Nitartha Digital Library
Tibetan
རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གསུང་འབུམ།


   
   
   
   
   
   
གསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་དྲུག་པའི་རྣམ་བཤད།
   
   
   
   
   
   
   
   
   
   
   


 
previousགསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་དྲུག་པའི་རྣམ་བཤད།next

གསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་དྲུག་པའི་རྣམ་བཤད།

ལེའུ་དྲུག་པ་ལ་གཉིས་ཏེ། བསྡུས་པའི་དོན་དང་། ཡན་ལག་གི་དོན་གཉིས་ཀྱི། བསྡུས་པའི་དོན་ལ། བརྗོད་བྱ་དོན་གྱི་བསྡུས་དོན་ནི། ལེའུ་འདིའི་སྟོད་ནས། རིམ་པ་གཉིས་ཀྱི་རྣལ་འབྱོར་པས། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་སྟོན་ལ། སྐེད་ནས་མཆོད་པའི་ཆོ་ག་དང་། རྫོགས་པའི་རིམ་པ་སྟོན། སྨད་ནས་ཕྲ་མོའི་རྣལ་འབྱོར་དང་། རྣལ་འབྱོར་གྱི་སྤྱོད་པ་བསྟན་ཏོ། །རྗོད་བྱེད་སྒྲའི་བསྡུས་དོན་ནི་གོ་སླའོ། །ཡན་ལག་གི་དོན་ལ་ལྔ་སྟེ། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་དང་། མཆོད་པའི་ཆོ་ག་དང་། རྫོགས་རིམ་དང་། ཕྲ་མོའི་རྣལ་འབྱོར་དང་། རྣལ་འབྱོར་གྱི་སྤྱོད་པ་བསྟན་པའོ། །དང་པོ་ལ་གཉིས་ཀྱི་བསྐྱེད་རིམ་པའི་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ནི། དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པ་སྐུ་གསུང་ཐུགས་ནི་མི་བསྐྱོད་པ་ཡིན་ལ། གསང་བའི་རྡོ་རྗེ་ནི་དེར་བྱིན་གྱིས་རློབ་པའི་སྔགས་ཏེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བསྐྱེད་རིམ་པའི་ཐུགས་བྱིན་གྱིས་བརླབ་པའི་སྔགས་འདི་གསུངས་སོ། །སྔགས་ནི་ༀ་ཞེས་སོགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་ངོ་བོ་ང་ཡིན་ཞེས་པའོ། །རྡུལ་དང་བྲལ་བའི་གནས་རྡོ་རྗེ་ཞེས་བྱ་བ་ནི། མེ་ལོང་ཡེ་ཤེས་ཀྱི་ངོ་བོ་རྣམ་པར་སྣང་མཛད་དུ་བྱིན་གྱིས་རློབ་པའི་སྔགས་ཏེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་སྐུ་བྱིན་གྱིས་རློབ་པའི་སྔགས་འོག་ནས་འབྱུང་བ་འདི་གསུངས་སོ། །ༀ་ཞེས་པ་སོགས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་ངོ་བོ་ང་ཡིན་ཞེས་པའོ། །མཉམ་པ་ཉིད་མི་གཉིས་པའི་རྡོ་རྗེ་ནི། སོ་སོར་རྟོག་པའི་བདག་ཉིད་ཀྱི་འོད་དཔག་ཏུ་མེད་པར་བྱིན་གྱིས་རློབ་པའི་སྔགས་ཏེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གསུང་བྱིན་གྱིས་རློབ་པའི་སྔགས་འོག་ནས་འབྱུང་བ་འདི་གསུངས་སོ། །ༀ་ཞེས་སོགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་ངོ་བོ་ང་ཡིན་ཞེས་པའོ། །སྔགས་དེ་དག་གིས་སྐུ་གསུང་ཐུགས་ཇི་ལྟར་བྱིན་གྱིས་རློབ་ཅེ་ན། སྒྲུབ་པ་ཉིད་དུ་བྱ་བ་སྟེ་བྱིན་གྱིས་བརླབ་བོ་ཞེས་སྦྱར་རོ། །གང་ཞིག་བྱིན་གྱིས་བརླབ་ཅེ་ན། ལྷའི་འཁོར་ལོའི་གཞིར་གྱུར་པས་ན་གནས་ཏེ། སྒྲུབ་པ་པོའི་ལུས་ངག་ཡིད་གསུམ་མོ། །གང་དུ་བྱིན་གྱིས་བརླབ་ཅེ་ན། ལྷའི་འཁོར་ལོའི་གཞིར་གྱུར་པས་ན་གནས་ཏེ། སྒྲུབ་པ་པོའི་ལུས་ངག་ཡིད་གསུམ་མོ། །གང་དུ་བྱིན་གྱིས་བརླབ་ཅེ་ན། མཆོག་རབ་སྟེ་དམ་པ་ཉིད་དུའོ། །དམ་པ་དེ་གང་ཞེ་ན། རྡོ་རྗེ་གསུམ་པོ་དེ་བཞིན་གཤེགས་པའི་གསང་ཞེས་ཏེ། ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པས་ན་གསང་བ། མི་བསྐྱོད་པ་སོགས་པ་དེ་བཞིན་གཤེགས་པ་གསུམ་གྱི་རང་བཞིན་གྱི་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབ་ཅེས་པའོ། །ཐབས་གང་གིས་ཞེ་ན། སྔགས་ཀྱི་མཚན་གྱིས་ཤིན་ཏུ་མཚན་བཅས་ལ་ཞེས་ཏེ། མི་བསྐྱོད་པ་ལ་སོགས་པ་མཚོན་པར་བྱེད་པའི་ཡིག་འབྲུ་གསུམ་གྱི་སྔགས་ཀྱི་མཚན་གྱིས་སྤྱི་བོ་དང་། ལྐོག་མ་དང་། སྙིང་ཁའི་ཕྱོགས་སུ་བཀོད་ནས་ཤིན་ཏུ་མཚན་པར་བྱ་ལ། ཡི་གེ་དེ་དག་ལས་སྤྱན་མ་དང་། གོས་དཀར་མོ་དང་། མཱ་མ་ཀིའི་ཚོགས་སྤྲོས་ཏེ་མི་བསྐྱོད་པ་ལ་སོགས་པའི་ཚོགས་སྤྱན་དྲངས་ནས། གནས་གསུམ་དུ་བསྟིམ་པ་ནི། གནས་ཀྱིས་རྣམ་པར་བསྒོམ་པར་བྱ། །ཞེས་པའོ། །དེ་ནས་སྔར་གྱི་སྔགས་གསུམ་པོ་འདིས་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་བྱིན་གྱིས་བརླབ་བོ། །སྔགས་དེ་དག་བཤད་རྒྱུད་ཀྱི་ངེས་དོན་དུ་བསྟན་པས། རྫོགས་རིམ་པའི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པར་བཤད་པ་ནི། བཤད་པའི་རྒྱུད་ལས། དེ་ནི་དཔལ་ཆེན་མི་བསྐྱོད་པ། །སྐུ་གསུང་ཐུགས་ཀྱི་གསང་བ་ཡི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །ཐུགས་བྱིན་རླབས་ཞེས་བྱ་བ་ཡི། །གསང་སྔགས་དེ་ནི་བཀའ་བསྩལ་བ། །ༀ་ཞེས་བྱ་བ་དང་པོ་ཡིན། །སརྦ་ཏ་ཐཱ་ག་ཏ་གཉིས། །ཙིཏྟ་གསུམ་དུ་ཡོངས་སུ་གྲགས། །བཛྲ་གཉིས་གཉིས་དང་ལྡན་པ། །སྭཱ་བྷ་ཨཱཏྨ་ཀོ་ལྔ་པ། །ཨ་ཧཾ་ཞེས་པ་དྲུག་པ་སྟེ། །སྐུ་དྲུག་གསུམ་གྱི་མིང་ཅན་ནོ། །དེ་ནས་དཔལ་ལྡན་རྣམ་སྣང་མཛད། །རྡུལ་བྲལ་རྡོ་རྗེ་ཞེས་བྱ་བའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །སྐུ་ནི་བྱིན་གྱིས་བརླབ་པ་གསུངས། །ༀ་ཞེས་བྱ་བ་ཚངས་པར་བཤད། །སརྦ་ཏ་ཐཱ་ག་ཏ་གཉིས། །ཀ་ཡ་ཆགས་རྟོགས་དབང་ཕྱུག་སྟེ། །བཛྲ་རིག་བྱེད་ཡིན་པར་གྲགས། །སྭ་བྷ་ཨཱཏྨ་ཀོ་འདོད་ལྷ། །ཨ་ཧཾ་སྐྱེ་མཆེད་ཅེས་བརྗོད་དོ། །དགོངས་པ་ཡི་ནི་ཡང་དག་བརྟགས། །ཤེས་རབ་དབྱེ་བས་དབྱེ་བར་བྱ། །དེ་ནས་ཚེ་དཔག་མེད་ཅེས་པ། །ཀུན་ཏུ་མི་གཉིས་རྡོ་རྗེ་ཅན། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །གསུང་ནི་བྱིན་གྱིས་བརླབ་པ་གསུངས། །ༀ་ནི་དང་པོར་བསྒྲགས་པ་ཡིན། །སརྦ་ཏ་ཐཱ་ག་ཏ་ཟུང་། །ཝག་ནི་ཡོན་ཏན་གསུམ་དུ་གྱུར། །བཛྲ་དུས་ཀྱི་མིང་ཅན་ཡིན། །སྭཱ་བྷ་ཨཱཏྨ་ཀོ་འདོད་ལྷ། །ཨ་ཧཾ་ཞེས་པ་དྲུག་དུ་བཤད། །དེ་ལྟར་ཡང་དག་བཤད་གསུམ་ཆར། །རེ་རེ་ཞིིང་དྲུག་གསུམ་དུ་བཤད། །ཐུགས་དང་སྐུ་དང་དེ་བཞིན་གསུང་། །རིམ་ནི་རིམ་པ་མིན་པས་གསུངས། །རྡོ་རྗེ་གསུམ་ཞེས་བྱ་བ་ལས། །བདག་པོའི་ཆོས་ཅན་གཅིག་ཏུ་བྱུང་། །ཞེས་སོ། །འདི་དག་གིས་ནི་ཟུང་འཇུག་ལ་གནས་པའི་རིགས་གསུམ་གྱི་ཟློས་པ་པོའི་སྒྱུ་ལུས་འོད་གསལ་དུ་བཅུག་ནས་ཟུང་འཇུག་ཏུ་ལྡང་བའི་རྒྱུ་ལུས་ལྡོག་གི་སྣང་བ་གསུམ་རླུང་དང་བཅས་པ་སྟོན་ཏེ། དེ་ལ་དཔལ་ཆེན་མི་བསྐྱོད་པ། །ཞེས་པ་ནི་མི་བསྐྱོད་པའི་ཟློས་པ་པོས་སྒྱུ་ལུས་བསྐྱེད་པ་བསྟན་ཏོ། །སྐུ་གསུང་ཐུགས་ཀྱི་གསང་བའི་ཏིང་ངེ་འཛིན་ཞེས་པས། སྒྱུ་ལུས་འོད་གསལ་དུ་བཅུག་པ་བསྟན། ཐུགས་བྱིན་གྱིས་རློབ་པ་ཞེས་པས་འོད་གསལ་ལས་ཟུང་འཇུག་ཏུ་ལྡང་བ་བསྟན། དེའི་རྒྱུ་གང་ཞེ་ན། གསང་སྔགས་ཞེས་པས་ཟུང་འཇུག་ཏུ་ལྡང་བའི་རྒྱུ་བསྟན་ཏེ། སྔགས་ཡ་ཕྲལ་ཏེ་བཤད་པས། རླུང་ལྔས་འབྱུང་གནས་འོད་གསལ་དང་བཅས་པ་སྟོན་ལ། ཟུང་དུ་བསྡེབས་པས་ལུགས་ལྡོག་གི་སྣང་བ་གསུམ་བསྟན་ཏོ། །དེ་ལ་ༀ་ནི་དང་པོ་སྲོག་འཛིན་གྱི་རླུང་ངོ་། །སརྦ་ཏ་ཐཱ་ག་ཏ་ནི་གཉིས་པ་ཐུར་སེལ་གྱི་རླུང་ངོ་། །ཙིཏྟ་ནི་གསུམ་པ་གྱེན་རྒྱུའི་རླུང་ངོ་། །བཛྲ་ནི་གཉིས་གཉིས་དང་ལྡན་པ་བཞི་པ་མེ་དང་མཉམ་གནས་ཀྱི་རླུང་ངོ་། །སྭཱ་བྷ་ཨཱཏྨ་ཀོ་ནི་ལྔ་པ་ཁྱབ་བྱེད་ཀྱི་རླུང་ངོ་། །ཨ་ཧཾ་ནི་དྲུག་པ་རླུང་གི་འབྱུང་གནས་འོད་གསལ་བསྟན་ཏོ། །ཡང་སྔགས་དེ་དག་ཟུང་དུ་བསྡེབས་པས་ནི། ལུགས་ལྡོག་གི་སྣང་བ་གསུམ་སྟོན་ཏེ། ཟུང་དང་པོས་ནི་ཉེར་ཐོབ། བར་པས་ནི་སྣང་བ་མཆེད་པ། ཐ་མས་ནི་སེམས་སྣང་བ་དང་པོ་སྟོན་ནོ། །དེ་བཞིན་དཔལ་ལྡན་རྣམ་སྣང་མཛད། །ཅེས་པས་སྐུ་རྡོ་རྗེའི་ཟློས་པ་པོའི་སྒྱུ་ལུས་བསྐྱེད་པ་བསྟན་ལ། ཚེ་དཔག་མེད་ཅེས་པས་གསུང་རྡོ་རྗེའི་ཟློས་པ་པོའི་སྒྱུ་ལུས་བསྟན་ཏོ། །ཏིང་ངེ་འཛིན་རྣམས་ཀྱིས་སྒྱུ་ལུས་འོད་གསལ་དུ་འཇུག་པ་དང་། སྔགས་རྣམས་ཀྱིས་ཟུང་འཇུག་ལས་ལྡང་བའི་རྒྱུ་རླུང་སེམས་བསྟན་པ་ནི་སྔ་མའི་ཤུགས་ཀྱིས་ཤེས་སོ། །སྐུ་བྱིན་གྱིས་བརླབ་པའི་སྐབས་སུ་ཚངས་པ་ལ་སོགས་པས་རླུང་རྣམས་བསྟན་པ་ནི། ཚངས་པ་ནི་འཇིག་རྟེན་གྱི་མེས་པོ་དང་པོར་བྱུང་བས་རླུང་དང་པོའོ། །༼རླུང་གཉིས་པ་ཆད།༽དབང་ཕྱུག་ནི་གྲོང་ཁྱེར་གསུམ་འཇིག་བྱེད་ཡིན་པས་རླུང་གསུམ་པའོ། །རིག་བྱེད་ནི་ཚངས་པའི་གདོང་བཞི་ལས་བྱུང་བས་རླུང་བཞི་པའོ། །འདོད་ལྷ་ནི་མདའ་ལྔ་དང་ལྡན་པས་རླུང་ལྔ་པའོ། །སྐྱེ་མཆེད་ནི་གཞོན་ནུ་ཀར་ཏི་ཀ་གདོང་དྲུག་དང་ལྡན་པས་དྲུག་པ་རླུང་གི་འབྱུང་གནས་འོད་གསལ་ལོ། །ཡང་ཡོན་ཏན་གསུམ་ནི། རྡུལ། སྙིང་སྟོབས། མུན་པ་གསུམ་མོ། །དུས་ནི་རྫོགས་ལྡན་ལ་སོགས་པ་བཞིའོ། །རེ་རེ་ཞིང་དྲུག་གསུམ་དུ་བཤད་ཅེས་པ་སྔགས་དེ་དག་རེ་རེ་ཡང་ཡ་བྲལ་ན་རླུང་ལྔ་འོད་གསལ་དང་བཅས་པ་དྲུག་སྟོན་ལ། ཟུང་དུ་བསྡེབས་ན་ལུགས་ལྡོག་གི་སྣང་བ་གསུམ་སྟོན་པའོ། །རིམ་ནི་རིམ་པ་མིན་པས་གསུངས། །ཞེས་པ་སྐུ་གསུང་ཐུགས་ཞེས་པའི་རིམ་པ། རྩ་རྒྱུད་དུ་ཐུགས་དང་པོར་བཏོན་ནས་རིམ་པ་མིན་པས་གསུངས་པ་ནི། རྒྱུད་ལ་རང་འགར་འཇུག་པ་སྤང་བའི་ཕྱིར་རོ། །རྡོ་རྗེ་གསུམ་ཞེས་བྱ་བ་ལས། །བདག་པོའི་ཆོས་ཅན་གཅིག་ཏུ་བྱུང་། །ཞེས་པ། རྡོ་རྗེ་གསུམ་ནི་གོང་གི་སྔགས་གསུམ་ཡིན་ལ། དེ་ལས་བདག་པོའི་ཆོས་ཅན་ཟུང་འཇུག་གི་སྐུ་གཅིག་འབྱུང་བའོ། །དེ་དག་དང་འབྲེལ་བའི་ཆོ་ག་ངེས་དོན་དུ་བཤད་པ་ནི། སྒྲུབ་པ་ཉིད་དུ་བྱ་བ་སྟེ། །བསྐྱེད་པ་ཉིད་དུ་བྱའོ། །ཞེས་སྦྱར་རོ། །གང་ཞེ་ན། སྔགས་ནི་དེ་བཞིན་གཤེགས་པ་རྣམས་ཡིན་ལ། དེ་རྣམས་ཀྱི་མཚན་ཏེ། འོད་ཟེར་ལྔས་ཤིན་ཏུ་མཚན་ཅིང་བརྒྱན་པར་བྱས་པའི་རྡོ་རྗེའི་སྐུའོ། །ཐབས་གང་གིས་ཞེ་ན། རྡོ་རྗེ་གསུམ་ནི་ཕུང་པོ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ལས་བྱུང་བའི་ཡེ་ཤེས་གསུམ་མོ། །དེ་རྣམས་ནི་བསྐྱེད་རིམ་པ་རྣམས་ཀྱི་ཡུལ་མ་ཡིན་པས་གསང་བའོ། །གནས་ནི་དོན་དམ་བདེན་པ་འོད་གསལ་ལོ། །གནས་ཀྱིས་ཞེས་པ་ཀུན་རྫོབ་བདེན་པ་སྟེ། རྣམ་པར་བསྒོམ་པར་བྱ་བ་ནི་ཀུན་རྫོབ་འོད་གསལ་དུ་བཅུག་སྟེ་བསྒོམ་ཞེས་པའོ། །མཆོག་རབ་ཏེ་བཤད་མ་ཐག་པའི་སྟོང་པ་བཞི་པོ་སྒྱུ་ལུས་དང་བཅས་པ་འདིས། ཟུང་འཇུག་གི་སྐུ་སྒྲུབ་ཅེས་པའོ། །མཆོད་པའི་ཆོ་ག་ལ་བཞི་ལས། རྗེས་སུ་ཆགས་པའི་སྦྱོར་བ་ལ་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ཞེས་སོགས་ཏེ། སྔོན་འབྱུང་ལ་རིན་ཆེན་འབྱུང་ལྡན་གྱིས་ཡེ་ཤེས་སྒྲོན་མ་རྡོ་རྗེ་ཞེས་བྱ་བ། སེམས་ཅན་སེར་སྣ་ཅན་གྱི་རྒྱུད་ལ། སེར་སྣ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྣང་བ་བསྐྱེད་པར་མཛད་པས་ན་རིན་ཆེན་འབྱུང་ལྡན་ཡིན་ལ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྔགས་འདི་གསུངས་སོ། །རྗེས་འཇུག་ལྟར་ན་ཤིན་ཏུ་རྣལ་འབྱོར་གྱི་གནས་སྐབས་སུ། བདག་ཉིད་ལ་སྐུ་བྱིན་གྱིས་རློབ་པ་སོགས་བྱས་ནས། རང་རིགས་ཀྱི་ཡུམ་ལ་རིགས་ལྔ་བཀོད་ཅིང་། རྡོ་རྗེ་པད་མ་འདུ་བྱས་ཏེ། །རིན་འབྱུང་གི་ང་རྒྱལ་གྱིས། །སྔགས་འདི་བརྗོད་ནས་འཁྱུད་པ་ལ། །སོགས་པ་བྱ་བར་བསྟན་ཏོ། །སྔགས་ཀྱི་དོན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་ཆགས་པའི་རྡོ་རྗེ་ཡིན་ཞེས་པའོ། །དེ་ལྟར་སྙོམས་པར་ཞུགས་པའི་འོག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པའི་སྔགས་སྟོན་པ་ནི་དེ་ནས་ཞེས་སོགས་ཏེ་སྔོན་བྱུང་ལ་དོན་ཡོད་གྲུབ་པས་རྡོ་རྗེ་གདོན་མི་ཟ་བ་ཞེས་བྱ་བ། དོན་ཡོད་གྲུབ་པ་ཉིད་ཡིན་ལ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྔགས་འདི་གསུངས་སོ། །རྗེས་འཇུག་ལྟར་ན། རྗེས་སུ་ཆགས་པའི་སྦྱོར་བ་བྱས་པ་དེའི་འོག་ཏུ། རྡོ་རྗེ་འཆང་གི་ང་རྒྱལ་གྱིས་སྙོམས་པར་ཞུགས་ཏེ། ཡུམ་གྱི་མཁར་བྱང་ཆུབ་ཀྱི་སེམས་སྤྲོས་ནས། ཐིག་ལེ་ཆ་གསུམ་དུ་བྱས་པའི་ཆ་གཅིག་ལ་མཆོད་པ་བྱེད་པའི་དུས་སུ། དོན་གྲུབ་ཀྱི་ང་རྒྱལ་གྱིས་སྔགས་འདི་བརྗོད་པ་བསྟན་ཏེ། སྔགས་ཀྱི་དོན་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་རྡོ་རྗེ་ང་ཡིན་ཞེས་པའོ། །བསྐྱེད་རྫོགས་གཉིས་ཀའི་ཐུན་མོང་གི་མཆོད་པ་བསྟན་པ་ནི། བཤད་མ་ཐག་པའི་ཆོ་ག་རྒྱས་པ་ཉིད་ཀྱིས་སྔགས་པས་རྟག་ཏུ་གནས་པས་བྱའོ་ཞེ་ན། དེ་ཉིད་བརྟན་པ་བསྐྱེད་པར་བྱེད་པ་ནི། རྟག་ཏུ་འདོད་པའི་ཡོན་ཏན་ལྔས། །སངས་རྒྱས་ཚུལ་བཞིན་མཆོད་པར་བྱ། །ཞེས་སོ། །རྫོགས་རིམ་པའི་མཆོད་པ་གཞན་བསྟན་པ་ནི། མཆོད་པ་རྣམ་པ་ལྔ་ནི། གཟུགས་སོགས་འདོད་པའི་ཡོན་ཏན་ལྔ་འོད་གསལ་དུ་བཅུག་པ་སྟེ། དེ་ལྟ་བུའི་མཆོད་པས་མྱུར་དུ་སྟེ་ཚེ་འདི་ཉིད་དོ། །སྐུ་གསུམ་གྱི་བདག་ཉིད་ཅན་གྱི་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ། །ཅིའི་ཕྱིར་དེ་ལ་མཆོད་པ་ཞེས་བྱ་ཞེ་ན། པན་ཙ་ཨུ་པ་ཧ་ར་སྟེ། ཡུལ་ལྔ་འོད་གསལ་དུ་འཕྲོག་ཅིང་ཉེ་བར་ཞུ་བས་ན་མཆོད་པ་ཞེས་བྱའོ། །དོན་དེ་ཡང་བཤད་པའི་རྒྱུད་ལས། གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱ་དང་ནི་ཆོས་ཀྱི་ཁམས། །དེ་དག་དངོས་པོ་མེད་བྱས་པ། །སངས་རྒྱས་མཆོད་པ་བླ་མེད་དེ། །མིག་སོགས་ཡེ་ཤེས་ལས་བྱུང་བ། །མངོན་ཤེས་ལྔ་ནི་མཛེས་བྱས་པ། །མཆོད་པ་བཟང་པོ་བཤད་པ་འདིས། །བྱང་ཆུབ་མྱུར་ཏུ་ཐོབ་པར་འགྱུར། །ཞེས་གསུངས་སོ། །དེ་ལྟར་ཕྱི་དང་ནང་གི་མཆོད་པ་བསྟན་ནས། རྫོགས་རིམ་དང་བྲལ་བས་བྱང་ཆུབ་མྱུར་དུ་ཐོབ་པར་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར། རྫོགས་རིམ་སྟོན་པ་ལ་གཉིས་ཀྱི། དང་པོ་མདོར་བསྟན་པ་ནི། དེ་ནས་རྡོ་རྗེ་འཛིན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་གསང་བ་རྣམ་པར་དག་པ་འོག་ནས་འབྱུང་བ་འདི་གསུངས་སོ། །སྒྲུབ་པར་བྱ་ཞེས་སྦྱར་རོ། །གང་ན་བདག་ལ་བྱིན་གྱིས་བརླབ་པའི་མཚན་ཉིད་ཅན་གྱི་དངོས་གྲུབ་རབ་མཆོག་སྟེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །ཐབས་གང་གིས་ཞེ་ན། སྔགས་ལ་དམིགས་པ་ངག་དང ། ཞེས་པ་སྔགས་ཡི་གེ་འབྲུ་གསུམ་ལ་དེ་རྣམས་ཀྱི་འཇུག་གནས་སྡང་གསུམ་གྱི་ངོ་བོ་ཤེས་པའི་སྒོ་ནས་དམིགས་པ་ངག་དབེན་ནོ། །ལུས་ནི། རྡོ་རྗེ་བཟླས་པའི་རྒྱུར་གྱུར་པའི་ལུས་དབེན་ནོ། །ཡིད་ཀྱིས་བསྐུལ་ནས་སུ། ཞེས་པ་ཡིད་ཡོངས་སུ་ཤེས་པ་སེམས་དབེན་ནོ། །མགུ་བ་ཡིས་ཞེས་པ་སྒྱུ་ལུས་དང་ཟུང་འཇུག་གཉིས་ཀ་ལ་སྦྱོར་བས། སྒྱུ་ལུས་ལ་སྦྱར་ན། མཆུ་ཞིང་ཡིད་དུ་འོང་བ་སྒྱུ་མ་ལྟ་བུའི་སྐུའོ། །ཡིད་ནི་དགའ་ཞིང་ཞེས་པ་སྒྱུ་ལུས་རྣམ་པར་དག་པར་བྱེད་པས་ཡིད་ཡང་དག་པར་དགའ་བར་འགྱུར་བ་དོན་དམ་པའི་བདེན་པའོ། །

མགུ་བ་ཡིས་ཞེས་པ་ནི། སྲིད་པ་དང་ཞི་བའི་མཐའ་ལ་མི་གནས་པའི་མཚན་ཉིད་ཅན་ཡིད་དུ་འོང་བའི་རྡོ་རྗེ་འཆང་ཆེན་པོའི་སྐུའོ། །མདོར་བསྟན་པའི་ཚིག་བཞི་པོ་དེ་རྒྱས་པར་འཆད་པ་ནི། སེམས་ལ་དམིགས་པ་ནི་རིམ་པ་གཉིས་པ་ཡོངས་སུ་ཤེས་པ་སྟེ། དེས་སེམས་གཟུང་འཛིན་གྱིས་དབེན་པའི་བདག་མེད་པ་དང་། ངག་དང་ལུས་ཀྱང་བདག་མེད་པར་རྣམ་པར་བསྒོམས་པས། སེམས་ཀྱི་རང་བཞིན་རྟོགས་པ་བསྒྲུབ་པར་བྱའོ། །འདིས་ནི་སྐུ་གསུང་ཐུགས་ཀྱི་མཚན་ཉིད་ཀྱི་ཤེས་རབ་དང་། ཐབས་དང་ཉེར་ཐོབ་གསུམ་བསྟན་པས་སེམས་དབེན་བསྟན་ཏོ། །སེམས་དབེན་མཐར་ཕྱིན་ནས་ཅི་ཞིག་བྱ་ཞེ་ན། ནམ་མཁའ་བཞིན་དུ་མཉམ་པ་ནི་འོད་གསལ་ཡིན་ལ། དེ་བསྐྱེད་པའི་གནས་སམ་རྟེན་སྦྱོར་བགསུམ་གཅིག་ཏུ་གྱུར་པ་ཡིད་ཀྱི་རང་བཞིན་གྱི་ལུས་བསྒྲུབ་པར་བྱ་བ་སྟེ་བསྐྱེད་པར་བྱའོ། །སྦྱོར་བ་གསུམ་ནི་དབེན་པ་གསུམ་མམ་སེམས་གསུམ་མོ། །འདིས་ནི་སྒྱུ་ལུས་བསྟན་ཏོ། །སྒྱུ་ལུས་མཐར་ཕྱིན་ནས་ཅི་ཞིག་བྱ་ཞེ་ན། འོད་གསལ་བསྒོམ་མོ་ཞེས་སྟོན་པ་ན། ལུས་དང་ངག་དང་སེམས་དམིགས་ནས། །ཞེས་པ་དབེན་གསུམ་ཡིན་ལ། དབེན་གསུམ་གྱིས་བསྒྲུབ་པའི་སྒྱུ་མ་ལྟ་བུའི་སྐུའི་ངོ་བོ་ཉིད་ནི། དོན་དམ་པར་དམིགས་སུ་མེད་དེ། ཐམས་ཅད་ཀྱང་དོན་དམ་པའི་བདེན་པར་རྟོགས་པའི་ཕྱིར་རོ། །གལ་ཏེ་ཡེ་ཤེས་ཀྱི་སྐུ་ལ་རང་བཞིན་མི་དམིགས་ཀྱང་། རྟོག་པའི་རྣལ་འབྱོར་གྱི་ལྷ་སྐུ་ལ་རག་བཞིན་དམིགས་སོ་ཞེ་ན། སྔགས་ནི་ཡི་གེ་གསུམ་སྟེ། དེས་ལུས་སུ་སྦྱོར་བ་སྟེ། བསྐྱེད་པའི་སྔགས་ཀྱི་སྐུ་ལ་བྱང་ཆུབ་ཀྱི་རང་བཞིན་མེད་དེ། སྔགས་ཀྱི་ཡི་གེ་རྣམས་ནི་སྐྱེས་མ་ཐག་ཏུ་འཇིག་པས་ནམ་མཁའ་དང་འདྲ་བ་ཡིན་ནོ། དེ་དག་གིས་ལུས་བསྐྱེད་པར་ག་ལ་འགྱུར། གལ་ཏེ་བསྒོམ་བཞིན་པའི་གནས་སྐབས་ན་ཡོད་དོ་ཞེ་ན། བསྒོམ་བཞིན་པའི་གནས་སྐབས་ན་ཡང་ལྷའི་སྐུ་མེད་པས། ཡང་དག་པར་ན་རྟོག་པའི་རྣལ་འབྱོར་ལ་ལྷ་བསྒོམ་པ་ཡང་མེད་དོ། །དེ་ལྟར་ན་འོད་གསལ་ཆོས་སྐུ་དང་། སྒྱུ་ལུས་ལོངས་སྐུ་དང་། དབེན་གསུམ་སྤྲུལ་སྐུ་རྣམས་ནི་ཡང་དག་པར་སྤང་བར་བྱ་བ་ཡིན་ཏེ། དབེན་གསུམ་སྒྱུ་ལུས་དང་བཅས་པ་ནི་མཚན་བཅས་ཀྱི་བསྒོམ་པ་ཡིན་པའི་ཕྱིར་དང་། འོད་གསལ་ནི་ཞི་བའི་མཐར་ལྟུང་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སྐུ་གསུམ་དབྱེར་མེད་པ་མི་གནས་པའི་མྱ་ངན་ལས་འདས་པའི་ མཚན་ཉིད་ཅན་གྱི་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ལ་བསླབ་པར་བྱ་བར་བསྟན་པ་ནི། བསྒོམ་པར་བྱ་བ་སྟེ་བསླབ་པར་བྱའོ་ཞེས་སྦྱར། གང་ན་སྔགས་འོད་ཟེར་ལྔ་ཡིས་བརྟག་པ་སྟེ་བསྐྱེད་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ངོ་བོ་ཟུང་འཇུག་ལའོ། །ཐབས་གང་གིས་ཞེ་ན། སྐུ་གསུང་ཐུགས་ཀྱི་མཚན་ཉིད་དུ། །འདི་ནི་མདོར་ན་རྣམ་དཔྱད་ནས། །ཞེས་པ། ལུས་དབེན་དང་ངག་དབེན་སྔོན་དུ་སོང་བ་ཅན་གྱི་སེམས་དབེན་ནི། སྐུ་གསུང་ཐུགས་ཀྱི་མཚན་ཉིད་ཅན་གྱི་ཤེས་རབ་དང ། ཐབས་དང་ཉེར་ཐོབ་གསུམ་གྱི་རང་བཞིན་གྱི་སྟོང་པ་གསུམ་ཡིན་ལ། དེ་དག་རྣམ་པར་དཔྱད་ནས་ཏེ་ཡོངས་སུ་ཤེས་པར་བྱས་ནས། བཤད་མ་ཐག་པའི་སྟོང་པ་གསུམ་པོ་འདི་ནི་མདོར་ན་སྟེ། ཀུན་རྫོབ་བདེན་པ་སྒྱུ་མའི་སྐུར་བསྐྱེད་དོ། །ཞེས་པའོ། །འདིས་ནི་དབེན་གསུམ་སྔོན་དུ་འགྲོ་བ་ཅན་གྱི་སྒྱུ་ལུས་བསྒོམ་པ་བསྟན་ཏོ། །སྒྱུ་ལུས་དེ་ཉིད་བསམ་གཏན་གཉིས་ཀྱིས་བཤིག་སྟེ། བྱང་ཆུབ་ཏེ་འོད་གསལ་བར་སྦྱོར་བ་སྟེ་གཞུག་པར་བྱའོ་ཞེས་པའོ། །ད་ནི་ལེའུ་གསུམ་པ་ལས་གསུང་ས་པའི་ཕྲ་མོའི་རྣལ་འབྱོར་རྒྱས་པར་བསྟན་པར་བྱ་སྟེ། དེ་ལ་གཉིས། སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ་དང་། སྟོན་པའི་གསུང་གིས་ཕྲ་མོའི་རྣམ་འབྱོར་བསྟན་པ་གཉིས་ཀྱི། དང་པོ་ནི། རྫོགས་རིམ་བསྟན་པའི་རྗེས་ཐོག་དེ་ནས། བཀའ་བསྩལ་ཏོ། །ཞེས་སྦྱར། གང་ན། བསྒོམ་པའི་མཆོག་འོག་ནས་འབྱུང་བ་འདིའོ། །སུ་ཞིག་གིས་ན། རྣམ་སྣང་ལ་སོགས་པའི་སངས་རྒྱས་ཀུན་གྱི་ནང་ནས་མཆོག་ཏུ་གྱུར་པ་ཐུགས་རྡོ་རྗེ་ཀུན་མཁྱེན་གྱིས་སོ། །

དེའི་ཁྱད་པར་ནི། ཚོགས་གཉིས་དང་ལྡན་པས་ན་དཔལ་ལྡན། རྩེ་ལྔ་པའི་རྡོ་རྗེ་འཛིན་པ་ནི་ཡི་གེའི་དོན་ནོ། །ཡེ་ཤེས་ལྔའི་རང་བཞིན་གྱི་རྡོ་རྗེ་འཆང་བས་ན་རྡོ་རྗེ་འཛིན་པ་ནི་སྤྱིའི་དོན་ནོ། །ཡིད་ཀྱི་རང་བཞིན་གྱི་ལུས་འཛིན་པ་ན་རྡོ་རྗེ་འཛིན་པ་ནི་སྦས་པའི་དོན་ནོ། །གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་འཛིན་པས་ན་རྡོ་རྗེ་འཛིན་པ་ནི་མཐར་ཐུག་གི་དོན་ནོ། །སྤྱན་མ་ལ་སོགས་པའི་ལྷ་མོ་ཀུན་གྱིས་མཆོད་པས་ན་དེ་བཞིན་གཤེགས་པ་ཀུན་གྱིས་མཆོད་པའོ། །སྟོན་པའི་གསུང་གིས་ཕྲ་མོའི་རྣལ་འབྱོར་བསྟན་པ་ལ་གཉིས་ཀྱི། དང་པོས་ལྷའི་རྣལ་འབྱོར་སྔོན་དུ་འགྲོ་བའི་ཕྲ་མོའི་རྣལ་འབྱོར་མདོར་བསྟན་པ་ནི། ཟུང་འཇུག་པས་ཕྲ་མོའི་རྣལ་འབྱོར་བསྒོམ་པའི་སྔོན་དུ། སྒྱུ་མ་ལྟ་བུའི་སྐུ་ནམ་མཁའི་དབྱིངས་ཀྱི་དབུས་གནས་པར་ཏེ། འོད་གསལ་དུ་བཅུག་ནས། སླར་ཡང་ཟླ་བའི་དཀྱིལ་འཁོར་ཏེ། ལུགས་ལྡོག་གི་སྣང་བ་གསུམ་རླུང་དང་བཅས་པ་ལས། ལོངས་སྤྱོད་རྫོགས་པའི་སྐུ་བསྒོམ་ཞིང་བསྐྱེད་པར་བྱའོ། །དེའི་རྗེས་སུ་སངས་རྒྱས་གཟུགས་ནི་རབ་བསྒོམ་ཞེས་པ། མི་བསྐྱོད་པ་ལ་སོགས་པ་གང་རུང་རྗེས་སུ་ཞུགས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ལས་བསྒྲུབས་པའི་སྤྲུལ་པའི་སྐུར་བདག་ཉིད་བསྐྱེད་ནས། འོག་ནས་འབྱུང་བའི་ཕྲ་མོའི་རྣལ་འབྱོར་བརྩམ་པར་བྱའོ། །རྒྱས་པར་བཤད་པ་ལ་གཉིས་ཏེ། རྩ་བའི་རྡོ་རྗེ་བཟླས་པ་དང་། ཡན་ལག་གི་རྡོ་རྗེ་བཟླས་པ་གཉིས་ཀྱི། རྩ་བའི་རྡོ་རྗེ་བཟླས་པ་ནི། སྣའི་རྩེ་མོར་ཞེས་པའི་རྡོ་རྗེའི་ཚིག་འདི་དྲང་དོན་དང་། ངེས་དོན་དུ་བཤད་པ་གཉིས་ཀྱི། དྲང་དོན་དུ་བཤད་པར་བསྐྱེད་རིམ་པས་འོག་སྒོ་ལ་བརྟེན་པའི་ཕྲ་མོའི་རྣལ་འབྱོར་བསྒོམ་པ་སྟོན་པ་ནི། སྣའི་རྩེ་མོ་ནི་རྡོ་རྗེའམ་པད་མའི་ཟེ་འབྲུ་ལ། དེར་ཡུངས་དཀར་ཏེ་བྱང་ཆུབ་ཀྱི་ཐེག་ལེ་བསམ་ཞིང་བསྒོམ་པར་བྱའོ། །འདིར་ཡུངས་དཀར་གྱི་སྒྲས་ཐིག་ལེ་མཚོན་པར་ཡང་རྒྱུད་ཕྱི་མ་ལས་གསུངས་ཏེ། ཡེ་ཤེས་ལྔ་ཡི་རླུང་བཞིན་དབུགས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །པད་མའི་སྣ་རྩེར་ཕྱུང་ནས་ནི། །ཐིག་ལེའི་གཟུགས་སུ་བརྟག་པར་བྱ། །རིན་ཆེན་ཁ་དོག་སྣ་ལྔ་པ། །སྲོག་དང་རྩོལ་བ་ཞེས་བྱར་བཤད། །ཅེས་གསུངས་སོ། །ཇི་ལྟར་བསྒོམ་ཞེ་ན། ཡུགས་དཀར་ཏེ་ཐིག་ལེ་ཡི་དབུས་སུ་འགྲོ་བ་བཅུད་དང་། མི་འགྲོ་བ་སྣོད་ཀྱི་འཇིག་རྟེན་རྣམས་སྐྱེ་བཞིན་པར་ཤེས་པར་བྱ་སྟེ། བདུད་རྩིའི་ས་བོན་ཞེས་བཤད་དེ། དེ་ལས་འགྲོ་བ་གསུམ་པོ་སྐྱེ། །ཞེས་གསུངས་སོ། །ཡང་ན་རྒྱུ་བ་དང་མི་རྒྱུ་བ་རྣམས་རྡོ་རྗེ་སེམས་དཔའི་རང་བཞིན་དུ་བསམ་པར་བྱའོ། །ཐིག་ལེ་དེ་ཉིད་རང་རིག་བདེ་བའི་རྒྱུར་གྱུར་པས་ན། ཡེ་ཤེས་གནས་ནི་ཉམས་དགའ་བ། །ཞེས་སོ། །ཐིག་ལེ་དེ་བསྒྲུབ་པའི་རྒྱུ་གང་ཞེ་ན། གསང་བའི་ཡེ་ཤེས་ཀྱིས་བརྟགས་བསྒོམ། །ཞེས་ཏེ། གསང་བའི་ཡེ་ཤེས་ནི་དབང་པོ་གཉིས་སྙོམས་པར་འཇུག་པའོ། །བརྟགས་པ་ནི་དེས་བསྐྱེད་པའི་ཐིག་ལེའོ། །དེ་བསྒོམ་ཞེས་པའོ། །གཉིས་པ་ངེས་དོན་དུ་བཤད་པར་རྫོགས་རིམ་པའི་རྡོ་རྗེ་བཟླས་པ་བསྒོམ་པ་བསྟན་པ་ནི། རྐང་པ་དང་པོས་ནི་སྔགས་དང་རླུང་གི་དེ་ཁོ་ན་ཉིད་བསྟན་ཏོ། །གཉིས་པས་ནི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དོ། །ཐ་མ་གཉིས་ཀྱིས་ནི་ཡོངས་སུ་དག་པའི་ལྷའི་དེ་ཁོ་ན་ཉིད་བསྟན་ཏོ། །དེ་ལ་སྙིང་ཁ་དང་གསང་བའི་གནས་དང་། ལྐོག་མ་དང་། ལྟེ་བ་དང་། ལུས་ཐམས་ཅད་ལ་གནས་པའི་རླུང་འོད་ཟེར་ལྔ་པོ་སྲོག་དང་རྩོལ་བར་གྱུར་ནས། སྟེང་གི་སྣའི་བུ་ག་ལས་དཀྱིལ་འཁོར་བཞིའི་ཁ་དོག་གོ་རིམ་བཞིན་དུ་ངེས་པར་འབྱུང་སྟེ། དེའི་ཚེ། རྣལ་འབྱོར་པས་སྟེང་གི་སྣའི་རྩེ་མོར་ཡུངས་དཀར་ཏེ། དཀྱིལ་འཁོར་བཞིའི་བདག་ཉིད་ཀྱི་རླུང་འཇུག་གནས་ལྡང་གསུམ་གྱི་ཚུལ་དུ་བསམ་ཞིང་བསྒོམ་པར་བྱའོ། །འདིར་ཡུངས་དཀར་གྱི་སྒྲས་དཀྱིལ་འཁོར་བཞིའི་རླུང་བསྟན་པ་ཡང་རྡོ་རྗེ་ཕྲེང་བ་ལས་གསུངས་ཏེ། ཇི་སྐད་དུ། སྣ་རྩེར་ཡུངས་དཀར་ཞེས་བྱ་བ། །སྲོག་དང་རྩོལ་བའི་བརྟག་པའོ། །སྲོག་དང་རྩོལ་བ་ལ་གནས་པ། །འོད་ཟེར་ལྔ་པོ་སངས་རྒྱས་དངོས། །སྟེང་གི་སྣ་ལ་ངེས་བྱུང་བ། །གཡོན་དང་གཡས་དང་གཉིས་ཀ་དང་། །དལ་ཞེས་བྱ་བ་རྣམ་བཞིར་འགྱུར། །ནང་གི་དུས་ནི་ཡིན་པར་བཤད། །རང་སྔགས་བཞི་ཡི་སྦྱོར་བ་ཡིས། །ཉིན་མཚན་རྣམ་པ་ཐམས་ཅད་དུ། །ཐུན་ཕྱེད་དུས་སུ་གནས་བྱེད་དེ། །རིམ་ནི་གོ་རིམ་ཇི་བཞིན་དུ། །ཞེས་གསུངས་སོ། །རྡོ་རྗེ་བཟླས་པ་དེ་རྟེན་གང་ལ་གནས་ནས་བྱེད་ཅེ་ན། ཟུང་འཇུག་གི་སྐུ་ལ་གནས་ནས་བསྒོམ་མོ་ཞེས་སྟོན་པ་ནི། འགྲོ་དང་མི་འགྲོ་བ་ནི་ལུགས་ལྡོག་གི་སྣང་ན་གསུམ། ཡུངས་དཀར་ནི་ཁམས་ཕྲ་བ་སྟེ། རྣམ་ཤེས་གསུམ་རླུང་དང་བཅས་པ་ལས་གྲུབ་པའི་ཡེ་ཤེས་ཀྱི་སྐུ་ལ་བརྟེན་ནས་བསྒོམ་ཞེས་པའོ། །ཡེ་ཤེས་ཀྱི་སྐུ་དེ་མཚན་ཉིད་ཇི་ལྟ་བུ་ཞེ་ན། དེ་ནས་རླུང་སེམས་ཙམ་ལས་གྲུབ་པས་ན་ཡེ་ཤེས་ཀྱི་གནས་སོ། །འཇའ་ཚོན་ལྟར་དཀར་པོ་ལ་སོགས་པའི་འོད་ཟེར་དང་ལྡན་པས་ཉམས་དགའ་བའོ། །རྟོག་པའི་རྣལ་འབྱོར་པ་རྣམས་ཀྱི་ཡུལ་མ་ཡིན་པས་ན་གསང་བའོ། །འོད་གསལ་གྱི་ཡེ་ཤེས་ལས་བྱུང་བས་ན་ཡེ་ཤེས་ཀྱིས་བརྟགས་པའོ། །ཡེ་ཤེས་ཀྱི་སྐུ་འདི་ཉིད་མདོ་སྡེ་དག་ལས་ཀྱང་དགོངས་པའི་ཚིག་གིས་གསུངས་ཏེ། ཕལ་པོ་ཆེ་ལས། སྐྲ་ཙམ་ཁྱོད་ཅིག་ལ་ཡང་སངས་རྒྱས་ནི། །རྣམ་མང་གངྒཱའི་ཀླུང་གི་བྱེ་སྙེད་བཞུགས། །ཞེས་དང་། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །ཅེས་གསུངས་ཏེ། རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་བཞུགས་པ་ནི། ཡེ་ཤེས་ཀྱི་སྐུ་ཁོ་ན་ལ་རུང་བའི་ཕྱིར་རོ། །ད་ནི་དཀྱིལ་འཁོར་བཞིའི་དབྱེ་བས་ཕྱེ་བའི་ཡན་ལག་བཟླས་པ་བསྟན་པ་ནི། བསྒོམ་པས་ཏེ་ཤེས་པར་བྱའོ་ཞེས་སྦྱར་རོ། །གང་ཞེ་ན། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར་ཏེ། མི་ཤིགས་པ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་ཏེ། མེའི་དཀྱིལ་འཁོར་པད་མ་མགོན་པོའི་རྒྱུ་བ་སྣ་བུག་གཡས་ནས་འབྱུང་བའོ། ཚུལ་ཇི་ལྟར་བསྒོམ་ཞེ་ན། སངས་རྒྱས་ནི་རྣམ་པར་སྣང་མཛད། དེའི་གནས་ནི་ཡི་གེ་ༀ། རླུང་ནང་དུ་འཇུག་པ་དང་། སྐུ་ནི་འོད་དཔག་ཏུ་མེད་པ། དེའི་གནས་ཡི་གེ་ཨཱཿརླུང་གནས་པའི་བདག་ཉིད་བསྒོམ་ཞིང་། ༀ་དང་ཨཱཿདེའི་སྟེང་དུ་གནས་ཏེ། ཡི་གེ་ཧཱུྃ་ལྡང་བའི་བདག་ཉིད་ཅན་ནི་བཞག་ཅིང་བསྒོམ་པ་འདི་ནི་འོད་དཔག་ཏུ་མེད་པའི་བཟླས་པའོ། །ཡང་ནམ་མཁའི་དབྱིངས་ཀྱི་དབུས་གནས་པ་སྟེ་མི་ཤིགས་པ་ལས་བྱུང་བའི་གསལ་བའི་དཀྱིལ་འཁོར་ཏེ། ཆུའི་དཀྱིལ་འཁོར་རྡོ་རྗེ་མགོན་པོའི་རྒྱུ་བ་སྤྱན་གྱི་ཚུལ་དུ་སྦྱོར་བ་སྡེ་དཀར་ཞིང་དལ་བ་བསྒོམ་པར་བྱའོ། །ཚུལ་ཇི་ལྟར་ཞེ་ན། རྡོ་རྗེ་པད་མ་རྣམ་པར་བསྒོམ་ཞེས་ཏེ། ༀ་ནང་དུ་འཇུག་པའི་བདག་ཉིད་ཅན་ཡོངས་སུ་གྱུར་པའི་རྗེས་ལ། པད་མོ་སྟེ་ཨཱཿགནས་པའི་བདག་ཉིད་ཅན་དང་། རྡོ་རྗེ་སྟེ་ཧཱུྃ་སྡང་བའི་བདག་ཉིད་ཅན་རྣམ་པར་བསྒོམ་མོ། །འདི་ནི་རྡོ་རྗེའི་བཟླས་པའོ། །ཡང་ནམ་མཁའི་དབྱིངས་ཀྱི་དབུས་གནས་པར་ཏེ། མི་ཤིགས་པ་ལས་བྱུང་བའི་རིན་ཆེན་དཀྱིལ་འཁོར་ཏེ་དབང་ཆེན་གྱི་དཀྱིལ་འཁོར་རིན་ཆེན་མགོན་པོའི་རྒྱུ་བ་ཁ་དོག་སེར་པོ་གཉིས་ཀ་ནས་རྒྱུ་བ་བྲི་བར་བྱ་བ་སྟེ་བསྒོམ་པར་བྱའོ། །ཚུལ་ཇི་ལྟར་ཞེ་ན། དཀྱིལ་འཁོར་དེའི་སྟེང་དུ་མཆོག་གི་སྦྱོར་བ་སྟེ་ཡི་གེ་གསུམ་སྤྲོ་བ་དང་། བསྡུ་བ་དང་། གནས་པའི་བདག་ཉིད་ཅན་ནན་ཏན་གྱི་རྩེ་གཅིག་ཏུ་བསྒོམ་ཞིང་ཤེས་པར་བྱའོ། །འདི་ནི་རིན་པོ་ཆེ་བའིབཟླས་པའོ། །ཡང་ནམ་མཁའི་དབྱིངས་ཀྱི་དབུས་གནས་པར་ཏེ། མི་ཤིགས་པ་ལས་བྱུ ང་བའི་འོད་ཀྱི་དཀྱིལ་འཁོར་ཏེ། རླུང་གི་དཀྱིལ་འཁོར་ཁ་དོག་ནག་པོ་ལས་ཀྱི་མགོན་པོའི་རྒྱུ་བ་གཡོན་པ་ནས་འབྱུང་བ་སྒོམ་པར་བྱའོ། །ཚུལ་ཇི་ལྟར་ན། དཀྱིལ་འཁོར་དེའི་སྟེང་དུ་སངས་རྒྱས་ཚུལ་ཏེ་ཧཱུྃ་ལྡང་བ་དང་། ཞི་བ་སྟེ་གནས་པ་དང་། སྤྲོ་བ་སྟེ་ༀ་འཇུག་པའི་ཚུལ་དུ་བསྒོམ་པར་བྱའོ། །དེ་ནས་དཀྱིལ་འཁོར་བཞི་པོ་རེ་རེའི་དཀྱིལ་འཁོར་གྱི་རབ་ཏུ་འཇུག་པ་ལ་སྤྱོད་པ་ན། ཐབས་མགོན་པོའི་རླུང་ནི་ཁྱད་པར་དུ་སྟེ་རགས་པར་རྒྱུ་ཞིང་། ཤེས་རབ་ལྷ་མོའི་རླུང་རྣམས་ནི་འཁོར་དུ་གྱུར་པས་དེའི་ནང་དུ་ཆུད་པར་སྤྲོ་ཞེས་པའོ། །རྡོ་རྗེ་བཟླས་པ་འདི་ཉིན་མཚན་དུ་བཟླས་པའི་གྲངས་ནི། བཤད་པའི་རྒྱུད་ལས། གོས་དཀར་ལ་སོགས་བཟླས་བཤད་པ། །བརྒྱ་ཕྲག་གཉིས་དང་ཉི་ཤུ་ལྔ། །བཞི་པོ་ལེགས་པར་སྦྲེས་པ་ནི། །བཞི་བསྡུས་བརྒྱ་ཕྲག་དགུ་ཉིད་དོ། །དགུ་བརྒྱ་དག་དུ་གང་བསྟན་པ། །ཉི་ཤུ་རྩ་བཞིའི་རིམ་གྱིས་ནི། །དེ་ནི་སོ་སོར་འབྱུང་བ་ལས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །ཞེས་གསུངས་སོ། །དེ་དག་གི་དོན་ནི་སྔར་བཤད་ཟིན་ཏོ། །ད་ནི་བསྐྱེད་རིམ་པའི་རྣལ་འབྱོར་ཕོ་མོ་གཉིས་ཀའི་ཕྲ་མོའི་རྣལ་འབྱོར་གཞན་བསྟན་པ་ནི། དེ་ལ་སྤྱིར་བསྐྱེད་རིམ་པའི་ཕྲ་མོའི་རྣལ་འབྱོར་ལ་གཉིས་ཏེ། སྟེང་སྒོ་ལ་བརྟེན་པའི་མཚན་མ་ཕྲ་མོ་བསྒོམ་པ་དང་། འོག་སྒོ་ལ་བརྟེན་པའི་ཐིག་ལེ་ཕྲ་མོ་བསྒོམ་པའོ། །དང་པོ་ནི། ལེའུ་གསུམ་པའི་སྤྱི་དོན་དུ་བཤད་པས་བསྟན་ལ། འོག་སྒོ་ལ་བརྟེན་པའི་ཐིག་ལེ་ཕྲ་མོ་བསྒོམ་པ་ལ་གཉིས་ཏེ། ཐིག་ལེ་དངོས་བསྒོམ་པ་དང་། ཐིག་ལེ་ལས་ཕྱག་མཚན་ཕྲ་མོ་བསྒོམ་པའོ། །དང་པོ་ནི། ལེའུ་གསུམ་པའི་སྦས་དོན་དུ་བཤད་པ་དང་། ལེའུ་འདི་ཉིད་ཀྱི་དྲང་དོན་དུ་བཤད་པས་བསྟན་ལ། ཐིག་ལེ་ལས་ཕྱག་མཚན་ཕྲ་མོ་བསྒོམ་པ་ནི། འདིར་སྟོན་པ་ཡིན་ཏེ་དེ་ཡང་རིགས་ཀྱི་བྱེ་བྲག་གིས། རྣལ་འབྱོར་པ་སུམ་ཅུ་རྩ་གཉིས་ཀྱི་རྡོ་རྗེ་ལ་སོགས་པ་རང་གི་ལྷའི་ཕྱག་མཚན་རྡོ་རྗེའི་རྩེ་མོར་བསྒོམ་པ་མི་བསྐྱོད་པའི་རྣལ་འབྱོར་པ་མཚོན་ནས་སྟོན་པ་ནི། རྣམ་པར་བསམ་པར་བྱའོ་ཞེས་སྦྱར། གང་ན། ཐིག་ལེ་གྱུར་པ་ལས་བྱུང་བའི་རང་གི་ལྷའི་ཕྱག་མཚན་རྡོ་རྗེའོ། །ཇི་ལྟ་བུ་ཞེ་ན། ཁ་དོག་གི་ཁྱད་པར་ཨུཏྤལ་མཐིང་ཀའི་མདོག་འདྲ་བ་སྔོན་པོའོ། །དབྱིབས་ཀྱི་ཁྱད་པར་ནི་རྩེ་མོ་ལྔ་པ། ཚད་ཀྱི་ཁྱད་པར་ནས་ཀྱི་འབྲུ་ཙམ་མོ། །གང་དུ་ན་སྣའི་རྩེ་མོ་སྟེ་རྡོ་རྗེའི་བུ་གར་རོ། །ཚུལ་ཇི་ལྟར་ན་ནན་ཏན་གྱིས་ཏེ་རྒྱུན་དུའོ། །

སུ་ཞིག་གིས་ན། མི་བསྐྱོད་པའི་རྣལ་འབྱོར་པས་སོ། །རྣལ་འབྱོར་མ་སུམ་ཅུ་རྩ་གཉིས་ཀྱི་རང་གི་ལྷའི་མཚན་མ་ཆོས་འབྱུང་དུ་བསྒོམ་པ་འོད་དཔག་ཏུ་མེད་པའི་རྣལ་འབྱོར་མས་མཚོན་ནས་སྟོན་པ་ནི། ནན་ཏན་དུ་བསྒོམས་པས་བྱང་ཆུབ་ལ་གཞོལ་ཞིང་ཐོབ་པར་འགྱུར་རོ་ཞེས་སྦྱར། གང་ན་ཐིག་ལེ་གྱུར་པ་ལས་བྱུང་བའི་རང་གི་ལྷའི་མཚན་མ་པད་མའོ། །དེ་ཡང་ཚད་ཀྱི་ཁྱད་པར་ཙ་ན་ཀའི་འབྲུ་ཙམ་དང་། དབྱིབས་ཀྱི་ཁྱད་པར་འདབ་མ་བརྒྱད་པ་གེ་སར་དང་བཅས་པ། ཁ་དོག་གི་ཁྱད་པར་དམར་པོར་བསྒོམ་མོ། །གང་དུ་ན་སྣའི་རྩེ་མོར་ཏེ། ཆོས་འབྱུང་གི་ནང་དུ་ཆུད་པར་རོ། །སུ་ཞིག་གིས་ན་འོད་དཔག་མེད་ཀྱི་རྣལ་འབྱོར་མས་སོ། །རྡོ་རྗེ་དང་པད་མའི་རྩེ་མོ་དེར། རང་གི་རིགས་ཀྱི་དབྱེ་བས་འཁོར་ལོ་དང་། རིན་པོ་ཆེ་དང་། རལ་གྲི་ལ་སོགས་རང་གི་ལྷའི་མཚན་མ་རྣམས་ཙ་ན་ཀའི་འབྲུ་ཙམ་བསྒོམ་པ་ཡང་བརྟག་ཅིང་ཤེས་པར་བྱའོ། །དེ་ལྟར་བསྒོམས་པས་ཕན་ཡོན་ཅི་ཐོབ་ཅེ་ན། ཞི་བ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་དང་། འདོད་པའི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་བརྒྱད་དང་། བྱང་ཆུབ་སྟེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་གནས་ཏེ་རྒྱུ་འོད་གསལ་འགྲུབ་ཅིང་མངོན་དུ་བྱེད་པར་འགྱུར་རོ། །འོད་གསལ་དེ་ནི་ཉོན་མོངས་པ་རྣམ་པར་དག་པས་ན་ཉམས་དགའ་བའོ། །ཕྲ་མོའི་རྣལ་འབྱོར་གྱིས་འོད་གསལ་ཇི་ལྟར་འགྲུབ་ཅེ་ན། ཕྲ་མོ་མཐར་ཕྱིན་དབེན་གསུམ་སྔོན་དུ་སོང་བའི་སྒྱུ་ལུས་མཐར་ཕྱིན་ནས། འོད་གསལ་འགྲུབ་བོ་ཞེས་སྟོན་པ་ནི། སངས་རྒྱས་ཏེ་ཕུང་པོ་ལ་སོགས་པ་བྱང་ཆུབ་གནས་ཏེ་སྤྲུལ་སྐུའི་གཞི་སྒྱུ་མའི་སྐུར་མདོར་ན་སྟེ། ཡེ་ཤེས་གསུམ་རླུང་དང་བཅས་པས་བསྐྱེད་ནས། བསམ་གཏན་གཉིས་ཀྱི་འོད་གསལ་དེར་སྤྲོ་ཞིང་གཞུག་པར་བྱའོ། །འོད་གསལ་ལས་ཟུང་འཇུག་ཏུ་བཞེངས་པ་ནི། སྐུ་གསུང་ཐུགས་ཀྱིས་མཚན་པ་སྟེ་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་རྡོ་རྗེ་འཆང་ཆེན་པོར་ཆོས་ཀྱིས་ཏེ། འོད་གསལ་གྱི་ཚིག་རྣམས་ཏེ་རྒྱུ་ལས་བདག་ཉིད་བསྐྱེད་པར་བྱའོ་ཞེས་པའོ། །ད་རྣལ་འབྱོར་གྱི་སྤྱོད་པ་བསྟན་པ་ལ་གཉིས་ཏེ། དྲང་དོན་དང་། ངེས་དོན་ནོ། །དྲང་བའི་དོན་ལ་བཞི་ལས། དང་པོ་སྡུད་པ་པོའི་ཚིག་གིས་མཚམས་སྦྱར་བ་ནི། ཕྲ་མོའི་རྣལ་འབྱོར་བཤད་པ་དེ་ནས། བཀའ་བསྩལ་ཏོ་ཞེས་སྦྱར་རོ། །གང་གིས་ན། དཔལ་ལྡན་རྡོ་རྗེ་འཛིན་པ་སྟེ་རྡོ་རྗེ་འཆང་ཆེན་པོ། དེ་ཉིད་དོན་ཀུན་ཏེ་གཉིས་སུ་མེད་པའི་ཡེ་ཤེས་སྟོན་པས་སོ། །ཅི་ཞིག་ཅེ་ན། སྤྲོས་བཅས་དང་། སྤྲོས་མེད་དང་། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ཀུན་ནོ། །དེའི་ཁྱད་པར་ནི། དེ་རྣམས་ཀྱི་མཆོག་ནི་རང་བཞིན་ཤེས་པའོ། །ལོངས་སྤྱོད་པ་དང་། ཟུང་འཇུག་གི་རྒྱུར་གྱུར་པའོ། །གྲོལ་བའི་སྤྱོད་པའོ། །དག་པ་ནི་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པས་སོ། །ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པས་གསང་བ་དམ་པའོ། །སྤྱོད་པའི་ངོ་བོ་དངོས་སྟོན་པ་ནི། དེ་ལ་སྤྱིར་སྤྱོད་པ་ནི། འདོད་པའི་ཡོན་ཏན་ལྔ་ལ་རང་བཞིན་ཡོངས་སུ་ཤེས་པའི་སྒོ་ནས་ལོངས་སྤྱོད་པ་ཡིན་ལ་ལོངས་སྤྱོད་ལུགས་གསུམ་ལས། བྱ་བ་དང་བསམ་པ་སྤྲོས་པ་མང་བའི་སྒོ་ནས་ལོངས་སྤྱོད་པ་དང་། བྱ་བ་ལ་སོགས་པ་གསུམ་སྤྲོས་པ་ཉུང་བའི་སྒོ་ནས་ལོངས་སྤྱོད་པ་དང་། དུས་ལ་ལྟོས་པ་མེད་པ་དང་བྱ་བ་ཕྱག་རྒྱ་བསྟེན་པ་ཙམ་གྱི་སྤྲོས་པ་ཡང་མེད་པ་བུ་སུ་ཀུའི་སྤྱོད་པ་ལ་གནས་ནས་ཤིན་ཏུ་སྤྲོས་མེད་ཀྱི་སྒོ་ནས་ལོངས་སྤྱོད་པའོ། །དེ་ལ་བསྒོམ་པར་བྱ་བ་སྟེ་ལོངས་སྤྱོད་པར་བྱའོ་ཞེས་སྦྱར། གང་ལ་ན། གཟུགས་དང་སྒྲ་དང་རོར་ལྡན་པ། །ཞེས་འདོད་པའི་ཡོན་ཏན་ལྔ་ལའོ། །འདོད་ཡོན་གྱི་ངོ་བོ་ཡོངས་སུ་ཤེས་པའི་ཤེས་རབ་ཅན་གྱིས་སོ། །ཚུལ་ཇི་ལྟར་ན་གསང་བའི་དེ་ཉིད་མཆོད་ཆེན་གྱིས་ལེགས་པར་མཆོད་ནས་ཞེས་པ་འཇུག་བསམ་སྒོམ་གསུམ་དང་ལྡན་པའི་སྒོ་ནས་སམ། ཡང་ན་སྤྲོས་སྤྱད་སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཀྱི་སྒོ་ནས་སོ། །དུས་ཇི་ཙམ་དུ་ཞེ་ན། ཟླ་བ་དྲུག་བསྒོམ་ཞེས་ཏེ། ཟླ་བ་དྲུག་ཏུ་རྟག་ཏུ་བྱས་ན་སྤྲོས་བཅས་སོ། །རེ་འགའ་བྱས་ན་སྤྲོས་མེད་དོ། །དུས་ཀྱི་ངེས་པ་མེད་ན་ཤིན་ཏུ་སྤྲོས་མེད་དོ། །དངོས་གྲུབ་དང་མངོན་སྤྱོད་ཀྱི་ལས་སྒྲུབ་པའི་དུས་ཀྱི་ཆོ་གའི་ཁྱད་པར་བསྟན་པ་ནི། དངོས་གྲུབ་དང་མངོན་སྤྱོད་ཀྱི་བསྙེན་པ་རྫོགས་ནས་སྒྲུབ་པ་བྱེད་པའི་དུས་སུ། ཁ་ཟས་ཇི་ལྟ་བུ་ལ་ལོངས་སྤྱོད་པར་བྱ་སྙམ་ན། བསྙེན་པ་མཐར་ཕྱིན་ནས། གྲུབ་པ་ཆེན་པོ་བརྒྱད་ཀྱི་དངོས་གྲུབ་ཀྱི་འབྲས་བུ་འདོད་པས་སྒྲུབ་པ་བྱེད་པའི་དུས་སུ། ཟས་སུ་བཤང་གཅི་བཟའ་བར་བྱ་ཞིང ། ལྷ་རྣམས་ལ་ཡང་དབུལ་བར་བྱའོ། །དེས་ཕན་ཡོན་ཅི་འཐོབ་ཅི་ཞེ་ན། སངས་རྒྱས་བྱང་ཆུབ་སྐྱོན་མེད་པས་ཏེ། མངོན་པར་འདོད་པའི་དངོས་གྲུབ་བླ་ན་མེད་པ་འགྲུབ་པར་འགྱུར་རོ། །མངོན་སྤྱོད་ཀྱི་དུས་ཀྱི་ཟས་ལ་ལོངས་སྤྱོད་པའི་ཁྱད་པར་བསྟན་པ་ནི། མངོན་སྤྱོད་ཀྱི་ལས་སྒྲུབ་པའི་དུས་སུ། རིགས་གང་གི་ཟློས་པ་པོ་ཡིན་ཡང་ལྷ་རྣམས་ཁྲོ་བོར་བསྐྱེད་ནས། རང་གིས་ཀྱང་ཟས་སུ་ཤ་བཟའ་བར་བྱ་ཞིང་། ལྷ་རྣམས་ལ་ཡང་དབུལ་བར་བྱའོ། །ཞེས་སྤྱིར་བསྟན་ནས། རིགས་གང་ལ་ཤ་གང་ལོངས་སྤྱད་པ་ཕྱེ་སྟེ་སྟོན་པ་ནི། རྡོ་རྗེའི་རིགས་ཀྱི་ཁྲོ་བོ་རྣམས་ཀྱིས་ཤ་ཆེན་དག་ལ་ལོངས་སྤྱོད་པར་བྱ་སྟེ། དེས་ཕན་ཡོན་ཅི་འཐོབ་ཅེ་ན། སྐུ་གསུང་ཐུགས་ཏེ་རྗེས་སུ་མཐུན་པའི་གསང་བ་སྟེ། གསད་པ་ལ་སོགས་པའི་མངོན་སྤྱོད་ལས་རྣམས་འགྲུབ་པར་འགྱུར་ཞིང་། དེར་མ་ཟད་རིལ་བུ་ལ་སོགས་པའི་དངོས་གྲུབ་གཞན་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་རྣམ་སྣང་གི་རིགས་ཀྱིས་གླང་པོ་ཆེའི་ཤ་དང་། རིན་འབྱུང་གི་རིགས་ཀྱིས་རྟའི་ཤ་དང་། འོད་དཔག་མེད་ཀྱི་རིགས་ཀྱིས་དམ་པ་བ་ལང་གི་ཤ་དང་། དོན་ཡོད་གྲུབ་པའི་རིགས་ཀྱིས་ཁྱིའི་ཤ་རྣམས་རང་གི་ཟས་ཀྱི་ཕྱིར་ཡང་བཟའ་བར་བྱ་ཞིང་། ལྷ་རྣམས་ལ་ཡང་དབུལ་བ་དང་། འབྱུང་པོ་རྣམས་ལ་ཡང་གཏོར་མ་བྱའོ། །རིགས་དང་མཐུན་པའི་ཤ་མ་རྙེད་ན། དེས་ཇི་ལྟར་བྱ་ཞེ་ན། ཟས་གཞན་འབྲས་ཆན་དང་། འབྲུ་ལ་སོགས་པ་རྣམས་ཀྱང་ཤ་དེ་དང་དེར་མོས་ཏེ་ཤའི་རྣམ་པར་དབུལ་བར་བྱའོ། །མ་ཟོས་ན་ཞེས་པ་ཁྲོ་བོ་ཐམས་ཅད་ཀྱི་དྲག་པོའི་ལས་ལ་ནི་ཟས་གཞན་མི་དབུལ་བ་ཡིན་པས། བཟའ་བར་མི་བྱའོ་ཞེས་པའོ། །དེ་ལྟར་བྱས་ན་རིགས་དེ་དང་འབྲེལ་བའི་བྱང་ཆུབ་སེམས་དཔའ་བློ་ཅན་ཏེ། རང་གི་ཕྱག་རྒྱ་དང་བཅས་པ་རྣམས་དང་། མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་རྣམས་རང་གི་རིགས་ཀྱིས་མཆོད་པ་བྱས་པས་མཉེས་པར་འགྱུར་རོ། །དེ་དག་གི་ཕན་ཡོན་བསྟན་པ་ནི། བཤད་མ་ཐག་པ་འདི་ལྟ་བུའི་གཏོར་མའི་སྦྱོར་བ་ཡིས། མྱུར་དུ་སྟེ་རིངས་པར་སངས་རྒྱས་ཐོབ་པར་འགྱུར་རོ། །དེར་མ་ཟད་འདོད་ཁམས་ཏེ་བུད་མེད་ཐམས་ཅད་ཀྱི་ཡུལ་ལ་དགའ་བའི་དབང་ཕྱུག་ཏུ་ཡང་འགྱུར་ཏེ། ཇི་སྐད་དུ། རི་རབ་སུམ་ཅུ་རྩ་དྲུག་གི། རྡུལ་ཕྲན་ཇི་སྙེད་ཡོད་པ་ཡི། །དེ་ཉིད་ཀྱི་ནི་བུད་མེད་རྣམས། །ཡོན་ཏན་ཅན་ནི་བདག་གིས་སྒྲུབ། །ཅེས་པའི་སྒོ་ནས་གསུངས་པའི་ཕྱིར་རོ། །ལས་ཀྱི་ས་པའི་འཇིག་རྟེན་འཛམ་བུ་གླིང་ན་ཕྱིར་མི་ལྡོག་པའི་གོ་འཕག་ཐོབ་པའི་ལས་སེམས་ཅན་སྨིན་ཅིང་གྲོལ་བ་ཡང་བྱེད་པར་འགྱུར་རོ། །རྟོགས་པའི་རྣལ་འབྱོར་པ་རྣམས་ཀྱི་མཆོག་ཏུ་གྱུར་པས་ན་གཙོ་བོའོ། །སྡུག་བསྔལ་དང་ཡིད་མི་བདེ་ཐམས་ཅད་ཟིལ་གྱིས་གནོན་པས་ན་གཟི་བརྗིད་ཅན་ནོ། །འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མི་བརྫི་བས་ན་སྟོབས་དང་ལྡན་པའོ། །རྡོ་རྗེ་སེམས་དཔའི་ཚེ་དང་ལང་ཚོ་ཐོབ་པས་ན་མདངས་བཟང་བའོ། །རྟག་ཏུ་རབ་ཏུ་དགའ་བར་འགྱུར་བས་ན་མཐོང་ན་ཡིད་དུ་འོང་བའོ། །

དེ་ལྟ་བུའི་རྣལ་འབྱོར་ཆེན་པོ་དང་ལྡན་པའི་རྣལ་འབྱོར་པས་ཕྱིའི་སྔགས་དང་ཕྱག་རྒྱ་ལ་སོགས་པས་བསྐུལ་བ་མེད་པར། མིག་དང་རྣ་བ་དང་ཡིད་གསུམ་གྱིས་མཐོང་བ་སྟེ་ཁོང་དུ་ཆུད་པ་ཙམ་གྱིས་འཇིག་རྟེན་གྱི་འགྲོ་བ་སྣ་ཚོགས་པ་འདི་དག་དབང་དུ་བྱེད་པར་འགྱུར་རོ། །བཤད་མ་ཐག་པའི་ཡོན་ཏན་འདི་དག་ནི་སངས་རྒྱས་ཏེ། རྟོག་པའི་རྣལ་འབྱོར་པ་ཐམས་ཅད་ཀྱི་གསང་བའི་བྱང་ཆུབ་དམ་པ་སྟེ་བྱང་ཆུབ་ཐོབ་པར་འགྱུར་བ་ཉེ་བར་མཚོན་པའོ། །ཡང་དག་སྔགས་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱི་གསང་བ་བཤད་མ་ཐག་པ་འདི་ནི། ལུས་ངག་སེམས་ལས་འདའ་བ་སྟེ་ཐ་མལ་པའི་ལུས་སྤངས་ནས་གང་གི་རྡོ་རྗེའི་རང་བཞིན་གྱི་ལུས་ཐོབ་པར་འགྱུར་བའི་དེ་ཁོ་ན་ཉིད་ནི་འདི་ལྟ་བུ་ཡིན་ནོ་ཞེས་པ་སྟེ། དེ་སྐད་དུ་ཡང་གསང་བ་གྲུབ་པ་ལས། རྣམ་རྟོག་མེད་པའི་སྔགས་པ་ནི། །འདི་ལྟའི་ཏིང་འཛིན་ལྡན་པ་དག །ངེས་པའི་དུས་ནི་ཡོངས་སྤངས་ནས། །བླ་མེད་གོ་འཕང་ཐོབ་པར་འགྱུར། །ཞེས་གསུངས་སོ། །རྡོ་རྗེའི་ཚིག་འདི་དག་བཤད་རྒྱུད་ཀྱི་ངེས་དོན་དུ་བཤད་པ་ལ་གསུམ་གྱི། སྤྱོད་པ་ངེས་དོན་དུ་བཤད་པ་ནི། སྐད་ཅིག་ཐང་གཅིག་ཡུད་ཙམ་ལ། །ཟླ་ཕྱེད་ཟླ་བ་ལོ་ཡི་དུས། །བསྐལ་བ་གྲངས་མེད་གསུམ་པོ་ནི། །སྐད་ཅིག་གཅིག་ཏུ་མཉམ་པར་བཤད། །ཟླ་བ་དྲུག་བཤད་དེ་ཉིད་ཡིན། །ཅེས་ཏེ། རྩ་རྒྱུད་ཀྱི་ཟླ་བ་དྲུག་ཅེས་པ་དེས། ཕ་རོལ་ཏུ་ཕྱིན་པའི་ཐེག་པར་བསྐལ་བ་གྲངས་མེད་གསུམ་གྱིས་སངས་རྒྱས་ཐོབ་པ་དང་། སྔགས་ཀྱི་ཐེག་པར་འོད་གསལ་རྟོགས་པའི་སྐད་ཅིག་གིས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པ་གཉིས་མཉམ་པར་བཤད་པ་ཡིན་ཏེ། ཟླ་བ་དྲུག་གི་སྐད་དོད་ཤད་ཏྲ་མ་ས་ཞེས་པ་བསྐལ་བ་འགྲུབ་པའི་རྒྱུ་དྲུག་ལ་བྱ་སྟེ། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་དང་། ཟླ་བ་ཕྱེད་དང་། ཟླ་བ་གཅིག་དང་། ལོ་གཅིག་ཏུ་སྟེ་དྲུག་གོ །དེ་ལ་སྐད་ཅིག་ནི། དུས་མཐའི་སྐད་ཅིག་མ་བརྒྱ་ཉི་ཤུ་བསྡོམས་པའི་དེའི་སྐད་ཅིག་ཡིན་ནོ། །དེའི་སྐད་ཅིག་དྲུག་ཅུ་ལ་ནི་ཐང་ཅིག་གོ །ཐང་ཅིག་སུམ་ཅུ་ལ་ནི་ཡུད་ཙམ་མོ། །ཡུད་ཙམ་སུམ་ཅུ་ལ་ནི་ཉིན་ཞག་གཅིག་སྟེ། དེ་འདིར་མ་བགྲངས་སོ། །ཉིན་ཞག་བཅོ་ལྔ་ནི་ཟླ་བ་ཕྱེད་དོ། །དེ་གཉིས་བསྡོམས་པ་ནི་ཟླ་བ་གཅིག་གོ །ཟླ་བ་བཅུ་གཉིས་ནི་ལོ་གཅིག་གོ ། ལོ་དཔག་མེད་བསགས་པ་ལས་བསྐལ་ཆེན་འགྲུབ་སྟེ། བསྐལ་ཆེན་དེ་འདྲ་བ་གྲངས་མེད་གསུམ་དུ་ཚོགས་བསགས་པ་དང་། འོད་གསལ་རྟོགས་པའི་སྐད་ཅིག་མ་གཅིག་མཉམ་པར་བཤད་དེ། མཾ་ས་ཞེས་པ་མའི་སྒྲ་ལས་དྲངས་ནས། མ་ལ་པ་ཀྵ་སྟེ་གྲངས་མེད་དོ། །སའི་སྒྲ་ལས་དྲངས་ན་ས་མ་ཏ་སྟེ་མཉམ་པའོ། །གྲངས་མེད་གསུམ་དུ་ཚོགས་བསགས་པ་དང་མཉམ་པའི་སྐད་ཅིག་དེ་གང་ཡིན་ཞེ་ན། དངོས་མེད་རྫོགས་པར་ལོངས་སྤྱོད་པ། །སྐད་ཅིག་གཅིག་ཏུ་བསྔགས་པ་སྟེ། །དུས་གསུམ་ལས་འདས་ཡིན་པར་དགོངས། །ཞེས་ཏེ། རྫོགས་པར་ལོངས་སྤྱོད་པ་ནི་སྒྱུ་ལུས། དེ་བསམ་གཏན་གཉིས་ཀྱིས་བཤིག་སྟེ་དངོས་པོ་མེད་པར་བྱས་པ་ནི་སྐད་ཅིག་མ་གཅིག་སྟེ་དུས་གསུམ་སྟེ་སྟོང་པ་གསུམ་ལས་འདས་པའི་ཐམས་ཅད་སྟོང་པ་འོད་གསལ་ཡིན་པར་དགོངས་སོ། །འོད་གསལ་དེ་ཉིད་ཇི་ལྟར་བསྒོམ་ཞེ་ན། གཟུགས་དང་སྒྲ་དང་རོར་ལྡན་པ། །རྣལ་འབྱོར་པས་ནི་ཟླ་དྲུག་བསྒོམ། །མཆོད་ཆེན་དེ་ནི་བྱས་ནས་སུ། །གསང་བའི་དེ་ཉིད་རྣམ་པར་བསྒོམ། །ཞེས་ཏེ། གཟུགས་ནི་ལུས་དབེན་ནོ། །སྒྲ་ནི་ངག་དབེན་ནོ། །རོར་ལྡན་ནི་སེམས་དབེན་ནོ། །རྣལ་འབྱོར་པ་ནི་སྒྱུ་ལུས་སོ། །ཟླ་དྲུག་ནི་བཤད་ཟིན་ཏོ། །དེ་ལྟར་ན་དབེན་གསུམ་སྔོན་དུ་འགྲོ་བ་ཅན་གྱི་སྒྱུ་ལུས་འོད་གསལ་དུ་བཅུག་པའི་མཆོད་པ་ཆེན་པོ་བྱས་ནས། གསང་བའི་དེ་ཉིད་འོད་གསལ་བསྒོམ། །ཞེས་པའོ། །མཆོད་པའི་ཆོ་ག་ངེས་དོན་དུ་བསྟན་པ་ལ། བཤང་གཅི་ཟས་སུ་ཟོས་ནས་ནི། །ཞེས་པ་འཆད་པ་ནི། ཡུལ་དང་དབང་པོ་སེམས་དཔའ་ནི། །བཤང་གཅི་ཟས་སུ་བྱེད་པའོ། །བྱས་ནས་དེ་འདྲའི་དངོས་གྲུབ་ནི། །བཟའ་བ་རྣམས་རྟོག་མེད་པའོ། །ཞེས་ཏེ། བཤང་དང་གཅི་བ་ནི་ཡུལ་དང་དབང་པོ་ཡིན་ལ། དེ་དག་འོད་གསལ་དུ་བཅུག་པ་ནི་ཟས་སུ་བྱེད་པའོ། །དེ་ལྟ་བུའི་ཚུལ་གྱིས་བཤང་གཅི་ཟས་སུ་བྱས་ན། ཕྱི་རོལ་གྱི་བཟའ་བའི་རྣམ་རྟོག་མེད་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །

དངོས་གྲུབ་དེ་ཇི་ལྟ་བུ་ཞེ་ན། དེ་ཉིད་འདི་ནི་བླ་མེད་པ། །བྱང་ཆུབ་སེམས་གཅིག་ལས་བྱུང་བའོ། །ཞེས་ཏེ། བྱང་ཆུབ་ཀྱི་སེམས་འོད་གསལ་ལས་བྱུང་བའི་བླ་ན་མེད་པའི་དེ་ཁོ་ན་ཉིད་ཟུང་འཇུག་གི་ཡེ་ཤེས་སོ། །དེའི་མཚན་ཉིད་ནི། རྟོག་མེད་འདུས་ནི་མ་བྱས་ཤིང་། །མི་རྟོག་དོན་ནི་འགྲུབ་པར་འགྱུར། །ཞེས་ཏེ་བདག་གཞན་ཐ་དད་རྟོག་པ་དང་བྲལ་བས་ན་རྟོག་པ་མེད་ཅིང་། ལས་ཉོན་གྱིས་མ་བསྐྱེད་པ་ན་འདུས་མ་བྱས་པ། མི་རྟོག་པ་ནི་དོན་དམ་པའི་བདེན་པའོ། །དོན་ནི་ཀུན་རྫོབ་ཀྱི་བདེན་པས་ཏེ། དེ་གཉིས་དབྱེར་མི་ཕྱེད་པའི་ཡེ་ཤེས་འགྲུབ་པར་འགྱུར་ཞེས་པའོ། །ཟས་སུ་ཤ་རྣམས་བཟའ་བ་དང་། །ཞེས་པ་འཆད་པ་ནི། མཾ་ནི་མཱ་མ་ཀིར་བཤད་དེ། །ས་ནི་མངོན་པར་བྱང་ཆུབ་པའོ། །བསམ་གཏན་དེ་ནི་དགའ་སྤྱོད་པ། །ཤ་ཞེས་བྱ་བར་དེ་བཤད་དོ། །ཞེས་གསུངས་ཏེ། ཤ་ཡི་སྒྲ་མཾ་ས་ཞེས་པ། མཱ་མ་ཀི་ནི་བདག ས་བུ་ནི་འོད་གསལ་བ་སྟེ། བདག་བྱིན་བརླབས་འོད་གསལ་དུ་བཅུག་པའི་མངོན་པར་བྱང་ཆུབ་ཀྱི་བསམ་གཏན་ལ་སྤྱོད་པ་དེ་ནི་ཤ་ཟ་བ་ཞེས་བཤད་དོ། །ཤ་ཆེན་དག་ནི་རབ་བརྟགས་ཞེས་པ་འཆད་པ་ནི། ནམ་མཁའ་མཐའ་ཡས་རྣལ་འབྱོར་ནི། །ཤ་ཆེན་དེ་ནི་ཡིན་པར་བཤད། །གསང་བ་ཡི་ནི་གོ་འཕང་མཆོག །རྡོ་རྗེ་གསུམ་ནི་མྱུར་དུ་འགྲུབ། །ཅེས་ཏེ། ནམ་མཁའི་མཐའ་ཡས་ནི་འོད་གསལ་ཡིན་ལ། དེ་བསྒོམ་པའི་རྣལ་འབྱོར་ནི་ཤ་ཆེན་ཟ་བ་ཡིན་པར་བཤད་ལ། དེའི་འབྲས་བུ་ནི་གསང་བའི་གོ་འཕང་མཆོག་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་ཟུང་འཇུག་ཚེ་འདིར་འགྲུབ་པའོ། །གླང་པོའི་ཤ་སོགས་ཟ་བ་ངེས་དོན་དུ་བཤད་པ་ནི། དམ་ཚིག་ཆེན་པོ་གླང་ཆེན་རྟ། །དེ་བཞིན་ཁྱི་ལ་སོགས་པའི་ཤ ། ཕུང་པོ་ལ་སོགས་རིགས་དབྱེ་བས། །ཇི་སྐད་བཤད་དང་གྲངས་མཉམ་པའོ། །རྣལ་འབྱོར་གང་ཞིག་གཉིས་མེད་པ། །བསམ་གཏན་དགའ་བ་ཞེས་བྱ་ཟས། །ཞེས་ཏེ། གླང་ཆེན་དང་རྟ་དང་དམ་ཚིག་ཆེན་པོ་བ་ལང་དང་། ཁྱི་དང་སོགས་པས་མིའི་ཤ་རྣམས་ནི། གོ་རིམ་བཞིན་དུ་གཟུགས་ཀྱི་ཕུང་པོ་ནས་རྣམ་པར་ཤེས་པའི་བར་ཕུང་པོ་ལྔ་ཡིན་ལ། རྣལ་འབྱོར་པ་གང་ཞིག་ཕུང་པོ་དེ་རྣམས་གཉིས་སུ་མེད་པ་འོད་གསལ་དུ་བཅུག་པའི་བསམ་གཏན་ལ་དགའ་ཞིང་རོལ་བ་དེ་ནི་གླང་པོ་ཆེ་ལ་སོགས་པའི་ཤ་ཟོས་པ་ཞེས་བྱའོ། །ཟས་གཞན་དག་ནི་མ་ཟོས་ན། །ཞེས་པ་འཆད་པ་ནི། ཁམ་ཞེས་བྱ་བའི་ངོ་བོ་ནི། །འཇིག་རྟེན་པ་དང་འཇིག་རྟེན་འདས། །གང་ཡང་འཇིག་རྟེན་ལས་འདས་མཆོག། མཁས་པའི་རྣམ་པར་མི་རྟོག་པའོ། །དེ་བཞིན་ཉིད་དུ་རོ་གཅིག་པ། །དེ་ནི་འཁོར་དང་ཅིག་ཤོས་སྤངས། །ཞེས་པ་སྟེ། ཁམ་སྟེ་ཟས་གཞན་ཞེས་པ་ནི། འཇིག་རྟེན་པ་སོ་སོ་སྐྱེ་བོ་དང་། འཇིག་རྟེན་ལས་འདས་པ་ཉན་རང་འཕགས་པ་དང་། འཇིག་རྟེན་ལས་འདས་པའི་མཆོག་རྫོགས་པའི་སངས་རྒྱས་རྣམས་ཡིན་ལ། མ་ཟོས་ན་ཞེས་པ། མཁས་པ་གང་ཞིག་གསུམ་པོ་དེ་དག་ལ་བཟང་ངན་བླང་དོར་ཐ་དད་དུ་མི་རྟོག་ཅིང་། དེ་བཞིན་ཉིད་ཀྱི་ངོ་བོར་རོ་གཅིག་པར་རྟོགས་པ་དེ་ནི། འཁོར་བ་སྤང་བྱ་དང་། ཅིས་ཤོས་མྱང་འདས་བླང་བྱར་འཛིན་པ་སྤངས་པ་ཡིན་ནོ། །དེ་དག་གི་ཕན་ཡོན་སྟོན་པ་ནི། རྣལ་འབྱོར་བརྟུལ་ཞུགས་བཟང་པོ་འདིས། །བྱང་ཆུབ་སེམས་དཔའ་བློ་ཅན་དང་། །སངས་རྒྱས་རྣམས་ནི་མཉེས་པར་འབྱོར། །དངོས་གྲུབ་མྱུར་དུ་ཐོབ་པར་འབྱོར། །འདོད་ཁམས་དབང་ཕྱུག་འཇིག་རྟེན་ན། །ལས་ཀྱི་གོ་འཕང་ཐོབ་པར་འབྱོར། །གཙོ་བོ་གཟི་ཆེན་སྟོབས་ཀྱིས་ཕྱུག །མདངས་དང་ལྡན་ཞིང་མཐོང་ན་དགའ། །མཐོང་བ་ཙམ་གྱིས་བསྐུལ་བྱེད་པར། །འཇིག་རྟེན་འདི་དག་དབང་དུ་འགྱུར། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །གསང་བ་བྱང་ཆུབ་དམ་པའོ། །གཙོ་བོ་དེ་བཞིན་གཤེགས་ཀུན་གྱི། །དམ་ཚིག་ཡིན་ཏེ་དམ་ཚིག་མཆོག །ཅེས་སོགས་ནི་སྔར་དྲང་དོན་གྱི་སྐབས་སུ་བཤད་པ་བཞིན་ཤེས་པར་བྱའོ། །ལེའུ་ཡི་མཚན་དོན་ནི། དེ་ཁོ་ན་ཉིད་རྣམ་པར་མི་འཇིགས་པའི་ངོ་བོ་ཉིད་གང་གིས་ལུས་དང་ངག་དང་ཡིད་བྱིན་གྱིས་རློབ་ཅིང་བསྐྱེད་པ་དེ་ནི། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་ལེའུ་ཞེས་བྱ་ལ། དེ་སྟོན་པའི་གཞུང་ལ་ཡང་དེ་སྐད་ཅེས་བྱའོ། །ལེའུ་དྲུག་པའི་རྣམ་བཤད་དོ། །


previousགསང་འགྲེལ་སྒྲོན་གསལ་ཡིད་ཀྱི་མུན་སེལ་ལས་ལེའུ་དྲུག་པའི་རྣམ་བཤད།next