པའོ། །དེ་གཉིས་ཀ་ལ་ལྔ་ལྔ་སྟེ། རྟེན་གྱི་གང་ཟག་དང་། ཚོགས་ཀྱི་དཀྱིལ་འཁོར་འདུ་བྱ་བའི་རིམ་པ་དང་། རྣལ་འབྱོར་གྱི་རིམ་པ་དང་། མཆོད་པའི་རིམ་པ་རྒྱས་པར་བྱ་བ་དང་། སྤྲོས་བཅས་ཀྱི་ངེས་ཚིག་བསྟན་པའོ། །རྟེན་གྱི་གང་ཟག་ནི། སྒྱུ་ལུས་མཐར་ཕྱིན་པ་དང་། འོད་གསལ་མཐར་ཕྱིན་ནས་ཟུང་འཇུག་ལ་གནས་པ། ཚེ་འདི་ཉིད་དུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འདོད་པ། ལོངས་སྤྱོད་ཆེ་ཞིང་། ཤེས་རབ་ཆུང་བ། ན་སོ་གཞོན་པའོ། །ཚོགས་ཀྱི་དཀྱིལ་འཁོར་འདུ་བྱ་བའི་རིམ་པ་ནི། སྔར་བསྐྱེད་རིམ་གྱི་སྐབས་དང་འདྲ་བར་ཤེས་པར་བྱའོ། །རྣལ་འབྱོར་རིམ་པ་ལ་གཉིས་ཏེ། སྒྱུ་ལུས་པའི་བྱ་བ་དང་། ཟུང་འཇུག་པའི་བྱ་བའི་རིམ་པའོ། །སྒྱུ་ལུས་པའི་བྱ་བའི་རིམ་པ་ནི། བསྐྱེད་རིམ་པ་དང་མཐུན་པར་བྱ་བའམ། ཡང་ན་རྫོགས་རིམ་པ་ཡིན་པས། ཟུང་འཇུག་གི་རྣལ་འབྱོར་གྱིས་བྱའོ། །ཟུང་འཇུག་པའི་བྱ་བའི་རིམ་པ་ནི། ཚོགས་ཀྱི་ཁང་པ་དེ་སྐད་ཅིག་གིས། རྡོ་རྗེའི་སའི་ཆ་ལ་གནས་པའི་གཞལ་ཡས་ཁང་དུ་བསྐྱེད་ལ། དེར་བདག་ཉིད་སྒྱུ་མ་ལྟ་བུའི་ལྷ་སྐུ་ཕྱག་རྒྱ་ཆེན་པོར་བསྐྱེད་དེ། དེ་བསམ་གཏན་གཉིས་གང་རུང་གིས་བཤིག་སྟེ། འོད་གསལ་མངོན་སུམ་དུ་བྱས་ནས། སླར་ཡང་རླུང་སེམས་ཙམ་ལས་གྲུབ་པའི་ཟུང་འཇུག་ལོངས་སྐུར་བཞེངས་ཏེ། སྤྲུལ་སྐུར་བསྒྱུར་བ་ནི་དང་པོའི་སྦྱོར་བའོ། །དེ་ནས་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་ཏེ། བདེ་བའི་སྣང་བ་ཙམ་ལས། ལྷ་མོ་ཉི་ཤུ་བསྐྱེད་དེ། ཚོགས་ལ་བསྟིམ་པ་ནི་དཀྱིལ་འཁོར་རྒྱལ་མཆོག་གོ །དེ་ནས་གཙོ་བོ་དོན་དམ་དུ་ཐིམ་པ་དང་། ལྷ་མོའི་གླུས་བསྐུལ་བ་དང་། དེའི་ངོར་བཞེངས་པ་དང་། དེ་ལ་མཆོད་ཅིང་བསྟོད་པ་ནི་ལས་རྒྱལ་མཆོག་གོ །ཚོགས་ཀྱི་མཆོད་པའི་རིམ་པ་ནི། འདིར་འཇུག་བསམ་དང་། བསྒོམ་བསམ་ཙམ་གྱིས་ཁྱད་པར་དུ་བྱས་པ་སྟེ། གཞན་རྣམས་ནི་སྔར་དང་འདྲ་བར་ཤེས་པར་བྱའོ། །སྒྱུ་ལུས་པའི་འཇུག་བསམ་ནི། ཏིང་ངེ་འཛིན་སྐྱེ་བ་དང་མཐུན་པའི་ཕྱིར་འདོད་ཡོན་ལྔ་སྤྱད་དོ་སྙམ་པའོ། །ཟུང་འཇུག་པའི་འཇུག་བསམ་ནི་ལུས་ལ་གཟིངས་དང་གྲུ་ཡི་བློ་བཞག་ནས་ལུས་གནས་པ་ཙམ་གྱི་དོན་དུ་སྤྱད་དོ་སྙམ་པའོ། །རྒྱུ་ལུས་པའི་བསྒོམ་བསམ་ནི། འདོད་ཡོན་ལྔ་རྣམ་པ་ལྔ་དང་། ངོ་བོ་སེམས་སྣང་བ་གསུམ་ཙམ་དུ་ཤེས་པར་བྱེད་ལ། ཟུང་འཇུག་པས་ནི། སེམས་དེའང་སྟོང་པ་འོད་གསལ་གྱི་ངོ་བོར་ཤེས་པར་བྱས་ནས་ལོངས་སྤྱོད་པའོ། །འདིས་སྤྲོས་བཅས་ཀྱི་ངེས་ཚིག་ནི། སྒྱུ་ལུས་པའི་བསམ་པ་སྤྲོས་མེད་དང་། ཟུང་འཇུག་པའི་བསམ་པ་ཤིན་ཏུ་སྤྲོས་མེད་ཡིན་ཡང་། དུས་དང་བྱ་བ་སྤྲོས་པ་དང་བཅས་པའི་ཕྱིར། སྤྲོས་བཅས་ཀྱི་སྤྱོད་པ་ཞེས་བྱའོ། །སྤྲོས་མེད་ཀྱི་སྤྱོད་པ་ལ་བསླབ་པའི་རིམ་པ་ལ་གཉིས་ཏེ། བསྐྱེད་རིམ་པ་དང་། རྫོགས་རིམ་པའོ། །

བསྐྱེད་རིམ་པའི་བསླབ་པ་ལ་ལྔ་སྟེ། རྟེན་གྱི་གང་ཟག་དང་། ཚོགས་འདུ་བའི་རིམ་པ་དང་། རྣལ་འབྱོར་གྱི་རིམ་པ་དང་། སྤྱོད་པའི་རིམ་པ་དང་། སྤྲོས་པ་མེད་པའི་སྤྱོད་པའི་ངེས་ཚིག་གོ །དེ་ལ་རྟེན་གྱི་གང་ཟག་ནི། གཞན་སྤྲོས་བཅས་དང་འདྲ་ལ། ལོངས་སྤྱོད་དང་ཤེས་རབ་དང་ན་ཚོད་འབྲིང་དུ་གནས་པའོ། །ཚོགས་འདུག་བྱ་བའི་རིམ་པ་ནི་བཞི་སྟེ། གནས་ཀྱི་མཚན་ཉིད་དང་། ཁང་པ་མངོན་པར་འདུ་བྱ་བའི་རིམ་པ་དང་། མཆོད་པ་བགོད་པའི་རིམ་པ་དང་། རྣལ་འབྱོར་ཕོ་མོ་འདུ་བྱ་བའི་རིམ་པའོ། །དེ་ལ་དང་པོ་གསུམ་ནི་སྤྲོས་བཅས་བཞིན་དུ་ཤེས་པར་བྱའོ། །རྣལ་འབྱོར་ཕོ་མོ་འདུ་བྱ་བ་ནི། སྤྲོས་མེད་དབང་པོ་འབྲིང་པོ་དེ་ཡང་རབ་འབྲིང་གསུམ་སྟེ། དེ་ལ་འབྲིང་པོའི་རབ་ཀྱིས་ཁང་པ་གསུམ་པར། བསྡུས་པའི་དཀྱིལ་འཁོར་ལྷ་སུམ་ཅུ་རྩ་གཉིས་ལྷ་མོ་དགུ་བུད་མེད་གཞན་རྣམས་སྐྱེས་པ་འགོད་དོ། །སུ་ཆ་ལུགས་བསྒྱུར་རོ། །འབྲིང་པོའི་འབྲིང་པོས་ཕྱག་རྒྱ་ལྔ་སྤྱན་མ་སོགས་བཞི་དང་རེག་རྡོ་རྗེ་མའོ། །པར་ཆ་ལུགས་བསྒྱུར་རོ། །འབྲིང་པོའི་ཐ་མས་ཕྱག་རྒྱ་གཅིག་རེག་རྡོ་རྗེ་མ་པར་ཆ་ལུགས་བསྒྱུར་ཞིང་འགོད་དོ། །རྣལ་འབྱོར་རིམ་པ་ནི། སྲུང་བའི་འཁོར་ལོ་སྔོན་དུ་འགྲོ་བས། དང་པོའི་སྦྱོར་བའི་རྗེས་ལ། ཕྱག་རྒྱ་དང་སྙོམས་པར་ཞུགས་ཏེ། ཐིག་ལེ་ལས་ཆོ་ག་གསུམ་གྱིས་ལྷ་སུམ་ཅུ་རྩ་གཉིས་བསྐྱེད་དེ། སྤྲོས། བསྡུས། ཚོགས་ལ་བསྟིམ་ཞིང་། རང་རང་གི་གནས་སུ་འགོད་པ་ནི་དཀྱིལ་འཁོར་རྒྱལ་མཆོག་གོ །ཚོགས་ལ་མང་ཉུང་ཡོད་ཀྱང་ཏིང་ངེ་འཛིན་ལ་མང་ཉུང་མེད་པར་བཞེད་དོ། །དེ་ནས་གཙོ་བོ་འོད་གསལ་དུ་ཐིམ་པ་དང་། ལྷ་མོའི་གླུས་བསྐུལ་བ་དང་། བཞེངས་པ་ལ་བསྟོད་པ་བྱ་བའི་བར་ནི་ལས་རྒྱལ་མཆོག་གོ །མཆོད་པས་ཕྱེ་པས་རིམ་པ་ནི་གསུམ་སྟེ། དེ་ལ་ཕྱིའི་མཆོད་པ་ནི་དང་པོ་དྲི་སྔོན་དུ་འགྲོ་བའི་མེ་ཏོག་ལ་སོགས་པ་ལྔའི་མཆོད་པ་བྱའོ། །ནང་གི་མཆོད་པ་ནི། འདིར་བྱ་བ་སྤྲོས་མེད་དུ་འདུག་ཀྱང་འཇུག་བསམ་སྒོམ་གསུམ་སྤྲོས་པས་བྱེད་དོ། །འཇུག་བསམ་དབང་པོ་ཚིམ་ཚིམ་དང་། བསྒོམ་བསམ་ལྷར་ཤེས་པར་བྱའོ། །གསང་བའི་མཆོད་པ་ནི། ཡུལ་ལྔ་པ་ལྷན་ཅིག་སྐྱེས་པའི་བདེ་བས་ཚིམ་པར་བྱའོ། །ངེས་ཚིག་ནི། བསྐྱེད་རིམ་པས་བསམ་པ་སྤྲོས་བཅས་སུ་འདུག་ཀྱང་། དུས་དང་བྱ་བ་སྤྲོས་མེད་ཡིན་པའི་ཕྱིར་ན་སྤྲོས་མེད་ཅེས་བྱའོ། །རྫོགས་རིམ་པས་སྤྲོས་མེད་ཀྱི་སྤྱོད་པ་ལ་བསླབ་པ་ལ་ལྔ་སྟེ། རྟེན་གྱི་གང་ཟག་དང་། ཚོགས་འདུ་བྱ་བ་དང་། རྣལ་འབྱོར་གྱི་རིམ་པ་དང་། མཆོད་པའི་རིམ་པ་དང་། ངེས་ཚིག་གོ །དང་པོ་བཞི་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །ངེས་ཚིག་ནི། སྒྱུ་ལུས་པས་བྱ་བ་དང་། དུས་དང་བསམ་པ་གསུམ་ཀར་སྤྲོས་མེད་ཡིན་ལ། ཟུང་འཇུག་པས་བསམ་པ་ཤིན་ཏུ་སྤྲོས་མེད་ཡིན་ཀྱང་། བྱ་བ་སྤྲོས་མེད་ཡིན་པས་ན་སྤྲོས་མེད་ཅེས་བྱའོ། །ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ལ་བསླབ་པའི་ཚུལ་ལ་ལྔ་སྟེ། རྟེན་གྱི་གང་ཟག་དང་། གནས་ཀྱི་མཚན་ཉིད་དང་། ཁ་ཟས་སྒྲུབ་པའི་ཚུལ་དང་། བསླབ་ཚུལ་རྒྱས་པར་བསྟན་པ་དང་། ངེས་ཚིག་བསྟན་པའོ། །རྟེན་གྱི་གང་ཟག་ནི། ན་ཚོད་རྒན་ལ་ལོངས་སྤྱོད་ཆུང་ཞིང་ཤེས་རབ་ཆེ་བའོ། །གནས་ནི་རི་བོ་དབེན་པ་དང་། དུས་ཁྲོད་ལ་སོགས་པ་སྐྱེ་བོ་འདུས་པས་དབེན་པར་བྱའོ། །དེར་ཁ་ཟས་སྒྲུབ་པའི་ཚུལ་ནི་བཞི་སྟེ། ཚོགས་ཆེན་པོས་སྦྱོར་དུ་བཅུག་པའམ། གྲོགས་མཆོག་ཏུ་གྱུར་པས་སྦྱར་བའམ། ཡང་ན་གནོད་སྦྱིན་མོའི་མངའ་གཞུག་པས་སྒྲུབ་པའམ། ཡང་ན་ནགས་ཚལ་དུ་རྩ་བ་དང་། ལོ་མ་ལ་སོགས་པས་འཚོ་བར་བྱ་བའོ། །ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ལ་བསླབ་ཚུལ་རྒྱས་པར་བསྟན་པ་ལ་ལྔ་སྟེ། བསམ་པའི་ཁྱད་པར་དང་། ཕྱག་རྒྱའི་ཁྱད་པར་དང་། རྣལ་འབྱོར་གྱི་ཁྱད་པར་དང ། བྱ་བའི་ཁྱད་པར་དང་། ཡུལ་ལ་ལོངས་སྤྱོད་པའི་ཁྱད་པར་རོ། །བསམ་པའི་ཁྱད་པར་ནི་བཞི་སྟེ། དང་པོར་འཁོར་བའི་སྡུག་བསྔལ་བསམ་ཞིང་། མྱ་ངན་ལས་འདས་པའི་བདེ་བ་འདོད་པས་འདུ་འཛི་ཐམས་ཅད་སྤངས་ཤིང་། ཐ་ན་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་ཡང་སྡུག་བསྔལ་གྱི་འདུ་ཤེས་བསྐྱེད་པར་བྱ་བ་དང་། གཉིས་པར་ནི་ཏིལ་འབྲས་ཙམ་ལ་ཡང་ཡོངས་སུ་འཛིན་པ་སྤང་བ་དང་། གསུམ་པར་ནི་དོན་དམ་པའི་བདེན་པའི་ཆེད་དུ། ལུས་དང་སྲོག་ལ་ཡང་ལྟོས་པ་མེད་པར་བྱ་བ་དང་། བཞི་པར་ནི་དངོས་གྲུབ་མཆོག་གི་དོན་དུ། དངོས་གྲུབ་ཕྲ་མོ་ལ་དགའ་བར་མི་བྱ་བའོ། །ཕྱག་རྒྱའི་ཁྱད་པར་ནི། བསྐྱེད་རིམ་པས་ནི། རང་གི་སྙིང་ཁ་ནས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་རང་རིགས་ཀྱི་ལྷ་མོའི་དབྱིབས་སུ་བཀོད་པའམ། རྫོགས་རིམ་པས། ཡེ་ཤེས་ཀྱི་ལྷ་མོར་བསྐྱེད་པ་དངོས་ཡིན་གསུང་རང་རིགས་ཀྱི་ཕྱག་རྒྱ་སྟོང་པ་ཉིད་དང་སྙོམས་པར་འཇུག་པར་བྱའོ། །རྣལ་འབྱོར་གྱི་ཁྱད་པར་ནི། བསྐྱེད་རིམ་པས། བསྐྱེད་རིམ་གྱི་རྣལ་འབྱོར་མངོན་དུ་བྱ་ལ། རང་འོད་ཀྱི་རིག་མའི་བདེ་བ་ཙམ་ལ་གནས་པར་བྱའོ། །རྫོགས་རིམ་པས་ནི། འོད་གསལ་གྱི་ཏིང་ངེ་འཛིན་མངོན་སུམ་དུ་བྱས་ནས། གཉིད་འོད་གསལ་དུ་འཇུག་པ་བསྒོམ་པར་བྱའོ། །བྱ་བའི་ཁྱད་པར་ནི། བུ་སུ་ཀུ་ཙམ་གྱི་སྤྱོད་པ་སྟེ། བུ་ཞེས་བྱ་བ་བུ་ཛ་ན་སྟེ་ཟས་ལ་སྤྱོད་པའོ། །སུ་ཞེས་བྱ་བ་ནི་སུ་ད་ན་སྟེ་གཉིད་ལོག་པའོ། །ཀུ་ཞེས་བྱ་བ་ནི་ཀུ་ཏ་སི་རི་སྟེ་བཤང་སར་འགྲོ་བའོ། །དེ་ལྟར་མི་བྱར་མི་འདོད་པའི་བྱ་བ་གསུམ་ཙམ་རྗེས་སུ་སྐྱོང་བའོ། །ཡུལ་ལ་ལོངས་སྤྱོད་པའི་ཁྱད་པར་ནི། བསྐྱེད་རིམ་པས། བསྐྱེད་རིམ་པའི་འཇུག་བསམ་བསྒོམ་བསམ་དང་ལྡན་པས་ལོངས་སྤྱོད་པའོ། །རྫོགས་རིམ་པས་ནི། ཀུན་རྫོབ་དང་ཟུང་འཇུག་པའི་འཇུག་བསམ་བསྒོམ་བསམ་དུ་ཤེས་པར་བྱའོ། །ཅིའི་ཕྱིར་དེ་དག་ལ་ཤིན་ཏུ་སྤྲོས་མེད་ཅེས་བྱ་ཞེ་ན། བསྐྱེད་རིམ་པ་དང་། སྒྱུ་ལུས་པ་ནི། བྱ་བ་དང་དུས་ཤིན་ཏུ་སྤྲོས་མེད་ཡིན་པའི་ཕྱིར། དེ་སྐད་ཅེས་བྱ་ལ། ཟུང་འཇུག་པ་ནི། བྱ་བ། དུས། བསམ་པ་གསུམ་ཀ་ཤིན་ཏུ་སྤྲོས་མེད་ཡིན་པའི་ཕྱིར། ཤིན་ཏུ་སྤྲོས་མེད་ཅེས་བྱའོ། །མགོན་པོའི་ཀུན་ཏུ་སྤྱོད་པར་བསླབ་ཚུལ་ནི། རིམ་པ་ལྔ་པར། ཇི་ལྟར་བདག་ཉིད་ཇི་བཞིན་དགྲ། །ཇི་ལྟར་ཆུང་མ་དེ་བཞིན་མནའ། །ཇི་ལྟར་སྨད་འཚོང་དེ་བཞིན་མ། །ཇི་ལྟར་བྲམ་ཟེ་དེ་བཞིན་གདོལ། །ཞེས་སོགས་གསུངས་པ་ལྟར། ཆོས་ཐམས་ཅད་འོད་གསལ་སྟོང་པ་ཉིད་ཀྱི་ངོ་བོར་རོ་གཅིག་ཏུ་རྟོགས་པའི་ངང་ནས། སྲོག་གཅོད་དང་དེ་སྤོང་བ་ལ་སོགས་པ་ཆོས་དང་ཆོས་མ་ཡིན་པ་རྣམས་ལ་ལྟོས་པ་མེད་པར་བླང་དོར་ལ་མཉམ་སྙོམས་པའི་ཚུལ་གྱིས་སློབ་པའོ། །དེ་ལྟར་སྤྱོད་པ་གསུམ་གྱི་སྤྱིའི་དོན་བསྟན་ནས། ཡན་ལག་གི་དོན་ལ་གཉིས་ཏེ། དྲང་བའི་དོན་དང་། ངེས་པའི་དོན་ནོ། །དྲང་དོན་ལ་གསུམ་སྟེ། སྤྲོས་མེད་ཀྱི་སྤྱོད་པ་དང་། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་དང་། དེ་དག་གི་ཕན་ཡོན་བསྟན་པའོ། །སྤྲོས་མེད་ཀྱི་སྤྱོད་པ་བསྟན་པ་ནི། སྤྲོས་མེད་བསྡུས་པའི་དཀྱིལ་འཁོར་རམ། ཕྱག་རྒྱ་ལྔ་པ་དང་། གཅིག་པ་གང་ཡང་རུང་བ་དང་ལྷན་ཅིག་སྤྱོད་པ་བྱེད་པའི་ཕྱག་རྒྱ་ནི། མ་ལྟར་བྱམས་པ་དང་། སྲིང་ལྟར་བརྩེ་བ་དང་། བུ་མོ་ལྟར་རྗེས་སུ་གདུང་བའི་མཚན་ཉིད་ཅན་གྱི་རང་རིགས་ཀྱི་བུད་མེད་གང་རུང་བ་བླངས་ལ། སྒྲུབ་ཐབས་ལས་བཤད་པའི་རིམ་པ་བྱིན་གྱིས་བརླབས་ཏེ། འདོད་པ་པ་སྟེ། སྒྲུབ་པ་པོ་རང་གིས་སྙོམས་འཇུག་གིས་མཉེས་པར་བྱས་ན། ཐེག་ཆེན་མཆོག་རྡོ་རྗེའི་ཐེག་པ་ལ་དངོས་གྲུབ་རྒྱ་ཆེ་ཞིང་མཆོག་ཏུ་གྱུར་པ་སྒྲུབ་པ་པོ་དེས་ཐོབ་པར་འགྱུར་རོ། །ཇི་སྐད་བཤད་པའི་མཚན་ཉིད་དང་མི་ལྡན་ཞིང་རྗེས་སུ་མི་མཐུན་པའི་ཕྱག་རྒྱ་དང་མཉམ་པར་སྦྱོར་བས་ནི། སེམས་གཡེངས་པར་འགྱུར་བས་སྤང་བར་བྱའོ། །རྗེས་སུ་མཐུན་པར་ཇི་ལྟར་ཤེས་པར་བྱ་ཞེ་ན། རྗེས་སུ་མཐུན་པ་དེའང་སྐྱེ་བ་གཞན་དག་དུ་ཡང་ཡིད་གཅུགས་པར་གྱུར་པས། ཚེ་འདིར་ལྷག་པར་ཡང་ཡིད་དང་མཐུན་ཞིང་རང་གིས་དབང་བསྐུར་བ་དང་། སྔགས་དང་རྒྱུད་ལ་སོགས་པ་ལ་ལེགས་པར་བསླབས་པའོ། །ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་བསྟན་པ་ནི། གལ་ཏེ་བསྒྲུབ་པ་པོ་དང་རྗེས་སུ་མཐུན་པའི་ཕྱག་རྒྱ་མ་རྙེད་ན། དེའི་ཚེ་ཇི་ལྟར་བྱ་ཞེ་ན། བསྐྱེད་རིམ་པས་ནི། རང་གི་སྙིང་ཁ་ནས་སངས་རྒྱས་གཙོ་བོའི་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཕྱུང་སྟེ། དེ་རང་རིགས་ཀྱི་ལྷ་མོའི་དབྱིབས་སུ་བཀོད་ནས་སྙོམས་པར་འཇུག་ལ། རྫོགས་རིམ་པས་ནི། སངས་རྒྱས་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འོད་གསལ་དང་སྙོམས་པར་འཇུག་གོ །དེ་སྐད་དུ་ཡང་། སྙིང་ལ་གནས་པའི་ལྷ་མོ་ཆེ། །རྣལ་འབྱོར་པ་ཡི་རྣལ་འབྱོར་བསྐྱེད། །སངས་རྒྱས་ཀུན་གྱི་ཡུམ་གྱུར་པ། །རྡོ་རྗེ་དབྱིངས་ཀྱི་དབང་མོར་བཤད། །ཅེས་གསུངས་སོ། །དེ་དག་གི་ཕན་ཡོན་བསྟན་པ་ནི། གལ་ཏེ་འདོད་པ་ལ་སྤྱོད་པ་ནི་ངན་སོང་གི་རྒྱུར་གསུངས་པ་མ་ཡིན་ནམ་ཞེ་ན། ཇི་སྐད་བཤད་པའི་ལས་ཀྱི་ཕྱག་རྒྱ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སྙོམས་འཇུག་གིས་མཉེས་པར་བྱས་ཀྱང་ཆགས་སོགས་ཀྱི་ཉེས་པས་མི་གོས་སོ། །སུ་ཞིག་གིས་མཉེས་པར་བྱས་ནས་ཞེ་ན། འདོད་ཡོན་གྱི་རང་གི་ངོ་བོ་ཤེས་ཤིང་ཐ་མལ་པའི་རྣམ་རྟོག་དང་བྲལ་བས་རྣམ་པར་མི་རྟོག་པའི་རྣལ་འབྱོར་པ་ལེགས་པར་བསླབས་པའི་ཕྱག་རྒྱ་དང་ལྡན་པའི་བློ་ཅན་གྱིས་སོ། །ཉོན་མོངས་པའི་ཉེས་པས་མ་གོས་པ་འབའ་ཞིག་དུ་མ་ཟད་ཀྱི། རྣལ་འབྱོར་པ་དེ་ནི་སངས་རྒྱས་ཉིད་དེ། རྡོ་རྗེ་འཆང་ཆེན་པོའི་ཉིད་དུ་འགྲུབ་པར་འགྱུར་རོ། །རྡོ་རྗེའི་ཚིག་དེ་དག་བཤད་པའི་རྒྱུད་ཀྱིས་ངེས་དོན་དུ་བཤད་པ་ནི། ཆོས་སྐུར་མཚན་ཉིད་གཅིག་པ་ཡི། །ཤེས་རབ་ཕ་རོལ་ཕྱིན་ཡུམ་མ། །གཉིས་མེད་དེ་བཞིན་ཉིད་སྦྱར་བས། །དངོས་མེད་ཅེས་བྱ་འདོད་སྤྱོད་པའོ། །ལོངས་སྤྱོད་རྫོགས་དང་མཉམ་གང་ཡིན། །དེ་ཉིད་སྲིང་མོ་ཡིན་པར་འདོད། །རང་ལྷའི་རྣལ་འབྱོར་ལྡན་པ་ཡི། །གསང་སྔགས་ལུས་ཀྱིས་མཉེས་པར་བྱ། །སྤྲུལ་པའི་གཟུགས་ཅན་བུ་མོ་དེ། །སྒྲུབ་པ་པོས་ནི་བསྒོམ་པར་བྱ། །ཞེས་ཏེ། འདིས་ནི་ཟུང་འཇུག་པའི་རྣལ་འབྱོར་པས་ལམ་གྱི་སྐུ་གསུམ་ཉམས་སུ་ལེན་པ་ཉིད་ལ། མ་དང་བུ་མོ་དང་། སྲིང་པོ་ལ་འདོད་པ་སྤྱོད་པ་ཞེས་བསྟན་པ་ཡིན་ཏེ། འདི་ལྟར། ཆོས་སྐུ་སྟོང་པ་ཉིད་དུ་མཚན་ཉིད་གཅིག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འོད་གསལ་ཉིད་ནི། ཟུང་འཇུག་ཡོངས་སུ་བསྐྱེད་པར་བྱེད་པས་ན་མ་ཞེས་བྱ་ལ། གང་གི་ཚེ་ཟུང་འཇུག་པས་སྒྱུ་ལུས་བསམ་གཏན་གཉིས་ཀྱིས་དངོས་པོ་མེད་པར་བཤིག་སྟེ། གཉིས་མེད་དེ་བཞིན་ཉིད་འོད་གསལ་གྱི་ངོ་བོར་སྦྱར་བ་ནི། མ་ལ་འདོད་པ་སྤྱོད་པ་ཞེས་བྱའོ། །འོད་གསལ་ལས་ལུགས་ལྡོག་གི་སྣང་བ་གསུམ་རླུང་དང་བཅས་པ་ལས་གྲུབ་པའི་ལོངས་སྤྱོད་རྫོགས་པའི་སྐུ་དེ་ཉིད་ནི། རྣལ་འབྱོར་པ་རང་དང་། མ་ཆོས་སྐུ་གཅིག་ལས་མཉམ་དུ་འབྱུང་བས་ན་སྲིང་མོ་ཞེས་བྱ་ལ། དེ་ལྟ་བུའི་ལོངས་སྐུ་དེ་མངོན་དུ་བྱས་ཏེ། དེ་དང་གཉིས་སུ་མེད་པར་སྦྱོར་བ་ནི། རང་ལྷའི་རྣལ་འབྱོར་ལྡན་པ་ཡི་གསང་སྔགས་ལུས་ཀྱི་མཉེས་པ་ཞེས་བྱ་ལ། དེ་ནི་སྲིང་མོ་ལ་འདོད་པ་སྤྱོད་པའོ། །ལོངས་སྐུ་དེ་ཉིད་དེ་བཞིན་གཤེགས་པ་ལྔ་གང་རུང་གི་རྣམ་པར་བསྒྱུར་བའི་སྤྲུལ་སྐུ་ནི་བདག་ཉིད་ལོངས་སྐུའི་ངོ་བོར་གནས་པ་དེས་བསྐྱེད་པས་ན་བུ་མོའོ། །སྒྲུབ་པ་པོས་སྤྲུལ་སྐུ་དེ་ལྟ་བུ་རང་དང་དབྱེར་མེད་པའི་ཚུལ་གྱིས་བསྒོམས་པ་ནུ་བུ་མོ་ལ་འདོད་པ་སྤྱོད་པ་ཞེས་བྱའོ། །དེ་ལྟ་བུའི་ལམ་གྱི་སྐུ་གསུམ་བསྒོམས་པས་ཕན་ཡོན་ཅི་འཐོབ་ཅེ་ན། མ་དང་སྲིང་མོ་བུ་མོ་ནི། །འདི་འདྲའི་རྣལ་འབྱོར་པས་མཉེས་བྱས། །ཐེག་ཆེན་མཆོག་གི་ཆོས་ཉིད་ལ། །དངོས་གྲུབ་རྒྱ་ཆེན་དེས་ཐོབ་བོ། །ཞེས་ཏེ། མ་དང་སྲིང་མོ་བུ་མོའི་མིང་ཅན་གྱི་ལམ་གྱི་སྐུ་གསུམ་རྣལ་འབྱོར་པས་བསྒོམས་པས་མཉེས་པར་བྱས་ན། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ཅེས་པའོ། །འདིར་བླ་མ་སྔ་རབས་པ་དག་གིས། བསྐྱེད་རྫོགས་གཉིས་ཀྱི་ལམ་གྱི་སྐུ་གསུམ་གྱི་སྟོང་པ་ཉིད་བསྒོམ་པ་ལ་སྦྱོར་བ་ནི་ཧ་ཅང་འགྲིག་པ་མ་ཡིན་ནོ། །ཀླན་ཀ་ངན་པའི་རྩོད་པ་སྤང་བ་ལ་གསུམ་སྟེ། འཁོར་གྱི་ཐེ་ཚོམ་སྐྱེས་ཏེ་ཞུས་པ་དང་། དེའི་ལན་བཏབ་པ་དང་། འབྲས་བུའི་གནས་སྐབས་བསྟན་པའོ། །

འཁོར་གྱིས་ཐེ་ཚོམ་སྐྱེས་ནས་ཞུས་པ་ནི། དེ་ནས་སྒྲིབ་སེལ་ལ་སོགས་པ་སྟེ། པད་མ་དཀར་པོ་ལྟ་བུ་ལ་སོགས་པའི་གང་ཟག་དབང་པོ་རྟུལ་པོ་རྣམས་དགོངས་པས་གསུངས་པའི་རྡོ་རྗེའི་ཚིག་ལ་སྒྲ་ཇི་བཞིན་པར་གཟུང་ནས། རིགས་ངན་ལ་སོགས་པས་ཀྱང་སངས་རྒྱས་འགྲུབ་པར་ཐོས་པས་ངོ་མཚར་དུ་གྱུར། མཚམས་མེད་བྱེད་པ་ལ་སོགས་པ་སྡིག་ཅན་རྣམས་ཀྱིས་ཀྱང་བདེ་བ་ཆེན་པོའི་གོ་འཕང་ཐོབ་པས་རྨད་དུ་གྱུར་ཏེ། ཚོགས་གཉིས་དང་ལྡན་པས་ན་བཅོམ་ལྡན་འདས་འཕགས་པར་གྱུར་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྒྱུ་ཅིའི་སླད་དུ་ཡོངས་སུ་རྫོགས་པ་དང་མ་རྫོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་ནང་དུ། སྲོག་གཅོད་པ་ཞེས་སོགས་ཚོགས་པར་དབྱུང་བར་མི་འོས་པའི་འདི་ལྟ་བུའི་ཚིག་ངན་པ་གསུང་། ཞེས་གསོལ་ཏོ། །སྒྲིབ་སེལ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཐེ་ཚོམ་ཡོད་པ་མ་ཡིན་ཡང་། མ་འོངས་པའི་གདུལ་བྱ་རྣམས་ཀྱི་དགོས་པ་བསལ་བའི་ཆེད་དུ། ཐེ་ཚོམ་སྐྱེས་པ་ལྟར་བཅོས་ནས་ཞུས་པའོ། །དེའི་ལན་བསྟན་པ་ནི། མི་བསྐྱོད་པ་ལ་སོགས་པ་འཁོར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས། བཅོམ་ལྡན་འདས་ཅིའི་སླད་དུ་ཚིག་ངན་གསུང་ཞེས་པའི། སྒྲིབ་སེལ་ལ་སོགས་པའི་ཚིག་དེ་གསན་ནས། དེ་དག་འདི་སྐད་ཅེས་བཀའ་བསྩལ་ཏོ། །རིགས་ཀྱི་བུ་རྣམས་ཞེས་བོས་ནས། ཁྱོད་ཀྱི་བསམ་པ་ཤེས་ཀྱིས། བསམ་པ་དེ་ཐོང་། དགོངས་པས་གསུངས་པའི་རྡོ་རྗེའི་ཚིག་ལ། སྒྲ་ཇི་བཞིན་པར་གཟུང་ནས། ཚིག་ངན་པ་ཞེས་དེ་སྐད་མ་ཟེར་ཅིག སངས་རྒྱས་རྣམས་ཀྱིས་སྲོག་གཅོད་པ་དང་། ཞེས་སོགས། རྡོ་རྗེའི་ཚིག་གིས་གསུངས་པའི་ཆོས་ཉིད་དག་པ་འདི་ནི། པད་མ་དཀར་པོ་ལྟ་བུ་ལ་སོགས་པ། དབང་པོ་རྟུལ་པོ་རྣམས་ལ་སྒྲ་ཇི་བཞིན་པར་གསུངས་པ་མ་ཡིན་གྱི། མི་གནས་པའི་མྱ་ངན་ལས་འདས་པའི་མཚན་ཉིད་ཅན་གྱི། སྙིང་པོའི་དོན་ཤེས་ཤིང་ཁོང་དུ་ཆུད་པའི་ཡེ་ཤེས་རིན་པོ་ཆེ་ལྟ་བུའི་གང་ཟག་རྣམས་ལ་དགོངས་པའི་ཚིག་གིས་གསུངས་པ་ཡིན་ནོ། །

འོ་ན་དགོངས་པའི་ཚིག་གིས་བསྟན་པའི་དོན་དེ་གང་ཞེ་ན། སྙིང་པོའི་ཆོས་དོན་དམ་པའི་བདེན་པ་དང་། དོན་ཀུན་རྫོབ་ཀྱི་བདེན་པ་གཉིས་པོ་དབྱེར་མི་ཕྱེད་པའི་ཟུང་འཇུག་འབྱུང་བ་སྟེ། དེ་བས་ན་སྲོག་གཅོད་པ་དང་ཞེས་སོགས་དགོགས་པའི་ཚིག་གིས་བསྟན་པའི་ཆོས་ཉིད་དག་པ་འོད་གསལ་འདི་ནི། གནས་ཏེ་རྡོ་རྗེ་འཆང་ཆེན་པོ་ཐོབ་པར་བྱེད་པའི་བྱང་ཆུབ་ཀྱི་སྤྱོད་པ་ཡིན་གྱི། སྲོག་གཅོད་པ་ལ་སོགས་པ་རྡོ་རྗེའི་ཚིག་གིས། དགོངས་པ་བཤད་པ་དེ་ནས། བརྗོད་ཀྱིས་མི་ལང་བའི་བྱང་ཆུབ་སེམས་དཔའ་རྣམས། སྲོག་གཅོད་པ་ལ་སོགས་པ་བྱའོ་ཞེས་ཐོས་པས། ལས་དེ་དག་ལ་ཞུགས་ན་རྣམ་སྨིན་ཚ་བས་འཇིགས་ཤིང་། མ་ཞུགས་ན་སྟོན་པའི་བཀའ་ལས་འདས་པས་སྐྲག་ནས། བྱ་བ་དང་བྱ་བ་མ་ཡིན་པ་ལ་རྨོངས་པ་ན་ཕྱིས་རྡོ་རྗེའི་ཚིག་དེ་དག་གི་དགོངས་པ་བཤད་པ་ཐོས་པས། སྔོན་ཆད་མ་རྟོགས་པའི་ཆོས་ཉིད་རྟོགས་པས་ཡིད་རྩེ་གཅིག་ཏུ་གྱུར་ཏེ། དབང་པོ་མ་ལུས་པ་ལྡོག་ཅིང་འགག་པར་གྱུར་པ་ནི་བརྒྱལ་བར་གྱུར་པའོ། །དེ་ཉིད་བཤད་རྒྱུད་ཀྱི་ལུང་གིས་ངེས་དོན་དུ་བཤད་པ་ནི། མི་གཡོ་བ་འདི་ལས་བསང་བས་སྟེ། ཞི་བ་གཅིག་པུ་བདེ་བའི་མཆོག་རྫོགས་པའི་བྱང་ཆུབ་ཐོབ་བྱེད་པ། འདི་ནི་དགོངས་པས་གསུངས་པ་ཡིན་ཏེ། ཞེས་ཏེ། བྱང་ཆུབ་སེམས་དཔའ་བརྒྱལ་བར་གྱུར་ཏོ་ཞེས་པ་འདི། སྒྲ་ཇི་བཞིན་པ་ཡིན་ནམ་ཞེ་ན། མ་ཡིན་གྱི། མི་གཡོ་བ་སྟེ་བརྒྱལ་བ་འདི་ནི། དགོངས་པའི་ཚིག་གིས་གསུངས་པ་ཡིན་ནོ། །གང་ལ་དགོངས་ཞེ་ན། རྟོགས་པར་དཀའ་བས་ན་གསང་བ་སྟེ། འོད་གསལ་ལོ། །དེ་ནི་སྤྲོས་པ་ཐམས་ཅད་བྲལ་བས་ན་ཞི་བ་ལ་མེད་པའམ་དབྱེ་བ་མེད་པས་ན་གཅིག་པུ། ལྷ་མའི་བདེ་བ་ལས་ཕུལ་དུ་བྱུང་བས་ན་བདེ་བའི་མཆོག ཟུང་འཇུག་ཐོབ་པར་བྱེད་པས་ན་རྫོགས་པའི་བྱང་ཆུབ་ཐོབ་བྱེད་པའོ། །དེ་ལྟ་བུའི་འོད་གསལ་ལ་དགོངས་ནས་བརྒྱལ་བ་ཞེས་གསུངས་སོ། །འོ་ན་བརྗོད་ཀྱིས་མི་ལང་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གང་ལ་བྱ་ཞེ་ན། ནམ་མཁའ་མཐའ་ཡས་སྦྱོར་བ་ཡིས། །གཟུགས་ལ་སོགས་པ་མཐའ་ཡས་སོ། །དེ་ཉིད་དེ་བཞིན་གཤེགས་པ་དང་། །དེ་བཞིན་བྱང་ཆུབ་སེམས་དཔར་བཤད། །ཅེས་ཏེ། ནམ་མཁའ་མཐའ་ཡས་ནི་འོད་གསལ་ཡིན་ལ། དེར་བསམ་གཏན་གཉིས་ཀྱིས་སྦྱོར་ཞིང་བཅུག་པའི་གཟུགས་ལ་སོགས་པའི་ཕུང་པོ་མཐའ་ཡས་པ་ནི་བཞིན་གཤེགས་པ་མ་ཡིན་ལ། མིག་ལ་སོགས་པའི་སྐྱེ་མཆེད་མཐའ་ཡས་པ་ནི། བྱང་ཆུབ་སེམས་དཔར་བཤད་དོ། །འོ་ན་འོད་གསལ་བ་དེ་ཉིད་ལ་འཁོར་རྣམས་བརྒྱལ་བར་འཁྲུལ་ནས་སྟོན་པ་ལ། བརྒྱལ་བ་འདི་དག་བསླང་དུ་གསོལ་ཞེས་བསྐུལ་བ་ཅི་ཞེ་ན། དེ་ཉིད་བསྡུས་པ་འདི་ལྟ་བུ། །དཀྱིལ་འཁོར་རང་ལུས་གང་ཡིན་པ། །འདི་ནི་འཇིགས་ཚོགས་ལུས་རྟོག་ལ། །བྱང་ཆུབ་སེམས་དཔའ་བརྒྱལ་བར་གྱུར། །དེ་ལྟའི་བདེ་འདི་མ་ཤེས་པས། །བརྒྱལ་ལ་བསྐུལ་བར་མཛད་པ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །བརྒྱལ་བ་ཞེས་ནི་བཤད་མ་ཡིན། །ཞེས་ཏེ། རྣལ་འབྱོར་པ་རང་གི་ལུས་ཀྱི་དཀྱིལ་འཁོར་དུ་རྟོག་པའི་ཕུང་ཁམས་སྐྱེ་མཆེད་རྣམས་དེ་ཁོ་ན་ཉིད་སྟོང་པ་ཉིད་དུ་བསྡུས་ཤིང་བཅུག་པའི་འོད་གསལ་འདི་ལྟ་བུ་ནི། སྡུག་བསྔལ་ཐམས་ཅད་བྲལ་བའི་བདེ་བའི་མཆོག་ཡིན་ཡང་། དེ་ལྟ་བུའི་བདེ་བ་མ་ཤེས་ཤིང་མ་རྟོགས་པས། འཇིག་ཚོགས་འདས་རྟོག་སྟེ། ཕུང་པོ་ལ་བདག་དང་བདག་གིར་འཛིན་པའི་བྱིས་པ་རྣམས་ཀྱིས། འོད་གསལ་ལ་སྙོམས་པར་ཞུགས་པ་ལ་བརྒྱལ་བར་འཁྲུལ་ནས། བརྒྱལ་བ་འདི་དག་བསླང་དུ་གསོལ་ཞེས། སྟོན་པ་ལ་བསྐུལ་བར་མཛད་པ་ཡིན་ནོ། །བསླང་བའི་གནས་སྐབས་ལ་གཉིས་ཀྱི་དྲང་དོན་དུ་བཤད་པ་ནི། བསླང་བར་གསོལ་ཞེས་པ་ཡན་ཆད་གོ་སླའོ། །དེ་ནས་བཅོམ་ལྡན་ནམ་མཁའ་དང་མཉམ་པ་གཉིས་སུ་མེད་པའི་རྡོ་རྗེ་ཞེས་བྱ་བ་ནི། འོད་གསལ་བ་སྟེ། དེ་ལ་སྙོམས་པར་ཞུགས་ནས། རང་གི་འོད་ཀྱི་བྱང་ཆུབ་སེམས་དཔའ་དེ་དག་ལ་རེག་པ་ཙམ་གྱིས། བྱང་ཆུབ་སེམས་དཔའ་དེ་དག་དྲན་པ་རྙེད་དེ། རང་རང་གི་སྟན་ལ་གནས་པར་གྱུར་ཏོ། །ངེས་དོན་དུ་བཤད་པ་ནི། ནམ་མཁའ་ནི་སྟོང་པ་ཉིད་གསུམ་མོ། །མཉམ་པ་ནི་འོད་གསལ་བའོ། །གཉིས་སུ་མེད་པའི་རྡོ་རྗེ་ནི་ཟུང་འཇུག་སྟེ། དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཞེས་པའི་དོན་ནི། མི་གཡོ་བའི་ཏིང་ངེ་འཛིན་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་དག་འོད་གསལ་ལས་ཟུང་འཇུག་དུ་ལྡང་བར་བྱིན་གྱིས་བརླབས་ཞེས་པའོ། །སྙོམས་པར་ཞུགས་མ་ཐག་ཏུ་ཞེས་པ་ནི། དེ་ལྟར་བྱིན་གྱིས་བརླབས་མ་ཐག་ཏུ། རྡོ་རྗེ་འཆང་ཆེན་པོའི་འོད་ཀྱིས་རེག་པ་ཙམ་གྱིས་བྱང་ཆུབ་སེམས་དཔའ་དེ་དག་འོད་གསལ་ལས་ལངས་ཏེ་རང་རང་གི་སྟན་ལས་ཏེ། རང་གི་འཇིག་རྟེན་གྱི་ཁམས་སུ་སེམས་ཅན་གྱི་དོན་བྱེད་ནུས་པར་གནས་པར་གྱུར་ཏོ། །ཞེས་པའོ། །ད་རྨད་ཁྱེར་བའི་བསྟོད་པ་བསྟན་པ་ནི། དེ་ནས་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད། བཅོམ་ལྡན་འདས་ཟབ་མོ་སྟོན་པ་ལ་མཁས་པས་ངོ་མཚར་དུ་གྱུར། སྔོན་མ་བྱུང་བས་རྨད་དུ་གྱུར། བཀའ་བསྩལ་པས་དོན་རྟོགས་ཤིང་། ཏིང་ངེ་འཛིན་གྱི་ཁྱད་པར་གྱིས་བསྐྱེད་པའི་སེམས་ཅན་གྱི་ཚོགས་གཟིགས་པས། ཤིན་ཏུ་དགྱེས་པས་ཁྱབ་གྱུར་ནས། ཆོས་ཀྱི་དབྱངས་འདི་སྐད་ཅེས་གསུངས་སོ། །ཨེ་མ་ཧོ་ཞེས་པས་ངོ་མཚར་བའོ། །ཆོས་ཞེས་པ་དང་པོ་ནི་བསྟན་པའི་མཚན་ཉིད་ཅན་གྱི་ཆོས་སོ། །ཆོས་ཀྱི་སྒྲ་གཉིས་པས་ནི་དེས་བསྟན་པའི་དོན་ནོ། །ཆོས་ཀྱི་དོན་འབྱུང་བ་ཞེས་པའི་ཆོས་ནི་རྗོད་བྱེད་དོ། །དོན་ནི་བརྗོད་བྱའོ། །དེ་གཉིས་འབྱུང་བས་ན་ཆོས་ཀྱི་དོན་འབྱུང་བའོ། །དེ་གང་ཞེ་ན། ཆོས་དོན་དག་པ་བདག་མེད་པ་ཞེས་ཏེ། ཆོས་ནི་ཐོས་པའི་རང་བཞིན་ནོ། །དོན་དག་པ་ནི་བསམ་པའི་རང་བཞིན་ནོ། །བདག་མེད་པ་ནི་དེ་མངོན་སུམ་དུ་གྱུར་པ་བསྒོམ་པའི་རང་བཞིན་ནོ། །དེ་ལྟ་བུའི་ཆོས་སྟོན་པའི་རྡོ་རྗེ་རྒྱལ་ཏེ། རྡོ་རྗེ་འཆང་ཆེན་པོ་ཁྱེད་ལ་ཕྱག་འཚལ་འདུད། ཅེས་པའོ། །བཅོམ་ལྡན་འདས་བདེན་པ་གཉིས་ཀྱི་བདག་ཉིད་ཡིན་པས་ཕྱག་འཚལ་འདུད་ཅེས་པ། ཕྱག་འཚལ་བའི་ཚིག་གཉིས་སྨོས་སོ། །དེ་ལྟར་བརྗོད་བྱ་ཆོས་བསྟན་པའི་སྒོ་ནས་བསྟོད་ནས། དབང་ཕྱུག་བརྒྱད་ཀྱི་སྒོ་ནས་བསྟོད་པ་ནི། སྐུ་གསུང་ཐུགས་རྡོ་རྗེ་དབྱེར་མི་ཕྱེད་པས་ན། སྐུ་གསུང་ཐུགས་རབ་ཏུ་དག་པ་དང་། འོད་གསལ་དང་དབྱེར་མེད་པར་གནས་པས་ན་ནམ་མཁའ་དང་མཉམ་ཉིད་གནས་པའོ། །སྐྱེ་འགག་དང་བྲལ་བས་ན་རྣམ་པར་མི་འགྱུར་བའོ། །སྣང་བ་རྣམ་པར་དག་པས་ན་སྣང་བ་མེད་པའོ། །འཇའ་ཚོན་ལྟར་འོད་ཟེར་ལྔ་དང་ལྡན་ཞིང་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་མི་འཇིག་པའི་སྐུ་མངའ་བས་ན། རྡོ་རྗེའི་སྐུ་སྟེ་དེ་ལྟ་བུ་ཁྱེད་ལ་ཕྱག་འཚལ་འདུད་ཅེས་པའོ། །སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་ཡོན་ཏན་མངའ་བས་ན་ཐུགས་ནིའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཐོག་མར་གྱུར་པས་ན་དེ་བཞིན་གཤེགས་པའི་གཙོ་བོ་སྟེ་དམ་པར་གྱུར་པའོ། །དུས་གསུམ་གྱི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་དུ་གནས་པས་ན་དུས་གསུམ་དག་གི་ལམ་དུ་བྱུང་བའོ། །ནམ་མཁའ་ཆེན་པོ་འོད་གསལ་བའི་རང་བཞིན་ཡང་ཁྱེད་ཉིད་ཡིན་ལ། ཁམས་གསུམ་ཀུན་གྱི་དབྱིངས་སུ་གྱུར་པའང་ཁྱེད་ཉིད་དོ། །རྫུ་འཕྲུལ་ལ་མངའ་བརྙེས་པས་ན་ནམ་མཁའི་ལམ་ལ་གནས་པའང་ཁྱེད་དེ། དེ་ལྟ་བུ་ཁྱེད་ལ་ཕྱག་འཚལ་འདུད་ཅེས་སོ། །རིགས་ལྔའི་སྒོ་ནས་བསྟོད་པ་ནི། ནམ་མཁའི་སྐུ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་ལ་ཡང་དག་པར་འབྱུང་བ་ནི་རྣམ་པར་སྣང་མཛད་དོ། །ནམ་མཁའི་ལམ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ལ་གནས་པ་ནི་རིན་ཆེན་འབྱུང་ལྡན་ནོ། །ནམ་མཁའི་ཐུགས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེའི་རང་བཞིན་ནི་མི་བསྐྱོད་པའོ། །ཆོས་ཀྱི་མཆོག་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ཡི་བདག་ཉིད་ནི་འོད་དཔག་མེད་དོ། །སྤྱོད་པའི་གནས་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཏེ། དེ་ཡི་བདག་ཉིད་དོན་ཡོད་གྲུབ་པའོ། །དེ་ལྟར་རིགས་ལྔའི་བདག་ཉིད་ཅན་གྱི་རྡོ་རྗེ་འཆང་ཁྱོད་ལ་ཕྱག་འཚལ་ལོ་ཞེས་པའོ། །ལེའུའི་མཚན་དོན་ནི། བདག་དང་གཞན་གྱི་དོན་བསྒྲུབ་པའི་སྤྱོད་པ་ནི། སྤྱོད་པ་ཀུན་ཏེ། དེ་ཉིད་ཁྱད་པར་དུ་གྱུར་པས་ན་མཆོག་གོ །དེ་སྟོན་པའི་ལེའུ་ལ་ཡང་དེ་སྐད་ཅེས་བྱའོ། །ལེའུ་ལྔ་པའི་རྣམ་བཤད་དོ།། །།


previousགསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་ལྔ་པའི་རྣམ་བཤད།next